རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་གི་ཕྲིན་ལས་བདུད་སྡེའི་གཡུལ་འཇོམས།

From Dudjom Wiki
DJYD-KABUM-15-BA-032
Wylie title rdo rje phur pa spu gri reg phung gi phrin las bdud sde'i g.yul 'joms DJYD-KABUM-15-BA-032.pdf
Location bdud 'joms rin po che bka' 'bum
Volume 15, Text 32, Pages 481-519 (Folios 1a1 to 20a6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rdo rje phur pa spu gri reg phung gi phrin las bdud sde'i g.yul 'joms. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 15: 481-519. Kalimpong: Dupjung Lama, 1979-1985.
Side notes Recto: phrin las   Verso: spu gri reg phung
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Activity Manual - las byang  ·  Activity Practices - las tshogs
Cycle རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་ (rdo rje phur pa spu gri reg phung)
Deity rdo rje phur pa
Colophon

།ཅེས་པའང་རང་གཞན་འགའ་ཞིག་ལ་ཉེ་བར་མཁོ་ཞིང་ཕན་པའི་ཕྱིར་རྩ་བའི་གཞུང་གི་བཅུད་བསྡུས་ཤིང་མན་ངག་གི་འབྲེལ་བསྡེབས་ནས་ངག་འདོན་འཇུག་པ་བདེ་བར་བྱས་ཏེ། རྗེ་རིགས་ཀྱི་སྔགས་ནག་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཞེ་ལྔ་པར་སོན་པ་ཀུན་འཛིན་གྱི་ལོ་ཆོ་འཕྲུལ་ཟླ་བའི་ཤེར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་དབུ་རུ་ལྷ་ལྡན་གྱི་གྲོང་ཁྱེར་ཆེན་པོའི་ཤར་ཕྱོགས་བོད་ཀྱི་དུར་ཁྲོད་བསིལ་བའི་ཚལ་དུ་སྦྱར་བ་ལས་ཡི་གེ་པ་ནི་མང་དུ་ཐོས་པའི་བཤེས་གཉེན་རིག་སྔགས་འཆང་བ་དོན་དམ་ཆོས་མཆོག་གིས་བགྱིས་པའོ། །འདིས་ཀྱང་གསང་ཆེན་བསྟན་པའི་འགལ་བྱེད་ཆམ་ལ་ཕབ་སྟེ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་དགུང་དུ་བསྙེགས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

ces pa'ang rang gzhan 'ga' zhig la nye bar mkho zhing phan pa'i phyir rtsa ba'i gzhung gi bcud bsdus shing man ngag gi 'brel bsdebs nas ngag 'don 'jug pa bde bar byas te/___rje rigs kyi sngags nag 'jigs bral ye shes rdo rjes rang lo zhe lnga par son pa kun 'dzin gyi lo cho 'phrul zla ba'i sher phyogs kyi rgyal ba gsum par dbu ru lha ldan gyi grong khyer chen po'i shar phyogs bod kyi dur khrod bsil ba'i tshal du sbyar ba las yi ge pa ni mang du thos pa'i bshes gnyen rig sngags 'chang ba don dam chos mchog gis bgyis pa'o/___/'dis kyang gsang chen bstan pa'i 'gal byed cham la phab ste phyogs las rnam par rgyal ba'i ru mtshon dgung du bsnyegs pa'i rgyur gyur cig___/sarba dA mang+ga laM//

[edit]
༄༅། །རྡོ་རྗེ་ཕུར་པ་སྤུ་གྲི་རེག་ཕུང་གི་ཕྲིན་ལས་བདུད་སྡེའི་གཡུལ་འཇོམས་ཞེས་བྱ་བ་ཞུགས་སོ། །


༄༅། །ཨོཾ་སྭསྟི་ཤྲཱི་བི་ཛ་ཡནྟུ། །སྲིད་པ་ཐལ་འབྱིན་ཕུར་བུའི་དབྱིངས། །བླ་མ་ཧེ་རུ་ཀར་བཏུད་ནས། །སྤུ་གྲི་རེག་ཕུང་འབར་བ་ཡི། །ཕྲིན་ལས་བདུད་སྡེའི་གཡུལ་འཇོམས་བྱ། །དེ་ཡང་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པའི་སྐལ་ལྡན་དངོས་གྲུབ་མཆོག་གི་འབྲས་བུ་བདེ་བླག་ཏུ་དོན་དུ་གཉེར་བ་རྣམས་ཀྱིས་ཕྲིན་ལས་འདུས་པའི་སྙིང་པོའི་ཞུན་ཐིག་འདི་ལ་རྣལ་འབྱོར་དུ་བྱའོ། །དེའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་སྦྱོར་བའི་ཆོས་ལ། དམ་ཚིག་གི་སྒྲུབ་རྟེན་ཕྱི་ནང་གི་མཆོད་པ་སོགས་ཉེ་བར་མཁོ་ཞིང་འོས་པའི་ཡོ་བྱད་ཐམས་ཅད་གཞུང་བཞིན་ཚོགས་པར་བྱས་ནས། ཐོག་མར་རྒྱུད་སྦྱོང་བ་ནི། ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་དཔལ་ཆེན་ཕུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་རོལ་ [2a] པ་བཛྲ་ས་མཱ་ཛཿས་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དེ། །བདེ་གཤེགས་ [2b] བྱང་ཆུབ་སེམས་དཔའ་ལ། དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བསྒྲངས་པའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་ཚོགས་བསགས་མཐར། ཛཿཧཱུྃ་བཾ་ ཧོཿ ས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་མོས། མཚམས་བཅད་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡུམ་དང་བཅས་པ་རབ་ཏུ་འབར་བའི་གར་གྱི་སྤྲིན་མི་བཟད་པར་འཕྲོ་བའི་སྐུར་གྱུར་པར་བསམ་ཞིང་། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་སརྦ་བིགྷྣཱན་ཨུཙྪིཥྚ་ཡ་ཕཊ༔ ཧཱུྃ༔ སྟེང་ཡང་ཕུར་བུའི་བླ་བྲེ་ལ༔ ཕུར་བུའི་ཐོག་ཆེན་ཆར་ལྟར་འབེབས༔ འོག་ཀྱང་ཕུར་བུའི་ས་གཞི་ལ༔ ཕུར་བུའི་འདུ་འཕྲོ་མེ་ལྟར་འབར༔ ཕྱོགས་མཚམས་ཕུར་བུས་གཏམས་པ་ལ༔ ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཕུར་བུའི་མཚམས་ལས་མ་འདའ་ཞིག༔ སརྦ་ཏིཀྵྞ་བཛྲ་ཛྭ་ལ་མ་ཧཱ་ཀྲོ་དྷ་ [3a] རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔ བཤགས་པ་བྱ་བ་ནི། ཧཱུྃ༔ སྣང་སྲིད་སྐུ་གསུང་ཐུགས་ཀྱི་ངང་༔ ཡེ་ནས་སྒྲིབ་གཡོགས་བྲལ་བ་ལ༔ མ་རིག་ཐ་མལ་ཞེན་པས་བཅིངས༔ རང་རིག་རང་གསལ་ངང་དུ་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ བྱིན་དབབ་པ་ནི། སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་སྒྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་བུའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིགཿ མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཅིག༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ གནས་ཡུལ་དུར་ཁྲོད་རོལ་པའི་ཞིང་༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོད་པའི་སྤྲིན་ཕུང་མཁའ་ཁྱབ་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤཔྡ་པཉྩ་ཀཱ་མ་གུ་ཎ་སརྦ་པཱུ་ཛ་ཨཱཿཧཱུྃ༔ བོ་ངྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་ [3b] བ་ལིཾ་ཏ་ཧཱུྃ་ཧྲཱིཿཥྲཱཿ ཞེས་སྔགས་ལན་བདུན་གྱིས་བྱིན་བརླབ་བོ། །གཉིས་པ་དངོས་གཞིའི་ཆོས་ལ། ཐོག་མར་དམ་ཚིག་པ་གསལ་གདབ་པ་ནི།ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད་༔ མཚོན་ཆེན་སྔོན་པོ་འབར་བ་ཡིས༔ ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་ནི༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔ ཐར་པ་ཆེན་པོའི་གཞལ་མེད་ཁང་༔ དུར་ཁྲོད་དྲག་པོའི་བཀོད་པ་རྫོགས༔ དེ་དབུས་ཙ་ཀྲ་འབར་བའི་ལྟེར༔ སྣ་ཚོགས་པདྨ་ཟླ་ཉི་དང་༔ ལྷ་ཆེན་ཕོ་མོ་བསྣོལ་བའི་སྟེང་༔ རིག་པ་ཧཱུྃ་གི་འཕྲོ་འདུ་ལས༔ བདག་ཉིད་མ་བཅོས་རྫོགས་པའི་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་བཞད་གཤེ་རྔམས༔ ཕྱག་དྲུག་གཡས་ཀྱི་དང་པོ་གཉིས༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་མེ་དཔུང་ཁཊྭཱཾ་གདེངས༔ ཐ་གཉིས་རི་རབ་ཕུར་བུ་འདྲིལཿ ཞབས་བཞི་གྱད་ཀྱི་འདོར་སྟབས་ཅན༔ མ་ཧཱ་རུ་དྲའི་སྤྱི་ནས་བརྫིས༔ ཁྲོ་གཏུམ་མི་བཟད་ [4a] གར་དགུར་ལྡན༔ ཧཱུྃ་ཧཱུྃ་རྡོ་རྗེའི་གསུང་གདངས་ཅན༔ ཐབས་དང་ཤེས་རབ་གཤོག་པ་གདེངས༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཉི་ཁྲི་ཆིག་སྟོང་གྱེན་དུ་འཁྱིལ༔ བྱེ་བ་ཐེར་འབུམ་རྡོ་རྗེས་གཏམས༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཨུཏྤལ་དུང་དམར་སྟོབ༔ ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང་༔ གཡས་བརྐྱང་གཡོན་བསྐུམ་ཡབ་དང་སྦྱོར༔ རྡོ་རྗེ་པདྨ་མཉམ་པར་རོལ༔ སྤྱི་བོར་རིགས་ཀྱི་ཁྱུང་ཆེན་ལྡིང་༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ སྲས་མཆོག་ཉེར་གཅིག་སྤྲུལ་པར་བཅས༔ རང་རིག་རང་རྩལ་ངང་དུ་བསྐྱེད༔ ཡབ་ཡུམ་སྙོམས་ཞུགས་བྱང་སེམས་སྤྲིན༔ འོད་ཀྱི་གོང་བུ་མཁའ་ནས་སྤྲོས༔ ཕྱི་རིམ་འཁོར་ལོའི་རྩིབས་སྟེང་དུ༔ ཧཱུྃ་མཛད་རྣམ་རྒྱལ་དབྱུག་སྔོན་ཅན༔ གཤིན་རྗེ་མི་གཡོ་རྟ་མགྲིན་རྒྱལ༔ འདོད་རྒྱལ་བདུད་རྩི་ཁམས་གསུམ་རྒྱལ༔ སྟོབས་པོ་ཆེ་རྣམས་སྐུལ་མདོག་མཐིང་༔ གནམ་ལྕགས་ཕུར་བུ་འདྲིལ་ཞིང་འདེབས༔ རང་རང་ཡུམ་དང་གཉིས་མེད་འཁྲིལ༔ ཟ་གསོད་ཕོ་ཉའི་སྤྲིན་ཕུང་འཕྲོ༔ སྒོ་བཞིར་ [4b] ཕྲིན་ལས་སྒོ་མ་བཞི༔ མུ་རན་དམ་ཅན་སྲུང་མའི་ཚོགས༔ ཡེ་ཤེས་རོལ་རྩལ་བསམ་མི་ཁྱབ༔ ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་གདབ༔ སྣོད་བཅུད་རྒྱུད་བཅས་རྣམ་པ་དག༔ ཡེ་ཤེས་ལྔ་རུ་རང་དབང་བསྐུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་ཆེན་འཁོར་བཅས་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཡེ་གཉིས་མེད་དུ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྗོགས་མཛད་ཕྱིར༔ རབ་ཏུ་དགྱེས་ཤིང་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་བྱ་བ་ནི།ཧཱུྃ༔ སྲིད་གསུམ་གདུག་པ་འདུལ་བ་དང་༔ ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ༔ རྩེ་གཅིག་ [5a] ཡིད་ཀྱིས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ མཆོད་པ་འབུལ་བ་ལ། ཐུན་མོང་ཉེར་སྤྱོད་ནི།ཧཱུྃ༔ བླ་མེད་འདོད་ཡོན་མཆོད་པ་ནི༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པར༔ བདེ་ཆེན་ལོངས་སྤྱོད་མཆོག་ཏུ་རོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་སོགས།ཤཔྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱཧཱ༔ ཁྱད་པར་སྨན་མཆོད་ནི།ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ ར་ས་ཡཱ་ནའི་དམ་ཚིག་མཆོག༔ དཔའ་བོའི་རོ་དང་མཉམ་སྦྱར་ནས༔ དཀྱིལ་ཁོར་ལྷ་ཚོགས་རྣམ་ལ་འབུལ༔ བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧཱུྃ༔ དམ་རྫས་རྨད་བྱུང་གཏོར་ཆེན་པོ༔ ཆོས་ཉིད་སྐྱེ་མེད་ཀློང་ནས་སྤྲུལ༔ འདོད་ཡོན་རྣམས་ལྔས་རབ་ཏུ་སྤྲས༔ དཔལ་ཆེན་འཁོར་བཅས་ཐུགས་དམ་བསྐང་༔ སརྦ་བ་ལིཾ་ཏ་ཁའ་ཧི༔ རཀྟའི་མཆོད་པ་ནི། ཧཱུྃ༔ ཉོན་མོངས་རྩ་བ་འཁོར་བའི་ཁྲག༔ ཁམས་གསུམ་འཁོར་བ་སྟོང་བྱའི་ཕྱིར༔ དུང་ཆེན་སྣོད་དུ་དམར་ཆེན་བསྐྱིལ༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ དུག་ [5b] གསུམ་གྱི་མཆོད་པ་ནི།ཧཱུྃ༔ གཏི་མུག་ཤ་ཆེན་སྤུངས་སེ་སྤུང་༔ འདོད་ཆགས་ཁྲག་མཚོ་མེ་རེ་རེ༔ ཞེ་སྡང་རུས་གྲམ་ཉི་ལི་ལི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་མཱཾ་ས་རྟ་ཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ སྦྱོར་སྒྲོལ་གྱི་མཆོད་པ་ནི།ཧཱུྃ་ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷ་ཡང་རུང་སྟེ་བསྒྲལ་བར་བྱ༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕགས་ཕགས་ཕགས་བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁ་རཾ་ཁཱ་ཧི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བསྟོད་པ་བྱ་བ་ནི། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ཉིད་ལས༔ ལོངས་སྤྱོད་རྫོགས་སྐུ་དཔལ་ཆེན་པོ༔ སྤྲུལ་སྐུ་དཀྱིལ་འཁོར་གསུམ་དུ་ཤར༔ རྡོ་རྗེ་ཕུར་པའི་ལྷ་ལ་བསྟོད༔ མཐིང་ནག་མི་བཟད་སྲིན་པོའི་གཟུགས༔ གར་དགུའི་ཉམས་ལྡན་རྔམས་ཤིང་ཁྲོ༔ གཏུམ་ཆེན་ཉི་མ་འབུམ་གྱི་གཟི༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ རབ་འཇིགས་ཧ་ཧ་ཧཱུྃ་ཕཊ་ཀྱི༔ རྔམས་པའི་ང་རོ་འབྲུག་སྟོང་ལྡིར༔ རྡོ་རྗེའི་གད་མོས་ས་གསུམ་གཡོ༔ ཁྲག་འཐུང་གསུང་ལ་ཕྱག་འཚལ་བསྟོད༔ མི་དམིགས་ཁྱབ་བརྡལ་ཟབ་གསལ་བ༔ སྤྲོས་པ་ཀུན་བྲལ་རྡོ་རྗེའི་དབྱིངས༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ཆེ༔ ཁྲོ་ [6a] རྒྱལ་ཐུགས་ལ་ཕྱག་འཚལ་བསྟོད༔ རང་རྩལ་རོལ་པའི་ཆ་འཕྲུལ་ནི༔ སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་ལས༔ ཡེ་ཤེས་སྤྲུལ་པ་བསམ་མི་ཁྱབ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད༔ དེ་ནས་བཟླས་པ་བྱ་བ་ལ། ཛཔྲ་བསྐུལ་ནི།ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ བདུད་དང་རུ་དྲ་བསྒྲལ་བ་དང་༔ གདུལ་བྱ་ཡོངས་སུ་སྨིན་པའི་ཕྱིར༔ ཐབས་ཀྱི་ཕྲིན་ལས་དེང་བསྐུལ་ན༔ འབར་བ་སྐུ་ཡི་གཟི་བྱིན་སྐྱེད༔ རྡོ་རྗེའི་སྔགས་ཀྱི་སྒྲ་གདངས་སྒྲོགས༔ ཡེ་ཤེས་ཆེན་པོའི་སྲོག་ལྡན་པས༔ དངོས་གྲུབ་རྣམ་གཉིས་མྱུར་དུ་སྩོལ༔ བཟླས་དམིགས་ནི། བདག་ཉིད་རྡོ་རྗེ་གཞོན་ནུ་ཆེའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ བཛྲ་སཏྭ་དཀར་གསལ་འཚེར༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་བཞུགས༔ དེ་ཡི་ཙིཏྟའི་གུར་ཁང་དབུས༔ ཉི་སྟེང་རྡོ་རྗེ་རྩེ་ལྔའི་ལྟེར༔ སྲོག་གི་སྙིང་པོ་ཧཱུྃ་མཐིང་མཐར༔ འབར་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་འོད་ཟེར་མཁའ་ཁྱབ་འཕྲོས༔ རྒྱལ་མཆོད་བྱིན་རླབས་ཐམས་ཅད་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་ལྷ་རུ་གྱུར༔ སྣང་ [6b] སྲིད་ཕུར་བུའི་ཕྱག་རྒྱར་སད༔ དམ་ཅན་སྲུང་མ་ལས་ལ་བསྐུལ༔ སྡེ་བརྒྱད་གདུག་པ་ཚར་ཐག་བཅད༔ བར་ཆད་བགེགས་དཔུང་ཐལ་བར་བརླག༔ སྣང་སྲིད་གཞིར་བཞེངས་དཔལ་ཆེན་པོའི༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་གྱུར༔ ཅེས་པའི་དམིགས་གནད་རྩེ་གཅིག་པས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་མིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་བཟླ་བ་ནི་རྩ་བའི་སྙིང་པོའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏི་ཨ་པ་རཱ་ཛི་ཏི༔ མཱ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ་ཕཊ༔ ཅེས་བཞི་སྙིང་གཅིག་ཏུ་དྲིལ་བ་དང་། མ་ར་ཀྨོ་ཡཀྨོ༔ ཀ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཛ༔ ཐུཾ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ ངྷ་ཏི་མ་མ་ཀརྨ༔ ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུཾ་ཕཊ༔ ཅེས་སྤུ་གྲིའི་དྲག་སྔགས་འདུས་པ་སྟེ། བསྙེན་པའི་འགྲོས་དང་སྦྱར་ཏེ་ཇི་ཙམ་འོས་པ་བཟླ་ཞིང་། ཐུན་མཚམས་སུ།དཔལ་ཆེན་ཕུར་བུའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ [7a] ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆགས་བཤགས། ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །ཅེས་སྟོང་ཚིགས་ཀྱི་མཆོད་བསྟོད་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ། ཚོགས་ཀྱི་མཆོད་པ་ནི། ཚོགས་རྫས་བདུད་རྩིས་བྲན་ཅིང་། ཨོཾ་སརྦ་དྲ་བྱཾ་བི་ཤྭ་ངྷ་ནི་ཧཱུྃ་ཕཊ༔ ཧཱུྃ༔ རང་བྱུང་རིག་པའི་ཡེ་ཤེས་ནི༔ རཾ་ཡཾ་ཁཾ་གིས་དངོས་འཛིན་སྦྱངས༔ བྷྲཱུྃ་ལས་དབྱིངས་ཀྱི་ཀ་པཱ་ལར༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿརྣམས་ཀྱིས༔ བདེ་གཤེགས་རིགས་ལྔའི་དམ་ཚིག་རྫས༔ ཁ་དོག་དྲི་རོ་ནུས་པར་ལྡན༔ ཨོཾ་ག་ཎ་ཙཀྲ་ཀཱ་མ་གུ་ཎ་ཧཱུྃ་ཧྲཱིཿཋཱ༔ ཞེས་བྱིན་བརླབས། ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་འཁོར་དང་བཅས༔ འདོད་ཡོན་ཚོགས་ཀྱི་འདུ་བར་སྤྱོན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ ཧོཿ ཚོགས་ཕུད་འབུལ་བ་ནི། ཧཱུྃ༔ ཡེ་ཤེས་ལྔ་ཡི་ཆོ་འཕྲུལ་ལས༔ འདོད་ཡོན་མཆོད་སྤྲིན་བསམ་མི་ཁྱབ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ག་ཎ་ཙཀྲ་པཱུ་ [7b] ཛ་ཧོཿ བར་པ་བཤགས་པ་ནི། ཧཱུྃ༔ ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་སྤྱོད་པས་དམ་འགལ་བ༔ ཚོགས་ཀྱི་འཁོར་ལོས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཐ་མ་བསྒྲལ་བསྟབ་ནི། སྤྲོ་ན་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ མ་རིག་གཉིས་འཛིན་དགྲ་དང་བགེགས༔ རྣམ་ཐར་གསུམ་གྱི་ཨེ་དབྱིངས་སུ༔ ཡེ་ཤེས་ཕུར་པའི་མཚོན་གྱིས་བསྒྲལ༔ ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ༔ མ་ཏྲཾ་རུ་དྲ་མཱ་ར་ཡ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ དེ་ནས་བརྡ་དང་བརྡའི་འབུལ་ལེན་དང་བཅས་ཚོགས་ལ་རོལ། ལྷག་མ་གཏོང་བ་ནི། དམ་ཚིག་གི་ཁ་ཕྲུ་བཏབ་ཅིང་། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ། ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཛཿས་མགྲོན་བོས་ལ། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ སྔོན་ཆད་ཇི་ལྟར་དམ་བཅའ་བཞིན༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ [8a] ལིཾ་ཏ་ཁཱ་ཧི༔ ཆད་མདོ་གཏོང་བ་ནི།ཧཱུྃ༔ སྔོན་ཚེ་དུར་ཁྲོད་ཆེན་པོ་རུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ བར་དུ་ཡང་ལེ་ཤོད་ཀྱི་གནས༔ གྲུབ་པའི་སློབ་དཔོན་རྣམ་གསུམ་དང་༔ ཐ་མ་བྲག་དམར་དབེན་གནས་སུ༔ པདྨ་ཐོད་ཕྲེང་མཚོ་རྒྱལ་གྱི༔ སྤྱན་སྔར་ཁས་བླང་དམ་བཅས་པའི༔ དམ་ཅན་བཀའ་ཡི་སྲུང་མ་རྣམས༔ དཔལ་གྱི་གཏོར་མ་འདི་བཞེས་ལ༔ སྔོན་གྱི་ཐ་ཚིག་ཇི་བཞིན་དུ༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ བརྟན་མ་བསྐྱང་བ་ནི། ཨོཾ་ཨཱཿཧཱུྃ༔ བྷྱོ༔ ཁྱད་པར་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་དབང་བསྐུར་དམ་མནོས་པའི༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་མོ་བཞི་སོགས་བརྟན་མའི་ཚོགས༔ འདིར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ ཕུར་བུ་སྒྲུབ་པའི་རྣལ་འབྱོར་གྱི༔ བསམ་རྒུ་འགྲུབ་པའི་སྡོང་གྲོགས་སྤེལ༔ གངས་ཅན་མཐའ་དབུས་བདེ་བ་དང་༔ བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ བྲོ་མནན་བྱ་བ་ནི། ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུཾ་བིགྷྣཱན་ཛཿཧཱུྃ་བཾ་ ཧོཿ ཧཱུྃ༔ སྲིད་པ་ཕུར་བུའི་དཀྱིལ་ [8b] འཁོར་འདིར༔ སྐུ་གསུང་ཐུགས་གྱི་བྲོ་བརྡུང་བས༔ དུག་གསུམ་དགྲ་བགེགས་བརླག་པར་མཛད༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནན༔ དངོས་གྲུབ་བསྐུལ་བ་ནི། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ཀྱི༔ བདེ་ཆེན་གསང་བའི་མཁའ་ཀློང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ གཏང་རག་གི་མཆོད་བསྟོད་བྱ་ཞིང་ཧེ་རུ་ཀའི་ཡིག་བརྒྱ་བཟླས་པས་ནོངས་པ་བཟོད་པར་གསོལ། རྟག་ཆད་ཀྱི་མཐར་བསལ་བ་ནི། སྣང་སྲིད་ཕུར་བུའི་དཀྱིལ་འཁོར་རྣམས༔ ཐུགས་ཀྱི་ཐིག་ལེ་ཆེན་པོར་ཐིམ༔ ཧཱུྃ་ཧཱུྃ་ཧཱུྃ༔ དཔལ་ཆེན་པོ་ཡི་དབྱིངས་ཉིད་ལས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ༔ ཕཊ་ཕཊ་ཕཊ༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ བསྔོ་སྨོན་ནི། མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ནས༔ རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ༔ འགྲོ་བ་ཀུན་གྱི་དཔལ་དུ་ཤོག༔ བཀྲ་ཤིས་ནི། མེ་ཏོག་ཆར་དབབ་ལ། ཧཱུྃ༔ རིག་འཛིན་རྩལ་འཆང་བྱིན་རླབས་རྒྱ་ [9a] མཚོའི་བདག༔ སྲིད་པའི་ཕུར་བུ་དངོས་གྲུབ་ཀུན་གྱི་གཏེར༔ མ་མོ་མཁའ་འགྲོ་མྱུར་མགྱོགས་ཕྲིན་ལས་ཅན༔ ཕུར་པའི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཟོག༔ ཅེས་དང་། གཞན་ཡང་ཤིས་བརྗོད་ཇི་ལྟར་རིགས་པ་སྤེལ་བས་བདེ་ལེགས་སུ་བྱའོ། །ང་ནི་ཕྲིན་ལས་འདི་དང་འབྲེལ་བར་དམར་ཆེན་གཏོར་ཟློག་གི་ལས་སྦྱོར་བརྩམ་པར་འདོད་པས། ལས་དཀྱིལ་གྱི་གཞིར་དུག་ཁྲག་གིས་ཆག་ཆག་བཏབ་པར་ཆོས་འབྱུང་མེ་རི་འཁོར་ལོ་མུ་ཁྱུད་ལྟེ་བ་དང་བཅས་པ་རྡུལ་ཚོན་གྱིས་ཚུལ་བཞིན་བྲི་བའམ་ཆུ་ཚོན་གྱིས་བྲིས་པ་དགྲམ། དེའང་མ་འཛོམ་ན་ཞིང་ལྤགས་ཁྲག་གིས་སྦག་པར་འབྲུ་ནག་གི་ཚོམ་བུ་བཀོད་པས་ཀྱང་རུང་། དེའི་དབུས་སུ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་རྗེན་ཕྱེ་ཁྲག་གིས་སྦྲུས་པའི་དམར་གཏོར་ཐོག་གཟུགས་རྣོ་དབལ་ཅན་ལ་འཁོར་གྱི་བཤོས་ཕྲན་ལྷ་གྲངས་དང་མཉམ་པས་བསྐོར་བའི་རྩེ་མོར་སྐུ་རྟེན་བྱ་ཁྱུང་དར་ནག་གི་འཕུར་ལྡིང་གཡོ་ཞིང་། ཁྲག་ཀོང་། མཚེ་ཡུངས། རྩང་དམར། ཁྲམ་བྱང་། རྒྱུ་རློན་གྱི་ལྡ་ལྡི་སོགས་དྲག་རྒྱན་རྔམས་བརྗིད་དང་ལྡན་པ་འགོད། མཐར་ཁྲག་གི་ཨཏྒྷཾ་སོགས་དྲག་པོའི་ཉེར་སྤྱོད་ཀྱིས་བསྐོར། ཕུར་བུ། ལིང་ག། དབྱེ་འབེབས་བྱད་སྨྱོའི་རྫས། ཐུན་སྣ། སྒྲོལ་གྲི། ཐོ་བ། ཧོམ་གཟར་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། སྦྱོར་ [9b] བའི་ཚེ་ཕུར་བུ་གུ་གུལ་གྱིས་བདུད་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་ཨ་ངྷི་ཏིཥྛ་རྨུགས་རྨུགས་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱགས་མཱ་ར་ཡ་ཧཱུྃ་ཕཊ༔ ཡུངས་ཀར་གྱིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ཡི་ཀཱི་ལ་ཡ་མ་གུ་ཏ་ལ་པྲ་ཏ་ལ་ཤ་ཏ་རཱ་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ རཀྟས་བྱུག་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜལ་རཀྵ་རཀྵ་དགྲ་བགེགས་ཝཱ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བྱུག་སོགས་གསུམ་གྱིས་གཟི་བྱིན་བསྐྱེད་ལ། ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ཕུར་གདན་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་རང་གི་ཐུགས་ཀ་ནས་ཧཱུྃ་སྤྲོས། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཕུར་བུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡུམ་དང་བཅས་པའི་སྐུར་གྱུར།སྙིང་པོ་ལན་བདུན་བཟླས། དེ་ཞུ་བ་ལས་བྱུང་བའི་ཕུར་བུར་གྱུར་པའི་རྩེ་མོར་དཔལ་ཆེན་པོ། རྒྱ་མདུད་གོང་མ་ལ་ཁྲོ་བཅུ། ཆངས་བཟུང་ལ་ཟ་གསོད། རྒྱ་མདུད་འོག་མ་ལ་སྒོ་སྐྱོང་། དཔལ་ཟུར་ལ་སྲས་མཆོག། ལོགས་གསུམ་ལ་དམ་ཅན་སྲུང་མ་དང་བཅས་པའི་ཕོ་བྲང་ [10a] དུ་གྱུར་པར་བསམ། དངོས་གཞི་བདག་མདུན་གཅིག་ཅར་དུ་གསལ་བཏབ་ལ་བསྙེན་པ་ཅི་འགྲུབ་མཐར། སྲུང་བ་ནི། བདག་ཉིད་ཁྲག་འཐུང་དཔལ་ཆེན་པའི༔ ཐུགས་སྲོག་རྡོ་རྗེའི་ལྟེ་བར་ཧཱུྃ༔ ཁོག་པར་རང་གཞན་བསྲུང་བྱ་ཚུད༔ དཀར་དམར་འོད་ཀྱི་ར་བས་བསྐོར༔ དེ་ལས་འོད་འཕྲོས་ཞིང་ཀུན་ཁྱབ༔ རྒྱལ་བའི་མཐུ་བྱིན་ཐམས་ཅད་བསྡུས༔ བདག་ཐིམ་རྡོ་རྗེའི་གོ་ཁྲབ་ནི༔ སྲ་བརྟན་སྲུབ་མེད་ཞུ་ལུགས་ལ༔ ཕྱི་རོལ་སྲུང་བའི་འཁོར་ལོ་བཅས༔ ཅིས་ཀྱང་མི་ཆོད་མི་ཤིགས་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ མ་མ་ཀཱ་ཝཱ་ཙི་རཀྵ་ཀུ་རུ་བྷྲཱུྃ༔ ཞེས་བཟླ། ཟློག་པ་ནི། ཕྱི་རོལ་སྲུང་བའི་འཁོར་ལོ་དང་༔ བདག་གི་སྐུ་ཡི་ཆ་ཀུན་ནས༔ སྤྲུལ་པའི་ཁྲོ་ཚོགས་དཔག་ཡས་འཕྲོས༔ བྱད་མ་ལྷ་སྲུང་དང་བཅས་པ༔ སྦུར་མ་མེ་ལྕེས་ཚིག་བཞིན་བཅོམ༔ རྡུལ་ཕྲན་ཙམ་ཡང་མེད་པར་གྱུར༔ རྩ་སྔགས་ཤམ་དུ། གནོད་བྱེད་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད་བྷྱོ་ཟློག༔ ཅེས་བཟླ། བསད་པ་ནི། བདག་མདུན་ལྷ་ཚོགས་ཐུགས་ཀ་ནས༔ སྔགས་ཀྱི་འོད་ཟེར་ [10b] སྤུ་གྲི་ནི༔ གནམ་ལྕགས་ཐོག་རྒོད་འཁྲུགས་ལྟར་འཕྲོས༔ ཕ་རོལ་དགྲ་བགེགས་ཐམས་ཅད་ཀྱི༔ སྲོག་རྩ་རྦད་རྦད་བཅད་པར་གྱུར༔ ཅེས་སྤུ་གྲིའི་དྲག་སྔགས་བཟླ་ཞིང་ཐུན་རྫས་ལ་ངར་འདོགས། དེ་ནས་ཚོགས་ཀྱི་མཆོད་པ་བར་པ་བཤགས་པའི་བར་དུ་བཏང་ནས། སྨད་ལས་དངོས་ལ། ཐོག་མར་ཐུགས་དམ་བསྐུལ་བ་ལས། རིག་འཛིན་བསྐུལ་བ་ནི། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣམས་ཀྱི་དུས་ལ་བབ༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཙནྡན་ནགས་ཚལ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི༴ པཎ་ཆེན་བི་མ་མི་ཏྲ་ཡིས༔ གངྒཱ་ལྷ་ཡི་ཆུ་བོ་ལ༔ ཇི་ལྟར༴ ཕུར་བུ༴ བལ་པོ་ཤཱི་ལ་མཉྫུ་ཡིས༔ མནྔྷ་ལ་ཡི་མཁར་སྒོང་ལ༔ ཇི་ལྟར༴ ཕུར་བུ༴ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ དགུང་གི་ཕོ་རོག་ནག་པོ་ལ༔ ཇི་ལྟར༴ ཕུར་བུ༴ གཞན་ཡང་སྔོན་གྱི་རིག་འཛིན་རྣམས༔ ཇི་ལྟར་བསྒྲུབས་བཞིན་དེང་བསྐུལ་གྱིས༔ མ་གཡེལ་ཐུགས་དམ་རྗེས་ [11a] དགོངས་ལཿ མཐུ་རྩལ་ནུས་པའི་དཔུང་སྐྱེད་ཅིག༔ རྩ་བའི་ལྷ་རྣམས་བསྐུལ་བ་ནི། ཧཱུྃ༔ མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྲས་མཆོག་ཉི་ཤུ་རྩ་གཅིག་དང་༔ ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ༔ ཐབས་ཤེས་སྤྲུལ་པའི་ཟ་གསོད་ཚོགས༔ ཕྲ་མེན་སྒོ་མ་ཆེན་མོ་བཞི༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ མི་མངོན་དབྱིངས་ནས་སྐུར་བཞེངས་ཤིག༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ བླ་མེད་ལམ་དུ་ཞུགས་པ་ལ༔ བར་ཆད་འཚེ་བ་དགྲ་ཡིས་བྱས༔ ཉེས་མེད་རྣལ་འབྱོར་གྲོགས་གཡེལ་ན༔ སྔོན་ཀྱི་ཐུགས་དམ་ཉམས་པར་འགྱུར༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ མ་གཡེལ་མ་གཡེལ་ཡི་དམ་ལྷ༔ དྲག་ཤུལ་ཆེན་པོས་གཟི་བྱིན་སྐྱེད༔ འབར་བ་མཆོག་གི་ཆོ་འཕྲུལ་གྱིས༔ ནག་ཕྱོགས་དགྲ་བགེགས་རྩད་ནས་ཆོད༔ ཕས་རྒོལ་རྦོད་གཏོང་དམོད་པའི་མཚོན༔ ཟློག་གཟིར་དྲག་པོའི་ཕྲིན་ལས་མཛོད༔ དམ་ཅན་རྣམས་བསྐུལ་བ་ནི། ཧཱུྃ༔ སྔོན་ཚེ་སྒྲུབ་པའི་གནས་ [11b] མཆོག་ཏུ༔ ཤྭ་ན་བདག་ཉིད་ས་བདག་མ༔ སྐྱེས་བུ་གིང་དང་ཕོ་ཉའི་ཚོགས༔ ཁྱེད་ཅག་ཕུར་པའི་ལས་མཁན་ཏེ༔ བསྐུལ་བའི་ལས་ལ་རྩལ་མ་ཞན༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་གཉན་པོའི་དུས་ལ་བབ༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣག་པའི་དགྲ་བོ་རྣམས༔ རིངས་པར་ཁུག་ལ་མྱུར་དུ་སྒྲོལ༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ གསེར་སྐྱེམས་འབུལ་བནི། འདོད་ཡོན་ཟག་པ་མེད་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་གིས་བརླབས་ནས། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་ཕུར་སྲུང་དམ་ཚིག་ཅན། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས༴ སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ [12a] ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །གཟུ་དཔང་གསོལ་བ་ནི། ཧཱུྃ། ཕྱོགས་བཅུ་ནམ་མཁའི་དཀྱིལ་འཁོར་ནས། བླ་མ་རིག་འཛིན་ཡི་དམ་ལྷ། །རྡོ་རྗེ་གཞོན་ནུ་འཁོར་དང་བཅས། །ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །བདག་ནི་རིག་འཛིན་སྒྲུབ་པ་པོ། །དམ་ཚིག་འཛིན་ལ་དགྲ་བྱུང་ན། །མ་ཉེས་མ་ལེན་སྲུང་མ་མཁྱེན། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཞལ་ལྕེ་སྣང་སྲིད་ལྷ་འདྲེས་མཛོད། །དམ་ཉམས་དགྲ་བོ་སྡིག་ཅན་འདིས། དང་པོ་སངས་རྒྱས་བསྟན་པ་བཤིག །བར་དུ་དཀོན་མཆོག་དབུ་འཕང་སྨད། །མཐའ་མར་སྔགས་འཆང་སྙིང་པོ་དྲལ། །ད་ལྟ་རྣལ་འབྱོར་བདག་ལ་བསྡོས། །དགེ་བ་བཅུ་ནི་ཁྱད་དུ་བསད༑ །མི་དགེ་བཅུ་ནི་དང་དུ་བླངས། །མཚམས་མེད་ལྔ་ཡི་འབྲས་བུ་སྨིན། །འདི་ནི་བསྒྲལ་བའི་ཞིང་ཡིན་པས། །རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས། །ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང་། །རྔམས་བརྗིད་ཁྲོས་པའི་སྐུར་བཞེངས་ལ། །དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །མ་གཡེལ་མ་གཡེལ་ཐུགས་དམ་ཅན། །དགྲ་བགེགས་སྒྲོལ་བའི་ [12b] ཕྲིན་ལས་མཛོད། །དམིགས་བྱ་བསྐྱེད་པ་ནི། བྲུབ་ཁུང་སྭ་བྷཱ་ཝ་ས་སྦྱངས། སྟོང་པའི་ངང་ལས་མདུན་དུ་ཨེ་ལས་ལྕགས་སྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་དཔུང་འབར་བ། སྟེང་ན་གཏི་མུག་གི་མུན་པ་འཐིབ་པ། ཟུར་ནང་རྒྱལ་གྱི་བྲག་རི་ཉིལ་བ། ཕྱི་ནང་ཀུན་ཏུ་ཕྲག་དོག་གི་རླུང་དམར་འཚུབས་ཤིང་ནད་དུག་མཚོན་ཆའི་འཆར་འབེབས་པ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེངྒེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀ་ཏྲི་དུད་ཁ་ཡོངས་སུ་གྱུར་པ་ལས་དགྲ་བགེགས་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ། ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར་པར་ [13a] བསམ་ལ། རྣམ་ཤེས་དགུག་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་ཡི་དམ་རྡོ་རྗེ་གཞོན་ནུ་བདུད་འདུལ་ཁྲོ་བཅུ་ཁྲོ་ཐབས་སྒོ་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུག་པའི་གཟུགས་ཅན་སྡང་པའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་ [13b] གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཤ་ཏྲུཾ་ཨཱ་ཀརྵ་ཡ་ཛཿནྲྀ་ཡཾ་ཛཿཏྲི་ཡཾ་ཛཿ ཛཿཧཱུྃ་བཾ་ ཧོཿ ཞེས་ལན་གསུམ་སོགས་ཀྱིས་བཀུག་ནས། ཕོ་ཉ་འགྱེད་པ་ནི། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས༴ ཕྱག་བརྙན་ཆེན་མོའི༴ ཤྭ་ན་མུ་ཁའི༴ བདག་ཉིད་ཆེན་མོའི༴ ས་བདག་ཆེན་མོའི༴ ཁྱོད་ཀྱི་ཕྲིན་ལས༴ མཐུ་རྩལ་དབྱུང་བའི༴ ཧཱུྃ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཛཿཧཱུྃ་བཾ་ཧོ་ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔ ལྷ་དང་ཕྲལ་བ་ནི། གུ་གུལ་སོགས་ཀྱིས་བདུག །བྱ་འུག་གི་སྒྲོས་ཕྱིར་འབྱེད་ཚུལ་དང་བཅས། [14a] ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྱེད་ཀྱི་དམ་ཚིག་དུས༴ མཐུ་རྩལ་དབྱུང་བའི༴ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཧ་ས་ཡ་ར་ཧ་མ་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ༔ གཟུགས་ལ་དབབ་པ་ནི། ཡུངས་ཀར་གྱིས་བྲབ་ཅིང་། ཧཱུྃ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི༴ དངོས་གྲུབ༴ གདུག་ཅིང་༴ ཕོབ་ཅིག་རྣམ་པར་གཟིར་བར་བྱོས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ༔ བྱད་དུ་གཞུག་པ་ནི། བྱད་ཐག་གིས་འཆིང་ཚུལ་བྱ་ཞིང་།ཧཱུྃ༔ ཕྱག་བརྙན་ཆེན་མོའི་དུས་ལ་བབ༔ མཐུ་རྩལ༴ དངོས་གྲུབ༴ གདུག་ཅིང་༴ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔ སྨྱོར་གཞུག་པ་ནི། དུག་ཁྲག་གིས་བྲབ་ཅིང་།ཧཱུྃ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ མཐུ་རྩལ༴ དངོས་གྲུབ༴ གདུག་ཅིང་༴ རིངས་པར་ཁུག་ལ་སྨྲར་ཆུག་ཅིག༔ ཨོཾ་བཛྲ་ [14b] ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ༔ གདབ་པའི་གཟེར་ཁ་ནི། སྲས་མཆོག་གི་ཕུར་པ་ཐོགས་ལ། ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས༔ ལག་གཉིས་རིགས་ལྔ་ཡབ་ཡུམ་སྦྱོར༔ མཐིང་ནག་ཧཱུྃ་ལས་སྐྱེས་པ་ཡི༔ སྲས་མཆོག་ཡཀྴ་ཀྲོ་དྷ་ནི༔ སྐུ་སྟོད་ཁྲོ་བོ་འཇིགས་པ་ལ༔ སྐུ་སྨད་གནམ་ལྕགས་ཕུར་པའི་དབལ༔ རྣོ་ངར་འབར་བ་རྡོ་རྗེའི་མཚོན༔ འཕྱར་བ་ཙམ་གྱིས་སྲིད་གསུམ་འདར༔ བསྒྲིལ་བ་ཙམ་གྱིས་ཁམས་གསུམ་བརླག༔ ཀླད་ལ་བསྐོར་བས་བདག་འཁོར་སྲུང་༔ སྐེད་ལ་བསྐོར་བས་ཕྱིར་མི་ལྡོག༔ གཡས་སུ་བསྒྲིལ་བས་ཕོ་རྒྱུད་འདུལ༔ གཡོན་དུ་བསྒྲིལ་བས་མོ་རྒྱུད་འདུལ༔ བཏབ་པས་ལྷ་ཡང་བརླག་འགྱུར་ན༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ གཟིར་ཅིག་དགྲ་བོའི་སྲོག་རྩ་ལ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་སྒོམ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན༔ མོ་ཧཱ་གྷཱ་ཏ་ཡ་བྷ་ག་ཝཱ་ན་ཧྲཱིཿཀྲི་ཤཱི་བི་ཀྲི་བཛྲ་ཧཱུྃ་ཀཱ་ར་ [15a] ཧཱུྃ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ ཧཱུྃ་ཀཱ་ར་ཧཱུྃ་ཨཱཿཕཊ༔ ཅེས་ཚེ་ཁྲུས་ཀྱི་དགོངས་པས་བརྟེན་པ་དབྱིངས་སུ་བསྒྲལ། སླར་ཡང་བག་ཆགས་ཀྱི་རྟེན་གཞི་བཅོམ་པའི་ཕྱིར་ལས་ཕུར་བླངས་ལ། ཧཱུྃ༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ གདུག་ཅིང་སྡང་སེམས་ལྡན་པ་ཡི༔ ལྷའམ་འོན་ཏེ་བདུད་ཀྱང་རུང་༔ ང་ལ་བར་ཆད་བྱེད་པའི་བགེགས༔ མཐུ་དང་རྫུ་འཕྲུལ་མེད་པར་བྱོས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་གནས་སོ་སོར་གདབ་ཅིང་སྤུ་གྲིའི་དྲག་སྔགས་བཟླ་བཞིན་ཐུན་རྫས་སྣ་ཚོགས་པས་བྲབ། སྒྲོལ་གྱི་ཐོགས་ལ། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཁས་བླངས་དམ་བཅས་བཞིན༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་མ་མ་པཱ་ཤཾ་ཀུ་རུ༔ མ་ཏཾ་ཉ་ན་ཀ་ར་ཨི་དན་དྷ་ཏི༔ མ་མ་ཀརྨ་ཤཱི་གྷྲཾ་ཀཱ་ར་ཡེ་ཧཱུྃ་ཕཊ༔ ཅེས་གཏུབ། རྡུལ་དུ་བརླག་པ་ནི། ཐོ་ [15b] བས་བརྡུང་ཚུལ་བྱ་ཞིང་། ཧཱུྃ༔ ས་བདག་ཆེན་མོའི་དུས་ལ་བབ༔ མཐུ་རྩལ༴ དངོས་གྲུབ༴ གདུག་ཅིང་༴ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ད་ཧ་ཡ་ད་ཧ་ཡ་ཧཱུྃ་ཕཊ༔ ཞལ་དུ་སྟོབ་པ་ནི། བསྒྲལ་བའི་ཤ་ཁྲག་བདུད་རྩིར་སྦར་བ་ཧོམ་གཟར་གྱིས་སྟོབ་ལ། ཧཱུྃ༔ དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས༔ ། གནམ་ས་ཙམ་གྱི་ཞལ་གདངས་ཤིང་༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་འགྱུ་འདྲའི་ལྗགས་རྐྱོངས་ལ༔ བསྒྲལ་བའི་ལྔ་ཕུང་མཆོད་པར་རོལ༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཧོམ་གཟར་ཁྲག་ཆང་གིས་བཤལ་བ་དམ་ཅན་གྱི་གཏོར་མར་སྦྲན་ཅིང་། ཧཱུྃ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ མཐུ་རྩལ༴ དངོས་གྲུབ༴ གདུག་ཅིང་༴ ང་ཡི་དབང་དུ་གྱུར་ནས་ཀྱང་༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་བྷིནྔྷ་ཡི་བྷིནྔྷ་ཡ་ཧཱུྃ་ཕཊ༔ ཅེས་བསྟབས། འདིར་ཚོགས་ལ་རོལ་ཞིང་ལྷག་མའི་ཆོ་ག་བྱ། དེ་ནས་ཟློག་པའི་དཔུང་བསྐྱེད་ཕྱིར་སླར་ཡང་ཐུགས་དམ་བསྐུལ་བ་ནི། ལིང་ [16a] རོ་ཁྲག་སྐྱེམས་དང་སྦྱར་བ་གཏོར་ཆེན་དུ་སྟོབ་ཅིང་། ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་ཧེ་རུ་ཀ་དཔལ་ཁྲོ་བོའི་རྒྱལ༔ རྣམ་ཐར་སྒོ་གསུམ་དབྱིངས་ལས་བཞེངས་པའི་ཡུམ༔ དབྱིངས་རིག་ཟུང་འཇུག་ཐུགས་ལས་སྤྲུལ་པའི་སྲས༔ ཕྱོགས་བཅུའི་གདོན་འདུལ་ཁྲོ་བཅུ་ཡབ་ཡུམ་དང་༔ ཐབས་ཤེས་སྐུ་ལས་སྤྲུལ་པ་ཕོ་ཉའི་ཚོགས༔ སྒོ་སྐྱོང་སྲུང་མ་དབང་ཕྱུག་དྲེགས་པའི་སྡེ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རྣལ་འབྱོར་བདག་གིས་གདུང་བས་གསོལ་འདེབས་ནི༔ ཨེ་ཁྲམ་འབར་བའི་དབྱིངས་ནས་སྐུར་བཞེངས་ཤིག༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ མངོན་སྤྱོད་དམོད་པ་ཆེན་པོའི་རྩལ་བསྐྱེད་ལ༔ ཕྱིར་ཟློག་ལས་ཀྱི་ཕྲིན་ལས་གྲུབ་པར་མཛོད༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ བཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ་བྷྱོ༔ ཤིན་ཏུ་རྣམ་དག་ཡེ་ཤེས་ངང་༔ སྙིང་རྗེའི་སྐུར་ཤར་ཧེ་རུ་ཀ༔ ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཚེ༔ ཤེས་རབ་ཡུམ་དང་མཉམ་པར་སྦྱོར༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ [16b] ཐོགས་མེད་ཕྲིན་ལས་རྩལ་ཕྱུང་ལ༔ འདི་ལྟར་བཟློག་བསྒྱུར་ལས་མཛོད་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་བར་དུ་གཅོད་པ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ གདོན་རིགས་ཉི་ཁྲི་ཆིག་སྟོང་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག༔ ཀེག་ཆེན་སུམ་བརྒྱ་དྲུག་ཅུ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག་༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ དུས་མིན་འཆི་རྐྱེན་བཅོ་བརྒྱད་༴ རྨི་ལྟས་རྟེན་འབྲེལ་ངན་པ༴ སྡེ་བརྒྱད་ཟ་ཁ་ཟུག་པ༴ མཐུ་གཏད་ཧོམ་ཟོར་རྦོད་གཏོང་༴ མུ་སྟེགས་ཀླ་ཀློའི་རིག་སྔགས༴ རྒྱལ་འགོང་དམ་སྲིའི་ཆོ་འཕྲུལ༴ བྱུར་འདྲེ་བསེན་མོའི་གནོད་འཚེ༴ ཐེའུ་རང་བླ་རྐུན་འཇབ་པ༴ ཕུང་སྲི་གྲི་ཁ་མཚོན་དབལ༴ ཟ་འདྲེ་སྲིས་རྐུན་སྒབ་འདྲེ༴ མི་ཁ་སྨྲ་མཆུ་འཁོན་འཐབ༴ ལོ་ཉེས་ཕྱུགས་ཉེས་གོད་ཡམས༴ དུས་ངན་ཡོ་ལང་འཁྲུགས་རྩོད༴ ཕྱི་རྐྱེན་འབྱུང་བཞིའི་གཡོ་འཁྲུགས༴ ནང་རྐྱེན་རྩ་རླུང་འདུ་འཁྲུགས༴ ཀུན་བཏགས་སེམས་ཀྱི་བག་ཆགས༴ མི་མཐུན་ཆག་ཆེ་ [17a] ཉམ་ང་༴ འགལ་རྐྱེན་བར་ཆད་ཐམས་ཅད༴ བཟློག་གོ་དཔལ་ཆེན་མཐུ་ཡིས་ཟློག༔ བསྒྱུར་རོ་དམར་ཆེན་གཏོར་མས་སྒྱུར༔ ཟོར་རོ་དགྲ་དང་བགེགས་ལ་ཟོར༔ ཟློག་སྒྱུར་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ཟློག་པ་བྱ། མཐར་དམོད་ཚིགས་ཐལ་རྡེབ་ནི། དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་བསྐྱེད༔ ཕྱི་རོལ་ཞལ་གཟིགས་སྔགས་ཀྱི་སྒྲ༔ འབྲུག་སྟོང་ལྟ་བུར་སྒྲོགས་པ་ཡི༔ སྐུ་དང་ཞལ་ལས་དམོད་པའི་མཚོན༔ ནད་མཚོན་དུག་རླབས་ཕོ་ཉའི་ཚོགས༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་བབས༔ ནག་ཕྱོགས་འབྱུང་པོ་སྡེ་བཅས་དང་༔ ཕས་རྒོལ་རིག་སྔགས་དམོད་པའི་དབལ༔ མི་མཐུན་འབྲས་བུ་ཐན་ལྟས་ངན༔ ཐམས་ཅད་རང་དབང་མེད་པར་བཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་བབས༔ རྩྭ་སྦུར་མེ་ལྕེས་བསྲེགས་པ་བཞིན༔ རྗེས་ཤུལ་མེད་པར་བརླག་པར་གྱུར༔ དྲག་སྔགས་འདུས་པའི་ཤམ་དུ།གནོད་བྱེད་དགྲ་བགེགས་བྱད་མའི་སྙིང་རྩ་ལ་མཱ་ར་ཡ་རྦད་ཟློག༔ ཅེས་བཏགས་པ་ [17b] མང་དུ་བཟླས་མཐར་བདེན་སྟོབས་བརྗོད་པ་གོང་བཞིན་ལས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་དགྲ་འདྲེ་ཆག་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་གནོད་བྱེད་དགྲ་བགེགས་བྱད་མའི་སྟེང་དུ་མཱ་ར་ཡ་བྷྱོ་ཟློག༔ ཅེས་ཐལ་རྡེབ་བྱ། ཐུན་གཏོར་གཏོང་བ་ནི། དམར་གཏོར་ལ་དམིགས་བྱ་འགུགས་བསྟིམ་བྱ་ཏེ། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་ཚང་བ་མེད་པ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས། ལྷ་ཚོགས་རྣམས་ཀྱིས་གཏོར་མ་བདུད་རྩིའི་ངོ་བོ་རྣམ་པ་ཤ་ཁྲག་གི་རང་བཞིན་ཆལ་ཆོལ་དུ་གསོལ་བར་བསམ་ཞིང་། ཨོཾ་བཛྲ་ཀཱི་ [18a] ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་སརྦ་བིགྷྣཱན་ཤ་ཏྲུཾ་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་མཐར་གཏོར་མའི་ལྷག་མ་དུག་མཚོན་རྡོ་རྗེའི་ཆར་དུ་མོས་ལ། ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཡིན༔ ང་ལས་ཆེ་བཙན་སུ་ཡང་མེད༔ ཕྱོགས་མཚམས་སྟེང་འོག་གནས་རྒྱུ་བའི༔ སྡེ་བརྒྱད་ལྷ་ཀླུ་གཞི་བདག་རྣམས༔ གཏོར་ཆེན་མཚོན་ཐུན་ཟེར་འཕྲོག་པས༔ ལུས་སེམས་དེ་ནི་བརླག་པར་མཆིས༔ ཟོར་ལམ་ཕྱེས་ལ་སྐུ་བཟུར་ཅིག༔ བརྣག་པའི་དགྲ་བགེགས་མ་གཏོགས་པ༔ ཉེས་མད་རྣམས་ལ་ཟོར་མི་འཕེན༔ ཀུན་ཀྱང་གྲོགས་མཛོད་དམག་དཔུང་སྐྱེད༔ དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར༔ ཉམས་པའི་དགྲ་བགེགས་སྡིག་ཅན་འདིའི༔ གཟུགས་ཕུང་ཐལ་བའི་རྡུལ་དུ་རློག༔ རྣམ་ཤེས་སྐྱེ་མེད་དབྱིངས་སུ་སྤོར༔ དུས་ལ་བབ་པོ་མཐུ་རྩལ་སྐྱེད༔ མཱ་ར་ཡ་རྦད་བྷྱོ་ཟློག༔ ཅེས་གནོད་པའི་ཕྱོགས་སུ་འཕེན་ནོ། །དེ་ནས་ཉིན་ཐ་མས་འཕང་བའི་ལས་ལ་འཇུག་པའི་ཚེ། ཟློག་གཞུང་གྲུབ་པ་དང་གཏོར་མའི་ལྷ་ཚོགས་ལ་མཆོད་ [18b] བསྟོད་བཟོད་གསོལ་བྱས་ཏེ། ཡེ་ཤེས་པ་མདུན་གྱི་ནམ་མཁར་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམ། སླར་ཡང་གཏོར་ཆེན་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་བསམ་ཞིང་། སྤུ་གྲིའི་དྲག་སྔགས་ཤམ་བུ་ཅན་བཟླ། ཐུན་གཏོར་གོང་བཞིན་དམག་ལྟོའི་ཚུལ་དུ་ཕུལ་ལ། ཧཱུྃ། ཁྲག་འཐུང་དཔལ་ཆེན་འཇིགས་བྱེད་ཀཱི་ལ་ཡ། །བདུད་འདུལ་ཁྲོ་རྒྱལ་འཁོར་དང་བཅས་རྣམས་ལ། །དུག་གསུམ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །འདོད་ཡོན་ལྔ་ལྡན་སྨན་རཀ་བ་ལིཾ་ཏ། །འབུལ་ལོ་བཞེས་ལ་བདག་ཅག་འཁོར་བཅས་ཀྱིས། །ཇི་ལྟར་གསོལ་བའི་ལས་རྣམས་འགྲུབ་པ་དང་། །གཏོར་ཟོར་དྲག་པོའི་རྫས་ཀྱི་དཔུང་སྐྱེད་ཅིག །དགྲ་བགེགས་དམ་སྲི་བྱད་མ་བདུད་སྡེའི་དཔུང་། །ཤུགས་སྒྲོལ་སྟོབས་ཀྱིས་རྗེས་ཤུལ་མེད་པར་མཛོད། །ཆག་ཆེ་ཉམ་ང་ཕས་རྒོལ་མི་མཐུན་ཕྱོགས། །བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས། །[19a] ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །ཞེས་ཕྲིན་ལས་བཅོལ། སྒོ་དབྱེ་བ་ནི། ཕུད་སྐྱེམས་འཐོར་ཞིང་། རྩ་གསུམ་ཆོས་སྐྱོང་དམ་ཅན་དང་༔ སྒོ་བཞི་སྲུང་བའི་ཕྲ་མེན་རྣམས༔ གཙང་སྦྱར་གསེར་སྐྱེམས་འདི་བཞེས་ལ༔ ཟོར་སྒོ་དགྲ་བགེགས་སྟེང་དུ་ཕྱེས༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག༔ ཁྲག་འཐུང་ཁྲོ་བོའི་དམག་དཔུང་སྐྱེད༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཟོར་ལམ་བསལ། ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཞེས་སོགས་ཀྱི་བསྐུལ་དང་ཆད་མདོ་བསྒྲག། དེ་ནས་ཕྱར་དར་སོགས་ཀྱིས་སྣ་དྲངས་ཏེ་གཏོར་ཟོར་ཁྱེར་ལ་གང་དུ་འཕང་བའི་སར་སོང་ནས། གསེར་སྐྱེམས་ཀྱི་མཆོད་པ་སྔོན་དུ་འགྲོ་བས། ཧཱུྃ། སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་གྱུར་ཏེ། །རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས། །དགྲ་བགེགས་རྣམས་ནི་ཕམ་པར་མཛད། །རིག་སྔགས་བདེན་པའི་མཐུ་འདི་ནི། །ཐོགས་པ་མེད་པར་འགྲུབ་པར་མཛོད། །ཅེས་བདེན་སྟོབས་ཀྱིས་དཔུང་བསྐྱེད། །གཏོར་ཟོར་ཐོགས་ལ། ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ཞེས་ [19b] སོགས་ཀྱི་ཟོར་བསྐུལ་དང་སྤྲོ་ན་ཟློག་བྱང་ཡང་གྱེར། དྲག་སྔགས་དམོད་མོར་བཅས་པས་གཏོར་ཆེན་ཟོར་སྟབས་སུ་འཕངས་པས་དགྲ་བོའི་རྣམ་ཤེས་མར་མེ་བསད་པ་ལྟར་སོང་། གནས་ལུས་ལོངས་སྤྱོད་ཐམས་ཅད་རྗེས་མེད་དུ་བརླག་པར་བསམ་ཞིང་ཐལ་མོ་དང་དུལ་མོ་བརྡེབ། མཐར་ཟོར་རྗེས་གཅོད་པའི་ཕྱིར་སྲུང་འཁོར་སྒོམ་ལ་སློབ་དཔོན་གྱིས་རྟིང་མནན་ཏེ་ལྡོག །སྒྲུབ་ཁང་གི་སྒོ་དྲུང་དུ་བཤལ་ཆུའི་བདུད་རྩིས་བརྟན་མ་བསྐྱངས། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་དམ་སྲི་མནན་པར་བསམ་ལ་བྲོ་བརྡུང་། ནང་དུ་ལོག་ནས་ཚེ་འགུགས་བསྐུལ་ཞིང་དངོས་གྲུབ་ལེན། གཏང་རག་གི་མཆོད་བསྟོད་བཟོད་གསོལ་བྱས་ལ་ནམ་མཁར་བཞུགས་པའི་ཡེ་ཤེས་པ་གཤེགས་སུ་གསོལ་བའམ་རྟེན་ལ་བསྟིམ། བདག་བསྐྱེད་ཉེར་བསྡུ་དང་ཐུན་མཚམས་ཀྱི་ལྷར་ལྡང་སྟེ་རྡུལ་མཚོན་ཡོད་ན་ཨ་ཀཱ་རོས་དབྱི་ཞིང་སྨོན་ལམ་དང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཡང་སྐབས་འགའ་ཞིག་ཏུ་ཟོར་ལས་ཀྱི་སྤྲོས་པ་རྒྱས་པར་འདོད་ན། སྦྱོར་བའི་ཚེ་གཏོར་ཟོར། ཁྲག་ཟོར། རྡོ་ཟོར། མདའ་ཟོར། ཡུངས་ཟོར། དུག་ཟོར་རྣམས་ལག་ལེན་བཞིན་བཤམ། འཕང་བའི་སྐབས་བདེན་སྟོབས་ཀྱི་དཔུང་བསྐྱེད་པའི་རྗེས་སུ་ཟོར་རྣམས་རིམ་པར་ཐོགས་ལ། བྷྱོ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡཱ། །དམར་ཆེན་དྲག་པོ་གཏོར་མའི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས། །དགྲ་བགེགས་ལུས་སེམས་འབེན་ཡ་ཡཱ། །ཞེས་དྲག་སྔགས་བརྗོད་བཞིན་པར་བརྡེག །དེ་བཞིན་གཏོར་ཟོར་གྱི་ཚབ་ཏུ། རྦ་ཀློང་འཁྲུགས་ [20a] པ་ཁྲག་གི་ཟོར། །རི་བོ་སྙིལ་བ་རྡོ་ཡི་ཟོར། །རྣོ་མྱུར་ཤུགས་དྲག་མདའ་ཡི༴ མཚོན་རྩེ་གཟིངས་པ་ཡུངས་ཀར༴ མུན་པ་འཁྲིགས་པ་དུག་གི་ཟོར། །ཞེས་བསྒྱུར་ལ་ཐམས་ཅད་ཀྱི་མཐར་དྲག་སྔགས་བརྗོད་བཞིན་པས་འཕང་། དེ་ནས་ཟོར་ཆེན་འཕང་བ་དངོས་ལ་འཇུག་པར་བྱའོ། །འདི་དང་འབྲེལ་བར་མནན་སྲེག་གི་ལས་རིམ་གཞན་རྩོམ་པར་འདོད་ནའང་སྤྲོས་པས་ཆོག་སྟེ་ལོགས་སུ་བལྟ་བར་བྱའོ། །ཕྲིན་ལས་ཏནྟྲ་བྱེ་བའི་བཅུད། །སྤུ་གྲི་འདུས་པའི་ཡང་ཞུན་ནི། །རེག་ཕུང་གནམ་ལྕགས་འབར་བའི་མཚོན། །བདུད་འདུལ་དཔའ་མོས་བདག་ལ་བྱིན། །དྲག་ཤུལ་རིག་སྔགས་རྡོ་རྗེའི་ཐོག །འབེབས་མཁས་རྣལ་འབྱོར་དབྱར་རྔའི་དཔུང་། །བདུད་སྡེའི་གཡུལ་ལས་རྣམ་རྒྱལ་གྱི། །དགའ་སྟོན་ཉིད་དུ་སྤྲོས་པ་ཡིན། །ཅེས་པའང་རང་གཞན་འགའ་ཞིག་ལ་ཉེ་བར་མཁོ་ཞིང་ཕན་པའི་ཕྱིར་རྩ་བའི་གཞུང་གི་བཅུད་བསྡུས་ཤིང་མན་ངག་གི་འབྲེལ་བསྡེབས་ནས་ངག་འདོན་འཇུག་པ་བདེ་བར་བྱས་ཏེ། རྗེ་རིགས་ཀྱི་སྔགས་ནག་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཞེ་ལྔ་པར་སོན་པ་ཀུན་འཛིན་གྱི་ལོ་ཆོ་འཕྲུལ་ཟླ་བའི་ཤེར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་དབུ་རུ་ལྷ་ལྡན་གྱི་གྲོང་ཁྱེར་ཆེན་པོའི་ཤར་ཕྱོགས་བོད་ཀྱི་དུར་ཁྲོད་བསིལ་བའི་ཚལ་དུ་སྦྱར་བ་ལས་ཡི་གེ་པ་ནི་མང་དུ་ཐོས་པའི་བཤེས་གཉེན་རིག་སྔགས་འཆང་བ་དོན་དམ་ཆོས་མཆོག་གིས་བགྱིས་པའོ། །འདིས་ཀྱང་གསང་ཆེན་བསྟན་པའི་འགལ་བྱེད་ཆམ་ལ་ཕབ་སྟེ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་དགུང་དུ་བསྙེགས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།