རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་གཏོར་མའི་དོན་དབང་ཡེ་ཤེས་སྤྱི་བླུགས་ཀྱི་ངག་ཁྲིགས་དཔལ་ཆེན་དགོངས་རྒྱན།

From Dudjom Wiki
DJYD-KABUM-14-PHA-006
Wylie title rdo rje phur pa yang gsang 'phrin las bcud dril gyi gtor ma'i don dbang ye shes spyi blugs kyi ngag khrigs dpal chen dgongs rgyan DJYD-KABUM-14-PHA-006.pdf
Location bdud 'joms rin po che bka' 'bum
Volume 14, Text 6, Pages 47-73 (Folios 1a1 to 14a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rdo rje phur pa yang gsang 'phrin las bcud dril gyi gtor ma'i don dbang ye shes spyi blugs kyi ngag khrigs dpal chen dgongs rgyan. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 14: 47-73. Kalimpong: Dupjung Lama, 1979-1985.
Side notes Recto: gtor dbang   Verso: yang gsang bcud dril
More details More details
Tertön ཟིལ་གནོན་ནམ་མཁའི་རྡོ་རྗེ་ (zil gnon nam mkha'i rdo rje)
Genre Torma Empowerments - gtor dbang
Cycle དཔལ་རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་ (dpal rdo rje phur pa yang gsang 'phrin las bcud dril)
Deity rdo rje phur pa
Colophon

།ཅེས་རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་གཏོར་མའི་དོན་དབང་ཡེ་ཤེས་སྤྱི་བླུགས་ཀྱི་ཆོག་ཁྲིགས་སུ་བསྡེབས་པ་དཔལ་ཆེན་དགོངས་རྒྱན་ཞེས་བྱ་བ་འདིའང་། ཟབ་གཏེར་གསང་བའི་མཛོད་འཛིན་ཁྱབ་བདག་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གང་གི་ཞལ་སྔ་ནས་བཀའ་བབ་ལུང་ཟིན་གྱི་ཆོས་བདག་ཏུ་དབུགས་དབྱུང་བ་དང་བཅས་སྨིན་གྲོལ་བདུད་རྩིའི་དགའ་སྟོན་དགྱེས་པར་བསྩལ་བའི་བཀའ་དྲིན་ཐོབ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་དོན་འཇུག་བདེའི་མཚམས་སྦྱོར་གྱིས་བརྒྱན་ཏེ། ཉེ་བའི་ཚནྡྷོ་དུར་ཁྲོད་ལྷུན་གྲུབ་བརྩེགས་པའི་གནས་སུ་སྤྱར་བ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་ཀུན་བཟང་འདུས་ཀྱིས་བགྱིས་པའོ། །འདིས་ཀྱང་ཟབ་ལམ་གྱི་འཕྲིན་ལས་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག །མངྒ་ལ་ཛནྟུ།།

ces rdo rje phur pa yang gsang 'phrin las bcud dril gyi gtor ma'i don dbang ye shes spyi blugs kyi chog khrigs su bsdebs pa dpal chen dgongs rgyan zhes bya ba 'di'ang /___zab gter gsang ba'i mdzod 'dzin khyab bdag gter chen chos kyi rgyal po gang gi zhal snga nas bka' bab lung zin gyi chos bdag tu dbugs dbyung ba dang bcas smin grol bdud rtsi'i dga' ston dgyes par bstsal ba'i bka' drin thob pa 'jigs bral ye shes rdo rjes gter gzhung rtsa ba'i dgongs don 'jug bde'i mtshams sbyor gyis brgyan te/___nye ba'i tshan+d+ho dur khrod lhun grub brtsegs pa'i gnas su spyar ba las/___thog ma'i yi ge pa ni mon gyi sngags ston kun bzang 'dus kyis bgyis pa'o/___/'dis kyang zab lam gyi 'phrin las rtag cing khyab pa'i rgyur gyur cig___/mang+ga la dzan+tu//

[edit]
༄༅། །རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་གཏོར་མའི་དོན་དབང་ཡེ་ཤེས་སྤྱི་བླུགས་ཀྱི་ངག་ཁྲིགས་དཔལ་ཆེན་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ། །


༄༅། །ན་མོ་གུ་རུ་བཛྲ་ཀུ་མཱ་ར་ཡ། སྟོང་དབྱིངས་སྙིང་རྗེར་འབར་བའི་ཡེ་ཤེས་གར། །བྲལ་སྨིན་ནུས་པ་གཅིག་ཅར་སྩོལ་མཛད་པ། །བླ་མ་དཔལ་ཆེན་མཆོག་ལ་གུས་བཏུད་ནས། །ཟབ་ལམ་སྙིང་པོ་གཏོར་མའི་དོན་དབང་སྤྲོ། །དེའང་རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་གཏོར་མའི་དོན་དབང་ཡེ་ཤེས་སྤྱི་བླུགས་ཀྱི་སྒོ་ནས་སྐལ་ལྡན་རྗེས་སུ་འཛིན་པའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྒྲུབ་པའི་གནས་ཁང་གཙང་མའི་ཕུག་ལོགས་སུ་དམ་ཚིག་གི་རྟེན་བཀྲམ་པའི་མདུན་སྟེགས་ཁེབས་ལྡན་ལ་ཚུལ་བཞིན་བྲིས་པའི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། མ་འབྱོར་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཙོ་འཁོར་ལྷ་གྲངས་ཕྱེད་པར་བཀོད་པའི་སྟེང་དུ་མཉྫིའི་ཁར་ཐོད་ [2a] པའམ་པད་སྣོད་དུ་དཔལ་གྱི་གཏོར་མ་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་ཀྱིས་སྤྲོས་པ་དང་བཀོད། དེའི་མདུན་དུ་མཆོད་གཏོར་དང་གཡས་གཡོན་དུ་སྨན་རཀ ། ཆུ་གཉིས་ཉེར་སྤྱོད་ལྔ་བསྐོར་བཤམས་མམ་ཕྲེང་ཚར། ཆོས་སྐྱོང་སྤྱི་དང་ཕུར་སྲུང་གཏེར་སྲུང་གི་མཆོད་གཏོར། སྔོན་གཏོར་དང་ཆད་བརྟན། ཚོགས་ཀྱི་ཡོ་བྱད་སོགས་འདིར་མཁོ་བའི་རིགས་རྣམས་ཚང་བར་འདུ་བྱས་ལ། སློབ་དཔོན་གྱིས་བརྒྱུད་འདེབས་སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བས་གནས་ཁང་གསར་པ་ཡིན་ན་དཀར་གཏོར་སྤྱི་ལྟར་བཏང་ནས་སྡོང་གྲོགས་འཆོལ། བགེགས་གཏོར་བསྔོས་ཏེ་དྲག་སྔགས་ཡུངས་ཐུན་དང་བཅས་བསྐྲད་ལ་སྲུང་འཁོར་བསྒོམ། བརྡ་སྒོ་དབྱེ་ཕྱག་ནས་བརྩམས་ལས་བྱང་གི་གཞུང་བསྲང་ལ་བདག་མདུན་དབྱེར་མེད་ [2b] དུ་བསྒོམ་ནས་བསྙེན་དམིགས་གཞུང་གསལ་ལྟར་བཟླས་པ་ཅི་འགྲུབ་བྱ། འདིར་དམིགས་པས་ཟིན་དཀའ་ན་བསྙེན་པའི་མགོ་རྩ་སྔགས་ལ་ཕཊ་ཛཿབཏགས་པ་བརྗོད་པས་ཛཔྲ་ཁང་དབྱེ། གང་ལྟར་གཏོར་མ་ལྷར་གསལ་བའི་གནས་གསུམ་འབྲུ་གསུམ་མཚན་པ་ལས་འོད་ཟེར་སྤྲོ་བསྡུའི་སྦྱོར་བས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འདུས་ཏེ་གཏོར་མ་ལ་ཐིམ་པར་བསམ་ཞིང་བཟླས་པ་བྱ། མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་དང་། ཐུན་མཚམས་གཏོར་འབུལ། ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་ཀྱི་བར་བཏང་ལ། ལས་བུམ་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཁྲོ་བོའི་ཆས་ཀུན་རྫོགས་ཤིང་ཡེ་ཤེས་ཀྱི་རང་མེའི་དབུས་སུ་པད་ཉིར་འདོར་སྟབས་ཀྱིས་གནས་པའི་ཐུགས་ཀར་ཉི་དཀྱིལ་ལ་ཧཱུྃ་ལྗང་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཁེངས་པར་བསམ་ཞིང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་སོགས་བཟླས་མཐར། ལྷ་འོད་དུ་ཞུབ་བ་ཁྲོ་བོའི་རང་བཞིན་ཅན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། སྤྱི་ལྟར་རིག་པའི་མེ་ཏོག་དོར་ཞིང་སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ནི། སློབ་མ་རྣམས་སྒོ་དྲུང་དུ་བོས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ནང་དུ་ཞུགས་ནས་ཕྱག་བཅས་གྲལ་དུ་འཁོད། བགེགས་གཏོར་ལས་བྱང་བཞིན་བསྔོ་ཞིང་བཀའ་བསྒོས་ལ་གུ་གུལ་གྱིས་བདུག་ཅིང་དྲག་སྔགས་ཡུངས་ཐུན་དང་བཅས་ཕྱིར་བསྐྲད་དེ་སྲུང་ [3a] འཁོར་བསྒོམ་ དེ་ལྟར་དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་ཕྱིར་བསྐྲད། མེ་དཔུང་ཁྲོ་མཚོན་གྱི་ཚོགས་རྣམས་ཚུར་འདུས་པ་ལས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཤིགས་པའི་རང་བཞིན་ཅན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྗོད། མཎྜལ་བཀྱེ་བསྡུ་བྱས་ལ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བསྒྲུབ་པར་བྱ། དེའི་ཆེད་དུ་བདུད་འདུལ་ཕུར་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ་རྒྱུད་སྨིན་པར་བྱས་ནས་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་ཚུལ་བཞིན་སློབ་པར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་ལེགས་པར་གསན་འཚལ། གསན་བྱའི་ཆོས་ཀྱི་རིམཔ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་འདུལ་བྱ་རྣམས་ཀྱི་ཁམས་དབང་བསམ་པའི་ཁྱད་པར་དང་རྗེས་སུ་མཐུན་པར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཞིག་བསྐོར་བར་མཛད་པ་རྣམས་མདོར་བསྡུ་ན་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་འདུ་བ་ལས་འདིར་ཕྱི་མ། དེལའང་ [3b] བྱ་སྤྱོད་རྣལ་འབྱོར་བླ་མེད་དེ་རྒྱུད་སྡེ་བཞིར་ངེས་པ་ལས་འདིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད། དེ་ལ་ཡང་འཕགས་ཡུལ་དུ་གསར་རྙིང་གི་དབྱེ་བ་མེད་ཀྱང་བོད་འདིར་འགྱུར་སྔ་ཕྱི་ལ་ལྟོས་པའི་ཐ་སྙད་གསར་རྙིང་གཉིས་སུ་གྲགས་པ་ལས་འདིར་སྔ་འགྱུར་རྙིང་མ། དེ་ལའང་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་ཡོད་པ་ལས་འདིར་ཉེ་བ་རྒྱུད་གཏེར་མ་ཡིན། དེ་ཡང་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་ཡེ་གཞི་ཆོས་དབྱིངས་གཡོ་བ་མེད་པའི་ངང་ནས། གཞི་སྣང་ཐུགས་རྗེའི་རྒྱན་ལས་རང་ཤར་བའི་སྐུ་གསུམ་གྱི་སྟོན་འཁོར་ཞལ་ཕྱག་གི་རྣམ་པར་བཞེངས་ནས། བླ་མེད་ཡོ་ག་སྐོར་གསུམ་གྱི་ཆོས་སྡེ་བསམ་གྱིས་མི་ཁྱབ་པར་གསུངས་པ་རྣམས་རང་ལས་མི་གཞན་པའི་འཁོར་འཇམ་དཔལ་རྣོན་པོ་དང་ལག་ན་རྡོ་རྗེ་སོགས་ཀྱིས་ཞུ་བ་པོ་དང་སྡུད་པ་པོ་མཛད། མ་ཧཱ་ཡོ་གའི་རྒྱུད་སྐོར་རྣམས་དུར་ཁྲོད་སིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་ཏེ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཉེར་གཏད། ཕྱིས་ཡེ་ཤེས་ཀློང་དགུའི་རང་གཟུགས་རིག་འཛིན་རྣམ་པ་བརྒྱད་དང་ཀུན་འདུས་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་བཅས་ཀྱི་དགོངས་པས་གཟིགས་ཏེ་མ་བགྲོས་པར་ཞལ་འཛོམ་པ་ལ། མཁའ་འགྲོའི་གཙོ་ [4a] མོས་ཀྱང་བཀའ་བབས་ཀྱི་སྒྲོམ་བུ་སོ་སོའི་ཕྱག་ཏུ་ཕུལ་བ་རྣམས་རང་རང་གི་ཉམས་སུ་བཞེས་ནས་ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པའི་གོ་འཕང་ལ་གཤེགས་ནས་འགྲོ་བའི་དོན་དཔག་ཏུ་མེད་པར་མཛད་པ་ནི་བསྟན་པ་སྤྱིའི་ལོ་རྒྱུ་དང་། ཁྱད་པར་སྒོས་ཀྱི་བབས་སོ་འདི་ཉིད་ཀྱི་དབང་དུ་བྱས་ན། སློབ་དཔོན་ཆེན་པོ་པྲ་བྷ་ཧསྟིས་གཡུ་སྒྲོམ་སྔོན་པོ་ནས་ཕུར་པབིཏྱོ་ཏ་མ་ལ་འབུམ་སྡེའི་རྒྱུད་ཕྱུངས་པ་རྣམས་ཀྱི་རྒྱུད་ལུང་མན་ངག་སྨིན་གྲོལ་མཐའ་དག་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པའི་སྐུ་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་ལ་གནང་། དེས་བལ་ཡུལ་ཡང་ལེ་ཤོད་དུ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་དུ་སྒྲུབ་པའི་སྐབས་གཏུམ་པོ་གདུག་པ་ཅན་རྣམས་ཀྱིས་ཐོ་བརྩམས་ཏེ་ཡུལ་དེར་མི་འདོད་པའི་ལྟས་ངན་ཆོ་འཕྲུལ་དུ་མས་ཉམ་ཐག་པ་ན་བར་གཅོད་དུ་གཟིགས་ནས་ཕུར་པའི་རྒྱུད་མི་ཁུར་གཉིས་འཕགས་ཡུལ་ནས་སྤྱན་དྲངས་པ་ཙམ་གྱིས་འཚུབས་ལྟས་རྣམས་རང་སར་ཞི། ཡུལ་ཁམས་ཉམས་པ་སོར་ཆུད། དེ་ཉིད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བསྒྲུབ་པས་ཕྱི་ནང་གི་བར་གཅོད་ཐམས་ཅད་ཚར་ཐག་བཅད། [4b] མཆོག་ཐུན་གྱི་དངོས་གྲུབ་མངོན་དུ་གྱུར་ཏེ་སྐྱེ་འཆི་བགྲེས་རྒུད་བྲེལ་བ་རྡོ་རྗེའི་སྐུ་རུ་བཞུགས། དེ་ནས་བྱང་ཕྱོགས་གངས་རིའི་ལྗོངས་ཀྱི་གདུལ་བྱ་འདུལ་བའི་དུས་ལ་བབས་ཏེ་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་རྗེ་གཅིག་ཚངས་པ་ལྷའི་མེ་ཏོག་གིས་གསོལ་བ་བཏབ་པ་བཞིན་བོད་དུ་བྱོན། ལྷ་མཆོག་འདི་ཉིད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཞེངས་པ་ཙམ་གྱིས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་ནག་པོའི་ཕྱོགས་ཀུན་ཤུགས་སྒྲོལ་གྱི་སྦྱོར་བས་ཚར་བཅད། དམ་ལ་འདོགས་འོས་པ་རྣམས་ཕྱག་རྒྱ་གཉན་པོས་ཟིལ་འོག་ཏུ་མནན། སྲོག་སྙིང་མདོངས་དམར་དུ་བཞེས། ཕྱིན་ཆད་འདའ་རུ་མེད་པའི་ཐ་ཚིག་ཆད་ཐོ་བསྩལ། ནམ་མཁའ་ལ་རྡོ་རྗེའི་གར་མཛད་ནས་ས་གཞི་བྱིན་གྱིས་བརླབས་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། བསྟན་རྩ་དགེ་འདུན་གྱི་སྡེ་རྒྱ་ཆེན་པོ་བཙུགས་ཤིང་ལོ་པཎ་འདུས་པ་རྒྱ་མཚོས་འཛམ་བུའི་གླིང་འདིར་མདོ་སྔགས་དམ་པའི་ཆོས་ཚུལ་ཡོད་དོ་ཅོག་མ་ལུས་པ་བོད་འདིར་དུས་གཅིག་ཏུ་དར་བར་མཛད། ཐུན་མོང་མ་ཡིན་པའི་རྗེ་འབངས་འདུས་པ་སོ་སོའི་ངོ་སྐལ་བཞིན་གནས་ཐ་དད་པར་རྒྱུད་ལུང་མན་ངག་ཟབ་ལམ་ [5a] རྒྱ་ཆེ་བ། ཉུང་ལ་གནད་ཚང་བ་སྣ་ཚོགས་པས་སྨིན་གྲོལ་དུ་མཛད། དེ་དག་རྣམས་ཀྱིས་ཀྱང་རི་བྲག་གངས་མཚོ་སོགས་ངེས་པ་དང་མ་ངེས་པའི་གནས་རྣམས་སུ་བསྒྲུབས་པས་གྲུབ་པའི་རྟགས་མཚན་མངོན་དུ་བརྙེས། མ་འོངས་པའི་དོན་ལ་དགོངས་ཏེ་རྒྱུད་ལུང་མན་ངག་གི་ཟབ་བཅུད་མཐའ་དག་གཏེར་གྱི་རིགས་བྱེད་དུ་མར་རྒྱས་བཏབ་སྟེ་དུས་ལ་བབས་པ་ནས་གུ་རུའི་ཐུགས་སྲས་འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱིས་གཏེར་གནས་སོ་སོ་ནས་སྤྱན་དྲངས་ཏེ་རིམ་བཞིན་སྤེལ་བའི་སྒོ་ནས་འདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ཅིང་མ་འོངས་རྙིང་མའི་བསྟན་མཐའ་གཏེར་གྱིས་སྐྱོང་བར་བསྔགས་པ་ཡིན། དེ་ལས་སྐབས་སུ་བབ་པ་འདི་ནི་སློབ་དཔོན་ཆེན་པོ་གྲོགས་འབངས་བཅོ་བརྒྱད་དང་བཅས་ཏེ་མོན་ཁ་ནེ་རིང་སེངྒེ་རྫོང་གི་ཀེའུ་ཚང་དུ་རྡོ་རྗེ་གཞོན་ནུའི་ཚོམ་བུ་ཚོགས་སྒྲུབ་ཆེན་པོ་ཞག་བདུན་ཕྲག་གསུམ་དུ་མཛད་པ་ན་ཕུར་པ་འཁྲབ་ཅིང་བཞད་པ་ལ་སོགས་པ་ངོ་མཚར་བའི་རྟགས་མཚན་མངོན་དུ་བྱུང་བའི་སྐབས་བཻ་རོ་དང་མཚོ་རྒྱལ་སོགས་གྲོགས་ལྔས་ཞུས་པའི་ངོར། རྩ་རྒྱུད་རྡོ་རྗེ་ཁྲོས་པ་དང་གསང་བ་སྙིང་པོ་སོགས་ལ་བརྟེན་ནས། རྒྱུད་དང་ལུང་ [5b] བསྡེབས། ལུང་མན་ངག་ཏུ་སྦྱར། མན་ངག་ལག་ལེན་དུ་ཕབ་ནས་གནང་ཞིང་། དཔེ་རྒྱུད་མཁའ་འགྲོ་བརྡའི་ཡི་གེར་བཏབ་ཅིང་ཆོས་བཀའ་མ་བུ་ལེ་ལག་དང་བཅས་པ་སོ་སོར་ཕྱེས་ཏེ་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི་ཆོ་འཕྲུལ་ཆེན་པོས་བྱིན་གྱིས་བརླབས་པའི་གནས་ཐ་དད་པར་སྦས་པའང་། རྣལ་འབྱོར་སུམ་རིམ་ལས། ཡི་གེར་བཏབ་སྟེ་ཟབ་པའི་ཕྱིར༔ མ་བུ་ལེ་ལག་ཕྱེས་ནས་སྦས༔ ཞེས་དང་། ལོ་རྒྱུས་འཁོར་བ་དབྱིངས་སྒྲོལ་ལས། གསང་སྒྲུབ་རྒྱུན་ཁྱེར་སྙིང་པོ་དང་༔ གཏོར་དབང་ཡེ་ཤེས་སྤྱི་བླུགས་དང་༔ ཡང་བྱང་གབ་པ་མངོན་ཕྱུང་བཅས༔ གནམ་ལྕགས་འབར་བའི་བྲག་ལ་སྦོས༔ ཞེས་གསུངས་པ་ལྟར་མི་སྣང་བར་རྒྱས་བཏབ་པར་མཛད་པ་ལས། དེ་ཉིད་འདོན་པའི་དུས་སུ་བབས་པ་ན། འདོན་པར་མཛད་པ་པོ་ནི་རཏྣ་གླིང་པའི་གཏེར་ལུང་ལས། རྡོ་རྗེའི་མིང་ཅན་ཐུགས་ཀྱི་མཚན་མ་ཅན༔ ཁམས་ཀྱི་ཤར་ཕྱོགས་གནས་ནང་ཕྱོགས་ནས་འབྱུང༔ ཞེས་དང་། ཁ་བྱང་གསང་བ་སྙིང་གི་མེ་ལོང་ལས། བདག་དང་དགོངས་མཉམ་བཻ་རོ་ཙ་ན་དང་༔ རྡོ་རྗེ་བདུད་འཇོམས་ཡེ་ཤེས་སྒྱུ་མའི་གར༔ བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེའམ༔ རྟེན་འབྱུང་རབ་ [6a] འབྲིང་ཐ་མ་དང་སྦྱར་བའི༔ གསང་མཚན་གསུམ་ལྡན་དཔའ་བོ་ཧེ་རུ་ཁ༔ ཞེས་སོགས་རྡོ་རྗེའི་ལུང་གིས་བསྔགས་པ་བཞིན་ཧེ་རུ་ཀ་དཔལ་པདྨ་ཐོད་ཕྲེང་རྩལ་གྱི་བྱིན་རླབས་ཐུགས་བསྐྱེད་རྨད་དུ་བྱུང་བ་དུས་སུ་སད་པ་ལས། ལོ་ཙྰ་བ་ཆེན་པོ་བཻ་རོ་ཙ་ན་དང་རིག་སྔགས་འཆང་བའི་རྒྱལ་པོ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཟུང་གི་གསང་གསུམ་ཡེ་ཤེས་ཀྱི་རོལ་གར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེ་དེ་ཉིད་ཀྱིས་རིམ་པར་གནས་དུས་གྲོགས་འཁོར་ཡོ་བྱད་ཕུན་སུམ་ཚོགས་པས་སྣ་དྲངས་ཏེ་བར་ཆད་གང་གིས་ཀྱང་བརྫི་བ་མེད་པར་གཏེར་གནས་ཐ་དད་པ་དག་ནས་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི་རྟེན་དང་དམ་རྫས་མྱོང་རེག་མཐོང་ཆོས་ཚོར་བ་ཙམ་ཡང་སྲིད་པ་མཐའ་ཅན་དུ་མཛད་པའི་ཟབ་གཏེར་དཔག་ཏུ་མེད་པ་སྤྱན་དྲངས་པའི་ནང་ཚན། འདི་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྟག་གི་ལོ་ཧོར་ཟླ་དང་པོའི་ཚེས་བཅུའི་ཉིན་ཀོང་སྟོད་ཙ་གོང་གནམ་ལྕགས་འབར་བ་མཁའ་འགྲོའི་གསང་ཕུག་ཆེན་པོ་རུ་ཚོགས་ཀྱི་འཁོར་ལོས་རྩ་གསུམ་འདུས་པ་རྒྱ་མཚོ་མཉེས་པར་མཛད་པའི་སྐབས། ཐུགས་བསྐྱེད་སྔོན་སྨོན་དུས་སུ་སད་དེ་སྔགས་སྲུང་རྡོ་རྗེ་རལ་གཅིག་མས་དངོས་གཟུགས་བསྟན་ནས་ [6b] བྲག་ལོགས་སུ་ཕྱག་གིས་རེག་པའི་ཚུལ་གྱིས་གཏེར་རྒྱ་བཀྲོལ་ཏེ་བྲག་དབྲལ་བའི་ནང་ནས་རྡོ་རྗེ་གཞོན་ནུའི་སྐུ་ཚབས་བདུད་དཔུང་ཟིལ་གནོན་དང་ལྷན་ཅིག་ཤོག་སེར་ཌྰ་ཀིའི་བརྡ་ཡིག་གཏེར་གྱི་གཉེར་འཛིན་སྲུང་མས་དངོས་གྲུབ་མདོངས་གསོལ་དུ་ཕུལ་བ་ཉིད་བགྲང་བྱ་གསུམ་གྱི་བར་དུ་ཤིན་ཏུ་གསང་བའི་དམ་ཚིག་གིས་རྒྱས་བཏབ་ནས་གཏེར་ཆེན་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པར་མཛད། སླར་འགྲོ་དོན་དུས་སུ་བབས་པ་ན་སྔགས་ཀྱི་བདག་མོས་བརྡ་སྒོ་དབྱེ་བར་བསྐུལ་བ་བཞིན་ཤོག་སེར་ལས་གཏན་ལ་ཕབ་སྟེ་རྡོ་རྗེའི་ལུང་ཟིན་གྱི་ལས་ཅན་སྐལ་ལྡན་རྣམས་སྨིན་གྲོལ་གྱི་ལམ་ལ་རིམ་གྱིས་དཀྲི་བར་མཛད་པ་སྟེ། དེ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བ་ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་དཔལ་གྱི་གཏོར་ཆེན་ལ་བརྟེན་ནས་སྙིང་པོའི་དོན་དབང་ཡེ་ཤེས་སྤྱི་བླུགས་ཀྱི་ཆོ་ག་ཟབ་མོ་བསྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལ་བདག་ཉིད་སློབ་དཔོན་གྱི་བགྱི་འོས་མཚན་མའི་རྟེན་བཤམས་ཤིང་འཕྲིན་ལས་ཀྱི་གཞུང་བསྲངས་ཏེ་ཏིང་ངེ་འཛིན་གྱིས་ནུས་ལྡན་དུ་བསྒྲུབས་ནས་བདག་ཉིད་འཇུག་ཅིང་སློབ་མ་རྗེས་འཛིན་གྱི་གནང་བ་ནོད་པ་བཅས་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་ [7a] གྱུར་པ་ཐོག་མར་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བཞུགས་པའི་སྤྱན་སྔར་དབང་བསྐུར་ཟབ་མོ་ཞུ་བའི་དོན་དུ་མཎྜལ་འབུལ་བར་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག ། དེ་ལྟར་མཎྜལ་གྱི་མཚམས་སྦྱར་ནས་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པ་ལ་དབང་གི་སྙན་གསན་དབབ་པའི་ཕྱིར་དུ་ཕྱག་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ བླ་མ་དཔལ་ཆེན་ཧེ་རུ་ཁ༔ བདག་ལ་བརྩེ་བས་དགྱེས་དགོངས་ཏེ༔ ཡེ་ཤེས་ཆེན་པོར་སྨིན་བྱེད་པའི༔ གཏོར་མའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། དེ་ལ་ཐོག་མར་རྒྱུད་སྦྱོང་བའི་སླད་དུ་སློབ་དཔོན་དང་དཔལ་ཆེན་རྡོ་རྗེ་གཞོན་ནུ་དབྱེར་མེད་པ་ལ་ཕྱོགས་བཅུ་དུས་བཞི་དཀོན་མཆོག་རྩ་གསུམ་རྒྱ་མཚོས་བསྐོར་བའི་ཞལ་མངོན་སུམ་བཞིན་བཀྲ་ལམ་མེར་སད་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱིད་སྡུག་རེ་ལྟོས་གཞན་ན་མེད་པས་ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱི་སྒོ་ནས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོ་རྣམས༔ སོགས་ལན་གསུམ། ལམ་དམན་པ་ [7b] ལས་ཁྱད་པར་དུ་གྱུར་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སླད་དུ། མཁའ་ཁྱབ་ཀྱི་མར་གྱུར་སེམས་ཅན་ཐམས་ཅད་འཁོར་མཚོ་མུ་མེད་པར་བྱིངས་ཏེ་ཐར་པའི་ཐབས་ལ་རྨོངས་ཤིང་འཁྲུལ་པ་སྡུག་བསྔལ་བཟོད་བླག་མེད་པར་མྱོང་བ་རྣམས་ལ་ཤིན་ཏུ་བརྩེ་བའི་སྒོ་ནས། དེ་དག་གི་ཆེད་དུ་སྨིན་བྱེད་ཟབ་མོའི་སྒོར་བཞུགས་ཏེ་ལས་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་སེམས་ཅན་གཅིག་ཀྱང་མི་གནས་པར་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་མཆོག་ལ་འགོད་པར་བྱའོ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ མ་རིག་འཁྲུལ་རྟོག་སེམས་ཅན་རྣམས༔ སོགས་ལན་གསུམ། ཡེ་ཤེས་ཀྱི་རེ་ཁ་གང་བ་ལ་བསོད་ནམས་ཀྱི་ཚོགས་བསགས་སྔོན་དུ་འགྲོ་དགོས་པ་མ་ཟད། དབང་གི་ནུས་བཅུད་ཆགས་པ་ལ་མེད་དུ་མི་རུང་བས་ཡན་ལག་བཅུ་པའི་ཚིག་དོན་རྗེས་སུ་དྲན་པས་འདིའི་རྗེས་ཟློས། ཧོཿ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་བསགས་སྔོན་དུ་འགྲོ་དགོས་པ་མ་ད། དབང་གི་ནུས་བཅུད་ཆགས་པ་ལ་མེད་དུ་མི་རུང་བས་ཡན་ལག་བཅུ་པའི་ཚིག་དོན་རྗེས་སུ་དྲན་པས་འདིའི་རྗེས་ཟློས། ཧོཿ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་གནས་འདིར་གཤེགས༔ སོགས་ལན་གསུམ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ། ལུས་དྲང་པོར་བསྲང་། རླུང་རྒྱུ་བར་རང་སོར་ཞོག །སེམས་དུག་གསུམ་གྱི་རྟོག་པས་མ་ཡེངས་པར་རྩེ་གཅིག་ཏུ་གསལ་བ་འདི་ལྟར་ཐོབ་ [8a] ཅིག །ཨ་མྲྀ་ཏ ས་བསང་ ཤུ་ནྱ་ཏས་སྦྱངས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་སྣང་ཡུལ་དང་བཅས་པའི་མི་དམིགས་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་ཁྱེད་རང་རྣམས་ཀྱི་རིག་པའི་གདངས་རྩལ་མ་འགགས་པའི་སྣང་ཡུལ་གསང་ཆེན་རོལ་པའི་ཞིང་གི་དབུས་སུ། རང་རང་གི་གོ་སར་པདྨ་དང་ཉི་མ་ལ་བདུད་བཞི་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ། སོ་སོའི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་སྔོན་འོད་འབར་བ་རེ་རེ་གྱུར། དེ་ཡོངས་སུ་གྱུར་པ་ལས་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་གྱི་གཡས་ཞལ་དཀར་ལ་དགོད་པ། གཡོན་ཞལ་དམར་ལ་གཤེ་བ། རྩ་ཞལ་མཐིང་ནག་ཁྲོ་གཏུམ་རྔམས་པའི་གཟི་བརྗིད་ཅན། དམར་ལ་འཁྲུགས་པའི་སྤྱན་གསུམ་གསུམ་མེའི་ཚྭ་ཚྭ་འཕྲོ་བ་གཟིར་བ་ཙམ་གྱིས་སྲིད་གསུམ་བསྲེགས་པར་ནུས་པ། ཕྱག་དྲུག་གི་གཡས་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་གཉིས་ཀྱིས་མེ་ཞགས་དང་ཁ་ཊྭཱྃ་ཀ ། ཐ་གཉིས་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་སྟབས་ཀྱིས་བདུད་བགེགས་དམྱལ་ཐག་གཅོད་པ། རྡོ་རྗེ་དང་རིན་པོ་ཆེིའི་གཤོག་པ་གདེངས་ཤིང་དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ཡོངས་སུ་རྫོགས་པ་ལ་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མཐིང་སྐྱ་ [8b] ཁ་ཊྭཱྃ་ཀ་དང་དུང་ཁྲག་འཛིན་ཅིང་གཟིག་ཤམ་དང་རུས་པའི་ཕྱག་རྒྱ་ལྔས་སྤྲས་པས་འཁྲིལ་བའི་སྐུའི་གནས་སུ་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྲས་འཁོར་བཀའ་སྡོད་དང་བཅས་པ་མ་འདྲེས་གསལ་རྫོགས་རྒྱ་མཚོའི་ནང་གི་གཟའ་སྐར་བཞིན་སྣང་སྟོང་ཟུང་འཇུག་ཆེན་པོར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་ངོ་བོ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གསལ་ཐོབ་མཛོད། དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་ལ་མོས་གུས་རྩེ་གཅིག་ཏུ་བྱས་པའི་རྐྱེན་གྱིས་བླ་མ་དང་མདུན་རྟེན་གཉིས་སུ་མེད་པའི་ཐུགས་ཀ་ནས་འོད་ཟེར་མུ་མེད་པར་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཁྱབ་པར་སྤྲོས་པས། རང་བཞིན་ལྷུན་གྲུབ་སྐུ་གསུམ་རྒྱལ་བའི་ཞིང་ནས་རྩ་གསུམ་རབ་འབྱམས་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་པར་མོས་ཤིག །འབེབས་རྫས་སྦྱར་སྤོས་བསྲེག་ཅིང་། ཐོད་རྔ་དྲིལ་བུའི་སྒྲ་དང་བཅས་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ༔ ཐུགས་དམ་གཉན་པོ་གསང་བའི་ལྷ༔ ཞེས་སོགས་ལས་བྱང་གི་བྱིན་འབེབས་མཐར། རྩ་སྔགས་ལ། ཛྙཱ་ན་ཨཱ་བེ་ཤ་ཡ་ [9a] ཨ་ཨཱཿཞེས་བཏགས་པ་དྲག་ཏུ་བརྗོད་པས་བྱིན་དབབ་ལ། དེ་ལྟར་དབབ་པའི་ཡེ་ཤེས་པའི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་ཉམས་བརྟན་པར་བྱས་པའི་མོས་པ་མཛོད། མེ་ཏོག་དང་བཅས་རྡོ་རྗེས་སྤྱི་བོར་རྒྱ་གྲམ་དུ་རེག་ཅིང་། ཏིཥྛ་བཛྲ། ཅེས་བརྗོད། དེ་དག་གི་སྔོན་དུ་འགྲོ་བའི་ཆོས་རྣམས་གྲུབ་ནས། དབང་བསྐུར་དངོས་ལ་དམིགས་པ་འདི་ཉིད་རིམ་བཞིན་དུ་མཛད་འཚལ། གཏོར་སྣོད་བྷནྡྷ་འབར་བ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་དབུས་སུ་དཔལ་གྱི་གཏོར་མ་འདི་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་རྩ་གསུམ་རྒྱལ་བ་རབ་འབྱམས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཏིལ་གོང་ཁ་ཕྱེ་བ་ལྟར་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་དབང་བསྐུར་བས། སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་བ་ཚངས་བུག་ནས་ཞུགས། ལས་དང་ཉོན་མོངས་བག་ཆགས་དང་བཅས་པ་གཏོར། ཡེ་ཤེས་ཀྱི་ནུས་བཅུད་མངོན་དུ་བླུགས་པས་ལུས་གང་ཞིང་ཕུང་ཁམས་ལྷ་སྐུར་དག་མཉམ་ཆེན་པོ་སྐུའི་དབང་བསྐུར་ཐོབ་པར་མོས་ཤིག །དཔལ་གྱི་གཏོར་ཆེན་ཐོགས་ལ། ཧཱུཾ། དཔལ་གྱི་གཏོར་ཆེན་དུར་ཁྲོད་གཞལ་ཡས་ཁང་༔ མི་འགྱུར་མཉམ་ཉིད་ཁྲོ་བོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ཡི་སྤྱི་ [9b] བོར་བཞག་པ་ཡིས༔ བུམ་པའི་དབང་ཐོབ་ཕུང་ཁམས་ལྷ་རུ་སྨིན༔ སྣང་སྲིད་དག་མཉམ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར། མ་ཧཱ་བ་ལིངྟ་ས་མ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་བཞག ། དེས་སྐུ་ཡི་བྱིན་རླབས་ཞུགས་ཤིང་ལུས་སྒྲིབ་སྦྱངས། སྲིད་བཅུད་རྡོ་རྗེ་ཕུར་བུར་གྲུབ་པའི་སྣང་སྲིད་ཐམས་ཅད་ལྷ་ཡི་འཁོར་ལོར་དག །རྣམ་པར་སྨིན་པའི་རིག་འཛིན་མངོན་དུ་བྱེད་པ་ལ་དབང་བ་ཡིན་ནོ། །དེ་ནས་ཡང་གཏོར་མའི་ལྷ་ཚོགས་རྣམས་མཉམ་པར་སྦྱོར་བའི་རོལ་པ་ཆེན་པོའི་དཀར་དམར་ལྷག་པའི་བྱང་ཆུབ་སེམས་ཀྱི་རྒྱུན་བབས་པས་གཏོར་སྣོད་བྷནྡྷ་ལྟེམ་གྱིས་གང་བ་ཁྱེད་རང་གི་ལྕེ་ཐོག་ཏུ་མྱང་བ་མགྲིན་པར་སོན་པས་རྩ་ཁམས་ཐམས་ཅད་དྭངས་མས་ཁྱབ། བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་ཤིང་གཡོ་མེད་དུ་བརྟན། ངག་དང་རླུང་གི་སྒྲིབ་པ་མ་ལུས་པ་དག་ཅིང་སྔགས་སུ་སྨིན། གྲགས་སྟོང་འགགས་པ་མེད་པ་གསུང་གི་དབང་བསྐུར་ཐོབ་པར་མོས་ཤིག །ཧཱུཾ༔ དཔལ་གྱི་གཏོར་ཆེན་བདེ་སྐྱོང་ཀ་པཱ་ལར༔ ཟག་མེད་བདེ་ཆེན་ཡེ་ཤེས་བྱང་སེམས་བསྐྱིལ༔ སྐལ་ལྡན་བུ་ཡི་མགྲིན་པར་བཞག་པ་ཡིས༔ གསང་བའི་དབང་ཐོབ་ངག་རླུང་སྔགས་སུ་སྨིན༔ གྲགས་སྟོང་འགགས་མེད་གསུང་གི་དབང་ཐོབ་ཤོག༔ [10a] རྩ་སྔགས་མཐར། མ་ཧཱ་བ་ལིངྟ་ས་མ་ཡ་ཝཱ་ཁ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་བཞག ། རྗེས་འབྲེལ་དུ་གསང་སྔགས་བཟླས་པའི་ལུང་གི་སླད་དུ་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོ། བཅོམ་ལྡན་བདག་ལ་བསྩལ་བ་དང་། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། ཞེས་གསོལ་བ་བཏབ་པའི་རྐྱེན་ལས། སློབ་དཔོན་དང་མདུན་རྟེན་དཔལ་ཆེན་པོ་དབྱེར་མེད་པའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་རེ་ཐོན། ཁྱེད་རང་སློབ་མ་རྣམས་ཀྱི་ཞལ་ནས་ཞུགས་སྙིང་གར་ཉིད་དཀྱིལ་ལ་ཧཱུཾ་གི་མཐར་འཁོད་པར་མོས་བཞིན་འདིའི་རྗེས་ཟློས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ ལན་གསུམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུཾ་ཕཊ༔ ཅེས་པའམ་ལན་གསུམ་རྗེས་ཟློས་བྱར་གཞུག ། སྔར་ཕུལ་བའི་མེ་ཏོག་དེ་ཉིད་སྤྱི་བོར་འཐོར་བ་སྙིང་གར་ཐིམ་པར་མོས་ཤིག །བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩོལ་བ་དང་། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྟེན་སྙིང་དང་བཅས་སྤྱི་བོར་མེ་ཏོག་གཏོར། དེས་གསུང་གི་བྱིན་རླབས་ཞུགས་ཤིང་ངག་སྒྲིབ་དག །བྱང་ཆུབ་སེམས་ཀྱི་ཕུར་བུའི་ལམ་སྒོམ་པས་ལས་རླུང་གི་རྒྱུ་བ་དབུ་མར་ [10b] ཐིམ། འཛག་པ་མེད་པའི་རྒྱུན་མཐའ་སྤྱི་བོར་འཆིངས། འཁོར་འདས་གཉིས་ཆོས་ཀྱི་སྣང་བ་ཐམས་ཅད་བདེ་ཆེན་འཁོར་ལོའི་རྒྱན་དུ་རྫོགས། ཕྱག་རྒྱ་སྦྱོར་ལྡན་གྱི་ཚེ་དབང་རིག་འཛིན་མངོན་དུ་བྱེད་པ་ལ་དབང་བ་ཡིན་ནོ། །ཡང་གཏོར་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་འོད་གསལ་ཀ་དག་གཞིར་གནས་འཕོ་འགྱུར་སྐྱེ་འགགས་དང་བྲལ་བའི་དབྱིངས་ལས་གཞི་སྣང་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་གྱི་ངོ་བོ་འོད་ཟེར་སྣ་ཚོགས་པའི་ཚུལ་དུ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཞུགས་པས་ཡིད་དང་ཐིག་ལེའི་སྒྲིབ་པ་བག་ཆགས་དང་བཅས་པ་དག །རིག་སྟོང་ཟང་ཐལ་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་མཐོང་ཞིང་ཐུགས་ཀྱི་དབང་མཆོག་ཐོབ་པར་མོས་ཤིག །ཧཱུཾ༔ དཔལ་གྱི་གཏེར་ཆེན་བདེན་དོན་འོད་གསལ་དབྱིངས༔ འཕོ་འགྱུར་སྐྱེ་འགགས་མཐའ་བྲལ་གདོད་མའི་བབ༔ སྐལ་ལྡན་བུ་ཡི་སྙིང་ལ་འཕོས་པ་ཡིས༔ ཐུགས་ཀྱི་དབང་ཐོབ་འཁྲུལ་རྟོག་དབྱིངས་སུ་ཐིམ༔ སྒྲ་ཚིག་བློ་འདས་ཆོས་ཉིད་དབང་ཐོབ་ཤོག༔ རྩ་སྔགས་མཐར། མ་ཧཱ་བ་ལིངྟ་ས་མ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག ། དེས་ཐུགས་ཀྱི་བྱིན་རླབས་བཞུགས་ཤིང་ཡིད་སྒྲིབ་དག །རིག་པ་ཡེ་ཤེས་ཕུར་བུས་སྲིད་རྩ་དྲུང་ནས་ཕྱུངས། ཆོས་ [11a] དབྱིངས་ཁྱབ་བརྡལ་རྡོ་རྗེ་གཞོན་ནུའི་ཀློད་དུ་སྲིད་ཞིའི་བདེན་དོན་རོ་གཅིག་ཏུ་གྱུར། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོས་ཕྱག་རྒྱ་མཆོག་གི་རིག་འཛིན་མངོན་དུ་བྱེད་པ་ལ་དབང་བ་ཡིན་ནོ། །ཡང་དཔལ་ཆེན་ཡེ་ཤེས་རོལ་པའི་གཏོར་མ་འདོད་འབྱུང་རིན་པོ་ཆེའི་མཛོད་ཆེན་ལས། དངོས་གྲུབ་འདོད་རྒུའི་གྲུ་ཆར་འཛད་མེད་དུ་འབེབས་པ་ཉིད་ཁྱེད་རང་རྣམས་ཀྱི་ལྟེ་བར་བཞག་པ་ཙམ་གྱིས་ཡོན་ཏན་རྣམ་པ་ལྔ་ཐོབ། ཞིང་ཁམས་ལྔ་ལ་དབང་འབྱོར། འདོད་ཡོན་ཆོས་ཉིད་ཀྱི་རོལ་པའི་རྒྱན་དུ་ཤར། ཁམས་གསུམ་ན་མངོན་པར་མཐོ་བ་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་དམ་པ་ལ་དབང་བར་མོས་ཤིག །ཧཱུཾ༔ དཔལ་གྱི་གཏོར་ཆེན་འདོད་འབྱུང་རིན་ཆེན་མཛོད༔ འཛད་མེད་དངོས་གྲུབ་ཆར་དུ་བསྙིལ་བའི་གཏེར༔ སྐལ་ལྡན་བུ་ཡི་ལྟེ་བར་བཞག་པ་ཡིས༔ ཡོན་ཏན་དབང་ཐོབ་འདོད་ཡོན་རྒྱན་དུ་ཤར༔ ཁམས་གསུམ་ཆོས་ཀྱི་འཁོར་ལོས་སྒྱུར་བར་ཤོག༔ རྩ་སྔགས་མཐར། མ་ཧཱ་བ་ལིངྟ་ས་མ་ཡ་གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾཿ ཞེས་ལྟེ་བར་བཞག ། དེས་ཡོན་ཏན་གྱི་བྱིན་རླབས་ཞུགས། ཆགས་སོགས་འཛིན་འཁྲིའི་སྒྲིབ་པ་དག །གདུལ་བྱའི་དོན་ལ་ཐོགས་པ་མེད་ཅིང་སྐུ་དང་ཞིང་ཁམས་རྒྱ་མཚོའི་དཔལ་དམ་ [11b] པར་མངའ་དབང་འབྱོར། འབྲས་བུ་ཁྱབ་བདག་ཧེ་རུ་ཀའི་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དམ་པ་ཐོབ་པ་ཡིན་ནོ། །ཡང་དཔལ་ཆེན་རོལ་པ་ཆེན་པོའི་ལྷ་ཚོགས་ཀུན་གྱི་སྐུའི་གནས་རྣམས་ལས་རྡོ་རྗེ་རིན་ཆེན་པདྨ་རལ་གྲི་ཕུར་བུ་སོགས་ཕྱག་མཚན་སྣ་ཚོགས་པའི་རྣམ་པ་དཔག་ཏུ་མེད་པ་སྤྲོས། ཁྱེད་རང་རྣམས་ཀྱི་བདེ་སྐྱོང་གི་གནས་སུ་ཐིམ་པས་འཕྲིན་ལས་རབ་འབྱམས་སྤྱི་དང་མངོན་སྤྱོད་དྲག་པོའི་ལས་སྒྲུབ་པ་ལ་དབང་ཐོབ་པར་མོས་ཤིག །ཧཱུཾ༔ དཔལ་གྱི་གཏོར་ཆེན་འཕྲིན་ལས་རྣམ་བཞིའི་སྒོ༔ ཞི་རྒྱས་དབང་དྲག་རབ་འབྱམས་ལས་ཀྱི་དབང༔ སྐལ་ལྡན་བུ་ཡི་གསང་དབང་བསྐུར་བ་ཡིས༔ ཕྲིན་ལས་དབང་ཐོབ་སྣང་སྲིད་རང་དབང་བསྒྱུར༔ ཐོགས་མེད་དྲག་རྩལ་རྫུ་འཕྲུལ་མཐུ་ཐོབ་ཤོག༔ རྩ་སྔགས་མཐར། མ་ཧཱ་བ་ལིངྟ་ས་མ་ཡ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཞེས་གསང་བར་བཞག ། དེས་འཕྲིན་ལས་ཀྱི་བྱིན་རླབས་ཞུགས། ཕྲག་དོག་སོགས་ཀུན་ཏུ་རྟོག་པའི་སྒྲིབ་པ་དག །མཚན་མ་རྫས་ཀྱི་ཕུར་བུས་ལས་རབ་འབྱམས་ལ་ཐོགས་པ་མེད་པའི་མཐུ་དབང་བརྙེས་ཏེ། མངོན་སྤྱོད་དམིགས་པའི་དབལ་གྱིས་ཁམས་གསུམ་ཤུགས་སྒྲོལ་ཆེན་པོའི་བརྣག་པའི་གཟེར་ཁ་འཚེངས་པ་གསུམ་ལྡན་དུ་བསྒྲུབས་ཤིང་། བྱང་ཆུབ་སྒྲུབ་ [12a] པའི་ལམ་གྱི་བར་ཆད་ཀུན་ལས་རྣམ་པར་རྒྱལ་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་འཕྲིན་ལས་འཇིགས་པ་བྲལ་བའི་དགོངས་ཀློང་ཆིག་རྫོགས་སུ་གྱུར། དོན་གཉིས་མཐར་ཕྱིན་ལྷུན་གྲུབ་རིག་འཛིན་མངོན་དུ་འགྱུར་པ་ལ་དབང་ཐོབ་པ་ཡིན་ནོ། །སླར་ཡང་བདག་མདུན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་བྱིན་རླབས་བདུད་རྩིའི་ཚུལ་དུ་དྲངས་པ་གཏོར་མ་ལ་ཐིམ་པས། དཔལ་ཆེན་པོ་རྟེན་བརྟེན་པར་བཅས་པ་འོད་དུ་ཞུ་ནས་བདུད་རྩིར་འཁྱིལ་བ་འདི་ཉིད་ཁྱེད་རང་རྣམས་ཀྱིས་མྱང་པས་རྩའི་སྒྲིབ་པ་མདུད་པ། ཁམས་ཀྱི་སྒྲིབ་པ་སྙིགས་མ། རླུང་གི་སྒྲིབ་པ་ཡོན་པོ་སྟེ་སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་རང་བཞིན་མེད་པའི་ངང་དུ་སངས། ཡེ་ཤེས་དྭངས་མའི་བཅུད་ཀྱིས་ཁེངས། སྣང་བ་ཀུན་རྫོབ་འཁོར་བའི་ཆ་ཀུན་དཔལ་ཆེན་རྡོ་རྗེ་གཞོན་ནུ། སྟོང་པ་དོན་དམ་འདས་པའི་ཆ་ཀུན་ཡུམ་ཆེན་འཁོར་ལོ་རྒྱས་འདེབས། སྣང་སྟོང་ཟུང་འཇུག་ཆེན་པོ་ཡབ་ཡུམ་གཉིས་མེད་ཀྱི་ངོ་བོ་མྱོང་སྟོང་རང་གྲོལ་ཆེན་པོའི་དགོངས་པ་གདོད་ནས་བསྐུར་ཐོབ་དང་བྲལ་བ་ཁྱབ་བརྡལ་ལྷུན་རྫོགས་སྟངས་དཔྱལ་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ལྟར་དག་པའི་དབྱིངས་ལ་དབང་འབྱོར་པའི་མོས་པ་མཛོད། [12b] ཧཱུཾ༔ འཁོར་འདས་སྤྱི་དཔལ་དཔལ་ཆེན་ཧེ་རུ་ཁ༔ གཏོར་མའི་ངོ་བོར་ཞུ་བའི་བདུད་རྩིའི་བཅུད༔ མྱང་བས་རྩ་ཁམས་དྭངས་མའི་བཅུད་ཀྱིས་ཁེངས༔ སྣང་བ་ཐབས་དང་སྟོང་པ་ཤེས་རབ་ཆ༔ ཟུང་འཇུག་རྡོ་རྗེ་སྟངས་དཔྱལ་ཁྲོ་བོའི་རྒྱལ༔ བསྐུར་ཐོབ་བྲལ་བའི་དགོངས་པ་མངོན་གྱུར་ཤོག༔ རྩ་སྔགས་མཐར། མ་ཧཱ་བ་ལིངྟ་ས་མ་ཡ་ཨ་མྲྀ་ཏ་སརྦ་སིདྡྷི་ཕ་ལ་བྷྲཱུཾ༔ ཞེས་གཏོར་མ་བདུད་རྩིར་སྦྱངས་ལ་མྱང་དུ་བཅུག ། དེས་ལུས་ཀྱི་ནང་ཐམས་ཅད་དྭངས་མས་ཁེངས། དུག་གསུམ་རྒྱུ་འབྲས་དང་བཅས་པ་ཆོས་དབྱིངས་འཕོ་འགྱུར་བྲལ་བ་དག་མཉམ་གཞི་གྲོལ་གྱི་ཀློང་དུ་སྦྱངས། འཁོར་འདས་ལམ་གསུམ་གཉིས་སུ་མེད་པར་མ་དག་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ། ཡེ་ཤེས་དྭངས་མ་ཆེན་པོའི་ནང་དབྱིངས་འདུ་འབྲལ་མེད་པའི་རང་བཞིན་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་བརྟན་པ་མཐར་ཕྱིན་པར་འགྱུར་བ་ཡོངས་རྫོགས་གཏོར་མའི་དབང་མཆོག་ཐོབ་པ་ཡིན་ནོ། །དེ་ལྟར་དབང་ཐོབ་པ་དེ་ཉིད་མི་ཉམས་ཤིང་བརྟན་པའི་ཕྱིར་དུ། རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་མདུན་མཁར་སྤྲིན་བཞིན་གཏིབས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་མེ་ཏོག་མནྡ་ར་བའི་ཆར་སིལ་མར་བསྙིལ་བཞིན། ཞལ་ནས་བདེན་པའི་གླུ་དབྱངས་ཚིགས་ [13a] སུ་བཅད་དེ་དགེ་ལེགས་སུ་བསྩལ་བའི་མོས་པ་མཛོད། ཅེས་ལས་བྱང་གི་ཤིས་བརྗོད་ཀྱིས་ཐོག་དྲངས་ཇི་ལྟར་རིགས་པའི་ཤིས་པ་སྤེལ། དེ་ལྟ་ན་དེ་དག་རྣམས་ཀྱི་སྒོ་ནས་ཇི་སྐད་དུ། རྩ་གཞུང་ལས། བརྒྱུད་གསུམ་བླ་མའི་དགོངས་པའི་གནད༔ མན་ངག་སྙིང་པོ་གཏོར་མའི་དབང་༔ ཤིན་ཏུ་བསྡུས་པ་ཟབ་མོའི་ལམ༔ ཕན་དང་ནུས་པར་ལྡན་པའི་བཅུད༔ འདི་ལས་ཟབ་པ་ཡོད་རེ་ཀན༔ སྔོན་ཆད་གཞན་དུ་བསྟན་པ་མེད༔ པདྨ་བདག་གི་ཐུགས་ཀྱི་མཐིལ༔ མཚན་ལྡན་མཁར་ཆེན་བཟའ་ལ་གདམས༔ ཞེས་བདེན་གསུང་རྡོ་རྗེའི་ལུང་གིས་བསྔགས་པ་དོན་ལ་གནས་པའི་མན་ངག་ལྷ་མཆོག་རྡོ་རྗེའི་གཞོན་ནུའི་ཟབ་མོའི་བརྡ་དབང་རྒྱ་མཚོའི་དོན་ཐིག་ཉིད་ལེགས་པར་གསན་གྲུབ་པ་ལགས་ཤིང་། དེ་ལྟར་ཐོབ་པའི་དབང་གི་སྲོག་ནི་དམ་ཚིག་གི་ས་འཛིན་དགོས་པས་ན་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་གྱི་བསྡུས་པ་མཐའ་དག་སྲོག་གི་གཏར་བཟུང་སྟེ་ནམ་ཡང་མི་འདའ་བར་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དབང་བསྐུར་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག ། དེ་ལྟར་མཎྜལ་ཙམ་དུ་མ་ཟད་རང་གི་ [13b] ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་རེ་རེ་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེ་ནས་བརྩམས་ཏེ་སོགས་ལན་གཅིག ། དེ་ལྟ་བུའི་དབང་བསྐུར་ཟབ་མོ་ཐོབ་པ་ལས་བྱུང་བའི་དགེ་ཚོགས་ཅི་མཆིས་པ་ཐམས་ཅད་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བའི་རྒྱས་འདེབས་ལྷན་ཅིག་ཏུ་གནང་བ་དང་། ཁྱད་དུ་འཕགས་པའི་ཟབ་ལ་མ་ཌྰ་ཀིའི་ཁ་རླངས་མ་ཡལ་བ་འདིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་མཛོད། བསོད་ནམས་འདི་ཡིས་སོགས་ཀྱིས་དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་གཏོར་གཏང་། གཏོར་སྐྱོང་ནས་མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་ཀྱི་བར་ལས་བྱང་ལྟར་མཐར་དབྱུང་བས་གྲུབ་བོ། །འཕྲིན་ལས་འདུས་པའི་དཀྱིལ་འཁོར་འཁོར་ལོ་ཆེར། །སྐལ་བཟང་སྨིན་གྲོལ་འདོད་འཇོའི་དགའ་སྟོན་མཆོག །རྩོལ་མེད་ཉམས་སུ་མྱོང་ལས་གྲུབ་གཉིས་ཀྱི། །མངའ་དབང་དམ་པ་འགྲོ་འདིས་ཐོབ་གྱུར་ཅིག །ཅེས་རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་གཏོར་མའི་དོན་དབང་ཡེ་ཤེས་སྤྱི་བླུགས་ཀྱི་ཆོག་ཁྲིགས་སུ་བསྡེབས་པ་དཔལ་ཆེན་དགོངས་རྒྱན་ཞེས་བྱ་བ་འདིའང་། ཟབ་གཏེར་གསང་བའི་མཛོད་འཛིན་ཁྱབ་བདག་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གང་གི་ཞལ་སྔ་ནས་བཀའ་བབ་ལུང་ཟིན་གྱི་ཆོས་ [14a] བདག་ཏུ་དབུགས་དབྱུང་བ་དང་བཅས་སྨིན་གྲོལ་བདུད་རྩིའི་དགའ་སྟོན་དགྱེས་པར་བསྩལ་བའི་བཀའ་དྲིན་ཐོབ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་དོན་འཇུག་བདེའི་མཚམས་སྦྱོར་གྱིས་བརྒྱན་ཏེ། ཉེ་བའི་ཚནྡྷོ་དུར་ཁྲོད་ལྷུན་གྲུབ་བརྩེགས་པའི་གནས་སུ་སྤྱར་བ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་ཀུན་བཟང་འདུས་ཀྱིས་བགྱིས་པའོ། །འདིས་ཀྱང་ཟབ་ལམ་གྱི་འཕྲིན་ལས་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག །མངྒ་ལ་ཛནྟུ།། །།