རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་ལས༔ ཚེ་སྒྲུབ་འཆི་མེད་སྲོག་ཐིག༔

From Dudjom Wiki
DJYD-KABUM-14-PHA-007
Wylie title rdo rje phur pa yang gsang 'phrin las bcud dril las tshe sgrub 'chi med srog thig DJYD-KABUM-14-PHA-007.pdf
Location bdud 'joms rin po che bka' 'bum
Volume 14, Text 7, Pages 75-143 (Folios 1a1 to 35a4)
Author ཟིལ་གནོན་ནམ་མཁའི་རྡོ་རྗེ་
Citation Zil gnon nam mkha'i rdo rje. Rdo rje phur pa yang gsang 'phrin las bcud dril las tshe sgrub 'chi med srog thig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 14: 75-143. Kalimpong: Dupjung Lama, 1979-1985.
Side notes Recto: las byang   Verso: 'chi med srog thig
More details More details
Tertön ཟིལ་གནོན་ནམ་མཁའི་རྡོ་རྗེ་ (zil gnon nam mkha'i rdo rje)
Genre Activity Manual - las byang  ·  Longevity Rituals - tshe sgrub
Cycle ཚེ་སྒྲུབ་འཆི་མེད་སྲོག་ཐིག་ (tshe sgrub 'chi med srog thig)
Parent Cycle དཔལ་རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་ (dpal rdo rje phur pa yang gsang 'phrin las bcud dril)
Deity tshe dpag med
Colophon

ཁོ་བོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་ལྷོ་ཕྱོགས་མོན་ཁ་སེང་གེ་རྫོང་གི་མཚོ་རྒྱལ་གསང་ཕུག་ནས་ཤིང་འབྲུག་ཟླ་བའི་ཚེས་ལ་སྐལ་ལྡན་གྱི་འདུས་པ་གྲངས་མེད་པའི་དབུས་ནས་ཤིན་ཏུ་འཇིགས་པའི་ཆོ་འཕྲུལ་དང་། ངོ་མཚར་བའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་ཏེ་སྤྱན་དྲངས་པའི་ཤོག་སེར་ལས། སླར་ས་ཕོ་སྦྲེལ་གྱི་ལོའི་དུས་ཆེན་ལ་ལྷོ་འབྲུག་ཆོས་ཀྱི་རྒྱལ་པོའི་གཟིམ་སྤྱིལ་བདེ་ཆེན་པདྨ་འཁྱིལ་བའི་ཡང་དབེན་དུ་དག་པར་ཕབ་པའི་དགེ་བས། ལུང་ཟིན་ཆོས་ཀྱི་བདག་པོས་གཙོས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། སྙིགས་དུས་ཀྱི་རྒུད་པ་མཐའ་དག་ཡོངས་སུ་ཞི་ནས་མདོ་སྔགས་བསྟན་པའི་སྲོག་ཤིང་རྡོ་རྗེའི་རང་བཞིན་ཏུ་བརྟན་པའི་རྒྱུར་གྱུར་ཅིག།

kho bo bde chen zil gnon nam mkha'i rdo rjes lho phyogs mon kha seng ge rdzong gi mtsho rgyal gsang phug nas shing 'brug zla ba'i tshes la skal ldan gyi 'dus pa grangs med pa'i dbus nas shin tu 'jigs pa'i cho 'phrul dang /___ngo mtshar ba'i bkod pa dpag tu med pa dang bcas te spyan drangs pa'i shog ser las/___slar sa pho sbrel gyi lo'i dus chen la lho 'brug chos kyi rgyal po'i gzim spyil bde chen pad+ma 'khyil ba'i yang dben du dag par phab pa'i dge bas/___lung zin chos kyi bdag pos gtsos bstan pa 'dzin pa'i skyes bu dam pa rnams kyi zhabs pad bskal brgyar brtan cing /___snyigs dus kyi rgud pa mtha' dag yongs su zhi nas mdo sngags bstan pa'i srog shing rdo rje'i rang bzhin tu brtan pa'i rgyur gyur cig/

[edit]
ཤྃ༔ རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་ལས༔ ཚེ་སྒྲུབ་འཆི་མེད་སྲོག་ཐིག་བཞུགས་སོ༔


ཤྃ༔ (བརྡ་ཡིག་) རྒྱ་གར་སྐད་དུ༔ ཨ་པ་རི་མི་ཏ་སརྦ་ཙིཏྟ་ཧྲཱྀ་དཱ་ཡ་བཛྲ་ཨཱཿཡུརྫྙཱ་ན་སིདྡྷ་ན་མ༔ བོད་སྐད་དུ༔ རྡོ་རྗེ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྙིང་པོ་ཐུགས་ཀྱི་སྒྲུབ་ཐབས༔ མགོན་པོ་འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ འཆི་མེད་རིག་འཛིན་པད་འབྱུང་བདག༔ ཀོ་ཥའི་མཚོ་ལས་བརྫུས་ཏེ་འཁྲུངས༔ མདོ་རྒྱུད་མན་ངག་ཀུན་ལ་མཁས༔ སྒྲ་ཚད་རིག་པའི་ཕ་མཐར་ཕྱིན༔ མུ་སྟེགས་ནག་པོའི་རྒོལ་བ་བཅོམ༔ སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུག༔ རྒྱལ་སྲིད་ཆོས་ཀྱིས་བསྐྱང་བར་བྱས༔ དུར་ཁྲོད་བརྒྱད་དུ་སྒྲུབ་པ་བགྱིས༔ དངོས་གྲུབ་ཀུན་ལ་རང་དབང་བསྒྱུར༔ མཚན་བརྒྱད་རྣམ་འཕྲུལ་དཔག་མེད་བསྟན༔ གནས་ཡུལ་མ་ངེས་ཕྱོགས་ཀུན་ཏུ༔ སྦྱོར་སྒྲོལ་སྤྱོད་པའི་བརྟུལ་ཚུགས་ཀྱིས༔ འབྲེལ་ཚད་དོན་དང་ལྡན་པར་བྱས༔ [2a] མཱ་ར་ཏིཀ་ལ་སོགས་པའི༔ འཆི་མེད་གྲུབ་པའི་གནས་རྣམས་སུ༔ མགོན་པོ་ཚེ་དཔག་མེད་དང་མཇལ༔ དབང་དང་བྱིན་རླབས་དཔག་མེད་ཐོབ༔ འཇའ་ལུས་རྡོ་རྗེའི་ཚེ་དབང་བརྙེས༔ སུམ་སྟོང་དྲུག་བརྒྱར་འགྲོ་དོན་བསྐྱང་༔ འཇམ་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱིས༔ སྨོན་ལམ་དབང་གིས་བོད་ཡུལ་དུ༔ སྤྱན་དྲངས་བོད་ཀྱི་ལྷ་འདྲེ་རྣམས༔ དམ་ལ་བཏགས་ནས་ས་གཞི་བཏུལ༔ ཟན་ཡངས་དཔལ་གྱི་བསམ་ཡས་སོགས་༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞེངས༔ མདོ་སྔགས་བསྒྱུར་བཤད་ཉན་སྒོམ་སོགས༔ དམ་པ་ཆོས་ཀྱི་སྒྲོན་མེ་སྤར༔ སྐལ་བར་ལྡན་པའི་རྗེ་འབངས་ཚོགས༔ སྨིན་གྲོལ་གྲུབ་པའི་ས་ལ་བཞག༔ སྙིགས་འགྲོའི་སེམས་ཅན་ལ་དགོངས་ཏེ༔ ས་འོག་ཐམས་ཅད་གཏེར་གྱིས་བཀང་༔ བསྟན་ཞབས་གཏེར་སྐྱོང་སྐྱེས་བུ་རྣམས༔ སྨོན་ལམ་གཏད་རྒྱས་བྱིན་བརླབས་ཏེ༔ འགྲོ་དོན་རྒྱུན་མི་ཆད་པར་བྱས༔ གཞན་ཡང་དངོས་བརྒྱུད་དུ་མ་ནས༔ ང་ཡི་ [2b] འཕྲིན་ལས་བསམ་མི་ཁྱབ༔ ཁྱད་པར་འཇའ་ལུས་རྡོ་རྗེའི་ཚེ༔ སྒྲུབ་ཐབས་རྣམ་གྲངས་མང་བསྟན་ཀྱང༔ ཀུན་གྱི་བཅུད་དྲིལ་མཐར་ཐུག་པ༔ སྲོག་གི་ཐིག་ལེ་འདི་ཁོ་ན༔ ས་མ་ཡ༔ དེ་ལ་འཇུག་པའི་རིམ་པ་ནི༔ རྣམ་པ་བཞི་ཡི་སྒོ་ནས་དབྱེ༔ ཕྲིན་ལས་ལས་གྱི་བྱང་བུ་དང་༔ སྨིན་བྱེད་དབང་གི་རིམ་པ་དང་༔ གྲོལ་ལམ་མན་ངག་ཟབ་མོ་དང་༔ ཡན་ལག་ལས་ཀྱི་རིམ་པའོ༔ དང་པོ་ལའང་སྦྱོར་དངོས་རྗེས༔ གསུམ་ལས་སྦྱོར་བའི་རིམ་པ་ནི༔ གོང་མས་བྱིན་བརླབས་སྒྲུབ་པའི་གནས༔ ཉམས་ཆག་སྐྱོན་བྲལ་འཚེ་བ་མེད༔ བག་དྲོ་ཡིད་འོང་ཉམས་དགའ་བའི༔ ས་ཕྱོགས་སྣུམ་ཞིང་གཟི་བརྗིད་ལྡན༔ རྩི་ཤིང་ནགས་ཚལ་ཆུ་ཀླུང་རྒྱས༔ ཚེ་དང་ཡེ་ཤེས་འཕེལ་བའི་ཞིང་༔ བཀྲ་ཤིས་དགེ་བའི་གནས་མཆོག་ཏུ༔ མི་དང་མི་མིན་བདག་པོ་ལས་༔ ས་བསླང་རིན་གཞལ་འཁོན་པ་སྦྱང་༔ ད་ལ་དྲི་ཡིས་ལེགས་པར་བྱུགས༔ མཚན་ལྡན་བཀྲ་ཤིས་དགེ་བའི་ཡུམ༔ ཤིན་ཏུ་དག་པའི་གླུ་ཡིས་བསྐུལ༔ རྣལ་འབྱོར་ལྡན་པའི་སློབ་དཔོན་གྱིས༔ ཐིག་དང་ཚོན་གྱི་བྱ་བ་ཡིས༔ དཀྱིལ་འཁོར་མཚན་རྫོགས་བཞེངས་པའི་དབུས༔ རིན་ཆེན་བུམ་པ་སྐྱོན་མེད་ལྔ༔ རྒྱུན་བབ་ཆུ་བོ་གཙང་མས་དགང་༔ དྲི་རྫས་བཅུད་ཀྱིས་ཡོངས་སུ་གཏམས༔ ཁ་རྒྱན་མགུལ་ཆིངས་ལ་སོགས་པས༔ ལེགས་པར་བརྒྱན་པ་གཡོ་མེད་བཀོད༔ ཚེ་མདའ་དར་དང་རིན་ཆེན་ལྔ༔ མེ་ལོང་རྨ་བྱའི་མདངས་སྒྲོས་བརྒྱན༔ རྒྱ་གྲམ་པདྨའི་ལྟེ་བར་གཟུག༔ སྣོད་བཅུད་ཕུན་ཚོགས་ལས་བྱུང་བ༔ རྒྱུན་ལྡན་ཐབས་ཤེས་ཚེ་རྫས་དང་༔ ཚེ་འབྲང་བུམ་གཟུགས་ལ་སོགས་པ༔ ཕྱི་ནང་མཆོད་ཚོགས་གཞུང་བཞིན་བཤམ༔ ས་མ་ཡ༔ སྨིན་ཅིང་དམ་ལྡན་སྒྲུབ་པ་པོས༔ རིག་འཛིན་རྩ་གསུམ་ཚེ་ཡི་ལྷ༔ མདུན་གྱི་མཁའ་ལ་མངོན་སུམ་ [3a] བསྒོམ༔ སྐྱབས་སུ་འགྲོ་བའི་རིན་པ་ནི༔ ན་མོ༔ བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར༔ སྐྱབས་ཡུལ་ཀུན་འདུས་མགོན་པོ་ཚེ་ཡི་ལྷར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ བྱང་ཆུབ་མཆོག་གི་སེམས་བསྐྱེད་ནི༔ ཧོཿ གཟུང་འཛིན་འཁྲུལ་པའི་སྣང་བས་བསྐྱེད་པའི་འགྲོ༔ མཐའ་མེད་སྡུག་བསྔལ་རྒྱ་མཚོར་བྱིང་བ་རྣམས༔ ཡེ་གྲོལ་འཆི་མེད་གཞོན་ནུ་བུམ་སྐུའི་ཀློང༔ རོ་མཉམ་ཆེན་པོར་འགོད་པར་སེམས་བསྐྱེད་དོ༔ བསགས་སྦྱོང་སྤེལ་བའི་རིམ་པ་ནི༔ ཨོཾ་ཨཱཿཧཱུཾ༔ འཆི་མེད་ཚེ་ཡི་ལྷ་ཚོགས་མ་ལུས་པ༔ འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས༔ ཡེ་ནས་འཕོ་འགྱུར་བྲལ་བ་ནམ་མཁའི་སྐུར༔ གཉིས་མེད་རང་གསལ་ཆེན་པར་གུས་ཕྱག་འཚལ༔ སྣང་སྲིད་རྣམ་དག་འདོད་ཡོན་རོལ་པའི་རྒྱན༔ བྱར་མེད་ལྷུན་རྫོགས་མཆོད་སྤྲིན་རྒྱ་མཚོས་མཆོད༔ རྟག་ཆད་མཚན་མས་བསྒྲིབ་པའི་ཉོན་མོངས་ལས༔ སྡིག་ལྟུང་མི་དགེའི་ཚོགས་རྣམས་འགྱོད་པས་བཤགས༔ མངོན་པར་བྱང་ཆུབ་ཡོན་ཏན་རྒྱ་མཚོའི་ཞིང་༔ ཁྱོད་ཀྱི་རྣམ་པར་ཐར་ལ་ཡི་རང་ངོ་༔ འོད་གསལ་སྐྱེ་མེད་རྡོ་རྗེའི་སྒྲ་དབྱངས་ཀྱིས༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ༔ འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྐུར༔ མི་ [3b] འདའ་འགྲོ་བའི་དོན་ཕྱིར་བཞུགས་སུ་གསོལ༔ དགེ་རྩ་དམིགས་མེད་འཁོར་གསུམ་ཡོངས་དག་པ༔ མི་གནས་ཆོས་དབྱིངས་མཉམ་པ་ཉིད་དུ་བསྔོ༔ སྐྱེ་འཆི་འགྱུར་མེད་མགོན་པོ་ཚེ་མཐའ་ཡས༔ ཡོན་ཏན་དཔག་མེད་ཚེ་འདིར་མངོན་གྱུར་ཤོག༔ རང་ཉིད་དབང་ཆེན་ཧེ་རུ་ཀའི༔ རྡོ་རྗེ་གསང་བའི་རྟ་སྐད་ཀྱིས༔ ཚེ་བདུད་ལོག་འདྲེན་འབྱུང་པོ་ཀུན༔ གནད་དུ་གཟིར་བའི་བཀའ་བསྒོ་ནི༔ ཧྲཱིཿ ང་ནི་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོ་དབང་གི་སྐུ༔ འབར་བ་ཆེན་པོ་ཁྲོས་པའི་གར༔ ཁྲོ་ཚོགས་མང་པོ་སྤྲིན་ལྟར་འཁྲིགས༔ མེ་རླུང་ཟེར་ཆག་གློག་ལྟར་འཁྱུག༔ རྡོ་རྗེའི་མཚོན་ཆར་སེར་ལྟར་འབེབས༔ ཧི་ཧིའི་སྒྲ་ཆེན་འབྲུག་ལྟར་སྒྲོགས༔ ཁམས་གསུམ་སྲིད་གསུམ་འདར་ཞིང་གཡོ༔ བདུད་ཀྱི་བདུད་དེ་བགེགས་ཀྱི་དགྲ༔ ཐམས་ཅད་འདུལ་བའི་བདག་ཉིད་ངའོ༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིར༔ གླག་ལྟ་འཆི་བདག་བདུད་ཀྱི་སྡེ༔ ལོག་པར་འདྲེན་པའི་འབྱུང་པོའི་ཚོགས༔ ལན་ཆགས་གླུད་གཏོར་འདི་ཁྱེར་ལ༔ དཔལ་གྱི་བཀའ་ལས་མ་འདའ་བར༔ མྱུར་བ་ཉིད་དུ་ཕྱིར་དེངས་ཤིག༔ ཅི་སྟེ་མི་འགྲོ་བགེགས་བྱེད་ན༔ བརླག་པར་འགྱུར་པར་གདོན་མི་ཟ༔ པདྨ་མཧཱ་ཀྲོ་དྷ་ཧྱ་གྲྰི་བ་ཧུ་ལུ་ཧུ་ལུ་སརྦ་བིགྷྣཱན་ཨུ་ཙ་ཊ་ཡ་ཧཱུཾ་ཕཊ༔ གུ་གུལ་བསྲེག་ཅིང་ཐུན་གྱིས་བྲབ༔ ཁྲོ་བོའི་སྡང་མིག་འབར་བས་གཟིར༔ དྲག་པོའི་སྔགས་ཀྱི་ཕཊ་སྒྲ་བསྒྲག༔ ལས་ཀྱི་གིང་པས་སྟངས་སྟབས་བསྒྱུར༔ ཏིང་འཛིན་དམིགས་ [4a] པའི་འཁྲུལ་འཁོར་འགྱེད༔ བགེགས་ཚོགས་མཐའ་བྲལ་དབྱིངས་སུ་བསྐྲད༔ སྲུང་མཚམས་བཅད་པའི་རིམ་པ་ནི༔ ཧྲཱིཿ སྣང་སྲིད་དག་པ་ལྷ་ཡི་སྐུ༔ ཧེ་རུ་ཀ་ཡི་ཕྱག་རྒྱར་བཞེངས༔ འགྲོ་འོང་རླུང་གི་བྱེད་རྩོལ་སྒྲ༔ དྲག་པོ་སྔགས་ཀྱི་འབྲུག་སྒྲར་འུར༔ དྲན་རྟོག་ཀུན་ཏུ་རྒྱུ་བའི་ཡིད༔ ཆོས་ཉིད་ཡེ་ཤེས་རོལ་པ་ཆེ༔ ལྷ་སྔགས་ཆོས་སྐུའི་རང་རྩལ་ལས༔ འགགས་མེད་མཚོན་ན་རྣམ་ལྔ་དང་༔ ཡེ་ཤེས་མེ་སྤྲིན་འཁྲིགས་པའི་གུར༔ ཕྱོགས་མཚམས་གོ་སྐབས་མེད་པར་གཏམས༔ གཞོམ་གཞིག་བྲལ་བའི་སྲུང་མཚམས་ལས༔ སུ་ཡང་འདའ་བའི་གནས་མེད་དོ༔ ཧཱུཾ་ཧཱུཾ་ཧཱུཾ༔ བཛྲ་ཛྙཱ་ན་ཙཀྲ་རཀྵ་ཛྭ་ལ་རཾ་ཧྲཱིཿ ཧཱུཾ་ཕཊ༔ གཟུང་འཛིན་ཞེན་པའི་བག་ཆགས་བེགས༔ ཀློང་ཡངས་ཁྱབ་བརྡལ་རྫོགས་པ་ཆེ༔ འཕོ་འགྱུར་བྲལ་བའི་རང་བཞིན་དུ༔ ལ་ཟློ་སྲུང་མཚམས་བཅད་པའི་མཆོག༔ བརྡ་སྒོ་དབྱེ་བའི་རིམ་པ་ནི༔ ཧོཿ ལྷན་སྐྱེས་ཀུན་ཏུ་རྟོག་པའི་མ་རིག་པས༔ ཡེ་ཤེས་མཐོང་བ་བཅད་པའི་བརྡ་ཡི་སྒོ༔ རང་རིག་འོད་གསལ་རྡོ་རྗེའི་ཐུར་མ་ཡིས༔ གཏིང་གསལ་ཀ་དག་ཆེན་པོའི་ངང་དུ་དབྱེ༔ བཛྲ་ཛྙཱ་ན་སརྦ་མཎྜལ་བྷྲཱུཾ་པྲ་ཝེ་ཤ་ཡ་ཕཊ༔ བརྡ་ཕྱག་འཚལ་བའི་རིམ་པ་ནི༔ ཧོཿ འཁྲུལ་པས་མ་བསླད་རིག་པས་མ་བསྐྱེད་པའི༔ རྣལ་མའི་རང་བབ་མ་བཅོས་ལྷུག་པའི་གདངས༔ འཆི་མེད་མགོན་པོ་རང་རིག་ཚེ་དཔག་མེད༔ མངོན་སུམ་མཇལ་བའི་བརྡ་ཡིས་གུས་ཕྱག་ [4b] འཚལ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཉམས་ཆག་བཤགས་པའི་རིམ་པ་ནི༔ ཧོཿ ཆོས་ཀུན་ཀ་དག་སྤྲོས་བྲལ་ཆེན་པོའི་དབྱིངས༔ ཉམས་པས་མ་གོས་བཤགས་པས་གྲོལ་མེད་པ༔ ཡེ་དག་ལྷུན་འབྱམས་ཆེན་པོར་རྟག་གནས་ཀྱང༔ ཀུན་རྫོབ་སྒྱུ་མ་ཙམ་དུ་བསགས་པའི་ལས༔ བླ་མ་འཆི་མེད་ཚེ་ལྷའི་སྤྱན་སྔར་རུ༔ སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་བཤགས་ན༔ བཟོད་པར་བཞེས་ལ་ཚངས་པ་བསྩལ་ཏུ་གསོལ༔ ཞེས་བརྗོད་ཉམས་ཆག་སྐྱེ་འགགས་གནས་པའི་མཐའ༔ རང་བཞིན་མེད་པའི་ངང་དུ་མཐོལ་བཤགས་ཤིང་༔ སླན་ཆད་མི་འདའི་གཡར་དམ་བཟུང་བ་ནི༔ ཧོཿ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ནི་ཐེག་པ་ཆེན་པོའི་ལམ་མཆོག་ཏུ༔ ཞུགས་ཏེ་མཁའ་ཁྱབ་འགྲོ་ཁམས་མ་སྟོང་བར༔ སྲིད་པའི་གནས་སུ་སྐྱོ་བའི་སེམས་སྤང་ནས༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་བཟུང་༔ རྡོ་རྗེའི་གཡར་དམ་གཉན་ལས་མི་འདའ་ན༔ ཡེ་ཤེས་ཆེན་པོས་བདག་ལ་བརྩེ་བར་མཛོད༔ བཛྲ་ས་མ་ཡ་བོ་དྷི་ཙིཏྟ་ཧཱུཾ༔ བཀའ་གསང་བླ་ན་མེད་པ་ཡི༔ དམ་ཚིག་སྡོམ་པ་མ་ལུས་པ༔ ཚུལ་བཞིན་བླངས་ལ་སྲུང་མཚམས་ལས༔ ཉམས་པ་མེད་པའི་དམ་བཅའ་བཟུང༔ སྣོད་བཅུད་དག་པ་ཡེ་ཤེས་ཀྱི༔ འཁོར་ལོ་བྱིན་གྱིས་བརླབ་པ་ནི༔ དམ་ཚིག་རྫས་དང་སྦྱར་བའི་སྤོས༔ བསྲེགས་ཅིང་གདུང་བའི་ཤུགས་བསྐྱེད་ལ༔ མཁའ་ཁྱབ་ཞིང་གི་རྒྱལ་བ་རྣམས༔ འཆི་མེད་ཚེ་ལྷའི་རྣམ་པ་རུ༔ མདུན་མཁར་ [5a] སྤྲིན་བཞིན་གཏིབས་ནས་ཀྱང༔ རྡོ་རྗེའི་བྱིན་ཆེན་འབེབས་པར་ བསམ༔ ཧྲཱིཿ བྱིན་རླབས་དངོས་གྲུབ་འབྱུང་བའི་གནས༔ ངོ་མཚར་བཀོད་པ་མཆོག་གི་ཞིང༔ བསམ་བརྗོད་བྲལ་བའི་དཀྱིལ་འཁོར་ནས༔ འཆི་མེད་མགོན་པོ་བཅོམ་ལྡན་འདས༔ ཚེ་ལྷ་རབ་འབྱམས་རྒྱ་མཚོའི་ཚོགས༔ སྔོན་གྱི་ཐུགས་དམ་དེང་བསྐུལ་ན༔ མ་གཡེལ་དགོངས་པའི་རྩལ་སྤྲུགས་ལ༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཧྲཱིཿ འཆི་མེད་རྒྱལ་བའི་དཀྱིལ་འཁོར་བའི༔ ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་ལས༔ བྱིན་རླབས་དངོས་གྲུབ་སྩོལ་བའི་ཚེ༔ འཇའ་ཟེར་འོད་སྐུ་ལམས་སེ་ལམ༔ ཕྱག་རྒྱ་གར་སྟབས་ཤིགས་སེ་ཤིག༔ རིན་ཆེན་རུས་རྒྱན་ཁྲ་ལ་ལ༔ དར་དཔྱང་ཅོད་པན་པུ་རུ་རུ༔ ཧཱུཾ་གི་སྣང་གླུ་ཀྱུ་རུ་རུ༔ གསང་བའི་བརྡ་སྐད་དི་རི་རི༔ རིག་གདངས་དགོངས་ཉམས་ཡ་ལ་ལ༔ སྣོད་བཅུད་བཀྲག་མདངས་མེ་རེ་རེ༔ རྡོ་རྗེའི་བྱིན་ཆེན་ཐིབས་སེ་ཐིབ༔ ཡེ་རྫོགས་འུབ་ཆུབ་བློ་འདས་ཆེ༔ འཕོ་འགྱུར་བྲལ་བའི་རང་བཞིན་ཏུ༔ ད་ལྟ་ཉིད་དུ་བྱིན་ཕོབ་ཅིག༔ ཧྲཱིཿ བླ་མའི་ལྷ་ཚོགས་བྱིན་རླབས་ཐིབས་སེ་ཐིབ༔ ཡི་དམ་ལྷ་ཚོགས་དངོས་གྲུབ་ཤ་ར་ར༔ མ་ཚོགས་མཁའ་འགྲོའི་འདུ་བ་སྤུངས་སེ་སྤུང༔ བཀའ་སྲུང་གཏེར་བདག་གློག་ལྟར་ཁྱུགས་སེ་ཁྱུག༔ རྡོ་རྗེའི་བྱིན་ཆེན་དབབ་ [5b] པའི་དུས་ལ་བབ༔ དབང་དང་དངོས་གྲུབ་སྩོལ་བའི་དུས་ལ་བབ༔ རྟགས་དང་མཚན་མ་བསྟན་པའི་དུས་ལ་བབ༔ ཚེ་དང་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས༔ ཨོཾ་ཨཱ་ཧཱུཾ༔ བཛྲ་ཨཱཿཡུརྫྙཱ་ན་སརྦ་ས་མ་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿ ཨཱ་ཝེ་ཤ་ཡ་ཨ་ཨཱཿཧཱུཾ་ཧཱུཾ༔ ཞེས་པའི་འབེབས་སྔགས་དྲག་ཏུ་བརྗོད༔ རིག་པ་ངར་བསྐྱེད་ཧཱུཾ་གླུ་ལེན༔ ཤེས་རིག་ཐུག་ཕྲད་དབྱིངས་སུ་གཟིར༔ སྐབས་སུ་གཏད་མེད་ངང་དུ་གློད༔ ཉམས་སྣང་བཟང་ངན་གང་ཤར་ཀུན༔ རིག་སྟོང་རྗེན་པའི་ངང་བབས་སུ༔ དེར་འཛིན་མེད་པར་ཆམ་མེར་བཞག༔ འཕོ་འགྱུར་བྲལ་བའི་གདིང་ཐིབ་ན༔ རྡོ་རྗེའི་བྱིན་ཆེན་མཆོག་ཏུ་ངེས༔ ས་མ་ཡ༔ སྦྱོར་སྒྲོལ་མཆོད་པའི་ཡོ་བྱད་རྣམས༔ བྱིན་གྱིས་བརླབ་པའི་རིམ་པ་ནི༔ རྃ་ཡྃ་ཁྃ༔ ཏིང་འཛིན་རང་རྩལ་མེ་རླུང་ཆུའི༔ ཟེག་མ་མཁའ་ལ་འབར་བ་ཡིས༔ མ་དག་དངོས་འཛིན་བསྲེག་གཏོར་བཀྲུས༔ སྣང་སྲིད་ཕྱི་ནང་གསང་བ་ཡི༔ འདོད་ཡོན་རིན་ཆེན་ཕུང་པོར་སྤེལ༔ ཀུན་ཁྱབ་ཟག་མེད་མཆོད་པའི་སྤྲིན༔ ཡེ་ཤེས་བདུད་རྩིའི་རང་བཞིན་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ༔ སོགས་ནས། ཤཔྡ་པཱུ་ཛ་སརྦ་ས་མ་ཡ་ཨཱཿཧཱུཾ༔ ཨོཾ་མཧཱ་སརྦ་པཉྩ་ཨ་མྲྀ་ཏ་སཱ་ག་ར་ཧཱུཾ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་རཀྟ་ས་མནྟ་ཛྭ་ལ་མཎྜལ་ཧཱུཾ་ཧྲཱིཿཋཱ༔ ཨོཾ་མཧཱ་རཏྣ་བ་ལིངྐ་ས་མ་ཡ་ཧཱུཾ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་བོ་དྷི་ཙིཏྟ་ཏ་ན་ག་ཎ་གུ་ཧྱ་སརྦ་ས་མ་ཡ་དྷརྨ་དྷཱ་ཏུ་པཱུ་ཛ་ཧཱུཾ་ཧྲཱིཿཋཱ༔ བསམ་གྱི་མི་ཁྱབ་པའི་ཏིང་འཛིན་རྩལ༔ ཀུན་འབྱུང་རིན་ཆེན་ཕུང་པོའི་སྤྲིན༔ ནམ་མཁའ་མཛོད་ཀྱི་རང་བཞིན་ [6a] སྤེལ༔ རྟེན་འབྲེལ་རྫས་ལ་ནུས་པ་སྔགས༔ ཟབ་མོ་ཐབས་ཀྱི་ཆེ་བ་ཡིས༔ ཚོགས་ཆེན་ངང་གིས་རྫོགས་པར་འགྱུར༔ བླ་མེད་གསང་བའི་ཁྱད་པར་ཆོས༔ དེ་དག་སྦྱོར་བའི་རིམ་པའོ༔ ས་མ་ཡ༔ གཌྚདྨརྙ ཏྭཛྱ་རྷྭ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ བློས་བྱས་རྟོག་པས་མ་བཅིངས་པར༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ འཁོར་འདས་ཆོས་རྣམས་གདོད་མ་ནས༔ ཤིན་ཏུ་རྣམ་པར་དག་པའི་དབྱིངས༔ འགྱུར་མེད་རྡོ་རྗེ་ཚེ་ཡི་དལ༔ མ་བཅོས་རང་གསལ་ཆེན་པོ་རུ༔ ཡིན་ལ་ཡིན་བཞིན་དམ་ཚིག་གི༔ རྟེན་འབྱུང་ཙམ་དུ་བསྐྱེད་པ་ནི༔ ཨ༔ འཁོར་འདས་ཆོས་རྣམས་མི་དམིགས་འོད་གསལ་བ༔ སྟོང་པ་ཆེན་པོ་དེ་བཞིན་ཉིད་ཀྱི་དབྱིངས་༔ མ་རྟོགས་འགྲོ་ལ་བརྩེ་བའི་སྙིང་རྗེའི་གདངས༔ འགགས་མེད་ཀུན་ཏུ་སྣང་བའི་ཆོ་འཕྲུལ་ཆེ༔ མཁའ་ལ་འཇའ་ལྟར་སྐྱེད་བྱེད་རྒྱུའི་ཡི་གེ༔ ཧྲཱིཿདམར་ཆགས་པ་ཆེན་པོའི་འོད་ཟེར་འབར༔ གཟུང་འཛིན་གཉིས་སྣང་བག་ཆགས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་ཨེ་ཡྃ་རྃ་བྃ་ལྃ༔ སུྃ་བྷྲཱུཾ་དང་བཅས་རྒྱུ་དབྱིངས་རྩལ་ལས་ཤར༔ ཡོངས་གྱུར་ནམ་མཁའ་རླུང་མེ་ཆུ་སའི་དཀྱིལ༔ འབྱུང་བའི་ཡུམ་ཆེན་ཀུན་ཏུ་རྒྱས་པའི་ཀློང༔ འགྱུར་མེད་རིན་ཆེན་རི་རབ་བརྗིད་པའི་སྟེང༔ ཡེ་ཤེས་རང་སྣང་ཚད་མེད་འབྱམས་ཀླས་པའི༔ བཀོད་པ་ལྷུན་གྲུབ་ཤིན་ཏུ་མཉ་པའི་ཞིང༔ དག་ཅིང་དྲི་མེད་རིན་ཆེན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབ་ [6b] གདུགས་ཏོག་དང༔ ཆོས་འཁོར་ལ་སོགས་ཚད་དང་མཚན་ཉིད་ཀུན༔ ཡོངས་རྫོགས་ཕྱི་ནང་སྒྲིབ་མེད་ཟང་ཐལ་ལེ༔ འོད་ཟེར་དྲྭ་བས་ཡོངས་སུ་ཁེབས་པའི་དབུས༔ དྭངས་གསལ་དྲི་མེད་པདྨ་འདབ་བརྒྱད་ཀྱི༔ གེ་སར་རབ་ཏུ་རྒྱས་པའི་ལྟེ་བ་ལ༔ ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་བརྡལ་བའི་སྟེང་༔ རྒྱུ་ཡི་ཧྲཱིཿཡིག་སྐར་མདའ་ལྟ་བུར་བབས༔ ཡོངས་གྱུར་བདག་ཉིད་འཆི་མེད་པདྨ་འབྱུང་༔ འཁོར་འདས་ཟིལ་གནོན་དཀྱིལ་འཁོར་གཙོ་བོ་མཆོག༔ ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས༔ རྡུལ་བྲལ་པདྨ་རཱ་གའི་མདངས་འོད་འཚེར༔ ཐིག་ལེ་ཉག་གཅིག་ཀུན་ཏུ་འཁྱིལ་བའི་ཞལ༔ ཞི་འཛུམ་ཡིད་འོང་མཉམ་པའི་ལྟ་སྟངས་ཅན༔ མཐའ་གྲོལ་ཕྱག་གཉིས་མཉམ་གཞག་ཕྱག་རྒྱའི་སྟེང་༔ འཁོར་འདས་དྭངས་བཅུད་འཆི་མེད་ཡེ་ཤེས་ཀྱི༔ བདུད་རྩིས་ཡོངས་སུ་གང་བའི་ཚེ་བུམ་བསྣམས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གཡོ་མེད་བཞུགས༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་སོགས༔ རྣམ་མང་རྒྱན་གྱི་བྱེ་བྲག་དུ་མས་བརྒྱན༔ སྟོང་པའི་རང་མདངས་ཡུམ་མཆོག་མནྡར༔ བཅུ་དྲུག་ལང་ཚོ་རབ་ཏུ་རྒྱས་པའི་ཉམས༔ ཤིན་ཏུ་ཆགས་པའི་བཞིན་གྱིས་ཡབ་ལ་བལྟ༔ དམར་གསལ་གཅེར་མོ་རུས་རྒྱན་གཟིག་ཤམ་སོགས༔ རྟོག་མེད་རྣལ་འབྱོར་སྤྱོད་མའི་ཆ་ལུགས་ཅན༔ ཕྱག་ [7a] གཉིས་མདའ་དར་ཚེ་ཡི་བུམ་པ་འཛིན༔ ཡབ་ཡུམ་བདེ་སྟོང་ཟུང་འཇུག་ཆེན་པོར་སྦྱོར༔ མཐའ་ཡས་འོད་ཟེར་འཕྲོ་བའི་ཀློང་ན་གསལ༔ དེ་ཡི་སྤྱི་གཙུག་མཁའ་འགྲོ་འཇའ་སྤྲིན་དབུས༔ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ འགྲོ་འདུལ་ལོངས་སྐུ་པདྨ་གར་གྱི་དབངྭ༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་བར༔ འཆི་མེད་དངོས་གྲུབ་སྩོལ་བའི་ཚེ་བུམ་འཛིན༔ འོག་མ་གཉིས་ཀྱིས་ཤེལ་ཕྲེང་པད་དཀར་བསྣམས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་གསང་བ་ཡེ་ཤེས་ལི་ཁྲིའི་མདངས༔ ཕྱག་གཉིས་པད་ཕྲེང་ཚེ་བུམ་འཛིན་དང་སྦྱོར༔ རབ་འབྱམས་ཚེ་དབང་མཐར་ཕྱིན་ཚུལ་དུ་གསལ༔ དེ་ཡི་དབུ་གཙུག་འཇའ་ཟེར་པད་ཟླའི་སྟེང༔ རིགས་ཀུན་ཁྱབ་བདག་ཆོས་སྐུ་སྣང་མཐའ་ཡས༔ དམར་གསལ་མཚན་དཔེའི་གཟི་འབར་ཞི་བའི་ཞལ༔ ཕྱག་གཉིས་མཉམ་གཞག་བཻཌྰུའི་ལྷུང་བཟེད་ནང་༔ ཡེ་ཤེས་བདུད་རྩིར་འཁྱིལ་བའི་ཚེ་བུམ་འཛིན༔ པདྨ་དབྱིངས་ཕྱུག་མཐིང་དམར་གཞོན་ནུ་མ༔ ཕྱག་གཉིས་ཅང་ཏེའུ་བྷནྡྷ་འཛིན་པས་འཁྱུད༔ གཉིས་ཀ་རྒྱན་སྤང་འོད་ཕུང་འབར་བའི་ཀློང༔ བདེ་ཆེན་ཚེ་དབང་རྒྱས་པའི་ཚུལ་དུ་བཞུགས༔ ཧྲཱིཿ དཀྱིལ་འཁོར་ [7b] གཙོ་མཆོག་ཚེ་བདག་ཡབ་ཡུམ་གྱི་༔ ཤར་དུ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ༔ མི་བསྐྱོད་རྡོ་རྗེ་ཚེ་ཡི་བདག་པོ་མཐིང་༔ ལྷོ་རུ་རིག་འཛིན་རཏྣ་ཐོད་ཕྲེང་རྩལ༔ རིན་ཆེན་འབྱུང་ལྡན་ཚེ་ཡི་བདག་པོ་སེར༔ ནུབ་ཏུ་རིག་འཛིན་བུདྡྷ་ཐོད་ཕྲེང་རྩལ༔ སྣང་མཛད་རྡོ་རྗེ་ཚེ་ཡི་བདག་པོ་དཀར༔ བྱང་དུ་རིག་འཛིན་ཀརྨ་ཐོད་ཕྲེང་རྩལ༔ དོན་ཡོད་གྲུབ་པ་ཚེ་ཡི་བདག་པོ་ལྗང་༔ རང་རང་རིགས་ཀྱི་ཡུམ་དང་གཉིས་མེད་སྦྱོར༔ ཡབ་རྣམས་མཉམ་གཞག་ཚེ་ཡི་བུམ་པ་དང་༔ ཡུམ་རྣམས་རང་མདོག་མདའ་དར་བུམ་འཛིན་འཁྱུད༔ ཀུན་ཀྱང་དར་དང་རིན་ཆེན་རྒྱན་ཆ་རྫོགས༔ མཚན་དཔེའི་གཟི་བརྗིད་འོད་འབར་ལམ་མེར་བཞུགས༔ ཡེ་ཤེས་ལྔ་ལྡན་ཚེ་ཡི་འཕྲོ་འདུ་གསལ༔ ཤར་ལྷོར་མི་ཤིགས་ཤེལ་གྱི་རྡོ་རྗེ་དཀར༔ ལྷོ་ནུབ་འགྱུར་མེད་གསེར་གྱི་གཡུང་དྲུང་སེར༔ ནུབ་བྱང་འགྲིབ་མེད་ཉི་ཟླའི་གྭའུ་འབར༔ བྱང་ཤར་མི་ནུབ་གཡུ་ཡི་རྒྱལ་མཚན་ལྗང་༔ བླ་ཚེ་སྲོག་དབུགས་དྭངས་མའི་རྟེན་དུ་གསལ༔ དེ་ཕྱིར་པད་འདབ་དྲུག་གི་ཤར་སོགས་སུ༔ རྡོ་རྗེ་གཟུགས་ཀྱི་ལྷ་མོ་དཀར་གསལ་མདངས༔ སྒེག་པའི་ཉམས་ལྡན་མེ་ལོང་གཙང་མར་བལྟ༔ རྡོ་རྗེ་སྒྲ་ཡི་ལྷ་མོ་སེར་གསལ་མདངས༔ འགྱུར་བའི་ཉམས་ལྡན་སྙན་པའི་པི་ཝཾ་བསྒྱུར༔ རྡོ་རྗེ་དྲི་ཡི་ལྷ་མོ་ལྗང་གསལ་མདངས༔ སིམ་པའི་ཉམས་ལྡན་དྭངས་བསིལ་དྲི་ཞལ་བསྣམས༔ [8a] རྡོ་རྗེ་རོ་ཡི་ལྷ་མོ་དམར་གསལ་མདངས༔ རྒྱས་པའི་ཉམས་ལྡན་རོ་བརྒྱའི་ཟས་གཞོང་ཐོགས༔ རྡོ་རྗེ་རེག་བྱའི་ལྷ་མོ་སྣ་ཚོགས་མདོག༔ གཡོ་བའི་ཉམས་ལྡན་ལྷ་ཡི་གོས་ཟུང་འཕྱར༔ རྡོ་རྗེ་ཆོས་ཀྱི་ལྷ་མོ་མཐིང་གསལ་མདངས༔ ཞི་བའི་ཉམས་ལྡན་ཆོས་འབྱུང་སྤྱན་མཚན་འཛིན༔ འདོད་ཡོན་སྤྲིན་ཕུང་འཁྲིགས་པའི་ཀློང་དུ་གསལ༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ཀྱི༔ ཤར་ནས་རིམ་བཞིན་བཀྲ་ཤིས་ཚེ་ཡི་བདག༔ སྒེག་སོགས་མཆོད་པའི་ལྷ་མོ་རྣམ་བརྒྱད་ནི༔ དཀའ་སེར་དམར་ལྗང་མཐིང་གའི་མདངས་འོད་འཚེར༔ རྣམ་འགྱུར་མ་ངེས་གར་གྱི་སྟངས་སྟབས་བསྒྱུར༔ གཡས་རྣམས་རང་རང་མཆོད་པའི་སྤྲིན་ཕུང་སྤྲོ༔ གཡོན་རྣམས་དགེ་ལེགས་ཤིས་པའི་རྟགས་བརྒྱད་ཀྱིས༔ མཚན་པའི་བཀྲ་ཤིས་ཚེ་ཡི་བུམ་བཟང་ཐོགས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་ལས་ལ་བརྩོན༔ རིན་ཆེན་རྒྱན་ཕྲེང་དར་གྱི་ཆས་གོས་ཀླུབ༔ འོད་ལྔའི་དྭངས་མ་འཁྲིགས་པའི་དབུས་ན་འགྱིང༔ སྣོད་བཅུད་ཚེ་བསོད་དཔལ་འབྱོར་དབང་དུ་སྡུད༔ དེ་ཕྱིར་སྒོ་བཞིར་ཚེ་འགུགས་མགྱོགས་མ་བཞི༔ ལས་བཞིའི་ཉམས་ཅན་ཕྱག་གཡས་རང་རྟགས་ཀྱི༔ ཕྱག་མཚན་དང་བཅས་ཚེ་ཡི་མདའ་དར་གཡོབ༔ གཡོན་རྣམས་འཆི་མེད་ཚེ་ཡི་བུམ་བཟང་ཐོགས༔ རང་རིག་དཔའ་བོ་ཡབ་དང་མཉམ་པར་སྦྱོར༔ [8b] ཚེ་བགེགས་བར་ཆད་སྲུང་ཞིང་བཟློག་པར་མཛད༔ སྟེང་འོག་བར་ཁྱམས་ཕྱི་རིམ་ཁོར་ཡུག་ཏུ༔ རིག་འཛིན་བླ་མ་ལྷ་དང་མཁའ་འགྲོའི་ཚོགས༔ འཆི་མེད་ཚེ་དང་ཡེ་ཤེས་མཆོག་སྩོལ་བའི༔ རབ་འབྱམས་རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ལྷ་ཀླུ་མི་ཡི་རིག་འཛིན་གྲུབ་པ་དང་༔ དྲང་སྲོང་བདེན་ལྡན་ཚེ་ལ་དབང་བའི་ཚོགས༔ དཔག་མེད་ཉི་ཟེར་རྡུལ་འཁྲིགས་ལྟ་བུར་གསལ༔ ཚེ་ཡི་ལས་བྱེད་བར་ཆད་སྲུང་མཛད་པའི༔ བཀའ་སྡོད་ཕོ་ཉ་དམ་ཅན་གཏེར་གྱི་བདག༔ ཐོགས་མེད་རླུང་ལྟར་མྱུར་བའི་མཐུ་སྟོབས་ཅན༔ བསྐལ་པའི་མེ་རླུང་འཚུབས་མའི་ཀློང་དུ་གསལ༔ སྣང་སྲིད་གདོད་ནས་དག་པ་ཆེན་པོའི་ཞིང༔ མ་བཅོས་ལྷུན་གྲུབ་རྡོ་རྗེ་ཚེ་ཡི་ལྷར༔ ཡེ་རྫོགས་འཕོ་འགྱུར་བྲལ་བ་ནམ་མཁའི་སྐུ༔ མ་འགགས་རོལ་པ་ཆེན་པོའི་དབྱིངས་སུ་ཤར༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་ཨཱཿཡུརྫྙཱ་ན་སརྦ་མཎྜལ་ཧྲཱིཿབྷཱུཾ༔ མི་གཡོ་མཉམ་ཉིད་རང་གསལ་གདབ༔ ལྷ་སྐུའི་སྣང་ཞེན་དབྱིངས་སུ་སྐྱེལ༔ འཛིན་མེད་རིག་གདངས་གཤིས་ལུགས་ཀྱི༔ ཕྱག་རྒྱ་རྡོ་རྗེ་གསུམ་རྒྱས་གདབ༔ དེ་ལྟར་ཡོངས་སུ་གསལ་བ་ཡི༔ ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ༔ རྡོ་རྗེའི་ཡིག་འབྲུ་གསུམ་གྱི་མཚན༔ བདེ་གཤེགས་རྒྱལ་བ་རབ་འབྱམས་ཀྱི༔ གསང་གསུམ་མི་ཤིགས་ཐིག་ལེར་གྱུར༔ ཨོཾ་ཨཱཿཧཱུཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨཱཿཡུརྫྙཱ་ན་ཀཱ་ཡ་ཝཱ་ཀ་ [9a] ཙིཏྟ་བཛྲ་ས་མ་ཡ་བི་ཤུདྡྷེ་ཨཏྨ་ཀོ྅ཧཾཿ གཞིར་གནས་ཡེ་ཤེས་ཆེན་པོའི་དབང་༔ ལམ་དབང་དག་པས་གསལ་གདབ་ལ༔ ཐུགས་ཀའི་འོད་ཀྱིས་བསྐུལ་བ་ཡིས༔ ཕུང་པོ་འབྱུང་བ་རྣམ་དག་པའི༔ ཡེ་ཤེས་རིགས་ལྔ་ཡབ་ཡུམ་གྱི༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ དཀྱིལ་འཁོར་བདག་པོར་ལྷུན་རྫོགས་གྱུར༔ ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཡེ་ཤེས་འཁོར་ལོ་སྤྱན་འདྲེན་ནི༔ བདག་ཉིད་དཀྱིལ་འཁོར་བདག་པོ་ཡི༔ སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས༔ འོད་ཟེར་ལྕགས་ཀྱུ་དཔག་མེད་འཕྲོས༔ ཞིང་ཁམས་རབ་འབྱམས་མ་ལུས་ཁྱབ༔ བདེ་གཤེགས་སྲས་བཅས་ལ་ཕོག་པས༔ ཐུགས་དམ་ཆེན་པོའི་དབྱིངས་ལས་བཞེངས༔ ཕྱོགས་བཅུའི་རྒྱལ་བའི་ཞིང་རྣམས་དང་༔ ཁྱད་པར་ནུབ་ཕྱོགས་བདེ་བ་ཅན༔ ཨོ་རྒྱན་མཁའ་འགྲོ་འདུ་བའི་གླིང༔ ཟངས་མདོག་དཔལ་གྱི་རི་བོ་སོགས༔ རིག་འཛིན་མཁའ་འགྲོའི་གནས་རྣམས་ནས༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་ཉི་ལི་ལི༔ གསུང་གི་སྔགས་སྒྲ་འུ་རུ་རུ༔ ཐུགས་ཀྱི་དགོངས་པ་ཤ་ར་ར༔ རྔ་དུང་གླིང་བུ་དི་རི་རི༔ དར་གདུགས་ཅོད་པན་པུ་རུ་རུ༔ མེ་ཏོག་ཆར་བ་ཀྱི་ལི་ལི༔ དྲི་ཞིམ་བདུག་སྤོས་ཐུ་ལུ་ལུ༔ འོད་དང་འོད་ཟེར་ལམས་སེ་ལམ༔ ཁ་བ་བུ་ཡུག་འཚུབས་པ་བཞིན༔ མངོན་སུམ་ [9b] ཉེད་དུ་བྱོན་པར་ བསམ༔ མོས་གུས་གདུང་བའི་དབྱངས་ཀྱིས་འབོད༔ རྐང་གླིང་ཐོད་རྔའི་སྒྲ་ཡིས་བསྐུལ༔ འབོད་པའི་རྫས་ལྡན་དྲི་བཟང་བསྲེག༔ ལེ་བརྒན་དར་གྱི་གཡབ་མོས་གཡབ༔ ཧྲཱིཿཧྲཱིཿཡུལ་གྱི་མིང་ནི་ནུབ་ཕྱོགས་བདེ་བ་ཅན༔ དོན་གྱི་འོག་མིན་པདྨ་དྲྭ་བའི་ཞིང༔ ངོ་མཚར་བཀོད་པ་རྒྱ་མཚོ་ཚད་མེད་པ༔ ལྷུན་གྲུབ་ཡེ་ཤེས་རང་འོད་མེར་ཞིང་འཁྲིགས༔ སྣོད་བཅུད་དག་པ་ཆེན་པོའི་རང་བཞིན་ལས༔ མ་དག་འཁྲུལ་པའི་མིང་ཡང་མི་གྲགས་པ༔ སྐུ་གསུམ་རྒྱལ་བའི་ཞིང་མཆོག་དམ་པ་ནས༔ རྩ་གསུམ་ཀུན་འདུས་རིག་འཛིན་ཚེ་ཡི་ལྷ༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་པ༔ མོས་གུས་གདུང་བ་དྲག་པོས་སྤྱན་འདྲེན་ན༔ རྡོ་རྗེའི་ཐུགས་དམ་གཉན་པོ་དེང་དགོངས་ལ༔ ད་ལྟ་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ ཁྱོད་ནི་ཐོགས་མེད་སྒྱུ་འཕྲུལ་རྒྱ་མཚོའི་སྒོ༔ བསམ་མི་ཁྱབ་པའི་མཐུ་ལ་དབང་འབྱོར་ཕྱིར༔ རྡོ་རྗེའི་མཚན་དཔེ་འབར་བའི་སྐུ་ཡི་གར༔ མངོན་སུམ་དབང་པོའི་ཡུལ་དུ་སྣང་བར་མཛོད༔ ཐོས་པ་ཙམ་གྱིས་རྣམ་གྲོལ་མཆོག་སྟེར་གསུང༔ བདེ་ཆེན་ཟབ་གསང་བརྡ་ཡི་རོལ་མོ་འཁྲོལ༔ ཡེ་ཤེས་རྒྱ་མཚོ་གཏིང་མཐའ་དབུས་མེད་པའི༔ ཐུགས་ཀྱི་དགོངས་པ་ཟབ་མོ་སྙིང་ལ་འཕོས༔ ཡིད་བཞིན་རེ་སྐོང་དགོས་འདོད་འབྱུང་བའི་གཏེར༔ ཚེ་དང་ཡེ་ཤེས་ཡོན་ཏན་རྒྱས་པར་མཛོད༔ རྩོལ་རྟོག་མི་མངའ་འཕྲིན་ལས་རྒྱ་ [10a] མཚོའི་བདག༔ ལས་དང་དངོས་གྲུབ་ཐོགས་པ་མེད་པར་སྩོལ༔ མ་གཡེལ་དགོངས་ཤིག་རྡོ་རྗེ་ཚེ་ཡི་ལྷ༔ མི་འདའ་འགྲོ་བའི་དོན་ཕྱིར་ས་མཱ་ཛཿ གནས་མཆོག་འདི་རུ་བྱིན་ཆེན་དབབ་ཏུ་གསོལ༔ སྒྲུབ་མཆོག་བདག་ལ་དབང་ཆེན་བསྐུར་དུ་གསོལ༔ བགེགས་དང་ལོག་འདྲེན་བར་ཆད་བསལ་དུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ༔ འཆི་མེད་འཇའ་ལུས་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨཱཿཡུརྫྙཱ་ན་སརྦ་མཎྜལ་ས་མ་ཡ་ཧྲཱིང་ཧྲཱིང་ཛཿཛཿ དེ་ལྟར་སྤྱན་དྲངས་རྒྱལ་བའི་ཚོགས༔ གཉིས་མེད་ཡེ་ཤེས་ཚེ་ཡི་ལྷ༔ མ་བཅོས་ཅོག་བཞག་ཆེན་པོ་རུ༔ བརྟན་པར་བྱ་བའི་རིམ་པ་ནི༔ ཨ༔ དམ་ཚིག་སྣང་བ་ཆེན་པོའི་དཀྱིལ་འཁོར་དུ༔ ཡེ་ཤེས་སྟོང་པ་ཆེན་པོར་དག་པའི་ལྷ༔ ཟུང་འཇུག་འདུ་འབྲལ་མེད་པའི་རྡོ་རྗེའི་སྟན༔ མཉམ་ཡངས་བརྟན་པ་ཆེན་པོར་བཞུགས་སུ་གསོལ༔ མཧཱ་ཛྙཱ་ན་བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ༔ ཆོས་དབྱིངས་འོད་གསལ་འདུས་མ་བྱས་པའི་གཤིས༔ རིག་པ་རང་སྣང་ཆེན་པོར་བཞེངས་པའི་ལྷ༔ སྐྱེ་འགགས་འགྱུར་མེད་འགྲོ་བའི་དོན་མཛད་པ༔ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོཿ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ དཔག་མེད་བསོད་ནམས་ལས་གྲུབ་པའི༔ ལོངས་སྤྱོད་རྣམ་པ་ཐམས་ཅད་པས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་བསྐང་ཕྱིར༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ མཆོད་སྤྲིན་རྒྱ་མཚོ་འབུལ་ [10b] བ་ནི༔ ཨོཾ༔ སྣོད་བཅུད་གདོད་ནས་རྣམ་དག་པ༔ མཆོད་པའི་ཕུང་པོར་ལྷུན་གྱིས་གྲུབ༔ ཡེ་ཤེས་སྒྱུ་མའི་རོལ་པ་ཆེ༔ སྒེག་བཞད་གླུ་གར་བདུག་སྤོས་དང་༔ མེ་ཏོག་མར་མེ་དྲི་ཆབ་མ༔ ཞལ་ཟས་རོལ་མོ་ལ་སོགས་པ༔ མཆོད་པའི་ཕྱག་རྒྱ་ཆེན་པོའི་སྤྲིན༔ ལོངས་སྤྱོད་མཆོག་གི་འཁོར་ལོ་འདི༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བདེ་བ་ཆེན་པོའི་ཀློང་དུ་བཞེས༔ ཚེ་དང་ཡེ་ཤེས་མཆོག་གྲུབ་པའི༔ འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ ཨོཾ་གུ་རུ་བཛྲ་ཨཱཿཡུརྫྙཱ་ན་ས་པ་རི་ཝཱ་ར་བཛྲ་ལཱ་སྱ་ཧཱུཾ༔ བཛྲ་མཱ་ལེ་ཏྲཱཾ༔ བཛྲ་གཱིརྟཱི་ཧྲཱིཿ བཛྲ་ནཱིརྟཱི་ཨཱཿ བཛྲ་དྷུ་པེ་ཧཱུཾ༔ བཛྲ་པུཥྤེ་ཏྲཱཾ༔ བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་གྷནྡྷེ་ཨཱཿ བཛྲ་ནེ་ཝཱི་དྱ་ཧྲཱིཿ བཛྲ་ཤཔྡ་ཧོཿ འདོད་ཡོན་ནང་མཆོད་འབུལ་བ་ནི༔ ཨོཾ༔ འདོད་པའི་ཡོན་ཏན་བླ་ན་མེད༔ སྦྱིན་པའི་རང་བཞིན་ཡིད་འོང་མ༔ རྡོ་རྗེ་གཟུགས་ཀྱི་ལྷ་མོ་ནི༔ སྒེག་ཅིང་ཆགས་པའི་རྣམ་འགྱུར་ཅན༔ ཡིད་བཞིན་རིན་ཆེན་མེ་ལོང་སྤྲོ༔ རབ་འབྱམས་ཞིང་ཁམས་ཡོངས་བཀང་སྟེ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱཿཡུརྫྙཱ་ན་བཛྲ་རཱུ་པ་མ་ཧཱ་པཱུ་ཛ་ཧོཿ ཨོཾ༔ འདོད་པའི་ཡོན་ཏན་བླ་ན་མེད༔ ཚུལ་ཁྲིམས་རང་བཞིན་ཡིད་འོང་མ༔ རྡོ་རྗེ་སྒྲ་ཡི་ལྷ་མོ་ནི༔ སྙན་ཅིང་འགྱུར་བའི་རྣམ་འགྱུར་ཅན༔ ཡིད་བཞིན་རིན་ཆེན་སྒྲ་སྙན་སྤྲོ༔ [11a] རབ་འབྱམས་ཞིང་ཁམས་ཡོངས་བཀང་སྟེ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱཿཡུརྫྙཱ་ན་བཛྲ་ཤཔྡ་མཧཱ་པཱུ་ཛ་ཧོཿ ཨོཾ་འདོད་པའི་ཡོན་ཏན་བླ་ན་མེད༔ བཟོད་པའི་རང་བཞིན་ཡིད་འོང་མ༔ རྡོ་རྗེ་དྲི་ཡི་ལྷ་མོ་ནི༔ སིམ་ཞིང་བདེ་བའི་རྣམ་འགྱུར་ཅན༔ ཡིད་བཞིན་རིན་ཆེན་བདུག་སྤོས་སྤྲོ༔ རབ་འབྱམས་ཞིང་ཁམས་ཡོངས་བཀང་སྟེ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱཿཡུརྫྙཱ་ན་བཛྲ་གྷནྡྷེ་མཧཱ་པཱུ་ཛ་ ཧོཿ ཨོཾཿ འདོད་པའི་ཡོན་ཏན་བླ་ན་མེད༔ བརྩོན་འགྲུས་རང་བཞིན་ཡིད་འོང་མ༔ རྡོ་རྗེ་རོ་ཡི་ལྷ་མོ་ནི༔ དགྱེས་ཤིང་ཚིམ་པའི་རྣམ་འགྱུར་ཅན༔ ཡིད་བཞིན་རིན་ཆེན་ཞལ་ཟས་སྤྲོ༔ རབ་འབྱམས་ཞིང་ཁམས་ཡོངས་བཀང་སྟེ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱཿཡུརྫྙཱ་ན་བཛྲ་རཱ་ས་མཧཱ་པཱུ་ཛ་ཧོཿ ཨོཾཿ འདོད་པའི་ཡོན་ཏན་བླ་ན་མེད༔ བསམ་གཏན་རང་བཞིན་ཡིད་འོང་མ༔ རྡོ་རྗེ་རེག་བྱའི་ལྷ་མོ་ནི༔ བཀླུབས་ཤིང་འཕྱར་བའི་རྣམ་འགྱུར་ཅན༔ ཡིད་བཞིན་རིན་ཆེན་ན་བཟའ་སྤྲོ༔ རབ་འབྱམས་ཞིང་ཁམས་ཡོངས་བཀང་སྟེ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱཿ [11b] ཡུརྫྙཱ་ན་བཛྲ་སྤརྴེ་མཧཱ་པཱུ་ཛ་ཧོཿ ཨོཾ༔ འདོད་པའི་ཡོན་ཏན་བླ་ན་མེད༔ ཤེས་རབ་རང་བཞིན་ཡིད་འོང་མ༔ རྡོ་རྗེ་ཆོས་ཀྱི་ལྷ་མོ་ནི༔ ཞི་ཞིང་དུལ་བའི་རྣམ་འགྱུར་ཅན༔ ཡིད་བཞིན་རིན་ཆེན་ཆོས་འབྱུང་སྤྲོ༔ རབ་འབྱམས་ཞིང་ཁམས་ཡོངས་བཀང་སྟེ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཨཱཿཡུརྫྙཱ་ན་བཛྲ་དྷརྨ་ཏུ་མཧཱ་པཱུ་ཛ་ཧོཿ ཁྱད་པར་མཆོད་པའི་བྱེ་བྲག་ནི༔ ཐབས་ཤེས་ཟུང་འཇུག་སྨན་རཀ་གཏོར༔ གཙང་དམེའི་རྟོག་བས་མ་བསླད་པར༔ དག་པ་ཆེན་པོའི་ངང་ནས་འབུལ༔ ཨོཾཿ རང་བྱུང་གདོད་ནས་རྣམ་པར་དག་པའི་དབྱིངས༔ ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན་ཆེ༔ བདེ་གཤེགས་རིགས་ལྔ་ཡབ་ཡུམ་སྦྱོར་བའི་བཅུད༔ དཀར་དམར་བྱང་ཆུབ་སེམས་ཀྱི་ཐིག་ལེར་འཁྱིལ༔ ཡེ་ཤེས་ལྔ་ལྡན་པཉྩ་ཨ་མྲྀ་ཏ༔ ཁམས་གསུམ་ཉོན་མོངས་འཇོམས་པའི་སྨན་ཆེན་པོ༔ ཟག་མེད་བདེ་བ་ཆེན་པོའི་དྭངས་མའི་རྩི༔ ལྷ་ཚོགས་དགྱེས་པ་སྐོང་བའི་དམ་ཚིག་རྫས༔ ཉམས་ཆག་དྲི་མ་སྦྱོང་བྱེད་ཡེ་ཤེས་ཆུ༔ མཆོག་ཐུན་དངོས་གྲུབ་སྒྲུབ་པའི་དབྱིག་ཆེན་པོ༔ བླ་མེད་མཆོག་གི་བདུད་རྩི་དམ་པ་འདི༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ མཧཱ་སརྦ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི༔ དཀྱིལ་འཁོར་ལྷ་ཚོགས་མཆོག་ཏུ་དགྱེས་པའི་སྤྲིན༔ འཁོར་འདས་ཀུན་ [12a] ཁྱབ་དྭངས་མ་བདུད་རྩིར་ཐིམ༔ དེ་ཡི་རླངས་པས་ལྷ་རྣམས་ཆགས་པ་བསྐུལ༔ ཨེ་བྃ་མཉམ་སྦྱོར་འདོད་ཆགས་ཆེན་པོར་ཞུ༔ བདུད་རྩི་ལ་ཐིམ་ཚེ་བཅུད་ཐིག་ལེར་འཁྱིལ༔ གང་ལ་རེག་པས་རྡོ་རྗེའི་ཚེ་གྲུབ་པའི༔ དངོས་གྲུབ་ཆེན་པོའི་རྫས་མཆོག་ཨ་མྲྀ་ཏ༔ མཐེབ་སྲིན་ཉི་ཟླ་འབར་བའི་གྭའུ་ཡིས༔ རྡོ་རྗེ་ལྕེ་ཡི་དབང་པོར་རབ་སྦྱོར་བས༔ ལུས་གང་འཆི་མེད་རྡོ་རྗེའི་ཚེ་ཐོབ་བསམ༔ འབྲུ་གསུམ་བཟླ་ཞིང་བདུད་རྩི་འཐོར་འཐུང་བྱ༔ སྟེང་འོག་རླུང་གཉིས་ཁ་སྤྱོར་བུམ་པའི་ནང༔ ཡེ་ཤེས་ལྔ་ལྡན་དྭངས་མའི་ཚེ་བཅུད་སྦ༔ སྐྱེ་འཆི་འགྱུར་མེད་དབྱིངས་སུ་རྒྱས་གདབ་པས༔ འཕོ་བྲལ་རྡོ་རྗེའི་ཚེ་ལ་དབང་ཐོབ་འགྱུར༔ ས་མ་ཡ༔ ཨཱཿ སྟོང་གསལ་མཐའ་བྲལ་པདྨ་བྷནྡྷའི་ནང༔ སྣང་སྲིད་བདེ་རོལ་དམར་ཆེན་རཀྟ་འཁྱིལ༔ རྟེན་འབྲེལ་སྒྱུ་མར་འཆར་བའི་རྦ་རླབས་འཕྱོ༔ ཆོས་ཉིད་རང་འོད་ཆགས་པའི་དམར་མདངས་འབར༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ༔ འཆི་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ མཧཱ་རཀྟ་མཎྜལ་ཁ་རཾ་ཁཱཧི༔ ཧཱུྃཿ ཆོས་དབྱིངས་ཀློང་ཡངས་ཁྱབ་བརྡལ་གཏོར་གཞོང་དུ༔ རང་བྱུང་རིག་པ་གཞིར་རྫོགས་གཏོར་ཆེན་བཤམས༔ སྣ་ཚོགས་སྣང་བ་འགགས་མེད་རྒྱན་དང་ལྡན༔ ཟུང་འཇུག་ཀུན་ཁྱབ་འདོད་ཡོན་འོད་ཟེར་འཕྲོ༔ དཔལ་གྱི་གཏོར་མ་ཀུན་འབྱུང་རིན་ཆེན་གཏེར༔ བཅོམ་ལྡན་ཚེ་ཡི་ལྷ་ [12b] ཚོགས་རྣམས་ལ་འབུལ༔ འཆི་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ མཧཱ་རཏྣ་བ་ལིངྟ་ཁ་རཾ་ཁཱཧི༔ བདེ་ཆེན་གསང་བའི་མཆོད་པ་ནི༔ ཨཱཿ ཆོས་ཅན་རྟོག་པའི་འཁྲུལ་འཁོར་ཇི་སྙེད་པ༔ ཆོས་ཉིད་མཉམ་པར་སྦྱོར་བའི་མཚན་ལྡན་མ༔ ལྷན་སྐྱེས་ཀུན་ཏུ་བཟང་མོ་གསང་བའི་སྦུབས༔ འཛག་མེད་བདེ་བ་ཆེན་པོའི་རྡོ་རྗེར་སྦྱོར༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ༔ པད་སྟོང་ཡངས་པ་ཆེན་པོའི་ཀློང་དུ་བཞེས༔ འཆི་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ མཧཱ་ཨ་ནུ་རཱ་ག་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཨ་ལ་ལ་ཧོཿ སྒྲོལ་བའི་མཆོད་པ་འབུལ་བ་ནི༔ ཧཱུཾ༔ མེད་སྣང་འཁྲུལ་པའི་བག་ཆགས་ཉོན་མོངས་ཚོགས༔ གཟུང་འཛིན་རྟོག་པས་བསྐྱེད་པའི་ཚེ་ཡི་བདུད༔ ཡེ་ཤེས་རང་གསལ་ཆེན་པོའི་དབྱིངས་སུ་བསྒྲལ༔ སྐྱེ་འཆིའི་མཚན་མ་ལས་འདས་མཆོད་པ་འདི༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ༔ འཁོར་འདས་རང་གྲོལ་ཆེན་པོར་བཞེས་སུ་གསོལ༔ མཧཱ་ཡོ་གི་ནཱི་སརྦ་རུ་དྲ་ཧ་ལ་ཧ་ལ་ཁ་རཾ་ཁཱ་ཧིཿཤིན་ཏུ་ཟབ་མོ་དེ་ཁོ་ན༔ ཨ༔ མཆོད་བྱ་མཆོད་བྱེད་མཆོད་པའི་ཡུལ༔ ཡེ་ཤེས་ཆོ་འཕྲུལ་སྒྱུ་མའི་རྩལ༔ མི་དམིགས་ཤིན་ཏུ་རྣམ་དག་པ༔ འདི་ནི་མཆོག་གི་མཆོད་པ་ཆེ་ཧོཿ མཧཱ་ཛྙཱ་ན་དྷརྨ་དྷཱ་ཏུ་ཨ༔ དེ་དག་མཆོད་པའི་རིམ་པའོ༔ འཆི་མེད་རྡོ་རྗེའི་སྐུ་གསུང་ཐུགས༔ ཡོན་ཏན་འཕྲིན་ལས་རྒྱ་མཚོ་ལ༔ གུས་པའི་ [13a] ཡིད་ཀྱིས་འདི་ལྟར་བསྟོད༔ ཧྲཱིཿ མི་གཡོ་མཉམ་ཉིད་ཡེ་ཤེས་ཆོས་ཀྱི་དབྱིངས༔ བསམ་བརྗོད་བྲལ་བ་ཀློང་ཡངས་ནམ་མཁའི་དཀྱིལ༔ ཡེ་ཤེས་ལུས་ཅན་སྐྱེ་འཆི་ལས་འདས་པ༔ མཧཱ་གུ་རུ་པདྨ་ཚེ་དཔག་མེད༔ རབ་འབྱམས་དཀྱིལ་འཁོར་ཀུན་གྱི་བདག་ཉིད་མཆོག༔ འགྱུར་མེད་རྡོ་རྗེ་ལྟ་བུའི་སྐུ་ལ་བསྟོད༔ གར་གྱི་དབང་ཕྱུག་གསུང་གི་གསང་བ་འཆང་༔ བརྗོད་པ་ཀུན་སྤངས་འགགས་པ་མེད་པའི་སྒྲས༔ མ་འདྲེས་སོ་སོར་རྟོག་པའི་དོན་སྟོན་པའི༔ ལྷུན་གྲུབ་རྡོ་རྗེ་ལྟ་བུའི་གསུང་ལ་བསྟོད༔ རྣམ་པར་མི་རྟོག་མཐའ་དབུས་བྲལ་བའི་དབྱིངས༔ འོད་གསལ་ཀློང་ཡངས་བུམ་པའི་སྐུ་རུ་འཁྱིལ༔ ཡེ་ཤེས་བསམ་མི་ཁྱབ་པའི་འདུ་འཕྲོ་ཅན༔ འཁྲུལ་མེད་རྡོ་རྗེ་ལྟ་བུའི་ཐུགས་ལ་བསྟོད༔ དྲི་མེད་སྐྱོན་བྲལ་པདྨ་ཉི་ཟླའི་སྟེང་༔ རང་བྱུང་ལྷུན་གྲུབ་འགྱུར་མེད་རྡོ་རྗེའི་སྐུ༔ པདྨ་རཱ་གའི་མདངས་ལྡན་མཚན་དཔེ་རྫོགས༔ ཡེ་ཤེས་རང་འོད་འབར་ལ་ཕྱག་འཚལ་བསྟོད༔ ཐབས་ཤེས་ཟུང་འཇུག་ཏིང་འཛིན་ཕྱག་རྒྱ་ཡིས༔ འཆི་མེད་བདུད་རྩིས་གང་བའི་ཚེ་བུམ་འཛིན༔ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་ཆེན་འབེབས༔ དགོས་འདོད་ཀུན་སྩོལ་ཁྱོད་ལ་ཕྱག་འཚལ་བསྟོད༔ འགྲོ་ལ་རྗེས་སུ་ཆགས་པའི་འཛུམ་ཞལ་མཛེས༔ རང་འོད་ཙནྜ་ [13b] ལཱི་ཡི་བདེ་བར་རོལ༔ འདོད་ཡོན་མ་སྤངས་དར་དང་རིན་ཆེན་བརྒྱན༔ ལོངས་སྤྱོད་ཡོངས་སུ་རྫོགས་ལ་ཕྱག་འཚལ་བསྟོད༔ ངོ་བོ་ཁྱབ་བརྡལ་འོད་གསལ་ཆོས་ཀྱི་སྐུ༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་རྗེ་གང་འདུལ་དེར་སྟོན་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་ཡིད་བཞིན་ནོར་བུར་བསྟོད༔ ཉི་མ་དང་ནི་འོད་ཟེར་ཇི་བཞིན་ཏུ༔ ཚད་མེད་ཡེ་ཤེས་ལྔ་ཡི་རོལ་པ་ལས༔ ཐོད་ཕྲེང་རྩལ་འཆང་ཚེ་བདག་རིགས་མཆོག་ལྔ༔ སྣང་སྟོང་ཡབ་ཡུམ་མཉམ་པར་སྦྱོར་ལ་བསྟོད༔ ཕ་རོལ་ཕྱིན་པ་དྲུག་གི་རང་བཞིན་ལས༔ མཁའ་ཁྱབ་འདོད་ཡོན་འབར་བའི་མཆོད་སྤྲིན་སྤྲོ་༔ རྡོ་རྗེའི་དབང་པོར་ཟག་མེད་བདེ་སྐྱེད་པའི༔ སྣང་ཡུལ་རྣམ་དག་ལྷ་མོ་དྲུག་ལ་བསྟོད༔ རབ་འབྱམས་ཞིང་ཁམས་རྒྱ་མཚོའི་འབྱོར་པའི་དཔལ༔ རང་བྱུང་མཆོད་པའི་སྤྲིན་ཕུང་མཐའ་ཡས་པས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་ལས་ལ་བརྩོན༔ བཀྲ་ཤིས་མཆོད་པའི་ལྷ་མོ་རྣམས་ལ་བསྟོད༔ རབ་འབྱམས་ཞིང་ཁམས་རྒྱ་མཚོའི་འབྱོར་པའི་དཔལ༔ རང་བྱུང་མཆོད་པའི་སྤྲིན་ཕུང་མཐའ་ཡས་པས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་ལས་ལ་བརྩོན༔ བཀྲ་ཤིས་མཆོད་པའི་ལྷ་མོ་རྣམས་ལ་བསྟོད༔ ཚད་མེད་བཞི་ལྡན་དཀྱིལ་འཁོར་སྒོ་བཞི་སྐྱོང་༔ འཕྲིན་ལས་རྣམ་བཞིས་འཁོར་འདས་ཚེ་བཅུད་སྡུད༔ རྒྱལ་བའི་བཀའ་སྡོད་མགྱོགས་མ་ཡབ་ཡུམ་སོགས༔ ཚེ་ཡི་ལས་བྱེད་ཕོ་ཉ་རྣམས་ལ་བསྟོད༔ གཞན་ཡང་འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིར༔ དམ་ཚིག་སྨོན་ལམ་དབང་གིས་མངོན་སྣང་བའི༔ [14a] བླ་མ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་སོགས༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བའི་ཚོགས༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ཐམས་ཅད་ལ༔ རྩེ་གཅིག་གུས་པའི་ཡིད་ཀྱིས་བསྟོད་པར་བགྱི༔ དེ་ལྟར་མཆོད་ཅིང་བསྟོད་པའི་བྱིན་རླབས་ཀྱིས༔ འཁོར་འདས་རང་གྲོལ་སྐྱེ་འཆི་ཀ་ནས་དག༔ མི་འགྱུར་མི་ཤིགས་མཁའ་ལྟར་ཁྱབ་པའི་སྐུ༔ བླ་མ་རིག་འཛིན་པདྨ་ཚེ་དཔག་མེད༔ མངོན་གྱུར་ཚེ་དང་སྒྲུབ་པ་མཐར་ཕྱིན་ཤོག༔ བཛྲ་ས་མ་ཡ་ཨ་ལ་ལ་ཧོཿ དེ་ལྟར་བསྟོད་པའང་སྒྱུ་མ་ཙམ་ཉིད་དེ༔ ཡང་དག་དོན་དུ་བསྟོད་པའི་བྱ་བྱེད་ཡུལ༔ མ་སྐྱེས་མི་འགགས་མི་གནས་ཆོས་ཀྱི་དབྱིངས༔ ལྷུན་རྫོགས་མཉམ་ཉིད་ཆེན་པོའི་ངང་དུ་བསྟོད༔ ས་མ་ཡ༔ ཇི་སྙེད་དཀྱིལ་འཁོར་མ་ལུས་པའི༔ སྲོག་སྙིང་ཛཔྲ་ཀྱི་དགོངས་པ་སྟེ༔ འདི་ལས་འདའ་བར་གྱུར་པ་ལ༔ ལས་དང་དངོས་གྲུབ་འབྱུང་མི་འགྱུར༔ མ་ཡེངས་ཏིང་འཛིན་ལྡན་པ་ཡིས༔ རྩེ་གཅིག་འདི་ལ་གང་བརྩོན་པས༔ མཆོག་ཐུན་དངོས་གྲུབ་བླ་མེད་ཐོབ༔ དེ་ལ་འཇུག་པར་བྱེད་པའི་ཚུལ༔ མན་ངག་རྣམ་པ་བཞི་ཡིས་ཏེ༔ དང་པོ་བྱིན་རླབས་བསྙེན་པ་ནི༔ རིགས་ཀུན་བདག་པོ་ཆོས་ཀྱི་སྐུ༔ སྣང་བ་མཐའ་ཡས་ཐུགས་ཀ་རུ༔ རྡོ་རྗེའི་ལྟེ་བར་ཉི་ཟླའི་སྦུབས༔ ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འོད་འཕྲོས་རྒྱལ་ཀུན་གྱི༔ གསང་གསུམ་བྱིན་རླབས་བདུད་རྩིའི་བཅུད༔ ཡིག་འབྲུ་གསུམ་གྱི་རྣམ་པ་རུ༔ ཆར་བཞིན་བས་ཏེ་ [14b] མཉམ་བཞག་གི༔ ལྷུང་བཟེད་ནང་ཞུགས་ཕྱིར་ལུད་དེ༔ བདག་ལ་ཐིམ་པས་སྨིན་ཅིང་གྲོལ༔ བྱིན་རླབས་ཚེ་དབང་དངོས་གྲུབ་ཐོབ༔ དཀྱིལ་འཁོར་ཆེན་པོའི་བདག་པོར་ བསམ༔ ཨོཾ་ཨཱ་མི་དྷེ་ཝ་ཧྲཱིཿ སྲོག་གི་སྙིང་པོ་རྡོ་རྗེའི་སྔགས༔ འབུམ་ཕྲག་བཞི་བཟླས་སྨིན་ཅིང་གྲོལ༔ ཉེ་བར་བསྙེན་པིའ་རིམ་པ་ནི༔ འཕགས་མཆོག་གར་གྱི་དབང་ཕྱུག་གི༔ ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿ སྔགས་ཀྱིས་བསྐོར་ལས་འོད་ཟེར་རྒྱུན༔ ཡབ་ཡུམ་ཞལ་ནས་ཞལ་དུ་ཞུགས༔ གསང་བའི་ལམ་བརྒྱུད་འཁོར་བ་ལས༔ ཡེ་ཤེས་ལྔ་ལྡན་ཟེར་སྤྲིན་འཕྲོས༔ ཁམས་གསུམ་འགྲོ་བའི་གནས་ཡུལ་ཁྱབ༔ སོ་སོའི་ལས་སྣང་སྡུག་བསྔལ་སྦྱངས༔ ཐམས་ཅད་བདེ་བ་ཆེན་པོའི་དབྱིངས༔ འགྱུར་མེད་རྡོ་རྗེའི་སྐུ་རུ་ བསམ༔ ཨོཾ་ཨཱཧྲཱིཿསྭཱཧཱ༔ འབྲུ་ལྔ་འབུམ་ཕྲག་དྲུག་བཟླས་པས༔ མཁའ་ཁྱབ་བྱིན་རླབས་མངོན་དུ་འགྱུར༔ ཁྱད་པར་སྒྲུབ་པའི་རིམ་པ་ནི༔ ཧྲཱིཿ བདག་ཉིད་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་རུ༔ སྟོང་གསལ་སྒྲིབ་བྲལ་འོད་ཀྱི་གུར་ཁྱིམ་དུ༔ སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བརྡལ་བའི་སྟེང༔ ཐབས་ཤེས་ཉི་ཟླའི་གྭའུ་ཁ་སྦྱོར་ནང༔ དྭངས་མ་ལྔ་ལྡན་ཧྲཱིཿདམར་ཨ་ནྲྀས་མཚན༔ མཐའ་སྐོར་རྡོ་རྗེའི་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོས༔ སྣོད་བཅུད་རྒུད་པའི་དྲི་མ་མཐའ་དག་སྦྱངས༔ སྲིད་དང་ཞི་བའི་ཚེ་བཅུད་དྭངས་མ་ [15a] ཀུན༔ འཆི་མེད་བདུད་རྩིའི་རྣམ་པར་འུབ་ཀྱིས་བསྡུས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་སྲོག་ཡིག་འབྲུ་དང་༔ ཕྱག་གི་བུམ་པའི་ནང་ཞུགས་མེར་ཞིང་འཕྱུར༔ ལུས་གང་བླ་ཚེ་སྲོག་དབུགས་ཉམས་པ་གསོས༔ འཆི་མེད་འཇའ་ལུས་ཡེ་ཤེས་རྡོ་རྗེའི་ཚེ༔ རྟག་བརྟན་འགྱུར་བ་མེད་པའི་དབྱིག་ཐོབ་བསམ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཨཱཿཡུརྫྙཱ་ན་སིདྡྷི་ཧཱུཾ་ཧྲཱིཿ ཨོཾ་ཨ་མཱ་ར་ཎི་ཛི་ཝནྟི་ཡེ་སྭཱཧཱ༔ རྒྱལ་ཀུན་གསུང་གི་རྡོ་རྗེའི་བཅུད༔ གསང་བའི་སྙིང་པོ་རྩ་བའི་སྔགས༔ འབུམ་ཕྲག་བཅུ་གཉིས་བཟླས་པས་འགྲུབ༔ ཁྱབ་བརྡལ་བདེ་ཆེན་རྡོ་རྗེ་རུ༔ སྒྲུབ་ཅིང་ལས་ལ་སྦྱོར་བ་ནི༔ གཙོ་མཆོག་སྟངས་དཔྱལ་རྒྱལ་པོ་ཡི༔ ཐུགས་སྲོག་རྡོ་རྗེའི་སྔགས་ཀྱི་ཟེར༔ རབ་ཏུ་འབར་བའི་ཆོ་འཕྲུལ་གྱིས༔ རིགས་ལྔའི་ཚེ་བདག་ཡབ་ཡུམ་བསྐུལ༔ བཟོད་མེད་བདེ་བ་ཆེན་པོའི་ཉམས༔ འབར་ཞིང་རྡོ་རྗེ་པདྨར་སྦྱོར༔ མི་ཤིགས་ཛཔྲ་ཀྱི་གླུ་དབྱངས་ལྡིར༔ འོད་གསལ་སྙིང་པོའི་དགོངས་ཉམས་འུར༔ སྣང་སྲིད་དག་པ་ལྷ་ཡི་སྐུ༔ སྲོག་རྩོལ་གཞོམ་མེད་རྡོ་རྗེའི་སྔགས༔ དྲན་རྟོག་ཁྱབ་བརྡལ་ཆོས་ཀྱི་དབྱིངས༔ ཡེ་ཤེས་ཆེན་པོའི་འདུ་འཕྲོ་ཡིས༔ ཕྱི་སྣོད་འབྱུང་བ་ལྔ་ཡི་ཁམས༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ༔ གསང་བ་སྐུ་ལྔ་ཡེ་ཤེས་ལྔའི༔ སྙིང་པོ་ཁ་དོག་ལྔ་ལྡན་གྱི༔ ཐིག་ལེ་ཡིག་འབྲུའི་རྣམ་པ་རུ༔ [15b] མེར་མེར་ཤིག་འུབ་འུབ་འདུས༔ བླ་ཚེ་སྲོག་དབུགས་རྟེན་ལ་ཐིམ༔ ཤ་ཁྲག་དྲོད་དབུགས་སེམས་སྟོབས་འཕེལ༔ བཀྲག་མདངས་གཟི་བརྗིད་སྣུམ་འོད་འབར༔ གདོད་ནས་དག་པ་རྡོ་རྗེའི་ཚེ༔ འཇའ་ལུས་འཕོ་བ་ཆེན་པོའི་སྐུ༔ ལྷུན་གྲུབ་འགྱུར་པ་མེད་པར་བསམ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨཱཿཡུརྫྙཱ་ན་ཚེ་བྷྲཱུཾ༔ ཛཿཧཱུྃ་བྃ་ཧོཿ རིགས་ལྔ་འདུས་པའི་གསང་མཚན་སྔགས༔ རིག་འཛིན་སྲོག་གི་ཐིག་ལེ་འདི༔ འབུམ་ཕྲག་བཞི་བཟླས་དངོས་གྲུབ་ཐོབ༔ རེས་འགའ་སྣང་སྲིད་འཁོར་འདས་ཀུན༔ འོད་ཟེར་ལྔ་ལྡན་ཐིག་ལེར་ཞུ༔ ཐུགས་ཀའི་ཧྲཱིཿལས་ཧྲཱིཿདམར་པོ༔ གྲངས་མེད་ནམ་མཁའ་ཁྱབ་པར་འཕྲོས༔ སྔགས་ཀྱི་རང་སྒྲར་ཀུན་ཏུ་འུར༔ སྐྱེ་འཆིའི་མཚན་མ་མི་དམིགས་པ༔ འོད་གསལ་བདེ་བ་ཆེན་པོའི་ཞིང་༔ རྣམ་དག་ཀློང་ཡངས་རོལ་པར་བལྟ༔ རེས་འགའི་ཧྲཱིཿཡིག་དེ་དག་རྣམས༔ འོད་ལྔའི་ཐིག་ལེ་དང་འདྲེས་ནས༔ འབར་འཕྲིག་རྣམ་པས་ཚུར་འདུས་ཏེ༔ ཐུགས་ཀའི་ཧྲཱིཿ ལ་འུབ་ཀྱིས་འདུས༔ ཁྱབ་བརྡལ་ཆོས་ཀྱི་དབྱིངས་སུ་འཁྱིལ༔ འཕོ་འགྱུར་མཚན་མས་མི་ཕྱེད་པ༔ རིག་སྟོང་རྡོ་རྗེའི་དབྱིངས་སུ་སྦ༔ དེ་དག་ཀུན་ཏུ་ཧྲཱིཿཡི་སྔགས༔ སྙན་འགྱུར་བུང་བའི་སྐད་ལྟ་བུ༔ དབྱངས་ཀྱི་རྟ་ལ་བསྐྱོན་ནས་བཟླ༔ རེས་འགའ་བུམ་ཅན་སྦྱོར་བ་དང་༔ བསྟུན་ཏེ་འགོག་དང་རྡོར་བཟླས་ཀྱིས༔ རླུང་སེམས་འཕོ་མེད་དབུ་མར་བཅིང་༔ རེས་འགའ་ཨ་ཧཾ་འབར་འཛག་གི༔ ཞུ་བདེས་དྲངས་པའི་དགའ་བ་བཞིའི༔ བདེ་སྟོང་ཡེ་ཤེས་མི་འགྱུར་བ༔ མཆོག་གི་རང་བཞིན་ཉམས་སུ་མྱོང༔ འཆི་མེད་རྡོ་རྗེའི་ལང་ཚོ་སྤེལ༔ [16a] རེས་འགའ་སྐྱེ་འཆིའི་འཛིན་རྟོག་དང་༔ བསྐྱེད་བཟླས་ཏིང་འཛིན་འཕྲོ་འདུ་སོགས༔ མཚན་མའི་ཡིད་ཀྱི་བྱེད་རྩོལ་ཀུན༔ གཞི་གྲོལ་ཁྱབ་བརྡལ་གཉུག་མའི་ངང་༔ མ་བཅོས་རིག་སྟོང་རྗེན་པའི་བབ༔ བློ་འདས་ཆེན་པོའི་དགོངས་པ་བསྐྱང་༔ དེ་ནི་བཟླས་པ་ཀུན་གྱི་མཆོག༔ ས་མ་ཡ༔ དུས་ནི་ཟླ་དྲུག་ལོ་གསུམ་སོགས༔ རྣལ་འབྱོར་ནུས་པའི་དྲོད་དང་སྦྱར༔ རྟགས་ཀྱི་རིམ་པ་མཐའ་ཡས་ཀྱང་༔ དད་བརྩོན་སྙིང་སྟོབས་དང་ལྡན་པའི༔ ལས་འཕྲོ་ཅན་གྱི་གང་ཟག་གིས༔ ཏིང་འཛིན་ཟབ་མོས་རྩེ་གཅིག་ཏུ༔ གཞུང་བཞིན་ཡང་དག་བསྒྲུབ་གྱུར་ན༔ བྲིས་སྐུ་བཞད་དང་གཏོར་རྫས་ཞུ༔ བདུད་རྩི་ཁོལ་ཞིང་ཚེ་མདའ་འཕེལ༔ རྟེན་དང་རྫས་ལས་འོད་དམར་འཕྲོ༔ དྲི་བཟང་ཁྱབ་དང་འཇའ་ཚོན་ཟུག༔ དཀྱིལ་འཁོར་བཀྲག་མདངས་གཟི་བརྗིད་འབར༔ སྒྲུབ་ཁང་བག་དྲོ་བྱིན་འཐིབ་ཅིང་༔ མར་མེ་ཚེ་རིང་མདངས་འཚེར་སོགས༔ མངོན་སུམ་ཉིད་དུ་མཐོང་བར་འགྱུར༔ རྨི་ལམ་ཉི་ཟླ་ཤར་བ་དང༔ མཆོད་རྟེན་དང་ནི་རི་མཐོར་འཛེག༔ ཆུ་ཆེན་བརྒལ་དང་གོས་བཟང་གྱོན༔ རྩི་ཤིང་ནགས་ཚལ་ཆུ་ཀླུང་རྒྱས༔ མེ་ཏོག་དམར་པོའི་ཚལ་དུ་ཕྱིན༔ རྡོ་རྗེ་ནོར་བུ་གཡུ་བཟང་རྙེད༔ རྟ་གླང་སེང་གེ་ཞོན་པ་དང་༔ ས་ཆུ་མེ་རླུང་ཐོགས་པ་དང་༔ མཁའ་ལ་ཐོགས་མེད་འགྲོ་བ་དང་༔ གཞན་གྱིས་ཟས་ནོར་སྟེར་བ་སོགས༔ རྡོ་རྗེའི་ཚེ་མཆོག་གྲུབ་པའི་རྟགས༔ དཔག་ཏུ་མེད་པ་མཐོང་བར་འགྱུར༔ ཁྱད་པར་མཆོག་ཏུ་མི་འགྱུར་བ༔ གཏིང་གསལ་ཀ་དག་རྡོ་རྗེའི་དབྱིངས༔ གཡོ་མེད་དགོངས་པའི་གདིང་ཆེན་པོར༔ འཕོ་འགྱུར་མེད་པའི་བརྟན་པ་ཐོབ༔ གཞན་ཡང་རང་སྣང་དབང་དུ་འདུ༔ འབར་བ་གསུམ་གྱི་དངོས་གྲུབ་ཐོབ༔ གཞན་གྱི་སྣང་བ་ [16b] ཟིལ་གྱིས་གནོན༔ འདུ་བ་གསུམ་གྱི་འཕྲིན་ལས་རྒྱས༔ དུས་མིན་འཆི་བ་ངེས་པར་བཟློག༔ ཚེ་ཟད་པ་ཡང་རིང་དུ་བསྲིང་༔ ཟག་བཅས་ཕུང་པོའི་སྙིགས་མ་སྦྱངས༔ ཤིན་ཏུ་དྭངས་མའི་བཅུད་དུ་སྨིན༔ འཕོ་བ་ཆེན་པོ་འོད་ཀྱི་ལུས༔ འགྲུབ་གྱུར་འདི་ལ་ཐེ་ཚོམ་མེད༔ དེ་ཕྱིར་ཕྱི་རབས་སྐལ་ལྡན་རྣམས༔ འདི་ཉིད་ཁོ་ན་ཉམས་སུ་ལོངས༔ རིག་འཛིན་ཚེ་ཡི་སྒྲུབ་པ་འདི༔ ཟབ་མོ་ཀུན་གྱི་བཅུད་ཐིག་ཡིན༔ གཞན་དང་འདྲ་མིན་ཁྱད་པར་ཆེ༔ ཐེ་ཚོམ་གེགས་དབང་མ་ཤོར་བར༔ རང་ཉམས་ལོངས་དང་ངེས་ཤེས་སྐྱེ༔ སྙིགས་མའི་འགྲོ་བ་བསོད་ནམས་དམན༔ ཟབ་མོའི་དངོས་གྲུབ་བར་ཆད་ཆེ༔ གཉིས་འཛིན་འགོང་པོ་ལོག་ལྟ་སྐྱེན༔ སྐལ་ལྡན་རེ་འགའ་མ་གཏོགས་པ༔ སྐལ་བར་ཆུད་པ་ཤིན་ཏུ་དཀའ༔ ཤིན་ཏུ་ཟབ་མོའི་ལམ་འདི་ལ༔ ཞུགས་ཏེ་དངོས་གྲུབ་མ་ཐོབ་ན༔ པདྨ་བདག་གིས་ཕྱི་རབས་བསླུས༔ ཚེ་སྒྲུབ་བྱེ་བ་ཕྲག་བརྒྱ་ཡི༔ སྙིང་པོ་སྲོག་གི་ཐིག་ལེར་བསྡུས༔ རིན་ཆེན་གཏེར་གཅིག་ཁོ་ནའོ༔ ས་མ་ཡ༔ རྒྱ༔ རྒྱ༔ རྒྱ༔ དེ་ལྟར་རྟགས་ཀྱི་རིམ་པ་རྣམས༔ ཚུལ་བཞིན་མཐོང་བའི་རྣལ་འབྱོར་པས༔ དེ་མ་ཐག་ཏུ་དངོས་གྲུབ་བསྐུལ༔ ཨོཾ་ཨཱཿཧཱུཾ་ཧྲཱིཿ བདེ་མཆོག་ཀློང་ཡངས་ཁྱབ་བརྡལ་ནམ་མཁའི་དཀྱིལ༔ མི་འགྱུར་མི་ཤིགས་རྡོ་རྗེའི་རང་བཞིན་ཅན༔ ཡོན་ཏན་མཐའ་ཡས་གཟི་བརྗིད་མཚུངས་མེད་པ༔ མཧཱ་གུ་རུ་པདྨ་ཚེ་དཔག་མེད༔ འཆི་མེད་རྡོ་རྗེའི་ལྷ་ཚོགས་མ་ལུས་རྣམས༔ བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ༔ སྔོན་ཚེ་དུས་ནས་བསྙེན་པའི་ཡི་དམ་ལྷ༔ ད་ལྟ་བདག་དང་སྨོན་ལམ་དམ་ཚིག་འབྲེལ༔ དེ་ཕྱིར་རྩེ་གཅིག་གུས་པས་ [17a] ཁྱོད་བསྒྲུབས་ཏེ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ་ལགས་ན༔ རྡོ་རྗེ་ནོར་བུའི་དཀྱིལ་ལྟར་དག་པའི་སྐུ༔ མཚན་དཔེའི་འོད་མདངས་བཀྲ་བའི་དཀྱིལ་འཁོར་ནས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་ཏུ་གསོལ༔ བདེ་ཆེན་དབང་ཕྱུག་གྲགས་སྟོང་རྡོ་རྗེའི་གདངས༔ གསུང་དབྱངས་ཡན་ལག་དྲུག་ཅུའི་དཀྱིལ་འཁོར་ནས༔ འགགས་མེད་གསུང་གི་དངོས་གྲུབ་བསྩལ་ཏུ་གསོལ༔ རིག་སྟོང་ཀ་ནས་དག་པ་གཉུག་མའི་བབ་༔ ཡེ་ཤེས་རྒྱ་མཚོ་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་ཏུ་གསོལ༔ མཉམ་ཉིད་མི་གཡོ་རིན་ཆེན་འབྱུང་བའི་དབྱིངས༔ འདོད་རྒུ་ཆར་ལྟར་འབེབས་པའི་དཀྱིལ་འཁོར་ནས༔ ལྷུན་གྲུབ་ཡོན་ཏན་དངོས་གྲུབ་བསྩལ་ཏུ་གསོལ༔ རྩོལ་རྟོག་མི་མངའ་ལས་རབ་རྫོགས་པའི་དཔལ༔ གང་འདུལ་དེར་སྟོན་ཁྱབ་བརྡལ་དཀྱིལ་འཁོར་ནས༔ ཐོགས་མེད་འཕྲིན་ལས་དངོས་གྲུབ་བསྩལ་ཏུ་གསོལ༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་ཏུ་གསོལ༔ བདུད་རྩི་སྨན་གྱི་དངོས་གྲུབ་བསྩལ་ཏུ་གསོལ༔ ནད་མེད་བདེ་བའི་དངོས་གྲུབ་བསྩལ་ཏུ་གསོལ༔ འཛད་མེད་གཏེར་གྱི་དངོས་གྲུབ་བསྩལ་ཏུ་གསོལ༔ རབ་འབྱམས་ལས་ཀྱི་དངོས་གྲུབ་བསྩལ་ཏུ་གསོལ༔ ཁྱད་པར་མཆོག་གི་དངོས་གྲུབ་བསྩལ་ཏུ་གསོལ༔ འཇའ་ལུས་རྡོ་རྗེའི་དངོས་གྲུབ་བསྩལ་ཏུ་གསོལ༔ ཨོཾ་ [17b] ཨཱཿཧཱུྃཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཨཱཿཡུརྫྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿསྭཱཧཱ༔ ཞེས་བརྗོད་སྒྲུབ་རྟེན་གནས་ལྔར་གཏུག༔ ཐབས་ཤེས་དམ་ཚིག་ཚེ་ཡི་རྫས༔ འཆི་མེད་དངོས་གྲུབ་འབྱུང་བའི་དབྱིག༔ ཡིད་བཞིན་ནོར་བུར་མོས་ཏེ་རོལ༔ མཐོང་ཚོར་མྱོང་རེག་སྤྱོད་ཡུལ་དུ༔ སུས་ཐོབ་རྡོ་རྗེའི་ཚེ་ལ་དབང་༔ དེ་ཕྱིར་རྟག་ཏུ་བརྩོན་པར་བྱོས༔ ས་མ་ཡ༔ འཆི་མེད་སྲོག་གི་ཐིག་ལེ་ལས༔ ཚེ་འགུགས་པདྨའི་ལྕགས་ཀྱུ་བསྟན༔ དེ་ཉིད་སྒྲུབ་པའི་རྣལ་འབྱོར་བས༔ ཐུན་མཚམས་ཚེ་བཅུད་འགུགས་པའི་ཕྱིར༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ ཐུགས་དམ་བསྐུལ་ཞིང་ཕོ་ཉ་རྣམས༔ ཐོགས་མེད་ལས་ལ་བསྐུལ་བ་ནི༔ མོས་གུས་གདུང་བའི་ཤུགས་བསྐྱེད་ཅིང་༔ མ་ཡེངས་ཏིང་འཛིན་བརྟན་པོའི་ངང་༔ དྲི་ཞིམ་སྤོས་བསྲེག་རོལ་མོ་བསྒྲག༔ མདའ་དར་གཡབ་ཅིང་དབྱངས་སྙན་པོས༔ ཧྲཱིཿཛཿ བདག་མདུན་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ ཐུགས་ཀའི་འོད་ཀྱི་ཕྱོགས་བཅུའི་ཞིང་རྣམས་ནས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་མ་ལུས་རྣམས༔ སྤྱན་དྲངས་མདུན་གྱི་ནམ་མཁར་སྤྲིན་ལྟར་འཁྲིགས༔ སྐུ་ཡི་འོད་ཀྱིས་དཀྱིལ་འཁོར་གཙོ་མཆོག་བསྐུལ༔ ཐུགས་སྲོག་སྦྱོར་མཚམས་ཀུན་ནས་འོད་འཕྲོས་པས༔ ཚེ་བདག་རིགས་ལྔའི་རྒྱུད་བསྐུལ་དེ་དག་གི༔ འོད་ཀྱིས་ཚེ་ཡི་ལྷ་མོ་མགྱོགས་མ་དང་༔ སྒོ་མ་ཡབ་ཡུམ་ལ་སོགས་ཕོ་ཉ་རྣམས༔ བསྐུལ་བས་སྔོན་གྱི་ཐུགས་ [18a] དམ་ལས་བཞེངས་ཏེ༔ དེ་དག་སྐུ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་སྤྲོས་པའི་རྩེར༔ སྦྲུལ་པ་ཡང་སྤྲུལ་ཉི་ཟེར་རྡུལ་འཚུབས་ལྟར༔ དཔག་ཏུ་མེད་པ་ནམ་མཁའ་ཁྱབ་པར་འཕྲོས༔ རང་གི་བླ་ཚེ་སྲོག་དབུགས་ཉམས་པ་དང་༔ གདོན་བགེགས་འབྱུང་པོས་བརྐུས་འཕྲོག་ཡར་བ་དང་༔ འཁོར་འདས་སྣོད་བཅུད་བརྟན་གཡོའི་དྭངས་མའི་ཚེ༔ རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བྱིན་རླབས་སྟོབས༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཡི༔ མཐུ་དཔལ་ཡོན་ཏན་འཁོར་ལོས་སྒྱུར་རྒྱལ་གྱི༔ ཚེ་བསོད་སྟོབས་འབྱོར་མངའ་ཐང་ལེགས་ཚོགས་ཀུན༔ འོད་ཟེར་ཐིག་ལེ་སྣུམ་ལ་ལྕི་བ་དང་༔ ཧྲཱིཿནྲྀཿབྷྲཱུྃ་བཀྲག་མདངས་འབར་བ་ཡི༔ རྣམ་པར་འུབ་ཀྱིས་བསྡུས་ནས་བདག་མདུན་གྱི༔ རྟེན་ལ་སིབ་སིབ་ཐིམ་པས་འཁོར་འདས་ཀྱི༔ ཚེ་བཅུད་དྭངས་མ་གཅིག་ཏུ་འཁྱིལ་བ་ཡི༔ འཇའ་ལུས་རྡོ་རྗེའི་ཚེ་མཆོག་ཐོབ་པར་བསམ༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་བའི་རིམ་པ་ནི༔ ཧྲཱིཿཧྲཱིཿ འགྱུར་མེད་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི༔ ཚེ་ལ་དབང་བསྒྱུར་འཇའ་ལུས་དྭངས་མའི་སྐུ༔ དཀྱིལ་འཁོར་གཙོ་མཆོག་པདྨ་ཐོད་ཕྲེང་རྩལ༔ བཅོམ་ལྡན་མགོན་པོ་རིག་འཛིན་ཚེ་དཔག་མེད༔ སྐུ་གསུམ་རྒྱལ་བ་ [18b] རྒྱ་མཚོ་འདུས་པའི་དཔལ༔ མ་ལུས་འགྲོ་བའི་སྐྱབས་མཆོག་ཡིད་བཞིན་ནོར༔ འཆི་མེད་ཚེ་ཡི་ལྷ་ཚོགས་མ་ལུས་རྣམས༔ སྔོན་གྱི་ཐུགས་དམ་གཉན་པོ་བརྩེར་དགོངས་ལ༔ བཞེངས་ཤིག་མི་མངོན་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ སྐུ་ཡི་སྤྲུལ་པས་སྟོང་གསུམ་འཇིག་རྟེན་ཁྱབ༔ ཕྱི་སྣོད་འབྱུང་བཞི་ནམ་མཁའ་དྭངས་བཅུད་བསྡུས༔ ཤ་ཁྲག་དྲོད་དབུགས་སེམས་ཀྱི་རྟེན་ལ་བསྟིམས༔ གསུང་གི་སྤྲུལ་པས་ཁམས་གསུམ་མ་ལུས་ཁྱབ༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ་འབྱོར་བསྡུས༔ སྙིང་དབུས་དྭངས་མའི་རྟེན་ལ་གཟི་མདངས་བསྐྱེད༔ ཐུགས་ཀྱི་སྤྲུལ་པས་སྐུ་གསུམ་ཞིང་ཁམས་ཁྱབ༔ རྩ་གསུམ་རྒྱལ་བའི་ཡེ་ཤེས་ཡོན་ཏན་བསྡུས༔ དབྱིངས་རིག་ཟུང་འཇུག་ཆེན་པོའི་ཐིག་ལེར་བསྟིམས༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ བླ་ཚེ་སྲོག་དབུགས་ཉམས་པ་ཐམས་ཅད་གསོས༔ ཕུང་ཁམས་སྐྱེ་མཆེད་རྒུད་པ་རང་སོར་ཆུད༔ རྩ་རླུང་ཐིག་ལེའི་རྒྱུ་འགྲུལ་ཆད་པ་མཐུད༔ ཕྱི་ནང་བར་ཆད་ཚེ་འཕྲང་དབྱིངས་སུ་ཟློག༔ གདོན་བགེགས་འབྱུང་པོས་བརྐུས་འཕྲོག་ཁྱེར་བ་ཁུག༔ བཀྲ་ཤིས་ཚེ་ཡི་བུམ་བའི་ནང་དུ་བསྐྱིལ༔ ཐབས་ཤེས་དམ་རྫས་འཆི་མེད་བདུད་རྩིར་བསྒྱུར༔ ཡེ་ཤེས་ལྔ་ལྡན་ཚེ་མདར་སྟོབས་ཤུགས་ [19a] སྤེལ༔ མི་ཤིགས་རྡོ་རྗེ་སྲོག་གི་ཀ་བ་ཚུགས༔ འགྱུར་མེད་གཡུང་དྲུང་བླ་ཡི་རྟེན་མཁར་བརྩེགས༔ མི་ནུབ་རྒྱལ་མཚན་ཚེ་ཡི་བ་དན་སྒྲེངས༔ འགྲིབ་མེད་ཉི་ཟླ་དབུགས་ཀྱི་གའུ་སྦྱོར༔ ཕུང་ལྔའི་དུག་སྦྱོང་འབྱུང་ལྔ་བཅུད་དུ་སྨིན༔ སྐུ་ལྔ་ཡེ་ཤེས་ཡོངས་རྫོགས་བདེ་བ་ཆེ༔ སྐྱེ་འཆི་བསྒྲེས་རྒུད་བྲལ་བ་མངོན་གྱུར་ཏེ༔ ཟག་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་པདྨ་ཨཱཿཡུརྫྙཱ་ན་མཧཱ་པུཎྱེ་སིདྡྷི་ཧཱུཾ་ཧྲཱིཿནྲྀ་བྷྲཱུྃ་ཛཿ རིགས་བཞིའི་ཚེ་བདག་ཡབ་ཡུམ་བསྐུལ་བ་ནི༔ ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་འཁྱིལ་བའི་དཀྱིལ་འཁོར་ནས༔ བཛྲ་ཐོད་ཕྲེང་མི་བསྐྱོད་ཚེ་དཔག་མེད༔ ཡུམ་མཆོག་ཚེ་ཡི་ལྷ་མོ་མཱ་མ་ཀི༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་གཉན་པོ་བརྩེར་དགོངས་ལ༔ བཞེངས་ཤིག་མེ་ལོང་ཡེ་ཤེས་དབྱིངས་ནས་བཞེངས༔ བསྐུལ་ལོ་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ སྐུ་ཡི་སྤྲུལ་པས་སོགས་འགྲེས། ཟག་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་བཛྲ་ཐོད་ཕྲེང་རྩལ་ཨཱཿཡུརྫྙ་ན་མཧཱ་པུཎྱེ་སིདྡྷི་ཧཱུཾ་ཧྲཱིཿནྲྀ་བྷྲཱུྃ་ཛཿ ཏྲཱྃཿ ལྷོ་ཕྱོགས་རིན་ཆེན་འཁྱིལ་པའི་དཀྱིལ་འཁོར་ནས༔ རཏྣ་ཐོད་ཕྲེང་རིན་འབྱུང་ཚེ་དཔག་མེད༔ ཡུམ་མཆོག་ཚེ་ཡི་ལྷ་མོ་སངས་རྒྱས་སྤྱན༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་འཁོར་དང་བཅས༔ སྔོན་གྱི་ [19b] ཐུགས་དམ་གཉན་པོ་བརྩེར་དགོངས་ལ༔ བཞེངས་ཤིག་མཉམ་ཉིད་ཡེ་ཤེས་དབྱིངས་ནས་བཞེངས༔ བསྐུལ་ལོ་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ སྐུ་ཡི་སྤྲུལ་པས་སོགས། ཟག་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་ཨཱཿཡུརྫྙ་ན་མཧཱ་པུཎྱེ་སིདྡྷི་ཧཱུཾ་ཧྲཱིཿནྲྀ་བྷྲཱུྃ་ཛཿ ཨོཾ༔ ནུབ་ཕྱོགས་པདྨ་འཁྱིལ་པའི་དཀྱིལ་འཁོར་ནས༔ བུདྡྷ་ཐོད་ཕྲེང་སྣང་མཛད་ཚེ་དཔག་མེད༔ ཡུམ་མཆོག་ཚེ་ཡི་ལྷ་མོ་དབྱིངས་ཕྱུག་མ༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་གཉན་པོ་བརྩེར་དགོངས་ལ༔ བཞེངས་ཤིག་ཆོས་དབྱིངས་ཡེ་ཤེས་དབྱིངས་ནས་བཞེངས༔ བསྐུལ་ལོ་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ སྐུ་ཡི་སྤྲུལ་པས་སོགས། ཟག་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་སྩོལ༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ཨཱཿཡུརྫྙ་ན་མཧཱ་པུཎྱེ་སིདྡྷི་ཧཱུཾ་ཧྲཱིཿནྲྀ་བྷྲཱུྃ་ཛཿ ཨཱཿ བྱང་ཕྱོགས་རྒྱ་གྲམ་འཁྱིལ་བའི་དཀྱིལ་འཁོར་ནས༔ ཀརྨ་ཐོད་ཕྲེང་དོན་གྲུབ་ཚེ་དཔག་མེད༔ ཡུམ་མཆོག་ཚེ་ཡི་ལྷ་མོ་དམ་ཚིག་སྒྲོལ༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་གཉན་པོ་བརྩེར་དགོངས་ལ༔ བཞེངས་ཤིག་བྱ་གྲུབ་ཡེ་ཤེས་དབྱིངས་ནས་བཞེངས༔ བསྐུལ་ལོ་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ སྐུ་ཡི་སྤྲུལ་པས་སོགས། ཟག་མེད་འཇའ་ལུས་རྡོ་རྗེའི་ཚེ་དབང་ [20a] སྩོལ༔ ཨོཾ་ཨཱཿཧཱུཾ༔ བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་ཨཱཿཡུརྫྙ་ན་མཧཱ་པུཎྱེ་སིདྡྷི་ཧཱུཾ་ཧྲཱིཿནྲྀ་བྷྲཱུྃ་ཛཿ འདོད་ཡོན་དྲུག་གི་ལྷ་མོ་བསྐུལ་བ་ནི༔ ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཕྱག་རྒྱ་ཡིས༔ ཀུན་ཏུ་དགྱེས་པ་བསྐྱེད་མཛད་རྒྱལ་ཀུན་ཡུམ༔ སེར་སྣ་རྣམ་དག་སྦྱིན་པའི་རང་བཞིན་མ༔ རྡོ་རྗེ་གཟུགས་ཀྱི་ལྷ་མོ་སྐུར་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ གཟུགས་ཁམས་ཚེ་སྲོག་ཆད་ཉམས་ཡར་བ་ཁུག༔ སྣང་སྲིད་གཟུགས་ཀྱི་ཚེ་བཅུད་དྭངས་མ་བསྡུས༔ བཀྲ་ཤིས་འཆི་མེད་ཚེ་ཡི་བུམ་པར་བསྐྱིལ༔ རྒས་མེད་ལང་ཚོ་རྒྱས་པའི་ཚེ་དབང་སྩོལ༔ ཨོཾ་བཛྲ་རཱུ་པ་ཨཱཿཡུ་སིདྡྷི་ཧཱུྃ་ཛཿ ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཕྱག་རྒྱ་ཡིས༔ ཀུན་ཏུ་དགྱེས་པ་བསྐྱེད་མཛད་རྒྱལ་ཀུན་ཡུམ༔ འཆལ་དྲི་རྣམ་དག་ཚུལ་ཁྲིམས་རང་བཞིན་མ༔ རྡོ་རྗེ་སྒྲ་ཡི་ལྷ་མོ་སྐུར་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ སྒྲ་ཁམས་ཚེ་སྲོག་ཆད་ཉམས་ཡར་བ་ཁུག༔ སྣང་སྲིད་སྒྲ་ཡི་ཚེ་བཅུད་དྭངས་མ་བསྡུས༔ བཀྲ་ཤིས་འཆི་མེད་ཚེ་ཡི་བུམ་པར་བསྐྱིལ༔ འགག་མེད་ཚངས་དབྱངས་གསུང་གི་ཚེ་དབང་སྩོལ༔ ཨོཾ་བཛྲ་ཤཔྡ་ཨཱཿཡུ་སིདྡྷི་ཧཱུྃ་ཛཿ ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཕྱག་རྒྱ་ཡིས༔ ཀུན་ཏུ་ [20b] དགྱེས་པ་བསྐྱེད་མཛད་རྒྱལ་ཀུན་ཡུམ༔ ཁོང་ཁྲོ་རྣམ་དག་བཟོད་པའི་རང་བཞིན་མ༔ རྡོ་རྗེ་དྲི་ཡི་ལྷ་མོ་སྐུ་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ དྲི་ཁམས་ཚེ་སྲོག་ཆད་ཉམས་ཡར་བ་ཁུག༔ སྣང་སྲིད་དྲི་ཡི་ཚེ་བཅུད་དྭངས་མ་བསྡུས༔ བཀྲ་ཤིས་འཆི་མེད་ཚེ་ཡི་བུམ་པར་བསྐྱིལ༔ ཚུལ་ཁྲིམས་དྲི་བཟང་ལྡན་པའི་ཚེ་དབང་སྩོལ༔ ཨོཾ་བཛྲ་གྷནྡྷེ་ཨཱཿཡུ་སིདྡྷི་ཧཱུྃ་ཛཿ ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཕྱག་རྒྱ་ཡིས༔ ཀུན་ཏུ་དགྱེས་པ་བསྐྱེད་མཛད་རྒྱལ་ཀུན་ཡུམ༔ ལེ་ལོ་རྣམ་དག་བརྩོན་འགྲུས་རང་བཞིན་མ༔ རྡོ་རྗེ་རོ་ཡི་ལྷ་མོ་སྐུར་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ རོ་ཁམས་ཚེ་སྲོག་ཆད་ཉམས་ཡར་བ་ཁུག༔ སྣང་སྲིད་རོ་ཡི་ཚེ་བཅུད་དྭངས་མ་བསྡུས༔ བཀྲ་ཤིས་འཆི་མེད་ཚེ་ཡི་བུམ་པར་བསྐྱིལ༔ ཏིང་འཛིན་རོ་མཆོག་རྒྱས་པའི་ཚེ་དབང་སྩོལ༔ ཨོཾ་བཛྲ་རཱ་ས་ཨཱཿཡུ་སིདྡྷི་ཧཱུྃ་ཛཿ ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཕྱག་རྒྱ་ཡིས༔ ཀུན་ཏུ་དགྱེས་པ་བསྐྱེད་མཛད་རྒྱལ་ཀུན་ཡུམ༔ རྣམ་གཡེང་རྣམ་དག་བསམ་གཏན་རང་བཞིན་མ༔ རྡོ་རྗེ་རེག་བྱའི་ལྷ་མོ་སྐུར་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ རེག་ཁམས་ཚེ་སྲོག་ཆད་ཉམས་ཡར་བ་ཁུག༔ སྣང་སྲིད་ [21a] རེག་བྱའི་ཚེ་བཅུད་དྭངས་མ་བསྡུས༔ བཀྲ་ཤིས་འཆི་མེད་ཚེ་ཡི་བུམ་པར་བསྐྱིལ༔ ཟག་མེད་བདེ་ཆེན་རྒྱས་པའི་ཚེ་དབང་སྩོལ༔ ཨོཾ་བཛྲ་སྤརྴེ་ཨཱཿཡུ་སིདྡྷི་ཧཱུྃ་ཛཿ ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཕྱག་རྒྱ་ཡིས༔ ཀུན་ཏུ་དགྱེས་པ་བསྐྱེད་མཛད་རྒྱལ་ཀུན་ཡུམ༔ འཆལ་རྟོག་རྣམ་དག་ཤེས་རབ་རང་བཞིན་མ༔ རྡོ་རྗེ་ཆོས་ཀྱི་ལྷ་མོ་སྐུར་བཞེངས་ཤིག༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ ཆོས་ཁམས་ཚེ་སྲོག་ཆད་ཉམས་ཡར་བ་ཁུག༔ སྣང་སྲིད་ཆོས་ཀྱི་ཚེ་བཅུད་དྭངས་མ་བསྡུས༔ བཀྲ་ཤིས་འཆི་མེད་ཚེ་ཡི་བུམ་པར་བསྐྱིལ༔ འཕོ་མེད་ཆོས་དབྱིངས་རྣམ་དག་ཚེ་དབང་སྩོལ༔ ཨོཾ་བཛྲ་དྷརྨ་དྷཱ་ཏུ་ཨཱཿཡུརྫྙཱ་སིདྡྷི་ཧཱུྃ་ཛཿ ཧྲཱིཿ ཞེས་བརྗོད། ཚེ་བཅུད་རྟེན་ལ་དབྱེར་མེད་བསྟིམ༔ སྒེག་སོགས་བཀྲ་ཤིས་མཆོད་པའི་ལྷ་མོ་བརྒྱད༔ རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ་བ་ནི༔ ཧྲཱིཿ དཀྱིལ་འཁོར་ཤར་ཕྱོགས་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་ལཱ་སྱ་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་དཔལ་བེའུ་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ དྲི་ཟའི་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་ [21b] མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་ལྷོ་ཕྱོགས་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་མཱ་ལེ་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་གསེར་ཉ་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ གཤིན་རྗེའི་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་ནུབ་ཕྱོགས་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་གཱི་རྟཱི་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་པདྨ་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ ཀླུ་དབང་ལག་ནས་དངོས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་བྱང་ཕྱོགས་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་གཱི་རྟི་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་འཁོར་ལོ་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ [22a] ཉམས་པ་རྣམས༔ གནོད་སྦྱིན་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་ཤར་ལྷོ་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་པུཥྤེ་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་གདུགས་བཟང་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ མེ་ལྷའི་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་ལྷོ་ནུབ་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་དྷུ་པེ་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་དུང་དཀར་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ སྲིན་པོའི་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་ནུབ་བྱང་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་ཨཱ་ལོ་ཀེ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་ [22b] བུམ་བཟང་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ རླུང་ལྷའི་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ དཀྱིལ་འཁོར་བྱང་ཤར་པདྨའི་འདབ་མ་ནས༔ ཐོགས་མེད་ཚེ་ཡི་མགྱོགས་མ་གྷནྡྷེ་མ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ བཀྲ་ཤིས་རྒྱལ་མཚན་འབར་བའི་ཕྱག་རྒྱ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ དབང་ལྡན་ལག་ནས་དྲོངས་ཤིག་ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ཅིག་ཏིཥྛ་བྷྲཱུྃ༔ ཧྲཱིཿ བཀྲ་ཤིས་ཚེ་ཡི་མགྱོགས་མ་རྣམ་བརྒྱད་ཀྱི༔ ཡང་སྤྲུལ་ཕོ་ཉ་ནམ་མཁའི་མཐར་ཁྱབ་པ༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ ཕྱག་མཚན་འོད་ཟེར་འབར་བའི་ལྕགས་ཀྱུ་ཡིས༔ འཁོར་འདས་སྣོད་བཅུད་ཚེ་བསོད་དཔལ་འབྱོར་བསྡུས༔ སྡེ་བརྒྱད་འབྱུང་པོས་བརྐུས་འཕྲོག་ཉམས་པ་རྣམས༔ ཚངས་པ་ཉི་ཟླས་བདག་ལ་སོགས་པའི༔ གདོན་ཚོགས་ལ་གནས་དྲོངས་ཤིག་ ཨཱཿཡུཿཛཿ ཚེ་ཡི་བུམ་པར་སྟིམས་ཤིག་གརྦྷ་ནྲྀ༔ འགྱུར་མེད་ཕྱག་རྒྱས་ཐོབ་ [23a] ཅིག་ཏིཥྛ་བྷྲཱུྃ༔ ཤྲའི་མངྒ་ལ་ཨཱཿཡུ་བིནྡྷཱུ་པུཎྱེ་རཏྣ་སརྦ་སིདྡྷི་བསྡུས་བསྡུས་ནྲྀ་བྷྲཱུྃ་ཧྲཱིཿཛཿ རཀྵ་རཀྵ་ཏིཥྛ་བྷྲཱུྃ་ཧཱུྃ༔ ཚེ་བཅུད་དབང་དུ་བསྡུ་ཞིང་བརྟན་པའི་སྔགས༔ མང་དུ་བཟླ་ཞིང་སྒོ་སྲུང་ཡབ་ཡུམ་རྣམས༔ གནད་ནས་བསྐུལ་བའི་རིམ་པ་འདི་ལྟ་སྟེ༔ ཛཿ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་ནས༔ རྣམ་ཐར་སྒོ་བཞི་སྐྱོང་མཛད་པ༔ ཚད་མེད་བཞི་ཡི་ངོ་བོ་ཉིད༔ སྒོ་མ་ཡབ་ཡུམ་སྐུ་བཞེངས་ཤིག༔ རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་བུའི་འཕྲོ་འདུ་ཡིས༔ གླིང་བཞིའི་ཚེ་དཔལ་མངའ་ཐང་བསྡུས༔ བླ་ཚེ་སྲོག་དབུགས་རྟེན་ལ་བསྟིམས༔ བདུད་བཞིའི་ལ་གནས་ཚེ་ཁུག་ལ༔ སྐུ་བཞིའི་དབྱིངས་སུ་རྒྱས་ཐོབ་ཅིག༔ སྲོག་ལུས་དབང་ཐང་རླུང་རྟ་སྤེལ༔ རྡོ་རྗེའི་ཚེ་དབང་བརྟན་པར་མཛོད༔ ཛཿཧཱུྃ་བྃ་ཧོཿ བཛྲ་ཨཱཿཡུཿཥེ་སིདྡྷི་ཛཿཛཿ ཧྲཱིཿ གཞན་ཡང་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་འདིར༔ སྨོན་ལམ་རྫུ་འཕྲུལ་མཐུ་ཡིས་འཁོད་པ་ཡི༔ བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་༔ དམ་ཅན་གཏེར་བདག་རིག་འཛིན་གྲུབ་པའི་ཚོགས༔ རྡོ་རྗེའི་ཚེ་ལ་དབང་བའི་ལྷ་ཚོགས་རྣམས༔ བཞེངས་ཤིག་རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ སྡུས་ཤིག་བརྟན་གཡོའི་དྭངས་བཅུད་དབང་དུ་བསྡུས༔ སྟིམས་ཤིག་རྡོ་རྗེ་ཕུང་པོའི་ཀློང་དུ་བསྟིམས༔ ཉི་ཟླ་དཔལ་ལྟར་གསལ་བའི་ཚེ་ཁུག་ཅིག༔ རྒྱ་མཚོའི་ [23b] གཏིང་བཞིན་ཟབ་པའི་ཚེ་ཁུག་ཅིག༔ རྡོ་རྗེའི་ཆོས་ལྟར་བརྟན་པའི་ཚེ་ཁུག་ཅིག༔ ནམ་མཁའི་ཁམས་ལྟར་ཁྱབ་པའི་ཚེ་ཁུག་ཅིག༔ ཆུ་བོའི་རྒྱུན་ལྟར་རིང་བའི་ཚེ་ཁུག་ཅིག༔ ལྷུན་པོའི་སྤོ་ལྟར་བརྗིད་པའི་ཚེ་ཁུག་ཅིག༔ སྐྱེ་འཆི་བསྒྲེས་རྒུད་བྲལ་བའི་ཚེ་ཁུག་ཅིག༔ ལྷུན་གྲུབ་འགྱུར་བ་མེད་པའི་ཚེ་ཁུག་ཅིག༔ འཇའ་ལུས་འཕོ་བ་ཆེན་པོའི་ཚེ་ཁུག་ཅིག༔ དོན་གཉིས་མཐའ་རུ་ཕྱིན་པའི་ཚེ་ཁུག་ཅིག༔ དཀྱིལ་འཁོར་འདི་ལ་བཀྲག་མདངས་གཟི་བརྗིད་སྤེལ༔ སྒྲུབ་པའི་རྫས་ལ་ཚེ་བཅུད་ཞག་ཏུ་བསྐྱིལ༔ རྣལ་འབྱོར་བདག་ལ་འཆི་མེད་ཚེ་དབང་སྩོལ༔ ཚེ་ཁུག་བྱིན་ཕོབ་རྟགས་དང་མཚན་མ་སྟོན༔ སརྦ་མཎྜལ་ཨཱཿཡཿསུདྡྷི་བཛྲ་ས་མ་ཡ་ཚེ་བྷྲཱུྃ༔ གཡུ་ བྷྲཱུྃ༔ བིནྡྷཱུ་བྷྲཱུྃ༔ ནྲྀ་བྷྲཱུྃ༔ ཨཱ་བྷྲཱུྃ༔ ཧྲཱིཿབྷྲཱུྃ༔ ཛཿཧཱུྃ་བྃ་ཧོཿ དེ་ལྟར་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རྡོ་རྗེ་ཚེ་ཡི་ལས་ལ་བསྐུལ༔ དམིགས་པའི་འཕྲོ་འདུ་རྩེ་གཅིག་པས༔ ཚེ་བཅུད་དྭངས་མ་ཁས་ལེན་རྡོས༔ ལྕགས་ཕྱེ་བསྡུས་པ་ཇི་བཞིན་དུ༔ སྙིང་དབུས་བླ་ཚེ་སྲོག་དབུགས་ཀྱི༔ རྟེན་ལ་འུབ་ཀྱིས་འདུས་པར་བསྒོམ༔ བུམ་ཅན་སྦྱོར་བའི་རླུང་ཤུགས་ཀྱིས༔ ཐབས་ཤེས་ཉི་ཟླའི་གའུ་བསྡམས༔ དེ་ལས་དཀར་དམར་ཟེར་འཕྲོས་པ༔ སྣ་ཚོགས་རྡོ་རྗེ་ལ་ཕོག་པས༔ པདྨའི་འདབ་མ་ཟུམ་པ་ལྟར༔ རྭ་རྣམས་སྟེང་དུ་མདུད་པ་ཡིས༔ ཉི་ཟླ་ཞུ་ལུབ་གཡོགས་པར་བསམ༔ དེ་ཕྱིར་བོད་ལྔའི་དྭངས་མ་ཡིས༔ བར་མཚམས་མེད་པར་བཀླུབས་པའི་སྟེང་༔ པདྨ་རཱ་ག་ལས་གྲུབ་པའི་༔ རྡོ་རྗེ་རཱ་གདེངས་རྩེ་ལྔ་པ༔ [24a] མེ་ཡི་ཚྭ་ཚྭ་འཕྲོ་བ་ནི༔ ཚོན་གང་འབར་བས་རྒྱས་བཏབ་པས༔ འཕོ་འགྱུར་མཚན་མས་མི་ཤིགས་པ༔ རྡོ་རྗེའི་ཆོས་སུ་བརྟན་པར་བསམ༔ ཨ༔ མཁའ་ཁྱབ་ཡེ་ཤེས་ཆེན་པོའི་འོད་ཟེར་སྤྲིན༔ སྤྲོས་པས་འཁོར་འདས་ཀུན་ཁྱབ་ཚེ་ཡི་བཅུད༔ དྭངས་མ་མི་ཤིགས་འཁྱིལ་བའི་ཐིག་ལེར་བསྡུས༔ ཟུང་འཇུག་འདུ་འབྲལ་མེད་པའི་དབྱིངས་སུ་བསྟིམས༔ འོད་གསལ་ཀློང་ཡངས་ཆེན་པོར་རྒྱས་བཏབ་པས༔ གཞོམ་གཞིག་བྲལ་བའི་རྡོ་རྗེའི་ཚེ་ཐོབ་ཤོག༔ དྷརྨ་དྷཱ་ཏུ་མུ་ཛྙཱན་བཛྲ་ཏིཥྛ་རཀྵ་རཀྵ་ཧཾཿ ཞེས་བརྗོད་སྣ་ཚོགས་སྣང་བའི་ཆོས༔ གང་སྣང་བདེན་ཞེན་འཛིན་བྲལ་བ༔ རེ་དོགས་སྐྱོན་གྱིས་མ་བསླད་པར༔ ཡེ་གྲོལ་ཕྱམ་བརྡལ་ངང་དུ་ཀློད༔ འདུ་འབྲལ་མེད་པའི་གདེང་ཐོབ་ན༔ ཚེ་བཅུད་འགྱུར་མེད་ཕྱག་རྒྱས་ཐེབས༔ འཆི་མེད་རྡོ་རྗེའི་གོ་འཕང་འགྲུབ༔ འཁོར་འདས་ཚེ་ལ་དབང་བསྒྱུར་བའི༔ ཐབས་ཚུལ་བླ་ན་མེད་པའོ༔ ས་མ་ཡ༔ 繁体字 གསུམ་བརྗེས་ཀྱི་རིམ་པ་ནི༔ བསོད་ནམས་ཐབས་ཆེན་ཟབ་མོ་ཡིས༔ ཤེས་རབ་ཡེ་ཤེས་ཚེ་སྤེལ་བའི༔ ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་༔ དམ་ཚིག་རྫས་ཀྱི་བྱེ་བྲག་ནི༔ བཟའ་བཅའ་བཏུང་བར་འོས་པའི་རིགས༔ དག་ཅིང་དྲི་མེད་ཡིད་འོང་བ༔ གང་དག་ཇི་སྙེད་ཚོགས་པ་ཀུན༔ འདུ་བྱས་རྣལ་འབྱོར་ལྡན་པས་འཁོར༔ རྃ་ཡྃ་ཁྃ༔ བདག་ཉིད་དབང་ཆེན་ཧེ་རུ་ཀ༔ རྡོ་རྗེ་འབར་བའི་ཏིང་འཛིན་གྱི༔ ཐུགས་ལས་ཡེ༵་ཤེས་མེ་རླུང་ཆུའི༔ ཚིག་རྐང་ཕྱེད་དང་འབྲུ་གཉིས་པོ་འདི་ཤོག་སེར་ལ་མེད་ཀྱང་བརྡ་འགྲོལ་སྐབས་ཀྱི་འཁྲུལ་སྣང་ལས་བྱུང་བཞིན་བཀོད་པའོ། ། ཡི་གེ༵་རྃ་ཡྃ་ཁྃ་ [24b] གསུམ་འཕྲོས༔ འབར་ཞིང་འཁྲུགས་པའི་འོད་ཟེར་གྱིས༔ ཚོགས་སུ་འཛིན་པའི་རྟོག་ཚོགས་ཀུན༔ བསྲེག་གཏོར་བཀྲུས་ནས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་རླུང་མེ་དང་༔ ཐོད་པའི་སྒྱེད་བུ་ལ་གནས་པའི༔ ཕྱི་སྣོད་ཚོགས་གཞོང་བྷནྡྷ་ནི༔ རབ་ཏུ་ཡངས་ཤིང་རྒྱ་ཆེའི་ནང་༔ ནང་བཅུད་ཚོགས་རྫས་འདོད་ཡོན་ལྔའི༔ འོད་ཟེར་སྤྲིན་ཕུང་འཁྲིགས་པའི་གཏེར༔ ལོངས་སྤྱོད་ནམ་མཁའི་མཛོད་ཆེན་པོ༔ སྣང་སྲིད་ཡེ་ཤེས་རོལ་པའི་རྒྱན༔ འཆི་མེད་བདུད་རྩིའི་རང་བཞིན་གྱུར༔ ཨོཾ་ཨཱཿཧཱུྃ་དང་ ཧ་ཧོ་ཧྲཱིཿས༔ ཡེ་ཤེས་བདུད་རྩིའི་ཕུང་པོར་སྤེལ༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་ནི༔ ཧྲཱིཿ ངོ་བོ་ཀ་དག་འོད་གསལ་འདུས་མ་བྱས༔ ཀུན་ཁྱབ་བསམ་བརྗོད་བྲལ་པའི་ཞིང་ཁམས་ནས༔ རང་མདངས་མ་འདྲེས་ཆོས་སྐུ་འོད་མི་འགྱུར༔ ཡེ་ཤེས་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ རང་བཞིན་ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས༔ ཡེ་ཤེས་སྣང་བ་གོང་འཕེལ་ཞིང་ཁམས་ནས༔ རིགས་ལྔ་ལོངས་སྤྱོད་ཡོངས་སུ་རྫོགས་པའི་ལྷ༔ ཡེ་ཤེས་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཐུགས་རྗེ་འགགས་མེད་ཅིར་ཡང་འཆར་བའི་སྤྲིན༔ གང་འདུལ་དེར་སྟོན་རོལ་པའི་ཞིང་ཁམས་ནས༔ འཆི་མེད་རིགས་འཛིན་སྤྲུལ་སྐུ་པདྨ་འབྱུང་༔ ཡེ་ཤེས་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཕྱོགས་ [25a] བཅུ་མུ་མེད་མཐའ་ཡས་རྒྱལ་བའི་ཞིང་༔ སྣང་སྲིད་དག་པར་རབ་འབྱམས་དཀྱིལ་འཁོར་ནས༔ རྩ་གསུམ་ཚེ་ལྷ་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ ཡེ་ཤེས་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ གཞན་ཡང་རྡོ་རྗེའི་ཚེ་དང་ཡེ་ཤེས་ལ༔ དབང་བའི་ལྷ་དང་དྲང་སྲོང་རིག་པ་འཛིན༔ བཀའ་སྲུང་གཏེར་བདག་ཕོ་ཉ་ལས་མཁན་སོགས༔ མ་ལུས་འཁོར་དང་བཅས་པའི་ཚོགས་ཐམས་ཅད༔ ཡེ་ཤེས་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཉམས་དགའ་ཚེ་ཡི་ཕོ་བྲང་བཀྲག་མདངས་འབར༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་རོ་བཅུད་ཆེ༔ རིག་འཛིན་འདུས་པའི་ཚོམ་བུ་དམ་ཚིག་གཙང་༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུལུ༔ སྣང་གསལ་མར་མེའི་གཟི་མདངས་ཏ་ལ་ལ༔ རབ་མཛེས་མེ་ཏོག་ཕྲེང་བ་སྤུངས་སེ་སྤུང་༔ ཡིད་འོང་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རྡོ་རྗེ་ཚོགས་ཀྱི་འཁོར་ལོའི་འདུ་བ་རུ༔ བཟའ་དང་བཅའ་བའི་རྣལ་འབྱོར་དག་པའི་ཕྱིར༔ སྦྱོར་དང་སྒྲོལ་བའི་བརྟུལ་བཞུགས་ཆེན་པོའི་གར༔ རྡོ་རྗེའི་གླུ་དང་བཅས་ཏེ་གཤེགས་སུ་གསོལ༔ ཨོཾ་གུ་རུ་ཨཱཿཡུརྫྙཱ་ན་མཧཱ་ག་ཎ་ཙཀྲ་ས་མ་ཡ་ཨེ་ཨ་རྀ་ལླྀ་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛཿཛཿ འཆི་མེད་རྒྱལ་བའི་དཀྱིལ་འཁོར་པ༔ ནམ་མཁའ་གང་བར་སྤྱན་དྲངས་ཏེ༔ ཐུན་མོང་ཕྱི་མཆོད་སྔོན་འགྲོ་བས༔ དང་པོ་ཚོགས་ཀྱི་མཆོད་པ་སྟོབ༔ ཨ་མྲྀ་ཏ་ཡི་རྒྱུན་སྤྲེང་ཞིང་༔ [25b] ཨོཾ་ཨཱཿཧཱུཾཿ སྐུ་གསུམ་བླ་མ་རིག་འཛིན་ཚེ་དཔག་མེད༔ མཁའ་ཁྱབ་ཡེ་ཤེས་རོལ་པའི་དཀྱིལ་འཁོར་པར༔ རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལོངས་སྤྱོད་རྒྱ་མཚོའི་སྤྲིན་སྤྲོ་བའི༔ སོ་སོའི་ལྷ་མོ་སྒེག་བའི་གླུ་གར་བཅས༔ འཆི་མེད་བདུད་རྩིར་འཁྱིལ་བའི་དགྱེས་མཆོད་འབུལ༔ འཇའ་ལུས་རྡོ་རྗེའི་ཚེ་དང་ཡེ་ཤེས་སྩོལ༔ མཧཱ་ཨ་མྲྀ་ཏ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཁཱ་ཧི༔ བར་པས་ཉམས་ཆག་བཤགས་པ་ནི༔ ཨཱཿ ཚེ་རབས་བསྐལ་པ་སྔོན་ནས་ད་ཡི་བར༔ མ་རིག་སྒྲིབ་པའི་སྒོ་གསུམ་ལས་དབང་གིས༔ ཐུན་མོང་ཁྱད་པར་ལྷག་པའི་དམ་ཚིག་དང་༔ འགལ་ཞིང་ནོངས་པར་གྱུར་པ་ཅི་མཆིས་པ༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་སྤྱན་སྔ་རུ༔ འགྱོད་པས་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ སྒྲིབ་བྲལ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཚུལ་བཞིའི་མན་ངག་དང་ལྡན་པའི༔ རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླ༔ ཐ་མ་བསྒྲལ་བའི་རིམ་པ་ནི༔ པདྨ་མཧཱ་ཀྲོ་དྷ་ཤྲཱི་ཀོ྅་ཧཾ༔ བདག་ཉིད་དཔལ་ཆེན་རྟ་མཆོག་རྒྱལ༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེ༔ ཁྲོ་གཏུམ་རབ་འབར་འཇིགས་པའི་སྐུ༔ ཁམས་གསུམ་ཟ་བྱེད་ཆེན་པོ་རུ༔ གསལ་བའི་མདུན་དུ་སྣང་སྲིད་ཀུན༔ དྲག་པོ་ཨེ་ཡི་བཙོན་ཁང་ནི༔ གཏིང་ཟབ་ཁྲག་མཚོ་མུན་པའི་ཀློང་༔ མེ་རླུང་ཐོག་སེར་མཚོན་ཆ་དང་༔ ལས་ [26a] བྱེད་ཕོ་ཉ་འཁྲུགས་པའི་ནང་༔ ནྲྀ་དང་ཏྀ་ལས་ཉམས་པའི་གཟུགས༔ ཚེ་བདུད་བླ་གཤེད་སྲོག་གི་བདག༔ སྐྱབས་བྲལ་ངུ་འདར་ཕྲི་ལེ་བ༔ རིད་ཅིང་སྐེམ་པའི་རྣམ་པར་གསལ༔ དགྲ་བགེགས་འདུས་པའི་ཕུང་པོར་གྱུར༔ བདེན་པའི་སྟོབས་ཀྱིས་འགུགས་པ་ནི༔ ན་མོཿ སྐུ་གསུམ་རིག་འཛིན་བླ་མ་དང་༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་དང་༔ རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི༔ བདེན་པ་ཆེན་པོའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་པར་དག་པའི་དབྱིངས༔ རྟེན་འབྲེལ་བསླུ་བ་མེད་པའི་སྟོབས༔ ལྷ་སྔགས་ཏིང་འཛིན་ཟབ་མོའི་མཐུས༔ འཆི་མེད་བྱང་ཆུབ་སྒྲུབ་པ་ལ༔ བར་དུ་གཅོད་པའི་དགྲ་དང་བགེགས༔ རང་དབང་མེད་པར་འདིར་ཁུག་ཅིག༔ རྣམ་ཤེས་རྟེན་དང་དབྱེར་མེད་གྱུར༔ ཧུ་ལུ་ཧུ་ལུ་ནྲི་ཏྲི་བཛྲ་ཛཿཧཱུྃ་བྃ་ཧོཿ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ འགུགས་བྱེད་ཕོ་ཉ་གྲངས་མེད་སྤྲོས༔ ཚེ་བདུད་འབྱུང་པོ་སྡེ་དཔུང་བཅས༔ གུམ་གུམ་ཆུམ་ཆུམ་ཀུག་པར་བསམ༔ ཧྲཱིཿཛཿ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ འགུགས་བྱེད་ཆེན་མོ་ལྕགས་ཀྱུ་དཀར་མོའི་ཚོགས༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ ཧྲཱིཿཧཱུྃ༔ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ [26b] འཆིངས་བྱེད་ཆེན་མོ་ཞགས་པ་སེར་མོའི་ཚོགས༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ མགུལ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ ཧྲཱིཿབྃཿ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ སྡོམ་བྱེད་ཆེན་མོ་ལྕགས་སྒྲོག་དམར་མོའི་ཚོགས༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བྃ༔ ཧྲཱིཿཧོཿ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ མྱོས་བྱེད་ཆེན་མོ་དྲིལ་བུ་ལྗང་མོའི་ཚོགས༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ མྱོས་སུ་ཆུགས་ཤིག་བཛྲ་གནྜེ་ཧོཿ ཧྲཱི་ཕཊ༔ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ དབྱེ་བྱེད་ཁྭ་ཁྭ་ཨུ་ལུ་མུ་ཁ་མ༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་འདི༔ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊ༔ ཧྲཱིཿ ཛཿ དཔལ་གྱི་བཀའ་སྡོད་གཏུམ་རྔམས་འཇིགས་པའི་གཟུགས༔ འབེབས་བྱེད་ཆེན་མོ་རྡོ་རྗེ་འབེབས་པ་མོ༔ རིངས་པར་རྒྱུགས་ལ་དམ་ཉམས་དགྲ་བགེགས་རྣམས༔ གཟུགས་ཕུང་རྟེན་ལ་ཕོབ་ཅིག་ཨཱ་བེ་ཤ༔ པདྨ་མཧཱ་ཀྲོདྷ་བཛྲ་ཨདྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃཿ བཛྲ་སྥོ་ཊ་བྃ༔ བཛྲ་གནྜེ་ཧོཿ དེ་བ་ཤག་ཕྱེས༔ ནྲྀ་ཏྲི་གརྦྷ་ཨཱ་བེ་ཤ་ཡ་ཨཿཧཱུྃ་ཕཊ༔ ཅེས་བརྗོད་འགུགས་འཆིངས་ [27a] སྡོམ་མྱོས་བྱ༔ དབྱེ་འབེབས་ལྡོག་མེད་རྒྱས་བཏབ་ནས༔ བརྟེན་པ་དབྱིངས་སུ་སྤར་བ་དང་༔ རྟེན་གཞིའི་ཕུང་པོ་སྒྲོལ་བ་ནི༔ དཔལ་གྱི་སྙེམས་པས་ཕུར་བུབ་སྒྲིལ༔ རྡོ་རྗེའི་རྟ་སྐད་རྔམས་པའི་སྒྲས༔ ཧྲཱིཿཧྲཱིཿ ཧྲཱིཿ རང་བྱུང་ལྷུན་གྲུབ་ཆོས་ཀྱི་དབྱིངས༔ དབང་ཆེན་རོལ་པའི་དུར་ཁྲོད་དུ༔ ཤིན་ཏུ་རྔམས་པའི་སྐུར་བཞེངས་པ༔ དབང་དྲག་འབར་བའི་འཕྲིན་ལས་མཛོད༔ ཧྲཱིཿ ང་ནི་པདྨ་དབང་གི་སྐུ༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཚེ༔ ཚེ་བདུད་འབྱུང་པོ་ཀུན་གྱི་གཤེད༔ ཁམས་གསུམ་གདུག་པ་འདུལ་བའི་དགྲ༔ མ་ལུས་ཀུན་གྱི་བགེགས་ཆེན་པོ༔ སྲིད་པ་གསུམ་ཡང་ཟས་སུ་ཟ༔ རྡོ་རྗེའི་རྟ་སྐད་འབྲུག་ལྟར་ལྡིར༔ ཕོ་ཉ་ལས་བྱེད་གློག་ལྟར་འཁྱུག༔ ཁྲོ་ཆུང་མཚོན་ཆ་སེར་ལྟར་འབེབས༔ གཏུམ་རྔམས་གཟི་བརྗིད་མེ་ལྟར་འབར༔ ལག་གཉིས་ཁྲག་འཐུང་ཡབ་ཡུམ་བཅུ༔ སྦྱོར་བའི་བྱང་སེམས་ཧཱུྃ་གི་སྤྲིན༔ པདྨ་ཀཱི་ལ་འབར་བའི་དཔལ༔ ལས་བྱུང་འོད་ཀྱིས་རྣམ་སྨིན་སྦྱངས༔ བདེ་བ་ཆེན་པོའི་ངང་དུ་བརྒྱལ༔ སྥ་ར་ན་ཕཊཿ ཚེ་བསོད་དྭངས་མ་ནྲྀ་ལྗང་གུ༔ བདག་ཐིམ་འཆི་མེད་ནུས་སྟོབས་འབར༔ ནྲྀཿསཾ་ཧ་ར་ཎ་ཧཱུྃ༔ རྣམ་ཤེས་སོར་རྟོག་ཡེ་ཤེས་དབྱིངས༔ ཆགས་པ་ཆེན་པོའི་ཀློང་དུ་ཨཿ དུག་གསུམ་ལས་ཉོན་བག་ཆགས་ཀུན༔ མཉམ་པ་ཉིད་ཀྱི་མཁའ་རུ་སྦྱོར༔ [27b] གཟུགས་ཕུང་བསྒྲལ་བའི་ཤ་རུས་ཁྲག༔ འབར་བ་ཆེན་པོའི་ཞལ་དུ་བསྟབ༔ སྐྱེ་འཆིའི་འཕོ་འགྱུར་རྡུལ་དུ་རློག༔ པདྨ་ཀྲོ་དྷ་ཀཱི་ལ་ཡ་སརྦ་བིགྷྣཱ་ན་མཱ་ར་ཡ་ཙིཏྟ་ཐུཾ་རིལ་རྦད་སོད་སརྦ་མཎྜལ་ཁ་ཁ་ཁཱ་ཧི་ཁཱ་ཧིཿཞེས་བརྗོད་འཁོར་གསུམ་རྟོག་པའི་ཆོས༔ ཅིར་མི་དགོངས་པ་ནམ་མཁའ་ཆེའི༔ ཐིག་ལེར་འཁྱིལ་བའི་གྲུབ་མཐའ་ཡིས༔ བསྒྲལ་མཐའ་བསྡུ་བ་ཟབ་པའི་གནད༔ ཚེ་དང་ཡེ་ཤེས་མཆོག་ཏུ་འཕེལ༔ ས་མ་ཡ༔ དེ་ནས་ཚོགས་ལ་གཞུང་བཞིན་རོལ༔ ལྷག་མ་བསྡུ་ཞིང་འདུ་འོས་ཀྱི༔ མགྲོན་རྣམས་གསང་བའི་བརྡ་ཡིས་འབོད༔ དམ་ཚིག་བདར་ཞིང་སྙན་གསན་དབབ༔ རྡོ་རྗེའི་འགྲོས་དཀྱིལ་འཁོར་བསྐོར༔ ཧྲཱིཿ ང་ནི་པདྨ་ཧེ་རུ་ཀ༔ འབར་བ་དབང་གི་རྒྱལ་པོ་ཡི༔ ཟླ་གམ་ཚེ་ཡི་དཀྱིལ་འཁོར་འདིའི༔ མུ་རན་ཁོར་ཡུག་ལ་གནས་པའི༔ མ་མོ་མཁའ་འགྲོ་ཕྲ་མེན་ཚོགས༔ འདིར་གཤེགས་ལྷག་མའི་དམ་ལ་འདུས༔ ལན་གཅིག་དམ་ལ་མི་འདུ་རྒྱུ༔ རྡོ་རྗེའི་གཡར་དམ་འབྲེལ་བའི་ཕྱིར༔ ཕུད་ཀྱིས་ལྷག་ཚོགས་མི་མཆོད་རྒྱུ༔ མཁའ་འགྲོ་ཀུན་གྱི་ཚོགས་རྗེའི་ཕྱིར༔ ལྷག་མས་ཁྱེད་རྣམས་མི་བརྔན་རྒྱུ༔ བཀའ་སྡོད་ལྷག་ལ་དགྱེས་བའི་ཕྱིར༔ ཞལ་ཆབ་གསང་ནན་མི་འབེབས་རྒྱུ༔ དམ་ཚིག་མནའ་ཆུས་བགགས་པའི་ཕྱིར༔ རྡོ་རྗེའི་འགྲོས་ཀྱིས་མི་བསྐོར་རྒྱུ༔ ཡེ་ཤེས་རྡོ་རྗེས་རྒྱས་བཏབ་ཕྱིར༔ གཙང་དམ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་ཡེ་ནས་གཅིག་པའི་ [28a] ཕྱིར༔ གསང་ཆེན་བླ་མེད་ཚོགས་ཁར་འདིར༔ སྔགས་ཀྱི་རྣལ་འབྱོར་བདག་ཅག་གིས༔ གདུང་དབྱངས་གླིང་བུའི་སྒྲས་འབོད་ཅིང༔ ཞིང་ཆེན་གཡབ་མོའི་བརྡས་བསྐུལ་ན༔ མ་ཐོགས་མྱུར་ཏུ་གཤེགས་སུ་གསོལ༔ སརྦ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཕེཾ་ཛཿཛཿ བྷྱོ༔ རྡོ་རྗེ་གསང་བའི་ལོངས་སྤྱོད་ལ༔ དབང་བའི་ལྷག་སྡུད་མཁའ་འགྲོ་ནི༔ ལ་ལ་མཛེས་འཛུམ་ཡིད་འོང་གཟུགས༔ ཤིན་ཏུ་ཞི་བའི་གཞོན་ཚུལ་ཅན༔ ལ་ལ་ཆགས་ཤིང་གདུང་བའི་ཉམས༔ གཞན་ཡིད་འགུགས་པའི་འཕྲུལ་མོ་ཆེ༔ ལ་ལ་སྒེག་ཅིང་རྒྱས་པའི་ཚུལ༔ འདོད་པའི་ཡོན་ཏན་ཆར་ལྟར་འབེབས༔ ལ་ལ་ཁྲོ་ཞིང་གཏུམ་པའི་གཟུགས༔ ཞིང་ཆེན་ཟ་ཞིང་ཁྲག་ཆེན་འཐུང་༔ ལ་ལ་སྐེམས་ཤིང་རིད་བའི་གཟུགས༔ མི་སྡུག་རལ་པ་ས་ལ་དྲུད༔ ལ་ལ་རྔམས་ཤིང་རིངས་བའི་ཚུལ༔ སྡེར་མོ་ལྕགས་ཀྱུ་མཁའ་ལ་གཟེངས༔ དེ་ལ་སོགས་ཏེ་ཕྲ་མེན་ཚོགས༔ རྣམ་འགྱུར་ཆ་ལུགས་མ་ངེས་པ༔ སྣ་ཚོགས་སྟོན་པའི་རྫུ་འཕྲུལ་ཅན༔ གནས་ཡུལ་དུར་ཁྲོད་ཀུན་ཉུལ་ཞིང་༔ བཀའ་གསང་གཉན་པོའི་དཀྱིལ་འཁོར་སྐྱོང་༔ དམ་ཉམས་རྣམས་ཀྱི་སྲོག་གི་གཤེད༔ དམ་ཚིག་ཅན་ལ་དངོས་གྲུབ་སྟེར༔ ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་༔ འཇིག་རྟེན་སྤྱོད་པའི་ཚུལ་ [28b] སྟོན་པ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ སྔོན་ཚེ་ཁས་བླངས་གཡར་དམ་བཞིན༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ སརྦ་དྷཱ་ཀི་ནཱི་ཡུཙྪིཥྚ་མཧཱ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿཞེས་བརྗོད་ལྷག་གཏོར་གནས་སུ་བསྐྱལ༔ སྐུ་གསུམ་ཚེ་ཡི་དཀྱིལ་འཁོར་བའི༔ ཐུགས་དམ་ཆེན་པོ་གནད་ནས་བསྐུལ༔ ཧྲཱིཿཧྲཱིཿ ངང་ཉིད་ཁྱབ་བརྡལ་ཆོས་དབྱིངས་ཆེན་པོ་ལས༔ འགགས་མེད་ལྷུན་གྲུབ་གཟུགས་སྐུའི་ཆོ་འཕྲུལ་རྩལ༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ཚེ་ཡི་ལྷ༔ རྣལ་འབྱོར་གདུང་བའི་ཤུགས་ཀྱིས་རྒྱུད་བསྐུལ་ན༔ ཐུགས་ཉིད་ཞི་བའི་མཁའ་ལས་མ་གཡོས་ཀྱང་༔ ཐབས་ཀྱི་རོལ་པ་གང་འདུལ་འཕྲིན་ལས་ཀྱིས༔ དུས་མིན་འཆི་བའི་འགལ་རྐྱེན་བར་ཆད་ཟློག༔ ཚེ་དང་ཡེ་ཤེས་འཕེལ་བའི་ལས་མཛོད་ཅིག༔ བཛྲ་མཧཱ་ས་ཡ་ཧཱུྃ་ཛཿབཀའ་ཡི་ཆད་ཐོབ་བསྒྲག་པ་ནི༔ ཧྲཱིཿ སྔོན་ཚེ་འོག་མིན་གསང་བ་མཆོག་གི་གནས༔ རང་སྣང་རྣམ་དག་བདེ་བ་ཆེན་པོའི་ཀློང༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་སུ༔ གདོད་མའི་མགོན་པོ་འོད་མི་འགྱུར་བ་ཡིས༔ ཉིད་ལས་མི་གཞན་རང་རྩལ་འཁོར་རྣམས་ལ༔ སྟོན་འཁོར་དགོངས་པ་དབྱེར་མེད་རྒྱུད་བསྟན་ཚེ༔ རིག་མདངས་རྡོ་རྗེའི་དམ་ལས་མི་འདའ་བའི༔ ཁྱབ་བརྡལ་ཡེ་ཤེས་རོལ་པའི་སྲུང་མ་ [29a] ཡིས༔ འཁོར་འདས་གཞི་རུ་དག་པར་མ་ཆད་དམ༔ གཞི་སྣང་དབྱིངས་སུ་བརྡལ་བར་མ་ཆད་དམ༔ དབྱིངས་ཉིད་མཐའ་བྲལ་མཉམ་པར་མ་ཆད་དམ༔ སྔོན་ཚེ་ཁས་བླངས་དམ་ལས་མ་གཡེལ་བར༔ སྣང་སྲིད་ཡོངས་གྲོལ་ཆེན་པོའི་མཆོད་གཏོར་བཞེས་༔ གཟུང་འཛིན་རྟོག་པའི་དམ་ཉམས་དགྲ་བགེགས་སྒྲོལ༔ འཕོ་མེད་རྡོ་རྗེའི་ཚེ་སྲོག་བརྟན་པར་མཛོད༔ དེ་འོག་ལྔ་ལྡན་ལྷུན་གྲུབ་ལོངས་སྐུའི་གནས༔ རྣམ་འཕྲུལ་བཀོད་པ་ཚད་མེད་སྣང་བའི་ཞིང༔ པདྨ་དབང་ཆེན་རོལ་པའི་དུར་ཁྲོད་དུ༔ རིགས་ལྔ་ཁྲག་འཐུང་རྟ་མཆོག་རྒྱལ་པོ་ཡིས༔ གསང་མཆོག་རིགས་ལྔ་མཁའ་འགྲོའི་ཚོགས་རྣམས་ལ༔ རྡོ་རྗེ་ཚེ་ཡི་ཏནྟྲ་བསྟན་པའི་ཚེ༔ འདུས་པ་ཆེན་པོ་འབུམ་ཕྲག་ཡངས་བའི་ཚོགས༔ རི་རྡུལ་གྲངས་སྙེད་མ་མོ་དྷཱ་ཀི་ནཱིས༔ སྐྱེ་འཆིའི་འཁྲུལ་པ་ལྡོག་བར་མ་ཆད་དམ༔ འགྱུར་མེད་གདིང་ཆེན་སྟེར་བར་མ་ཆད་དམ༔ ཚེ་དབང་ཡེ་ཤེས་སྤེལ་བར་མ་ཆད་དམ༔ སྔོན་ཚེ་ཐུགས་དམ་ཞལ་བཞེས་མ་བསྙེལ་བར༔ རྟེན་འབྲེལ་སྒྱུ་མར་རོལ་པའི་མཆོད་གཏོར་བཞེས༔ ཕྱི་ནང་གསང་བའི་འབྱུང་བ་འཁྲུགས་པ་ཟློག༔ འཆི་མེད་འཇའ་ལུས་འགྲུབ་པའི་འཕྲིན་ལས་མཛོད༔ དེ་འོག་རང་བྱུང་བཀྲ་ཤིས་ཚེ་ཡི་ཕུག༔ རཱ་ག་རཀྟ་མཱ་ར་ཏི་ཀ་སོགས༔ འགྱུར་ [29b] མེད་ལྷུན་གྱིས་གྲུབ་པའི་སྒྲུབ་གནས་སུ༔ ཚེ་དབང་རིག་འཛིན་པདྨ་འབྱུང་གནས་དང་༔ ཚེ་ཡུམ་དྷཱ་ཀིམནྡ་ར་བ་ཡིས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ཞལ་ཕྱེས་ནས༔ འོད་གསལ་བདུད་རྩའི་སྐུ་མཆོག་བསྒྲུབ་པའི་ཚེ༔ ཚེ་དཔག་མེད་མགོན་མངོན་སུམ་བྱོན་ནས་ཀྱང༔ དབང་བསྐུར་བྱིན་བརླབས་རྡོ་རྗེའི་སྐུ་བརྙེས་ཚེ༔ འཇིག་རྟེན་འདས་དང་མ་འདས་ཚུལ་འཛིན་པའི༔ བཀའ་ཡི་སྲུང་མ་དམ་ཅན་རྒྱ་མཚོ་ཡིས༔ དུས་མིན་འཆི་བ་བཟློག་པར་མ་ཆད་ནས༔ ཚེ་བསོད་ལོངས་སྤྱོད་སྤེལ་བར་མ་ཆད་དམ༔ བཀའ་དང་བསྟན་པ་བསྲུང་བར་མ་ཆད་དམ༔ སྔོན་ཚེ་ཐུགས་དམ་ཞལ་བཞེས་མ་བསྙེལ་བར༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ལས་ཀུན་ཐོགས་མེད་སྒྲུབ་པར་མཛོད༔ དེ་འོག་གངས་ཅན་བོད་ཀྱི་རྒྱལ་ཁམས་དབུས༔ གཡའ་མ་ལུང་དང་ལྷོ་བྲག་མཁར་ཆུའི་གནས༔ སེང་གེ་རྫོང་དང་དཔལ་གྱི་སྟག་ཚང་སོགས༔ རྡོ་རྗེ་ཚེ་ཡི་གནས་མཆོག་དམ་པ་རུ༔ སྐལ་ལྡན་རྗེ་འབངས་འདུས་པའི་ཚོགས་རྣམས་ལ༔ འཆི་མེད་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ རྒྱུད་ལུང་མན་ངག་སྨིན་གྲོལ་སྲོག་གཏད་ཅིང་༔ བཀའ་གསང་གཏེར་སྦས་སྨོན་ལམ་རྒྱས་བཏབ་ཚེ༔ རྡོ་རྗེའི་ཆོས་སྐྱོང་གཉན་པོའི་ཚོགས་རྣམས་ཀྱིས༔ འགལ་རྐྱེན་ཚེ་བགེགས་སྒྲོལ་བར་མ་ཆད་དམ༔ བསྟན་དང་དེར་འཛིན་ [30a] སྐྱོང་བར་མ་ཆད་དམ༔ ཟབ་ལམ་ཕྱོགས་མཐར་སྤེལ་བར་མ་ཆད་དམ༔ སྔོན་ཚེ་ཐུགས་དམ་ཞལ་བཞེས་མ་བསྙེལ་བར༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ལས་ཀུན་ཐོགས་མེད་སྒྲུབ་པར་མཛོད༔ ད་དུས་སྙིགས་མ་ལྔ་བདོའི་བསྐལ་པ་འདིར༔ འོད་སྣང་དཔག་མེད་བདེ་ཆེན་དག་པའི་ཞིང་༔ འོག་མིན་པདྨ་དྲྭ་པའི་གཞལ་ཡས་སུ༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་དང་༔ སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ ཡང་ཟབ་འཆི་མེད་སྲོག་ཐིག་ཞལ་ཕྱེས་ཏེ༔ ལས་སྨོན་རྣམ་དག་ནམ་མཁའི་རྡོ་རྗེའི་རྒྱུད༔ བྱིན་བརླབས་དགོངས་བརྒྱུད་ཡེ་ཤེས་མངོན་སུམ་དུ༔ འཕོས་ཏེ་པདྨའི་རྒྱལ་ཚབས་མངའ་གསོལ་ཚེ༔ ཕོ་རྒྱུད་མོ་རྒྱུད་མ་ནིང་ལ་སོགས་པའི༔ སྣང་སྲིད་དྲེགས་པ་མཐུ་བོ་ཆེ་རྣམས་ཀྱིས༔ གསང་སྔགས་བསྟན་པ་བསྲུང་བར་མ་ཆད་དམ༔ སྒྲུབ་མཆོག་བུ་བཞིན་སྐྱོང་བར་མ་ཆད་དམ༔ བསྟན་བཤིག་དབང་པོ་བསྣུབ་པར་མ་ཆད་དམ༔ བསྟན་འཛིན་སྐུ་ཚེ་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཐུགས་དམ་ཞལ་བཞེས་མ་བསྙེལ་བར༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ མཐའ་དམག་དུས་འཁྲུགས་འགོང་པོའི་གནོད་པ་ཟློག༔ རྒྱ་འདྲེ་འབྱུང་པོ་རྒྱུ་བའི་ལམ་སྲང་ཆོད༔ ཐེག་མཆོག་སྙིང་པོའི་བསྟན་ [30a] པའི་སྲོག་ཤིང་ཚུགས༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་སྤེལ༔ ཡངས་པའི་རྒྱལ་ཁམས་མཐའ་དབུས་ཆོས་བཞིན་སྐྱོངས༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ ཤྲཱི་དརྨ་པཱ་ལ་བཛྲ་ས་མ་ཡ་རཀྵ་ནྟུ༔ ཧ་ན་ཧ་ན་ཧཱུྃ༔ བོད་ཡུལ་ཞིང་སྐྱོང་དམ་ཚིག་ཅན༔ བརྟན་མའི་ཚོགས་རྣམས་མཆོད་པ་ནི༔ པདྨ་ཀྲོ་དྷ་སརྦ་ཀི་ནཱི་མ་མ་ལ་ལ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་སྲིང་འགྲོ་མ་ས་མ་ཡ་ཛཿཧཱུཾ་ཧཱུཾ༔ ཞེས་བོས་མ་མོ་འཁོར་དང་བཅས༔ དམ་ཚིག་གསང་བའི་དཀྱིལ་འཁོར་གྱི༔ ཕྱི་ཁྱམས་འོད་གྱི་གུར་ཁྱིམ་དུ༔ ཞི་བའི་མདངས་ཀྱིས་འཁོད་པར་བསམ༔ བྷྱོཿ ཤིན་ཏུ་སྟོང་པ་ཆེན་པོའི་དབྱིངས༔ འོད་གསལ་ཡུམ་གྱི་མཁའ་ཀློང་ནས༔ རྣམ་འགྱུར་མ་མོ་མཁའ་འགྲོའི་སྤྲིན༔ བོད་ཁམས་སྐྱོང་མཛད་བརྟན་མའི་ཚོགས༔ དམ་ཚིག་ཆེན་པོའི་གནས་འདིར་བྱོན༔ དཀར་མོ་ཞི་བའི་སྨན་མོ་བཞི༔ རང་རིག་སྨན་ཕྲན་འབུམ་གྱིས་བསྐོར༔ སེར་མོ་རྒྱས་པའི་གནོད་སྦྱིན་བཞི༔ འཁོར་ཚོགས་སེར་མོ་འབུམ་དང་བཅས༔ ནག་མོ་གཏུམ་པའི་བདུད་མོ་བཞི༔ རང་འདྲའི་བདུད་རིགས་འབུམ་བཅས་རོལ༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ཚོགས༔ གྲངས་མེད་ནམ་མཁའི་མཐར་ཁྱབ་པ༔ སྣང་ཞིང་སྲིད་པའི་མ་མོ་ཀུན༔ སྔོན་ཚེ་སློབ་དཔོན་པདྨ་དང་༔ རླངས་ཆེན་དཔལ་གྱི་སེང་གེ་ཡིས༔ རྒྱ་བལ་སོ་མཚམས་ཨ་སུ་རའི༔ རྡོ་རྗེའི་བྲག་ཕུག་ཆེན་ [31b] པོ་རུ༔ དམ་ལ་བཏགས་ཏེ་སྲོག་སྙིང་ཕུལ༔ བྲན་དང་འབངས་སུ་ཁས་བླངས་ནས༔ སྔགས་ཀྱི་མཚན་ཙམ་བཟུང་རྣམས་ལའང་༔ གུས་ཤིང་གྲོགས་བྱར་དམ་བཅས་བཞིན༔ དམ་རྫས་བདུད་རྩིའི་གཏོར་མ་དང་༔ དམ་ཚིག་བཤལ་ཆུ་འདི་བཞེས་ལ༔ བོད་ཁམས་མཐའ་དབུས་སོ་མཚམས་སྲུངས༔ དུ་རུ་ཁ་ཡི་དམག་དཔུང་ཟློག༔ ཕྱི་རུ་འབྱུང་བཞི་གཡོ་འཁྲུགས་ཟློག༔ ནང་དུ་རྩ་རླུང་ཐིག་ཉམས་བསྐྱེད༔ གསང་བ་དུག་ལྔའི་འཁྲུལ་རྟོག་སོལ༔ སངས་རྒྱས་བསྟན་པ་རྒྱས་པ་དང་༔ བསྟན་འཛིན་སྐྱེས་བུས་ས་སྟེང་ཁྱབ༔ འཇིག་རྟེན་བདེ་སྐྱིད་དཔལ་ལ་སྦྱོར༔ མཐོང་ཐོས་དྲན་རེག་འགྲོ་བ་རྣམས༔ སྨིན་གྲོལ་ཚེ་དབང་མཐར་ཕྱིན་ཏེ༔ དོན་གཉིས་འགྲུབ་པའི་འཕྲིན་ལས་མཛོད༔ སརྦ་པཱུ་ཛ་ཁཱ་ཧི༔ དཔལ་གྱི་རྟ་བྲོ་བརྡུང་བ་ནི༔ དམ་སྲི་བཀུག་ལ་གཏོར་གཞོང་སྦུབས༔ དེ་སྟེང་མཆེད་ལྕམ་ལག་བསྣོལ་སྦྲེལ༔ གཡས་གཡོན་བསྐོར་དང་ཕྱེད་འགྲོས་ཀྱིས༔ ལྡང་བ་མེད་པའི་བྲོ་ཡིས་མནན༔ ཧྲཱིཿ རྡོ་རྗེ་རྟ་ཡི་བརྟུལ་ཞུགས་ཆེ༔ འབར་བ་ཆེན་པོ་རོལ་པའི་གར༔ ཁམས་གསུམ་མ་ལུས་གཡོ་བར་བྱེད༔ གཡས་འདེགས་གཡས་སུ་བསྐོར་ཏེ་བརྡུང་༔ ཚེ་བདུད་ཕོ་རྒྱུད་རྡུལ་དུ་བརླག༔ གཡོན་འཇོག་གཡོན་དུ་བསྐོར་ཞིང་བརྡུང་༔ འཆི་བདག་མོ་རྒྱུད་ཕྱེ་མར་བརླག༔ གཉིས་མེད་ཕྱེད་བསྐོར་ཕྱེད་པར་བརྡུང་༔ སྲོག་བདུད་བླ་ [31b] གཤེད་དུམ་བུར་གཏུབ༔ སྣང་བ་ཡབ་ཀྱི་རྟ་བྲོ་ཡིས༔ རྟག་པར་ལྟ་བའི་དགྲ་དཔུང་གཞོམ༔ སྟོང་པ་ཡུམ་གྱི་ཕག་བྲོ་ཡིས༔ ཆད་པར་ལྟ་བའི་བགེགས་དཔུང་འདུལ༔ ཟུང་འཇུག་རོལ་པ་ཆེན་པོའི་བྲོས༔ སྣང་སེམས་འཕོ་འགྱུར་དམ་སྲི་མནན༔ འགྱུར་མེད་རྒྱ་གྲམ་གཟེར་གྱིས་སྡོམ༔ ཡེ་ཤེས་འབྱུང་ལྔའི་ཕྱག་རྒྱས་གདབ༔ སྐྱེ་འཆིའི་འཁྲུལ་པ་མ་ཞིག་བར༔ ནམ་ཡང་ལྡང་བའི་དུས་མེད་དོ༔ ཨེ་སརྦ་ནྲྀ་ཏྲྀ་བྷྲཱུྃ་ཛྙཱ་ན་སྟྭཾ་བྷ་ཡ་ནན༔ ཧུ་ལུ་ཧུ་ལུ་ཧཱུྃ་ཧཱུྃ་ཧཱུྃ༔ ལས་མཅུག་རྡོ་རྗེའི་བྲོ་ཡིས་བསྡུ༔ ནོངས་པ་བཤགས་ཕྱིར་འགྱོད་སེམས་དང་༔ གདུང་ཤུགས་ཐལ་སྦྱར་འདི་སྐད་བརྗོད༔ ཨོཾཿ འཆི་མེད་མགོན་པོ་རིག་འཛིན་ཚེ་དཔག་མེད༔ སྐུ་གསུམ་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ༔ བདག་ནི་བྱིས་བློ་རྨོངས་པའི་དབང་གྱུར་ཏེ༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆོད་དུ༔ ལས་དང་ཉོན་མོངས་མདུད་པ་དམ་པོས་བཅིངས༔ མ་རིག་འཁྲུལ་པའི་རྟོག་པས་བར་ཆོད་དེ༔ ལུས་ཀྱིས་བརྡུང་བརྡེག་སྲོག་བཅད་མ་བྱིན་བླངས༔ སྐུ་གསུང་ཐུགས་རྟེན་གཞིམ་གཞོག་བཙོང་ཞིང་འབགས༔ ངག་གིས་རྫུན་བརླངས་ཚིག་རྩུབ་འཆལ་གཏམ་སྨྲས༔ གབ་པའི་གསང་བ་སྣོད་མིན་རྣམས་ལ་བསྟན༔ བསྙེན་སྒྲུབ་བཟླས་བརྗོད་འབྲི་ཀློག་བར་ཆད་བགྱིས༔ ཡིད་ [32a] ཀྱིས་གནོད་སེམས་ལོག་ལྟ་ཕྲག་དོག་བརྩམ༔ དཀར་དམར་བྱང་སེམས་དྭངས་མའི་འོད་མདངས་བཅོམ༔ རྡོ་རྗེའི་ཡེ་ཤེས་བརྟན་པའི་ཕྱག་རྒྱ་རལ༔ འཆི་མེད་ཚེ་ཡི་དམ་ཚིག་ཉམས་པ་བཤགས༔ ལྟ་བ་ཀློང་དུ་མ་གྱུར་ལོག་པར་གོལ༔ སྒོམ་པ་ཚད་དུ་མ་ཕེབ་འཛིན་པས་བཅིངས༔ སྤྱོད་པ་རྣམ་པར་མ་དག་བརྟུལ་ཞུགས་ཆུང་༔ བཀའ་གསང་དཀྱིལ་འཁོར་གཞུང་བཞིན་རྔོ་མ་ཐོགས༔ བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་མཐར་མ་དབྱུང༔ དམ་རྫས་མ་ཚང་ཆོ་གའི་ཡན་ལག་ཉམས༔ མདོར་ན་རྩ་བ་ཡན་ལག་ཕྲ་རགས་ཀྱི༔ ཉམས་ཆག་ཉེས་ལྟུང་ནོངས་པར་གྱུར་པའི་ཚོགས༔ སྙིང་ནས་འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔ སླན་ཆད་འགལ་རྐྱེན་སྒྲིབ་པར་མི་འགྱུར་བར༔ རྡོ་རྗེའི་དམ་ཚིག་མཆོག་ཏུ་དག་གྱུར་ཅིག༔ ཅེས་བརྗོད་སྙིང་ནས་གནོང་འགྱོད་ཀྱིས༔ ཉམས་ཆག་མཐོལ་བཤགས་བཟོད་པར་གསོལ༔ རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླ༔ མ་བཅོས་རང་གསལ་རང་ཤར་བའི༔ ཡ་ཤེས་སྒྱུ་མའི་ཆོ་འཕྲུལ་ལ༔ གཤེགས་བཞུད་ལྡངས་པ་མི་དམིགས་ཀྱང་༔ འགགས་མེད་རྟེན་འབྱུང་ཆེན་པོའི་སྒོར༔ སྣང་སྟོང་འཛིན་རྟོག་སྦྱོང་བའི་ཕྱིར༔ དག་པའི་སྣོད་བཅུད་བསྡུ་བ་ནི༔ ཨ༔ གདོད་ནས་རྣམ་གྲོལ་ཡེ་ཤེས་སྒྱུ་མའི་རྩལ༔ མ་འགགས་རོལ་པར་ཤར་བའི་དཀྱིལ་འཁོར་པ༔ མཐའ་དང་བྲལ་བ་ཆོས་དབྱིངས་ཆེན་པོའི་ [32b] ངང་༔ འོད་གསལ་འཕོ་འགྱུར་མེད་པའི་ཀློང་དུ་བརྡལ༔ འཆི་མེད་བླ་མ་ཆོས་སྐུ་འོད་མི་འགྱུར༔ མ་བཅོས་ཀུན་ཏུ་བཟང་པོའི་དགོངས་པའོ༔ པདྨ་ཨཱཿཡུརྫྙཱ་ན་དྷརྨཱ་དྷ་ཏུ་ཨཱཿ ཧྲཱིཿ སྐྱེ་མེད་དབྱིངས་ལས་འགགས་མེད་རོལ་པའི་སྐུ༔ ནམ་མཁའི་ཀློང་དུ་འཇའ་ཚོན་ཤར་བ་ལྟར༔ སྣང་གྲགས་རྟོག་གསུམ་རིག་འཛིན་ཚེ་ཡི་ལྷ༔ རང་གསལ་ལྷུན་གྲུབ་རྒྱལ་བའི་ཞིང་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཐམས་ཅད་སྐུ་གསུང་ཐུགས་ཀྱིས་ཁྱབ༔ ལྷ་སྔགས་ཡེ་ཤེས་རོལ་པ་ཆེན་པོའི་ངང་༔ མཁའ་དང་མཉམ་པའི་འགྲོ་བ་མ་ལུས་པ༔ འདྲེན་པའི་དོན་ལ་ཡོངས་སུ་སྤྱོད་པར་བྱའོ༔ བཛྲ་ས་མ་ཏིཨཏྨ་ཀོ྅ཧཾཿ མི་འགྱུར་མཁའ་ལྟར་ཁྱབ་པའི་སྐུར༔ སྙིང་རྗེ་ཆེན་པོའི་གོ་ཆ་བགོ༔ ཚད་མེད་རླབས་ཆེན་སྤྱོད་པ་ཡི༔ འགྲོ་བ་ཀུན་གྱི་དོན་ལ་སྤྱོད༔ དུས་གསུམ་བསགས་པའི་དགེ་བ་རྣམས༔ ཟག་མེད་ཆོས་དབྱིངས་ཆེན་པོ་རུ༔ བསྔོ་ཞིང་སྨོན་ལམ་གདབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ བརྟེན་ནས་བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱིས༔ ཚོགས་གཉིས་ཟུང་འཇུག་དགེ་བ་ཅི་བསགས་པ༔ ཁྱབ་བརྡལ་ཆོས་སྐུའི་ཀློང་དུ་བསྔོ་བར་བགྱི༔ ཀུན་ཀྱང་བླ་མ་རིག་འཛིན་ཚེ་དཔག་མེད༔ ཡིད་བཞིན་ནོར་བུ་སྐྱབས་ཀུན་འདུས་པའི་གཏེར༔ མཚན་ཐོས་ཙམ་གྱིས་འཆི་མེད་མཆོག་སྩོལ་བའི༔ ཁྱོད་ཀྱི་རྣམ་ཐར་ཡོན་ཏན་རྒྱ་མཚོའི་དཔལ༔ ཚེ་འདི་ཉིད་ལ་མངོན་དུ་གྱུར་ནས་ཀྱང་༔ [33a] རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག༔ བཀྲ་ཤིས་བདེན་ཚིག་བརྗོད་པ་ནི༔ ཧྲཱིཿ སྟོབས་བཅུ་མངའ་བ་རྫོགས་སངས་རྒྱས༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་ཀྱི་ཞིང་མཆོག་དགེ་འདུན་སྡེ༔ དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ སྐུ་གསུམ་བརྒྱུད་ལྡན་བླ་མ་དང་༔ ཚེ་ལྷ་ཡི་དམ་མཁའ་འགྲོའི་ཚོགས༔ བཀའ་སྲུང་དམ་ཅན་གཏེར་གྱི་བདག༔ རྩ་གསུམ་རབ་འབྱམས་བཀྲ་ཤིས་ཤོག༔ ཧྲཱིཿ བདེན་དོན་མངའ་བ་རྣམས་ཀྱི་བྱིན་རླབས་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་བདེན་འབྲས་ཀྱིས༔ བཀྲ་ཤིས་འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིར༔ མི་མཐུན་འགལ་རྐྱེན་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་ཡེ་ཤེས་རྒྱས་པའི་བཀྲ་ཤིས་ཤོག༔ སྣང་སེམས་དབང་དུ་འདུ་བའི་བཀྲ་ཤིས་ཤོག༔ འཆི་བདག་བདུད་དཔུང་འཇོམས་པའི་བཀྲ་ཤིས་ཤོག༔ སངས་རྒྱས་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག༔ ཟབ་ལམ་མཁའ་ལྟར་ཁྱབ་པའི་བཀྲ་ཤིས་ཤོག༔ ཚེ་དང་སྒྲུབ་པ་མཉམ་པའི་བཀྲ་ཤིས་ཤོག༔ འཇའ་ལུས་རྡོ་རྗེ་ཚེ་ཡི་བཀྲ་ཤིས་ཤོག༔ དེ་ལྟར་འཆི་མེད་སྒྲུབ་པའི་ཐབས༔ བྱེ་བ་ཕྲག་བརྒྱའི་ཉིང་ཁུའི་བཅུད༔ [33b] སྲོག་གི་ཐིག་ལེར་གྲུབ་པའི་གཞུང༔ རིན་ཆེན་ས་ཡི་གཏེར་གཅིག་འདི༔ མ་འོངས་ལྔ་བརྒྱ་ཐ་མའི་དུས༔ བོད་ཁམས་འབྱུང་པོས་དབང་བསྒྱུར་ཏེ༔ མི་རུང་སྤྱོད་ངན་དང་དུ་ལེན༔ སྐྱབས་གནས་རྣམས་ལ་ལོག་པར་བལྟ༔ དམ་ཚིག་སྡོམ་པ་འཆལ་བར་སྤྱོད༔ བླ་མ་སློབ་དཔོན་ཕ་མ་དང་༔ རིགས་ཀྱི་རྒན་རབས་བཀུར་འོས་རྣམས༔ གྲི་རུ་གསོད་ཅིང་སྡུག་ལ་སྦྱོར༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཤིག༔ དགེ་འདུན་ནང་འགལ་དམེ་འཁྲུགས་གཤོམ༔ དམག་ཇག་རྐུ་འཕྲོག་གཡོ་ཁྲམ་བརྩོན༔ ཉེས་མེད་སེམས་ཅན་དམྱལ་ཐག་གཅོད༔ རྒྱུ་འབྲས་ཁྱད་གསོད་སྡིག་ལ་རྔམས༔ དགེ་བཅུའི་ལས་ལ་དུག་ལྟར་འཛེམ༔ མནའ་དང་ཁྲེལ་གཞུང་ངོ་ཚ་བྲལ༔ མི་དགེའི་ལས་ལམ་དང་བླངས་པས༔ སྣང་སྲིད་མ་མོ་མཁའ་འགྲོ་དང་༔ གཟའ་ཀླུ་རྒྱལ་བཙན་ལ་སོགས་པའི༔ ལྷ་སྲིན་སྡེ་བརྒྱད་ཀུན་འཁྲུགས་ཏེ༔ ཕྱི་རུ་འབྱུང་བཞིའི་ཆོ་འཕྲུལ་ལྡངས༔ ས་ཡི་བཅུད་ཡལ་ལོ་འབྲས་སྐམ༔ གནམ་ལ་ཆར་མེད་ཐན་པས་གདུང༔ ཐོག་སེར་ཤྭ་འུད་ཆུ་ཐན་འབྲུབ༔ མཁའ་ལ་ནད་སྤྲིན་དུག་རླངས་འཁྲིགས༔ བླ་གཉན་གཟེར་ཐུང་དམར་བཤལ་དང་༔ རྒྱུགས་འགྱེལ་ཧ་ལ་ནག་པོ་དང་༔ སྨྱོ་འབོག་བརྒྱལ་ནད་ཧུར་ཐུམ་སོགས༔ གློ་བུར་རིམས་ཡམས་སྣ་ཚོགས་པ༔ ངོ་མི་ཟིན་པ་དུ་མ་ཡིས༔ སྐྱེ་འགྲོའི་སྲོག་དབུགས་སྡུད་པ་འབྱུང་༔ ཚེ་བཙུན་བུད་མེད་སྐྱེ་བོ་ཡི༔ སྙིང་ལ་སྡུག་འདྲེ་དངོས་སུ་ [34a] ཞུགས༔ ལྟས་ངན་བྱུར་གྱི་སྣ་འདྲེན་ཏེ༔ བསྟན་སྲིད་སྡེ་རིས་ཕུང་ལ་སྦྱོར༔ བསྟན་འཛིན་རྣམས་ཀྱང་སྐུ་ཚེ་ཐུང་༔ མཛད་འཕྲིན་བར་ཆད་རྐྱེན་དབང་འཆོར༔ མཐའ་དམག་དུས་འཁྲུགས་ཆུ་ལྟར་ཁོལ༔ ཀྱེ་མ་བོད་ཁམས་སེམས་ཅན་རྣམས༔ སྡུག་བསྔལ་དུཿཁས་མནར་བའི་དུས༔ ལས་སྨོན་རྟེན་འབྲེལ་ཟབ་མོའི་ལམ༔ བར་ཆད་དབང་དུ་མ་ཤོར་ན༔ ནད་ལ་གཉེན་པོའི་སྨན་མཆོག་བཞིན༔ ཡང་ཟབ་སྲོག་གི་ཐིག་ལེ་འདི༔ ལོ་ཆེན་བདུད་འཇོམས་ཟུང་སྤྲུལ་གྱིས༔ ས་ཡི་སྟེང་དུ་སྣང་བར་བྱེད༔ དེ་ཚེ་ད་ལྟའི་རྗེ་འབངས་རྣམས༔ ཐུགས་བསྐྱེད་སྨོན་ལམ་བདེན་སྟོབས་ཀྱིས༔ ལྷན་ཅིག་ཉིད་དུ་ཞལ་འཛོམས་ཏེ༔ ཡིད་ཆེས་གཅིག་གྲོགས་གཅིག་གིས་བྱེད༔ དུས་དེར་ཆོས་འཁོར་རྣམ་གསུམ་དང་༔ མཐའ་འདུལ་ཡང་འདུལ་ས་གནད་དང་༔ ཁྱད་པར་ཨོ་རྒྱན་ང་ཉིད་ཀྱིས༔ བྱིན་གྱིས་བརླབས་པའི་སྒྲུབ་གནས་སུ༔ བསྙེན་སྒྲུབ་འགྲོ་དོན་ལས་ཚོགས་རྣམས༔ གཞུང་བཞིན་བརྩོན་པས་བསྒྲུབ་བྱས་ན༔ སྣོད་བཅུད་རྒུད་པ་ཐམས་ཅད་ཞི༔ ས་ཡི་བཅུད་འཕེལ་ལོ་ཕྱུགས་ལེགས༔ ནད་མུག་མཚོན་འཁྲུགས་ལ་སོགས་པ༔ དུས་ཀྱི་འཚུབས་འགྱུར་ཐ་དག་ཟློག༔ མཐའ་འདྲེ་འབྱུང་པོའི་རྒྱུ་འགྲུལ་ཆད༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྲིང་༔ ཐུགས་བཞེད་མཛད་འཕྲིན་མཐའ་རུ་ཕྱིན༔ མདོ་སྔགས་བསྟན་པ་ཡུན་དུ་གནས༔ ཆོས་ཀྱི་རྒྱལ་ [34b] པོའི་ཆབ་སྲིད་བརྟན༔ ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ༔ བཀྲ་ཤིས་དགེ་བའི་སྣང་བས་ཁྱབ༔ ས་མ་ཡ༔ དེ་ཕྱིར་ཟབ་མོའི་གདམས་པ་འདི༔ ད་ལྟ་མ་སྤེལ་ཕྱི་མའི་དུས༔ བོད་ཁམས་བསྟན་འགྲོའི་བཙས་སུ་ཞོག༔ གསང་ཆེན་བཀའ་གཉེར་མཁའ་འགྲོ་མ༔ མཚོ་རྒྱལ་ཁྱོད་ཀྱིས་མི་བརྗེད་པའི༔ གཟུགས་སུ་ཟུངས་ལ་ཡི་གེར་ཐོབ༔ ཟབ་མོའི་སྨོན་ལམ་བདེན་ཚིག་བཅས༔ འཕྲིན་ལས་ཕུར་པའི་ཟབ་ཏིག་དང་༔ ལྷན་ཅིག་མོན་ཁ་སེང་རྫོང་གི༔ གསང་བའི་བྲག་ལ་གཏེར་དུ་སྦོས༔ བཀྲ་ཤིས་སྙིང་ཉེ་མཐུ་རྩལ་ཅན༔ ཁྱབ་འཇུག་དུག་གི་སྤུ་གྲི་དང་༔ བདུད་མགོན་བཙན་རྒོད་ཀླུ་སྨན་ལ༔ དམ་ཉམས་ལག་ཏུ་མི་འཆལ་བའི༔ བཀའ་གཏད་གཉེར་བཅོལ་དམ་པར་གྱིས༔ ས་མ་ཡ༔ དེ་ལྟར་གུ་རུའི་བཀའ་ལུང་རྣམས༔ ཁོ་མོས་ཇི་ལྟར་སྨྲས་རིམ་བཞིན༔ ལོ་ཙཱ་བཻ་རོ་ཙ་ན་ཡིས༔ ནཾ་པཱ་ལ་ཡི་འཕྲུལ་ཤོག་ལ༔ མཁའ་འགྲོ་གསང་བའི་བརྡ་རིས་སུ༔ བཏབ་སྟེ་ལྷོ་མོན་བྲག་ལ་སྦས༔ ནམ་ཞིག་རྩུབ་འགྱུར་བསྐལ་དུས་སུ༔ ལས་འཕྲོ་ལྡན་པའི་སྙིང་གི་བུ༔ བརྟུལ་ཞུགས་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ༔ རྒྱ༔ རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ གུཧྱ༔ བརྡ་ཐིམ༔ (བརྡ་ཡིག་) རཀྴ་རཱ་ཧུ་ལ་དུ་ཙ་ནཱ་ས་མ་ཡ༔ ཧ་ན་ཧ་ན་རཀྵནཏུ༔ ཁྱབ་འཇུག་དུག་གི་སྤུ་གྲི་འབར་བ་འཁོར་དང་བཅས་པས་བཀའ་ཡི་གཉེར་ཁ་དམ་པར་སྲུངས་ཤིག༔ ཙིཏྟ་བཛྲ་ས་མ་ཡ༔ ཁ་ཐཾ༔ [35a] ཁོ་བོ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེས་ལྷོ་ཕྱོགས་མོན་ཁ་སེང་གེ་རྫོང་གི་མཚོ་རྒྱལ་གསང་ཕུག་ནས་ཤིང་འབྲུག་ཟླ་བའི་ཚེས་ལ་སྐལ་ལྡན་གྱི་འདུས་པ་གྲངས་མེད་པའི་དབུས་ནས་ཤིན་ཏུ་འཇིགས་པའི་ཆོ་འཕྲུལ་དང་། ངོ་མཚར་བའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་ཏེ་སྤྱན་དྲངས་པའི་ཤོག་སེར་ལས། སླར་ས་ཕོ་སྦྲེལ་གྱི་ལོའི་དུས་ཆེན་ལ་ལྷོ་འབྲུག་ཆོས་ཀྱི་རྒྱལ་པོའི་གཟིམ་སྤྱིལ་བདེ་ཆེན་པདྨ་འཁྱིལ་བའི་ཡང་དབེན་དུ་དག་པར་ཕབ་པའི་དགེ་བས། ལུང་ཟིན་ཆོས་ཀྱི་བདག་པོས་གཙོས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། སྙིགས་དུས་ཀྱི་རྒུད་པ་མཐའ་དག་ཡོངས་སུ་ཞི་ནས་མདོ་སྔགས་བསྟན་པའི་སྲོག་ཤིང་རྡོ་རྗེའི་རང་བཞིན་ཏུ་བརྟན་པའི་རྒྱུར་གྱུར་ཅིག། །།