བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་མནན་པའི་མན་ངག་ལས་འཕྲོས་པའི་ལག་ལེན་ཟིན་བྲིས།

From Dudjom Wiki
DJYD-KABUM-15-BA-019
Wylie title bdud 'dul dbang drag rdo rje gro lod kyi mnan pa'i man ngag las 'phros pa'i lag len zin bris DJYD-KABUM-15-BA-019.pdf
Location bdud 'joms rin po che bka' 'bum
Volume 15, Text 19, Pages 341-365 (Folios 1a1 to 13a1)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'dul dbang drag rdo rje gro lod kyi mnan pa'i man ngag las 'phros pa'i lag len zin bris. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 15: 341-365. Kalimpong: Dupjung Lama, 1979-1985.
Side notes Recto: mnan zin   Verso: gro lod
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Notes - zin bris
Cycle བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ (bdud 'dul dbang drag rdo rje gro lod)
Deity rdo rje gro lod
Colophon

།ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ང་གསུམ་པ་གདོང་ངན་མེ་སྤྲེ་ལོ་སྣྲོན་གྱི་ཟླ་བར་དབུས་རི་ནག་པོ་མཐུར་རྒྱུག་གི་ཟད་མཚམས་ཆུ་བོ་ལོ་ཧི་ཏ་དང་ཉང་ཁའི་གཙང་པོ་སྣེ་འཛོམ་པའི་འདུས་མདོ་རྩེ་ལ་སྒང་གི་རི་རྒྱུད་གླང་པོའི་སྣ་ཞགས་འདྲ་བའི་རྩེར། གནས་ཆུང་ཆོས་སྐྱོང་ཆེན་པོའི་བཀའ་ལུང་གི་དོན་བཞིན་བོད་ཁམས་བསྟན་སྲིད་སྤྱིའི་རིམ་གྲོལ་ཚུ་ལ་འདིའི་སྒོ་ནས་དམ་འགོང་གཟིར་མནན་དང་འབྲེལ་བར་བདུད་འདུལ་མཆོད་རྟེན་ཟབ་མོ་བསྐྲུན་པའི་སྐབས། ལམ་འདིའི་རྣལ་འབྱོར་པ་འགྱུར་མེད་རྡོ་རྗེས་དོན་གཉེར་གྱི་བསྐུལ་མ་དང་ཡི་གེའི་གྲོགས་དན་ལ་བརྟེན་ནས་ཟིན་བྲིས་སུ་བཏབ་པ་ཛ་ཡནྟུ།

zhes pa'ang 'jigs bral ye shes rdo rjes rang lo nga gsum pa gdong ngan me spre lo snron gyi zla bar dbus ri nag po mthur rgyug gi zad mtshams chu bo lo hi ta dang nyang kha'i gtsang po sne 'dzom pa'i 'dus mdo rtse la sgang gi ri rgyud glang po'i sna zhags 'dra ba'i rtser/___gnas chung chos skyong chen po'i bka' lung gi don bzhin bod khams bstan srid spyi'i rim grol tshu la 'di'i sgo nas dam 'gong gzir mnan dang 'brel bar bdud 'dul mchod rten zab mo bskrun pa'i skabs/___lam 'di'i rnal 'byor pa 'gyur med rdo rjes don gnyer gyi bskul ma dang yi ge'i grogs dan la brten nas zin bris su btab pa dza yan+tu/

[edit]
༄༅། །བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་མནན་པའི་མན་ངག་ལས་འཕྲོས་པའི་ལག་ལེན་ཟིན་བྲིས་བཞུགས་སོ། །


༄༅། །ཤྲཱི་བི་ཛ་ཡནྟུ།བསྐྱེད་རྫོགས་ལས་སུ་རུང་བའི་སྔགས་པས་དགྲ་བགེགས་མནན་གཏད་ཀྱི་ལས་སྦྱོར་ཟབ་མོ་ཚུལ་བཞིན་ལག་ཏུ་ལེན་པའི་སྐབས་སུ་བབས་པ་ན། ཐོག་མར་ལིངྒ་སོགས་ཀྱི་བཅས་ཤོམ་ནི། དེའང་དགྲ་ལ་ལིངྒ་བྲིས་འབུར་དང་བགེགས་ལ་ཐོད་པ་སོ་སོ་མནན་པ་གཙོ་བོར་བཤད་ཀྱང་ད་ལྟ་གཉིས་ཀ་ལ་ཤོག་ལིང་ཐོད་པར་བཅུག་སྟེ་མནན་པ་ཁོ་ན་བྱེད་པ་ལྟར་ན། ཐོག་མར་ལིངྒ་བྲི་བའི་གཞི་རོ་རས་སམ་དུག་ཤོག །བྲི་རྫས་དུག་ཁྲག་བསྲེས་པའི་སྣག་ཚ། བྲིས་སྨྱུག་བྱ་ཤ་ཟན་གྱི་སྒྲོ་རྐང་ངམ་སྐྱེར་པ་སོགས་དྲག་ཤིང་ལས་བཅོས་པ་དང་། འབྲི་མཁན་གྱི་ལག་པ་སེན་མོའི་སྦུབས་དང་བཅས་པ་ལེགས་པར་བཀྲུས་ཤིང་བསྐམ་ནས་ཕྱེའམ་བསང་ཐལ་གྱིས་འཕུར། ཁ་རས་དང་པང་ཁེབས་བཅས་ཁ་རླངས་མཆིལ་མ་མ་ཤོར་ [2a] ཞིང་ལུས་ཀྱི་གྲིབ་མའང་མ་ཕོག་པར་བྱས་ལ། འབྲི་བྱ་གཟུགས་ཅན་དགྲ་མནན་གཙོ་བོར་བྱེད་ན། ལིངྒ་མི་གཟུགས་ཕོ་མོ་གང་འོས་ཀྱི་རྟགས་ཅན་རིད་ཅིང་མྱ་ངན་གྱིས་གདུང་བའི་ཚུལ། མིག་ཤི་མིག་ཁ་གདངས་ཤིང་ཡན་ལག་བཞི་ལྕགས་སྒྲོག་གིས་བསྡམས་པའི་སྙིང་ཁར་ཛཿཁ་སྤྲོད་བར་དུ་ནྲྀ་བྲི། དེའི་སྟེང་དུ་ཨེ། གཡོན་དུ་ཧུར། འོག་ཏུ་ཐུཾ། གཡས་སུ་ཛཿཞེས་པའི་འབྲུ་བཞིས་ཕྱོགས་བཞི་བསྐོར། དེ་རྒྱབ་ལིངྒའི་མགྲིན་ཕྱོགས་ནས་ཡིག་མགོ་ཕྱིར་ལ་བསྟན་ཏེ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་གནོད་ཅིང་འཚེ་བའི་དགྲ་བོ་བསམ་ངན་སྦྱོར་རྩུབ་འཆང་བ་རྣམས་དང་། ཁྱད་པར་དགྲ་བོ་ཆེ་གེ་མོའི་ཚེ་བླ་སྲོག་གསུམ་མཐུ་སྟོབས་ནུས་པ་ཐམས་ཅད་ཁུག་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པ་ཙམ་མམ། སྤྲོ་ན་ [2b] བླ་འགུགས་ཀྱི་སྔགས་ཀྱང་བྲི། དཔྲལ་བར་རུས་ཤེས་ན་དེ་ཀའི་མཐར་ཁུག་ཛཿ མ་ཤེས་ན་ཐམས་ཅད་རུས་ཆེན་སྡེ་ལྔར་འདུ་བས། ཇིའུ་ཀུང་ཀེག་ཤངས་ཁུག་ཛཿ མགོ་བོར་དགྲ་མགོ་ཐོག་ཏུ་བབས་པ་ཐམས་ཅད་སྟྭམྦྷ་ཡ་ནན། མིག་གཉིས་ལོང་། རྣ་བ་གཉིས་ལ་འོན། སྣ་ལ་ཐིབས། ཁ་ནང་བདུད་པོ་ང་ལོང་། མགྲིན་པར་བརྗེད། དཔུང་པ་གཡས་གཡོན་ལ་ཛཿཧཱུྃ། པུས་མོ་གཡས་གཡོན་ལ་བྃ་ ཧོཿ ཉྭ་ལྡིར་བཞིར་མཱ་ར་ཡ་རྦད་ཅེས་འབྲུ་བཞིའི་འོག་ཏུ་ཞ་རེ། བརླ་གཡས་སུ་དགྲ་བོའི་བླ་མི་ཤ་བ་དགོ་བ་ར་ལུག་བྱ་བོང་བུར་བརྫུ་བ་ཁུག་ཛཿ ཞེས་ཕྲེང་དུ་བྲི། གཡོན་དུ་ཚ་ཞེས་པའི་མཐར་པུས་མོའི་ཕྱོགས་ནས་བརྩམས་ཏེ། ཏྲཾ་ཏྲི་ཤཾ་ཏྲི་ཛཿཁཾ་ཤ་བྷ་ཛཿཏྲཾ་ཐུཾ་ཛཿ ཞེས་སྔགས་མགོ་ཕྱིར་བསྟན་དུ་བསྐོར། གསང་བར་ཕཊ། ཅེས་སམ། གརྦྷ་ནྲྀ་ཛཿ རྐང་མཐིལ་གཉིས་སུ་ཡཾ་རེ་རེ་བྲི། ལིངྒའི་ཕྱི་རོལ་དུ་མགོ་བོ་ནས་བཟུང་སྔགས་མགོ་ཕྱིར་བསྟན་དུ་གཞུང་གི་མནན་སྔགས་མིང་སྤེལ་ཅན་མཐར། མ་རིག་པ་ནན། འདུ་བྱེད་ནན། །རྣམ་ཤེས་ནན། མིང་གཟུགས་ནན། སྐྱེ་མཆེད་དྲུག་ནན། རེག་པ་ནན། ཚོར་བ་ནན། སྲེད་པ་ནན། ལེན་པ་ནན། སྲིད་པ་ནན། སྐྱེ་བ་ནན། རྒ་ཤི་ནན། ཨོཾ་སརྦ་ཛི་ན་ཧཱུྃ་ཛ༔ ཏྲི་ཛ་ཏྲིག་ནན། ནྲྀ་ཏྲི་ཛ་ཏྲི་ལཾ་ནན། ཤན་ཏྲི་ནན། དགྲ་བོ་གུཾ་གུཾ་སྟྭམྦྷ་ཡ་ནན། སརྦ་ལོག་ཏྲི་པ་ལཱ་ནན། སྔ་དགྲ་ལག་ཏུ་བསྡར་བ་ཐམས་ཅད་ཆིངས་བྲུབ་ནན། ད་དགྲ་ཐད་དུ་ལངས་པ་ཐམས་ཅད༴ ཕྱི་དགྲ་ཞེ་ལ་འཆང་ [3a] བ་ཐམས་ཅད་ཆིངས་བྲུབ་ནན། སྤྱི་དགྲ་རླུང་ལྟར་འཚུབས་པ་ཐམས་ཅད༴ སྒོས་དགྲ་རྦབ་ལྟར་རྒྱུག་པ་ཐམས་ཅད༴ ཟུར་དགྲ་ཁྱི་ལྟར་ཟུག་པ་ཐམས་ཅད༴ རྐྱེན་དགྲ་ཐོག་ལྟར་བབས་པ་ཐམས་ཅད༴ ཤར་ཤིང་ཁམས་པའི་དགྲ་བོ་ཐམས་ཅད་ཆིངས་བྲུབ་ནན། ལྷོ་མེ་ཁམས་པའི་དགྲ་བོ་ཐམས་ཅད༴ ནུབ་ལྕགས་ཁམས་པའི་དགྲ་བོ་ཐམས་ཅད༴ བྱང་ཆུ་ཁམས་པའི་དགྲ་བོ་ཐམས་ཅད༴ མཚམས་བཞི་ས་ཁམས་པའི་དགྲ་བོ་ཐམས་ཅད༴ སརྦ་ཏྲིག་ནན་རྦད་ནན། བྷིནྡྷ་ཙིཏྟ་རྦད་ནན། ལིཾ་ནན་ནན།ཞེས་བྲི། དེ་རྒྱབ་ཛཿཁྲམ་ཉེར་གཅིག་གིས་བསྐོར། ཡང་འདྲེ་བགེགས་ལ་དམིགས་པའི་སྲི་མནན་གཙོ་བོར་བྱེད་ན། ལིངྒ་བཤད་མ་ཐག་པ་ལྟར་ལ་མི་འདྲ་བའི་ཁྱད་པར། དམ་སྲི་བྱ་མགོ། །དུར་སྲི་ཝ་མགོ ཕུང་སྲི་རྔ་མོའི་མགོ། དགྲ་སྲི་གཡག་མགོ། །ཕོ་སྲི་སྤྱང་མགོ མོ་སྲི་ཁྱི་མགོ། ཆུང་སྲི་སྲེ་མོང་། གོད་སྲི་ཕག་མགོ་སོགས་སྐབས་ཐོབ་བསྒྱུར། གནས་ཡིག་སྤྱི་ལྟར་ལ་སྙིང་གར་ནྲྀའི་ཚབ་ཏུ་ཏྲི་བྲི། འགུགས་བྱང་ཉི་མ་ཕྱོགས་བཞི་སོགས་ཀྱི་མལ་དུ། ཨོཾ་སརྦ་ཛ་ཏྲི་ནི་ཧཱུྃ་ཛཿ ན་ཏྲི་སུ་ཏྲི་ནི་ཧཱུྃ་ཛཿ ཤནྟྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་དནྟྲི་ནི་ཀུཾ་ཀུཾ་ཛཿཛཿཧཱུྃ། སྲི་ངན་གདུག་པ་ཅན་གྱི་བླ་སྲོག་རྣམ་ཤེས་ཁུག་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དང་སྤྲོ་ན་བླ་འགུགས་ཀྱང་བྲི། དབྲལ་བར་ཨེ་ཏྲིག་ནན། བརླ་གཡས་གཡོན་དུ། [3b] དམ་སྲི་གདུག་པ་ཅན་གྱི་བླ་སྲོག་ཤཀྟི་ཐུན་ཛ༔ ཞེས་ཡིན་མགོ་པུས་མོ་ནས་བརྩམས་ཏེ་བྲི་བ་རྣམས་ཁྱད་པར་དང་། ལིངྒའི་ཕྱི་རོལ་ཏུ། ལོ་སྲི་ལོ་བཅུ་གཉིས་ལ་འཁོར་བ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། ཟླ་སྲི་བཅུ་གཉིས་ཟླ་བར་བབས་པ་ཐམས་ཅད༴ ཞག་སྲི་སུམ་ཅུའི་ཞག་ཏུ་འགྱུ་བ་ཐམས་ཅད༴ དུས་སྲི་དྲུག་ཅུའི་སྲང་དུ་སྡིག་པ་ཐམས་ཅད༴ དམ་སྲི་སྣང་སྲིད་འབྱུང་བ་དཀྲུག་པ་ཐམས་ཅད༴ འགོང་སྲི་བསྟན་སེལ་ཕུགས་སུ་བཞུགས་པ་ཐམས་ཅད༴ ཀེག་སྲི་སྤར་སྨེ་དུར་དུ་ཚུད་པ་ཐམས་ཅད༴ བྱེད་སྲི་སྡེ་བརྒྱད་ཟ་ཁ་ཟུག་པ་ཐམས་ཅད༴ ཡོད་སྲི་སྟོང་སྡེའི་མི་ཁ་ཟུག་པ་ཐམས་ཅད༴ མེད་སྲི་ལྟོག་འགོང་སྲིས་ལ་རྐུ་བ་ཐམས་ཅད༴ བགེགས་སྲི་ཅི་བྱེད་བར་དུ་གཅོད་པ་ཐམས་ཅད༴ གནོད་སྲི་འཚེ་བའི་བདུད་རིགས་ཐམས་ཅད༴ དམིགས་བསལ་སྲི་གང་ཡིན་གྱི་མིང་དཔེ་ན་དགྲ་དུར་ཕུང་གསུམ་ལ། དགྲ་སྲི་ཕྱོགས་བཞི་མཚམས་ནས་ལྡངས་པ་ཐམས་ཅད༴ དུར་སྲི་གཤིན་དུར་འོག་ནས་དོན་པ་ཐམས་ཅད༴ ཕུང་སྲི་སྒོ་བཞི་ཟུར་ནས་ལྡངས་པ་ཐམས་ཅད༴ མདོར་ན་བར་དུ་གཅོད་པའི་སྲི་ངན་ཐམས་ཅད༴ མཱ་ར་ཡ་རྦད་ཐུཾ། རྡ་ར་ཡ་རྡ་ར་ཡ་ནན། མཱ་ར་ཡ་མཱ་ར་ཡ་ནན། ཡ་མ་དམ་སྲི་ཀཱ་ཡ་ཝཱ་ཀ་ཙིཏྟ་སྟྭམྦྷ་ཡ་ནན།ཅེས་དང་ཛ་ཁྲམ་སྔར་བཞིན་བཀོད། དེ་ལྟར་བྲིས་ཟིན་ནས་ཆུ་ཟན་ [4a] གཙང་མས་ཤོག་གུའི་ཕྱི་ནང་ཐམས་ཅད་དྲིལ་ཕྱིས་བྱ། སྣོད་གཙང་ཆུས་བཀང་བར་ལིངྒ་ལན་གཅིག་བཤན་ནས་རླུང་ལ་ཕྱར་ཏེ་སྐམ་ནས། ལིང་ཁྲུས་བྱ་བའི་ཐོག་མར་རང་གྲིབ་སྦྱོང་བ་ནི། རང་ཉིད་ཐ་མལ་གནས་པ་ཡི༔ སྤྱི་མགྲིན་སྙིང་གའི་གནས་གསུམ་དུ༔ རྡོ་རྗེ་སེམས་དཔའ་དཀར་དམར་མཐིང་༔ གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན༔ བབས་པས་སྒོ་གསུམ་སྒྲིབ་དག་གྱུར༔ ཅེས་མོས་ལ་ཡིག་བརྒྱ་བཟླ། སླར་ཡང་གནས་གསུམ་རྡོར་སེམས་ཀྱི༔ སྐུ་ལས་འོད་ཟེར་ཡར་འཕྲོས་པས༔ རབ་འབྱམས་ཞིང་གི་རྒྱལ་བ་མཆོད༔ ཐུགས་རྗེའི་བྱིན་རླབས་ཚུར་འདུས་པ༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ ཉམས་ཆག་ཉེས་ལྟུང་དྲི་མ་སྦྱངས༔ ཕ་རོལ་བྱད་མའི་བསམ་ངན་གྱིས༔ གནོད་བྱས་ཉེས་ཚོགས་ཐམས་ཅད་སྦྱངས༔ ཡིག་བརྒྱའི་ཤམ་བུར། ཨེ་ ཧོཿ ཤུདྡྷེ་ཤུདྡྷེ༔ ཡཾ་ཧོཿ ཤུདྡྷེ་ཤུདྡྷེ༔ བཾ་ཧོཿ ཤུདྡྷེ་ཤུདྡྷེ༔ རཾ་ཧོཿ ཤུདྡྷེ་ཤུདྡྷེ༔ ལཾ་ཧོཿ ཤུདྡྷེ་ཤུདྡྷེ༔ ཨ་ཧ་རཾ༔ ཨི་ནེ་རཾ༔ བི་ན་ཤུདྡྷེ་སྭཱཧཱ༔ ཨ་ཨ་ཨ་སྭཱཧཱ༔ ཞེས་པ་བདུན་ནམ་ཉེར་གཅིག་བཟླས༔ སྨན་སྤོས་ཆུར་བཏབ་བཏུང་ཞིང་བྱུག༔ ཉེས་ཚོགས་ཐམས་ཅད་དག་པར་བསམ༔ དེ་ནས་ལིངྒའི་དྲི་མ་སྦྱོང་བ་ནི། བྱེ་མ་གཤེར་ལྡན་གྱིས་ལིངྒའི་ཕྱི་ནང་ལེགས་པར་འཕུར་ཞིང་། སྲིད་པ་བྱེ་མའམ་ཞིང་ས་གཙང་མས་བསྐོར་ལ། ལཾ་ཧོཿ ཤུདྡྷེ་ཤུདྡྷེ་ [4b] ཡེ་སྭཱཧཱ༔ ཆུ་མིག་ལྐུག་པའམ་ཕུག་རྡུགས་ཀྱིས་ཆུས་འཐོར་ཞིང་། བཾ་ཧོཿ ཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ བྲ་རྐང་ངམ་ཤིང་ཚེ་ཟད་ཀྱི་མེས་བསྐོར་ཞིང་། རཾ་ཧོཿ ཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ ཕོ་རོག་དང་འུག་སྒྲོས་རླུང་གཡབ་ཅིང་། ཡཾ་ཧོཿ ཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ ཞེས་ལན་གསུམ་གསུམ་དང་། གོང་གི་རང་སྒྲིབ་སྦྱོང་བའི་སྔགས་བརྒྱ་རྩ་གཅིག་བཟླས་རྗེས། ཨེ་ཧོཿ ཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ སོགས་ཉེར་གཅིག་རེའི་མཇུག་ཏུ་ལིངྒ་བར་སྣང་གཡབ་ཅིང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་ལུས་ཀྱི་དྲི་མས་མ་གོས། ངག་གི་དྲི་མས་མ་གོས། ཡིད་ཀྱི་དྲི་མས་མ་གོས། ལུས་ངག་ཡིད་གསུམ་གྱི་དྲི་མས་མ་གོས་སོ། །ཨེ་ཧོཿ སོགས་དང་དབུགས་ཐེངས་གཅིག་ལ་ཨ་ཉེར་གཅིག་བརྗོད་པས་ཐམས་ཅད་སྟོང་པར་བལྟའོ། །དེ་ནས་གྲི་མཛེའི་ཁྲག་དང་། དུག་སྣ་ཚོགས་ཚད། དགྲ་བོ་དམིགས་བསལ་ལ་དེ་ཉིད་ཀྱི་དྲི་མ་དྲུག་སོགས་ཟག་རྫས། བགེགས་དང་སྲི་ལ་འདྲེ་ཚུགས་ཀྱི་ས་དང་རྟེན་གནས་ས་རྡོ་ཆུ་ཤིང་གར་ཡིན་རྣམས་ལྕགས་སྣོད་དུ་རླངས་པ་ཐོན་ཙམ་མེ་ལ་བསྲོས་ནས་བྱུག །དགྲ་ལིང་མཚོན་ལྟེབ་བམ་རོ་ལྟེབ་ཏུ་གྲགས་པ་ཐོག་མར་ཟུར་བཞི་ནང་དུ་བཅུག །དེ་ནས་མཐའ་ནས་རིམ་པར་བསྡུས་ལ་སྙིང་གའི་ས་བོན་མཐོང་བ་དང་། འདྲེ་བགེགས་ལ་སྙིང་གའི་ས་བོན་བཅག་པའི་འདྲེ་ལྟེབ་བྱས་ལ། ཤི་སྐྲ་བདུད་དང་སྐུད་པ་སྔོ་དམར་གནོད་སྦྱིན་གྱི་ཞགས་པའམ་ཡང་ན་སྐུད་པ་སྣ་ལྔ་སྡེ་བརྒྱད་ཀྱི་བྱད་ཐག་གིས་ [5a] བཅིང་པའི་སྣེ་ནྲྀ་མིག་ནས་དྲངས་པའམ་སྐེ་ལ་བཏགས་ཏེ་ཕུར་པ་ལ་འདོག །མདུན་དཀྱིལ་གྱི་འོག་ཕྱོགས་སུ་རི་རུད་ས། ཕུང་ཤུལ་ས། རྒྱ་གྲོག་དམར་ནག་འཐབ་པའི་ས་སྟེ་གདུག་པའི་ས་སྣ་གསུམ་གྱི་སྟེགས་བུ་ཁྲུ་གང་ངམ་མདའ་གང་པ་གྲུ་བཞི་པའི་དབུས་སུ་གྲུ་གསུམ་ཁ་ཁྱེར་གསུམ་ལྡན་ནང་དུག་ཁྲག་དང་ཕྱི་རོ་སོལ་གྱིས་བྱུག་པའི་ནང་དུ་ལིངྒ་བཅུག་ལ་རོ་གཡམ་མམ་རས་ནག་གིས་བཀབ་སྟེ་བཞག་པའི་བྲུབ་ཁུང་གི་གཡས་གཡོན་དུ་བྱ་རོག་དང་འུག་པའི་སྒྲོ་བཙུག །སྲི་མནན་ལ་གལ་ཆེ་བ་ཐོད་པ་ཡིན་པས་སྲི་ཚུད་བཅུ་གསུམ་སོགས་ལ་ཐོད་པ་སོ་སོར་བཤད་ཀྱང་། ཉེར་མཁོ་དམ་སྲི་མི་ཁྱི་ར་ཕག་རབས་ཆད་ཐོད་པ། དུར་སྲི་ཝ་ཐོད། ཕུང་སྲི་རྔ་མོང་མཛོ་རྟོལ་དྲེའུའི་ཐོད་པ། དགྲ་སྲི་རྟ་གཡག་ཐོད་པ། ཕོ་སྲི་གཡག་རོག་ཐོད་པ། མོ་སྲི་ཁྱི་མོ་ནག་མོའི་ཐོད་པ། ཆུང་སྲི་དྲིའུ་ལུ་གུ་ཁྱི་གུ་སྐད་མ་ཐོན་པར་ཤི་བ་དང་སྲེ་མོང་ཐོད་པ། གོད་སྲི་འཕར་སྦྱང་ངམ་གོད་མགོ་རྣམས་སུ་བཤད་ཅིང་། དགྲ་མནན་སྤྱི་ལ་གླང་རུ་སྤྱང་ཀི་ཤ་ཁྱི་ཁོ་རང་གི་ཕ་མྱེས་ཐོད་པ་རྣམས་བསྔགས། ཡང་ན་གཡག་རྭ་མེ་ཆུས་མ་ཕོག་པ་སྐྱེས་པ་ལ་གཡས་དང་བུད་མེད་ལ་གཡོན་པ། འདྲེ་བགེགས་སྤྱི་ལ་ཝ་ཐོད་དང་ཕག་ཐོད་ཉིད་བསྔགས། དེ་ལྟར་ཐོད་པའི་རིགས་ལ་གོང་དུ་ལིངྒའི་སྙིང་གར་བཀོད་པའི་སྔགས། ཨོཾ་སརྦ་ཛ་ཏྲི་སོགས་ཐོད་པའི་དཔྲལ་བ་ནས་ཕྱིར་ལ་མདུང་ཚུགས་སུ་བྲི། དཔྲལ་བར་རྒན་པའི་ [5b] རྒན་སྲི་ནན། གཞོན་པའི་གཞོན་སྲི་ནན། འགྲམ་པ་གཡས་ལ་ཕོའི་ཕོ་སྲི་ནན། གཡོན་ལ་མོའི་མོ་སྲི་ནན། ཅེས་དུག་ཁྲག་གིས་བྲིས་ལ་སྐུད་པ་སྔོ་དམར་གྱིས་བཅིངས་ནས་སྒྲུབ་པའི་ཚེ་བྲུབ་ཁུང་དུ་ལིངྒ་དང་མཉམ་དུ་བཞག་དགོས་ཀྱང་མ་ཤོང་ན་བྲུབ་ཁུང་འགྲམ་དུ་འཇོག །སྲི་མནནན་ལ་སྲི་ཐོད་གང་ཡིན་ལིངྒ་བཅས་མནན་ཟིན་པའི་སྟེང་དུ་ཐོད་གནོན་ཅེས་ར་ཁྱི་ཕག་གསུམ་གྱི་ཐོད་པ་རེ་མེད་ཐབས་མེད་པས་དེའང་ཉེ་འགྲམ་དུ་བཀོད། ཧོམ་ཁུང་མཐའ་མར་སྐྱེར་རྩང་དམར་ནག་ཉེར་གཅིག་སྲིན་མོ་འགྲོས་སུ་བཙུག །དེ་སྟེང་ཁྲིའུར་ཟློག་གཏོར་འཕང་བའི་སྐབས་བཞིན་འདུ་བྱས་པ་འགོད་ཅིང་མཐར་དྲག་པོའི་ཉེར་སྤྱོད་ཀྱིས་བསྐོར། ཤིང་གི་ཨེ་ཁྲམ་ལ་བརྟེན་པའི་ཕུང་རེའམ་རས་ནག་གི་གུར་ཕུབ་ལ་ཉི་ཟླའི་གསལ་ཆ་མི་མཐོང་ཞིང་མཆོད་པའི་ཟེགས་མ་མི་འཐོར་བར་བྱ། ཉེ་ལོགས་སུ་ལྕགས་སྣོད་དུ་ལྷ་དབྱེའི་བདུག་རྫས་གུལ་ནག །ཚིལ་ཆེན། དྲི་ཆེན། རྟ་བོན། རྭ་གཞོབ། དམེ་ཡུག་མཛེ་ཕོའི་ལྷྭམ་འབོག །ཡུག་སའི་དོར་རྟ། མུ་ཟི་ནག་པོ་བཅས་རྟ་དྲེལ་གྱི་སྦང་དང་སྦྱར་བ། ཐོད་ངན་དུ་ཐུན་རྫས་ཡུངས་དཀར་ནག །ཏིལ་ནག །ཀེ་ཚེ། ཤང་ཚེ། བྲག་ཚེ། ལྕགས་ཕྱེ། ཟངས་ཕྱེ། མི་བསད་རྦབ་རྡོའི་ཕྱེ་མ་བཅས་ལ། བཙན་དུག་ར་དུག་སྤྱང་དུག་རྡ་རྡུ་ར་རྣམས་ཡུག་སའི་མངལ་ཁྲག་དང་བམ་གྱི་སྙིང་ཁྲག་སོགས་ཁྲག་སྣ་དང་སྦྱར་བས་ངར་བཏགས་པ། གཡོབ་བྱེད་རྔ་མ་ནག་པོ། མནན་ཆས་ [6a] བསྟུམ་བྱེད་ཕུང་རེ། ཡུགས་སའི་ཤ་གོས་རབས་ཆད་རེ་བ་སོགས། ཐོད་པའི་གསེང་འགེང་བྱེད་གཡེར་མ་ཚྭ་སྒོག་རམ་པ་བུལ་ཏོག་བ་ཚྭ་སོགས་མི་ཁའི་རྫས། སྡོམ་བྱེད་རོ་སྐྲའམ་ཁྱི་སྤུའི་སྐུད་པ་དང་ཚོན་སྐུད་སྣ་ལྔ། གནོན་བྱེད་རོ་གཡམ་འོག་རྒྱ་གྲམ་དང་སྟེང་རི་གླིང་བྲིས་པ་བཅས་བསྡོག །གུང་དུ་རྩ་བའི་མཆོད་གཏོར་སྤྱི་བྱེ་བྲག་གི་སྲུང་མའི་གཏོར་འབུལ། སྨན་རཀ་ཉེར་སྤྱོད་དང་བཅས་པ། ཉིན་རེ་བཞིན་དགོས་པའི་སྔོན་རྗེས་ཀྱི་གཏོར་མ་དང་ཚོགས་ཀྱི་ཡོ་བྱད། ཐུན་རེ་བཞིན་འབུལ་རྒྱུའི་གསེར་སྐྱེམས་དང་། དམར་གཏོར་རྒྱན་མེད་ཤ་དུམ་མཐེབ་ཀྱུ་ཅན། གཞན་ཡང་གཡབ་དར་དང་རོལ་མོའི་ཁྱད་པར་སོགས་ཆོ་གར་འོས་ཤིང་མཁོ་བའི་ཆ་རྐྱེན་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །དེ་ནས་ཆོ་ག་དངོས་ལ་ཐུན་བཞིའི་ངེས་པས་གཞུང་སྲོང་བ་ལས། ཐུན་དང་པོར་ལས་བྱང་གི་བརྒྱུད་འདེབས་ནས་བརྩམས་བཟླས་པའི་བར་གྱེར་ཚིག་གཅིག་གིས་བདག་མདུན་མཉམ་དུ་བསྒྲུབ་ལ། བཟླས་པའི་སྐབས་བསྙེན་སྒྲུབ་ཀྱི་བཟླས་པ་ཅི་ནུས་དང་སྲུང་བའི་དམིགས་བཟླས་ནན་ཏན་དུ་བྱ། དེ་ནས་མནན་གཞུང་དང་སྨད་ལས་ལྟོ་སྦྱར་བས་ཐུགས་དམ་བསྐུལ་བ་ནས་བྲུབ་ཁུང་བསྐྱེད་པའི་བར་དཀྱུས་བཞིན་ལ། འགུགས་པའི་ཚེ་དགྲ་མནན་སྐབས། ད་དགྲ་ཐད་དུ་འཛུག་པའི་གཟུགས་ཅན་སྡང་བའི་དགྲ་བོ་དམིགས་བསལ་ལ་ཆེ་གེ་མོའི་མིང་འདི་ཞེས་བྱ་བ་ [6b] དང་། སྤྱིར་བཏང་དུ། དགྲ་སྣ་ཇག་སྣ་རྐུན་སྣ་སྟོན་པའི་དགྲ་བོ་ཡིད་ལ་བརྣག་པ་ཞེས་དང་། སྲི་མནན་སྐབས། ད་དགྲ་ཐད་དུ་འཛུག་པའི་གནོད་བྱེད་དགྲ་སྲི་དུར་སྲི་ཕུང་སྲི་དམ་སྲི་སོགས་དང་། དགྲ་བགེགས་ཐུན་མོང་དུ། གཟུགས་ཅན་སྡང་བའི་དགྲ་དང་གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཞེས་གང་འདོད་བསྒྱུར་མཐར། རྒྱབ་བརྟེན་ལྷ་སྲུང་དང་བཅས་པ་རྣམས། མགོན་བྱེད་ཀྱི་ལྷ། ཚེ་དང་དབང་ཐང་། བསོད་ནམས་དང་དུས་ཀྱི་དབང་དུ་མ་བཏང་བར་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སོགས་དཀྱུས་བཞིན་དང་། སྔགས་ཀྱང་ཁ་བསྒྱུར་འདྲ་བས་བདེན་བརྗོད་ལན་གསུམ་སོགས་བྱ། འདིར་གལ་ཆེན་ནན་བསྒྲུབ་ཀྱི་ཚེ་བླ་འགུགས་ཕོ་ཉ་འགྱེད་པ་སྦྱར་ན་ལེགས་པས། དགྲ་མནན་ལ། ཧཱུྃ་བྷྱོ༔ ད་ནི་བསྒྲལ་བའི་ཐུགས་དམ་དུས་ལ་བབ༔ དོ་ནུབ་ནམ་གྱི་སྲོད་དང་གུང་ལ་བབ༔ ད་ལྟ་ནམ་གྱི་གུང་ལ་བབ་དུས་འདིར༔ སེམས་མེད་འབྱུང་བ་ཆུ་ཡང་གཉིད་ལོག་དུས༔ དགྲ་བོ་སྡིག་ཅན་ལས་ངན་གཉིད་ལོག་གི༔ བླ་ཚེ་འཁྱམས་པོ་ད་ལྟ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ནམ་གྱི་སྲོད་ལ་བབ་དུས་འདིར༔ ཚེ་རྐུན་ལས་ལ་འགྱོད་པའི་དུས་ཡིན་པས༔ དམ་ཉམས་དགྲ་བོའི་བླ་ཚེ་འཁྱམས་པའི་དུས༔ དམ་ཉམས་དགྲ་བོའི་བླ་ [7a] འཁྱམས་ཁྲིད་ལ་ཤོག༔ བྷྱོ༔ དོ་ནུབ་ནམ་གྱི་ཐོ་རངས་བབ་དུས་འདིར༔ དགྲ་བོའི་བླ་ཚེ་འཕྱོ་ཞིང་འཕྲོ་བའི་དུས༔ ལས་ངན་བླ་འཁྱམས་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ནམ་ལངས་ཉི་མ་ཤར་བའི་དུས༔ མི་ཕྱུགས་ཐམས་ཅད་ལས་ལ་གྲམ་པའི་དུས༔ དགྲ་བོའི་བླ་ཚེ་སྒོ་རུ་ཐོན་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ཉི་མ་གུང་ལ་བབ་དུས་འདིར༔ དགྲ་རྐུན་རྣམ་ཤེས་བྱིང་ཞིང་མྱོས་པའི་དུས༔ དགྲ་བོའི་བླ་ཚེ་འཐོམ་ཞིང་འཁྱམས་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ཉི་མ་གྲིབ་སོ་ཕོག་པའི་དུས༔ སྙིང་མི་དགའ་ཞིང་ཤེས་པ་འཕྱོ་བའི་དུས༔ དགྲ་བོའི་བླ་ཚེ་རྣམ་ཤེས་འཕྱོ་བའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ བླ་འཁྱམས་ལས་ངན་འཁྱམས་པའི་དུས་དྲུག་ལ༔ བླ་གཤེད་ཕོ་ཉ་ཁྱེད་རྣམས་མྱུར་དུ་རྒྱུག༔ མགོན་མེད་བྱིའུ་ཕྲུག་བྱ་ཁྲས་ཟིན་པ་ལྟར༔ རང་དབང་མེད་པར་མྱུར་དུ་ཁྲིད་ལ་ཤོག༔ དགྲ་བོའི་བླ་འཁྱམས་མི་རུ་བརྫུ་བ་ནཿ ཕོ་ཉ་གནོད་བྱེད་སྲིན་པོར་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་ཤ་བར་བརྫུ་བ་ན༔ ཕོ་ཉ་གསེར་གྱི་སྟག་མོར་ [7b] སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་རྒོ་བར་བརྗུ་བན༔ ཕོ་ཉ་ལྕགས་དོམ་ནག་པོར་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་ལུག་ཏུ་བརྫུ་བ་ནི༔ ཕོ་ཉ་ལྕགས་ཀྱི་སྤྱང་མོར་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་སར་རུ་བརྫུ་བ་ན༔ ཕོ་ཉ་བྱེ་རུའི་ཁྱི་མོར་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུད་ར༴ དགྲ་བོའི་བླ་འཁྱམས་བྱ་རུ་བརྫུ་བ་ན༔ ཕོ་ཉ་བྱ་རྒྱལ་ཁྱུང་དུ་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ༴ དགྲ་བོའི་བླ་འཁྱམས་གླ་བར་བརྫུ་བ་ན༔ ཕོ་ཉ་གསེར་གྱི་འཕརབར་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ༴ དགྲ་བོའི་བླ་འཁྱམས་བོང་བུར་བརྫུ་བ་ན༔ ཕོ་ཉ་ཟངས་ཀྱི་དྲེད་མོར་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ བྷྱོ༔ དམ་ཉམས་དགྲ་བོའི་བླ་རྟགས་བརྒྱད་པོ་ལ༔ ཕོ་ཉ་བརྒྱད་ཀྱིས་གཉེན་པོ་སྐུར་སྤྲུལ་ལ༔ བྲུབ་ཁུང་འཁོར་བའི་བཙོན་དོང་འདི་ནང་དུ༔ དམ་ཉམས་ལིང་གའི་སྟེང་ན་བླ་སྲོག་ཁུག༔ བླ་སྲོག་གསུམ་ལ་སྲིད་པའི་ཕུར་པ་ཐོབ༔ ཕུར་མཚོན་དཔལ་གྱིས་ལུས་སེམས་ཕྱེས་ལ་ཤོག༔ དགྲ་བོའི་བླ་སྲོག་སྟེང་དུ་ [8a] མཱ་ར་ཡ༔ སྲོག་རྩ་དམར་པོ་རྦད་ཀྱིས་ཆོད་ལ་ཤོག༔ བླ་འཁྱམས་ལས་ངན་སྟེང་དུ་མཱ་ར་ཡ༔ ར་དང་ལུག་དང་བོང་བུ་རྣམ་པ་གསུམ༔ བླ་རྟགས་ཡིན་པས་མྱུར་དུ་ཁྱེར་ལ་ཤོག༔ སོ་དང་སེན་མོ་པགས་པ་རྣམ་པ་གསུམ༔ ཕྱི་རྟགས་ཡིན་པས་ད་ལྟ་ཁྱེར་ལ་ཤོག༔ རྣ་བ་ལྕེ་དང་མིག་དང་གསུམ་པོ་ནི༔ དབང་པོ་ཡིན་པས་མྱུར་དུ་ཁྱེར་ལ་ཤོག༔ གློ་བ་སྙིང་དང་མཆིན་པ་གསུམ་པོ་ནི༔ དོན་སྙིང་ཡིན་པས་མྱུར་དུ་ཁྱེར་ལ་ཤོག༔ མཉེ་མ་རྒྱུ་མ་མཁལ་མ་གསུམ་པོ་ནི། ནང་རོལ་ཡིན་པས་ད་ལྟ་ཁྱེར་ལ་ཤོག༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཅེས་དང་། སྲི་མནན་ལ། ཧཱུྃ༔ ནམ་མཁའི་དབྱིངས་སུ་སྲི་བྲོས་ན༔ ཁྱུང་གི་མགོ་ཅན་ཁྱོད་སོང་ལ༔ ནམ་མཁའི་དཀྱིལ་ནས་སྲི་ཁུག་ཅིག༔ རྣ་ཤེས་གཟུགས་དང་རྟེན་ལ་ཕོབ༔ གངས་དཀར་རྩེ་ལ་སྲི་བྲོས་ན༔ སེང་གེའི་མགོ་ཅན་ཁྱོད་སོང་ལ༔ གངས་དཀར་རྩེ་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ གཡའ་སྤང་མཚམས་སུ་སྲི་བྲོས་ན༔ གཡག་གི་མགོ་ཅན་ཁྱོད་སོང་ལ༔ གཡའ་སྤང་ [8b] མཚམས་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ གོང་སུམ་དག་ཏུ་སྲི་བྲོས་ན༔ སྤྱང་ཤིའི་མགོ་ཅན་ཁྱོད་སོང་ལ༔ གོང་སུམ་དག་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ བྲག་ཐང་མཚམས་སུ༴ འུག་པའི་མགོ་ཅན༴ བྲག་ཐང་མཚམས་ནས༴ རྣམ་ཤེས་གཟུགས་དང་༴ ནགས་ཚལ་དག་ཏུ༴ དོམ་གྱི་མགོ་ཅན༴ ནགས་ཚལ་གསེབ་ནས༴ རྣམ་ཤེས་གཟུགས་དང་༴ རྒྱ་མཚོའི་གཏིང་དུ༴ སྲམ་གྱི་མགོ་ཅན༴ རྒྱ་མཚོའི་གཏིང་ནས༴ རྣམ་ཤེས་ཆོས་ཀྱི༴ ཆུ་བོའི་གཞུང་དུ་སྲི་བྲོས་ན༔ ཆུ་བྱའི་མགོ་ཅན་ཁྱོད་སོང་ལ༔ ཆུ་བོའི་གཞུང་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ ས་ཡི་སྟེང་དུ༴ དྲེད་ཀྱི་མགོ་ཅན་ཁྱོད༴ ས་ཡི་སྟེང་ནས༴ རྣམ་ཤེས་གཟུགས་དང་༴ རྒྱ་གྲམ་ལམ་དུ༴ ཕག་གི་མགོ་ཅན༴ རྒྱ་གྲམ་ལམ་ནས༴ རྣམ་ཤེས་གཟུགས་དང་༴ རི་སུལ་དག་ཏུ༴ གོ་བོའི་མགོ་ཅན༴ རི་སུལ་དག་ནས༴ རྣམ་ཤེས་གཟུགས་དང་༴ ཐེམ་པའི་འོག་ཏུ༴ ཁྱི་ཡི་མགོ་ཅན༴ ཐེམ་པའི་འོག་ནས༴ རྣམ་ཤེས་གཟུགས་དང་༴ རྩིག་པའི་གསེབ་ཏུ༴ བྱི་བའི་མགོ་ [9a] ཅན་ཁྱོད་སོང་ལ༔ རྩིག་པའི་གསེབ་ནས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ ཕྱོགས་མཚམས་ཀུན་ཏུ་སྲི་བྲོས་ན༔ སྤྲུལ་པའི་ཕོ་ཉ་མང་པོ་དང་༔ ཡང་སྤྲུལ་ཕོ་ཉས་སྲི་ཁུག་ཅིག༔ རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ༔ ཅེས་བསྐུལ་ལ། གང་གི་ཚེ་ནའང་དམིགས་གནད་དང་འགུགས་སྔགས་གཞུང་གསལ་ལྟར་ལ་མིང་ཁ་བསྒྱུར་དང་བཅས་འགུགས་སྔགས་སྟོང་རྩ་ལས་མི་ཉུང་བ་བཟླ། མཐར་འགུགས་འཆིང་སྡོམ་མྱོས་ཀྱི་ལས་བསྐུལ་རྗེས་ཐུན་གཏོར་ཕུལ་བ་གཏོར་ཆེན་དུ་བསྟབ་ལ། ནམ་མཁའ་མེད་པར་གྱུར་ན་ཡང་༔ སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར༔ ལྷ་དང་དྲང་སྲོང་གིས་བཤད་པའི༔ རིག་སྔགས་བསླུ་བར་མི་འགྱུར་ན༔ འདོད་ཆགས་བྲལ་བས་བྱས་པ་ཡི༔ གསང་སྔགས་སྦྱོར་བས་བསླུས་པ་ནི༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ སྔགས་དང་རྟེན་འབྲེལ་མི་བསླུ་ཞིང་༔ ཏིང་འཛིན་ནུས་པ་བསམ་མི་ཁྱབ༔ དཀོན་མཆོག་གསུམ་དང་རྩ་གསུམ་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ མངོན་སྤྱོད་དམོད་པའི་ལས་འདི་ཉིད༔ ཐོགས་མེད་མྱུར་དུ་འགྲུབ་གྱུར་ཅིག ཛ་ཡ་ཛ་ཡ་སུ་ཛ་ཡ༔ ཅེས་བདེན་སྟོབས་བརྗོད་པས་ཐུན་དང་པོ་གྲུབ། དེ་ནས་ [9b] ཐུན་ཕྱི་མ་རྣམས་ལ་མཆོད་པ་ཁ་གསོ་ཞིང་ལས་བྱང་མདོར་བསྡུས་ཏེ་མཆོད་བརླབ་ནས་བཟླས་པའི་བར་དང་། བསྐུལ་བ་ནས་ཐུན་གཏོར་བར་གོང་བཞིན་བཏང་། དགོང་ཐུན་ནམ་སྲོད་ཐུན་གྱི་བཟླས་པའི་རྗེས་སུ་ཆོས་སྐྱོང་གཏོར་འབུལ་དང་། ཚོགས་བྱིན་བརླབ་ནས་ལྷག་མའི་བར་དུ་བཏང་རྗེས་བསྐུལ་བ་ནས་ཐུན་གཏོར་བར་གྲུབ་ནས་ལས་བྱང་གི་གཏོར་སྐྱོང་ཐོ་བརྡུང་སོགས་ཤིས་བརྗོད་བར་མཐར་དབྱུང་། དེའི་འགྲོས་ཀྱིས་རྟགས་ཐོན་བྱེད་ན་དངོས་ཉམས་རྨི་ལམ་དུ་ཁུག་རྟགས་མ་བྱུང་བར་འགུགས་པ་ཁོ་ན་དགོས་ཤིང་མ་ཁུག་པར་བསད་ལས་བྱས་ན་བླ་ཡར་བས་ནམ་ཡང་མི་ཐེབས་པར་བཤད། དེའང་འགུགས་པའི་དུས་གནད་ཐོ་རངས་སྐར་ཆེན་ཤར་བ་སྟག་ཆེན་ཁ་གདངས་པའི་དུས། ཞོག་པ་ཤར་ནས་གྲིབ་སོ་བྱུང་བ་གིང་ཟིན་ལ་འཇུག་པའི་དུས། དགོང་མོ་ནུབ་ནས་གྲིབ་སོ་བྱུང་བ་སྲིན་པོ་ལྟོ་ལ་རུབ་པའི་དུས། སྲོད་གདོང་ནག་ལ་བདུད་དམག་ལ་ཆས་པའི་དུས་ཏེ་དུས་དེ་བཞི་ལ་དགུག་གཞུག་དྲག་པོ་ནན་ཏན་དུ་བྱ་ཞིང་། དེང་སང་ཞག་གི་གྲངས་བཅད་བདུན་གཅིག་ལྟ་བུར་མཚོན་ན་ཞག་གསུམ་ལ་འགུགས་པ་འདི་ཁོ་ན་བྱ་སྟེ་དང་པོ་འགུགས་པའི་ལས་སོ། །དེ་ལྟར་འགུགས་ལས་ཐེམས་ནས་བར་དུ་གཟིར་བའི་ལས་ལ། ཐུན་དང་པོར་འགུགས་པ་འགུགས་འཆིང་སྡོམ་མྱོས་ཡན་གྲུབ་པ་དང་། ལྷ་དབྱེའི་རྫས་ངན་རྣམས་རང་དང་ལྷ་རྟེན་ལ་དུད་པ་དྲི་ཙམ་མི་འཕོག་པར་རྫའམ་དོང་གི་འཕྲུལ་འཁོར་དུ་བདུག་པ་ཡིན་ཅིང་། ཐུན་མོང་སྤྱིར་ [10a] བཏང་ཙམ་ལ་གུ་གུལ་ཤ་ཆེན་ཡུངས་དཀར་གྱི་དུད་པས་བདུག །བྱ་འུག་གི་དང་རུས་གཡབ་ལ་གཞུང་གསལ་དམིགས་པ་དང་བཅས་དབྱེ་བའི་ལས་བསྐུལ་མཐར། སྔགས་ཤམ་དུ། ཨ་ནྲྀ་ཏྲི་ཏྲཀ་རཀྵ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྵ་མཱ་ར་ཡ་ཕྱེས་ཕྱེས༔ ནྲྀ་ཏྲི་དེ་ཝ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བརྒྱ་རྩ་སོགས་བཟླས་མཐར་གཟུགས་ལ་དབབ། དེ་ནས་བསད་དམིགས་གཞུང་བཞིན་གྱིས་གཟིར་སྔགས་སྟོང་ཕྲག་ལས་མི་ཉུང་བ་བཟླས་མཐར་ཐུན་བསྐོར་ནས་ལིངྒ་ལ་ཐུན་བརྡེག་ཅིང་ཐུན་གཏོར་ཕུལ་ལ་བདེན་སྟོབས་བརྗོད། ཚུལ་དེའི་འགྲོས་ཀྱིས་བསད་རྟགས་མ་བྱུང་གི་བར་རམ་ཞག་བདུན་གྱི་ཚེ་འདི་ལ་ཞག་གཉིས་བྱའོ། །དེ་ལྟར་གཟིར་ལས་ཐེམས་ནས་མཐར་མནན་པའི་ལས་སྒྲུབ་ལ། སྔར་བཞིན་ལྷ་དབྱེ་གཟུགས་དབབ་བར་དུ་སོང་ནས་གཞུང་གསལ་དམིགས་གནད་བཅས་མནན་སྔགས་དྲག་ཏུ་བཟླ། འདི་སྐབས་མཆིལ་མ་ཁོང་དུ་སོང་ན་ངག་མནན་དུ་འགྱུར་བས་སྣོད་ཅིག་ཏུ་བསགས་ལ་ཕོ། བཟླས་པ་ཟིན་ནས་སྔོན་དུ་བསྒྲུབས་པའི་རྣམ་འཇོམས་བུམ་ཆུའམ་ཆུ་གཙང་གིས་ཁ་བཤལ། མཐར་ཐུན་སྒྲུབ་དང་བཅས་ཏེ་ཐུན་བརྡེག་རྗེས་བྲུབ་ཁུང་སྟེང་རྔ་མ་ནག་པོས་གཡོབ་བཞིན་དམོད་བྱང་གོང་གི་ལིངྒ་བྲི་ཐབས་སུ་བཤད་པ་ལྟར་བརྗོད། ཐུན་གཏོར་འབུལ་བའི་ཚིག་གཤམ། ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིགས། །ཅེས་པའི་ [10b] མཐར། ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས། །ནམ་ཡང་ལྡང་མེད་མནན་པའི་ཕྲིན་ལས་མཛོད། །ཅེས་བསྒྱུར་བ་ཁྱད་པར་དང་། དེའི་འགྲོས་ཀྱིས་རྟགས་བྱུང་གི་བར་རམ་ཞག་བདུན་གྱི་ཚེ་ན་ཉིན་གཉིས་ལ་འབད་དོ། །དེ་ལྟར་རྟགས་སམ་ཞག་གྲངས་རྫོགས་པའི་ཐུན་ཐ་མ་དགོང་མོ་ལ་བབས་པ་དང་། ལས་བྱང་བཟླས་པ། སྲུང་མའི་གཏོར་འབུལ། ཚོགས་ཀྱི་ལྷག་མ་ཡན་རྒྱས་པར་བཏང་། བསྐུལ་བ་ནས་བརྩམས་ཐུན་གཏོར་ཡན་དཀྱུས་ལྟར་སོང་ནས། ལིངྒ་ཧོམ་ཁུང་ནས་སྐམ་པས་བླངས་ཏེ་དགྲ་འདྲེ་ཕོ་ལ་དཔུང་པ་གཡས་དང་། མོ་ལ་གཡོན་སྔོན་ལ་བཅག་སྟེ་མགོ་ནས་མར། མཇུག་ནས་ཡར་དྲིལ། བྱད་ཐག་གིས་བཅིངས་ལ་མནན་ཐོད་གང་ཡིན་དེར་བཅུག །དེ་སྟེང་ཐུན་རྫས། མི་ཁའི་རྫས། ཚ་བུལ་ཏོ་བ་ཚྭ་སོགས་བླུགས་ལ་བཀང་། ཕུང་རེ་ཡུགས་སའི་ཤ་གོས་རབས་ཆད་རེ་བ་སོགས་ཀྱིས་བསྒྲིལ། རོ་སྐྲའམ་ཁྱིའི་སྤུའི་སྐུད་པ། ཚོན་སྐུད་སྣ་ལྔས་རྒྱ་ཆིངས་བྱས་པའི་ཁ་ལ་ཁྲོ་ཞལ་ལམ་སྣ་ཚོགས་རྡོ་རྗེའི་ཐེའུས་རྒྱས་བཏབ། སེ་སྐྱེར་འོམ་བུ་གསུམ་གྱི་རྩང་དམར་རྒྱ་གྲམ་དུ་གཟེར། དེ་དག་གི་སྐབས་སུའང་ཁ་རླངས་དྲི་མཐེབ་རྗེས་སོགས་མ་ཤོར་བ་གལ་ཆེ། མནན་ཆས་བྱེད་པའི་སྐབས་སུ་གཞུང་གསལ་དམིགས་གནད་དང་བཅས་མནན་སྔགས་ཅི་འགྲུབ་བཟླ་ཞིང་བྱ་བ་ཟིན་ནས་ཐོད་དབང་བསྐུར་བ་རྟེན་འབྲེལ་ནག་པོའི་མན་ངག་ནི། ཧཱུྃ་ཨེ་ཛ་བྷྲཱུྃ། ཐུགས་རྗེའི་འོད་ [11a] རྩལ་སྲིད་གསུམ་གང་བའི་ཚོགས། །གཅིག་ཏུ་དྲིལ་བའི་སྟོབས་ཤུགས་ནུས་པའི་དཔལ། །བགེགས་སྲིན་མཐར་བྱེད་གཤིན་ཡུལ་ཨེ་གསང་ཀློང་། །ཏིང་འཛིན་རྡོ་རྗེ་ཐོད་པའི་བརྡ་རུ་སྣང་། །དབྱིངས་རྩལ་འགགས་མེད་བདུད་འདུལ་ཁྲོ་བོའི་སྤྲིན། །དྲག་སྔགས་ལུ་གུ་རྒྱུད་ཀྱི་ཐིག་ལེ་ཡིས། །ནམ་ཡང་གཞོམ་མེད་རྡོ་རྗེའི་ངོ་བོ་རུ། །སྲིད་པ་སྤུ་གྲིའི་འཁོར་ལོས་རྒྱས་ཐོབ་ཅིག །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན། ཧཱ་སྭཱ་ཡེ་ཎ་མ་ཤྲ་ཧཱ་མ་དཱི་བཱ་ཝཾ་ཨེ་ངྷ་རོ་ནི་ཡོ་ཙ་ཥཱཉ་ཏེ་དཏ་བ་ཧྱ་ཏོ་ག་ཐཱ་ཏ་ཥཱཉ་ཏེ་ཏུན་ཧེ་ཝཱ་བྷ་པྲ་ཏུ་ཧེ་མཱ་རྡར་ཡེ་ཨོཾ། ཞེས་ཉེར་གཅིག་གིས་རབ་གནས་བྱ། དེ་ནས་མནན་པའི་ས་ནི་དགྲ་འདྲེ་རང་གཤེད་དབབ་པའི་ས་མཾག་དམིགས་སུ་བསལ་བའམ། དཀྱུས་སུ་དགྲ་འདྲེ་སྤྱི་ལ་ལྷ་ཁང་ངམ་མཆོད་རྟེན་གྱི་འོག་དང་ལམ་རྒྱ་གྲམ། བྱེ་བྲག་དམ་སྲི་ལྷ་ཁང་ཐེམ་འོག་གམ་མཆོད་རྟེན་རྨངས། ཕུང་སྲི་གྲོང་དབུས་སམ་སྲང་མདོ། དགྲ་སྲི་གོང་གསུམ་ལྟོང་དང་ལུང་གསུམ་མདོ། དུར་སྲི་དུར་ཁྲོད་དབུས། ཕོ་སྲི་ལ་བཙས་འོག །མོ་སྲི་བྲག་ནག་རྨས། ཆུང་སྲི་མའི་མལ་འོག །གོད་སྲི་རྭ་བའི་དབུས་སུ་མནན་པར་བཤད་པ་ལྟར། དཔྱིད་གསུམ་ནུབ། དབྱར་གསུམ་ལྷོ། སྟོན་གསུམ་ཤར། དགུན་གསུམ་བྱང་དུ་བལྟས་ལ་དོང་གྲུ་གསུམ་བརྐོ་དེའང་ [11b] ཁྲུ་གང་ཡན་ཆད་ས་རོ་ཡིན་པས་དོར། དེ་ནས་སོར་ཉི་ཤུའི་སར་མནན་པ་བྱ་སྟེ། ཐོག་མར་ཟློག་གཞུང་ལྟར་གཏོར་ཆེན་གྱི་ཡེ་ཤེས་པ་ནམ་མཁར་བཏེགས་ལ་གཏོར་ཟོར་བསྒྲུབ། སྒོ་དབྱེ་ཞིང་བསྐུལ་དང་ཆད་མདོ་བསྒྲག་ནས། དཀར་གཏོར་གྱིས་སྣ་དྲངས་ཏེ། མནན་ཆས་རྣམས་དང་། གོང་གནོན་གྱི་གཏོར་ཆེན་སོགས་ཁྱེར་ལ་སློབ་དཔོན་གྲོགས་བཅས་ལྟ་དགོངས་ངར་དང་ལྡན་པས་དེ་དག་གི་ཕྱི་བཞིན་དུ་སོང་ནས་མནན་དོང་གི་སར་སླེབས་པ་དང་། གཏོར་ཆེན་རེ་ཞིག་ཁྲིའུར་འགོད། གསེར་སྐྱེམས་ཕུལ་ཞིང་གཟུ་དཔང་གསོལ་མཐར། སློབ་དཔོན་གྱིས་ལས་ཕུར་དོང་ཁང་གཟིར་ཚུལ་དང་བཅས་དམིགས་གནད་གཞུང་གསལ་ལྟར་ཀླུ་བདུད་སྤྱན་དྲངས་པར་དམར་གཏོར་ཕུལ། ཧོམ་བསྐྱེད་འགུགས་གཞུག་འགུགས་འཆིང་སྡོམ་མྱོས་ལྷ་དབྱེ་གཟུགས་ལ་དབབ་པ་བཅས་ནན་ཏན་དུ་བྱས་རྗེས། ཧཱུྃ༔ རི་རབ་ཆེན་པོའི་རྨང་འོག་སོགས་ཀྱིས་མནན་ཆས་དོང་ནང་དུ་བསྐྱུར། དམོད་བྱང་སྔར་བཞིན་བརྗོད་ཅིང་ཐལ་མོ་བརྡབ། དམིགས་བྱ་ཁོང་ཆུད་སོགས་ཀྱིས་རོ་གཡམ་རྒྱ་གྲམ་རི་གླིང་བྲིས་པས་ཁ་བཀབ།ནམ་མཁའ་རླུང་མེ་སོགས་ཀྱིས་མནན་པའི་སྟེང་དུ་སློབ་དཔོན་གྱིས་མཁའ་དབྱིངས་རྒྱས་བཀབ་ལ། ཨེ་ནྲྀ་ཏྲི་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ གཡབ་དར་གྱིས་རླུང་གཡབ་ཅིང་། ཡཾ་ནྲྀ་ཏྲི་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ མེ་བླུགས་ཤིང་། རཾ་ནྲྀ་ཏྲི་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ཆུ་བླུགས་ཅིང་། བཾ་ནྲྀ་ཏྲི་ [12a] མ་ར་ཡ་སྟྭཾ་བྷ་ཡ་ནན༔ སས་གཡོག་ཅིང་། སུཾ་ནྲྀ་ཏྲི་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ སོགས་རེ་རེ་བཞིན་རྫས་སྔགས་ལན་དགུ་རེས་རྒྱས་བཏབ་ལ་གཞུང་གསལ་དམིགས་གནད་ཀྱི་གདིང་བསྐྱེད། སུམྦྷ་ནིས་བྲོ་ར་གྲུ་གསུམ་དུ་བསྐོར་ཏེ་ལས་བྱང་བཞིན་བྲོ་བརྡུང་། དེ་ནས་སྨད་ལས་ལྟར། ཧཱུཾ༔ ང་ནི་བདུད་འདུལ་ཧེ་རུ་ཀ༔ སོགས་དང་། ཧཱུྃ༔ ང་ནི་ཆེ་མཆོག་གྲོ་བོ་ལོད༔ ཅེས་སོགས་ཀྱིས་གཏོར་ཟོར་དགྲ་ཕྱོགས་སམ་ཐེབས་ཕྱོགས་སུ་འཕང་། བཤལ་ཆུས་བརྟན་མ་བསྐྱང་། གཏོར་གཞོང་སྔར་གྱི་མནན་པའི་སྟེང་དུ་ཁ་སྦུབས་ལ་འགུགས་འདྲེན་དང་བཅས་སླར་ཡང་བྲོ་བརྡུང་བྱས་མཐར་གཏོར་གཞོང་བཟེད་པར་མེ་ཏོག་འཐོར་ཞིང་ཤིས་བརྗོད་ཤླཽ་ཀ་གཅིག་ཙམ་བྱ། ཅུང་ཟད་ཕྱིར་དཔག་སྟེ་ལས་བྱང་བཞིན་སྲུང་འཁོར་བསྒོམ། སྤྲུལ་པའི་བྱ་ཁྱུང་འཇིགས་སུ་རུང་བ་ཞིག་གིས་ཞལ་ཕྱིར་གཟིགས་ཏེ་རྗེས་བཅད་པར་བསམ་ཞིང་སློབ་དཔོན་གྱི་རྟིང་མནན་ཏེ་ལྡོག །ནང་དུ་ལོག་ནས་མཚོ་སྐྱེས་ཐུགས་ཐིག་བཞིན། ཨོཾ་ཨཱཿཧཱུྃ་བཛྲ་གུ་ཏུ་པདྨ་སིདྡྷི་ཛྙཱ་ན་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཞེས་ཚེ་ཛཔྲ་བརྒྱ་རྩ་ཙམ་བཟླས་ལ། ཧྲཱིཿ པདྨ་དྲྭ་བ་ཚེ་ཡི་ཞིང་༔ སོགས་ཀྱིས་ཚེ་འགུགས་བསྐུལ་ཞིང་རྒྱས་གདབ་མཐར། ཧཱུྃ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་གྲོ་ལོད་རྩལ༔ ཞེས་སོགས་ཀྱིས་དངོས་གྲུབ་བླང་། གཏང་རག་གི་མཆོད་བསྟོད་བཟོད་གསོལ་བྱས་ལ་ [12b] སྔར་གཏོར་ཆེན་གྱི་ཡེ་ཤེས་པ་ནམ་མཁར་བཏེགས་པ་རྟེན་ལ་བརྟན་བཞུགས་སམ་གཤེགས་གསོལ་བྱ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་དཀྱུས་བཞིན་བཏང་བས་ལེགས་པར་གྲུབ་བོ། །གཞན་དུ་འགོང་པོ་སྤུན་དགུ་ཨར་གཏད་དང་། རྒྱལ་བསེན་ཤི་ས་བསྟན་པའི་ལས་སྦྱོར་ལག་ཏུ་ལེན་པར་འདོད་ནའང་ལིངྒའི་བཅས་དང་སྔགས་ཀྱི་གཟེར་ཁ་སོགས་སོ་སོའི་གཞུང་གསལ་ལྟར་ལ། སྤྱིའི་ཆོ་གའི་ཆིངས་འདི་ཁོ་ནས་ཁོག་ཕུབ་པས་དོན་འགྲུབ་པར་འགྱུར་ཞིང་། འདི་ལ་དགྲ་མནན་གལ་ཆེན་གྱི་སྐབས་སུ་ལྷ་ལྔ་རང་གཤེད་དུ་དབབ་ཅིང་ལོག་འབྱམས་ཀྱི་སྐྱོན་བསལ་བ་སོགས་ཟབ་པའི་གནད་ཐུན་མོང་མ་ཡིན་པ་རྣམས་ནི་རྡོ་རྗེ་སློབ་དཔོན་གྱི་ཐུགས་ལ་གབ་པའི་མན་ངག་ཞལ་གྱི་བདུད་རྩི་བརྟེན་པ་ལས་ཤེས་དགོས་པ་ཡིན་ནོ། །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ང་གསུམ་པ་གདོང་ངན་མེ་སྤྲེ་ལོ་སྣྲོན་གྱི་ཟླ་བར་དབུས་རི་ནག་པོ་མཐུར་རྒྱུག་གི་ཟད་མཚམས་ཆུ་བོ་ལོ་ཧི་ཏ་དང་ཉང་ཁའི་གཙང་པོ་སྣེ་འཛོམ་པའི་འདུས་མདོ་རྩེ་ལ་སྒང་གི་རི་རྒྱུད་གླང་པོའི་སྣ་ཞགས་འདྲ་བའི་རྩེར། གནས་ཆུང་ཆོས་སྐྱོང་ཆེན་པོའི་བཀའ་ལུང་གི་དོན་བཞིན་བོད་ཁམས་བསྟན་སྲིད་སྤྱིའི་རིམ་གྲོལ་ཚུ་ལ་འདིའི་སྒོ་ནས་དམ་འགོང་གཟིར་མནན་དང་འབྲེལ་བར་བདུད་འདུལ་མཆོད་རྟེན་ཟབ་མོ་བསྐྲུན་པའི་སྐབས། ལམ་འདིའི་རྣལ་འབྱོར་པ་འགྱུར་མེད་རྡོ་རྗེས་དོན་གཉེར་གྱི་ [13a] བསྐུལ་མ་དང་ཡི་གེའི་གྲོགས་དན་ལ་བརྟེན་ནས་ཟིན་བྲིས་སུ་བཏབ་པ་ཛ་ཡནྟུ།། །།