མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག༔

From Dudjom Wiki
DJYD-KABUM-16-MA-054
Wylie title ma hA gu ru'i gsang sgrub mtsho skyes thugs thig DJYD-KABUM-16-MA-054.pdf
Location bdud 'joms rin po che bka' 'bum
Volume 16, Text 54, Pages 551-565 (Folios 1a1 to 8a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Ma hA gu ru'i gsang sgrub mtsho skyes thugs thig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 16: 551-565. Kalimpong: Dupjung Lama, 1979-1985.
Side notes Recto: rtsa phrin   Verso: mtsho skyes thugs thig
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Activity Manual - las byang  ·  Root Treasure - gter gzhung
Cycle ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་ (zab lam mtsho skyes thugs thig)
Colophon

ཅེས་པའང་སྔོན་གོམས་ཀྱི་ལས་འཕྲོ་དུས་སུ་སད་པ་ཆོས་བདག་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུའི་སྡེའི་བཞེད་པ་སྐོང་བའི་སླད་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གང་ཤར་གྱི་རྟོག་པའི་དུམ་བུ་ཡི་གེར་འདུ་བགྱིས་པའོ། །མངྒལཾ།

ces pa'ang sngon goms kyi las 'phro dus su sad pa chos bdag sprul pa'i sku 'jigs med chos dbyings nor bu'i sde'i bzhed pa skong ba'i slad du/___'jigs bral ye shes rdo rjes gang shar gyi rtog pa'i dum bu yi ger 'du bgyis pa'o/___/mang+galaM/

[edit]
༁ྃ༔ མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག་བཞུགས་སོ༔


༁ྃ༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག༔ འཆི་མེད་རིག་འཛིན་ཐོད་ཕྲེང་རྩལ༔ གང་དེ་བསྙེན་ཅིང་བསྒྲུབ་པའི་ཚུལ༔ སྦྱོར་དངོས་རྗེས་ཀྱི་རིམ་པས་བསྟན༔ ས་མ་ཡ༔ ཐོག་མར་སྦྱོར་བའི་རྣལ་འབྱོར་ལ༔ སྐྱབས་སུ་འགྲོ་བའི་རིམ་པ་ནི༔ ན་མོ༔ གདོད་མའི་གནས་ལུགས་མི་ཤིགས་པ༔ འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས༔ འཕོ་འགྱུར་བྲལ་བ་གཉུག་མའི་ལྷར༔ རང་བབ་ངང་ནས་སྐྱབས་སུ་མཆི༔ བྱང་ཆུབ་མཆོག་སེམས་བསྐྱེད་པ་ནི༔ ཧོཿ མ་རྟོགས་གཉིས་འཛིན་འཁྲུལ་པའི་གཟུགས༔ མེད་བཞིན་སྣང་བ་འགྲོ་བའི་ཁམས༔ རང་རིག་ཆེན་པོར་རོ་མཉམ་པས༔ རང་གྲོལ་ཕྱམ་བརྡལ་སེམས་བསྐྱེད་དོ༔ ཡན་ལག་བཅུ་པས་ཚོགས་བསགས་ནི༔ ཨ༔ རིག་ [2a] སྟོང་ཁྱབ་བརྡལ་བླ་མ་གཤེགས༔ འཕོ་འགྱུར་བྲལ་བའི་གདན་ལ་བཞུགས༔ མཉམ་ཉིད་རོལ་པའི་ཕྱག་གིས་འདུད༔ སྣང་སྲིད་གཞིར་བཞེངས་མཆོད་པ་འབུལ༔ རང་ངོ་མ་ཤེས་མཐོལ་ལོ་བཤགས༔ འདུ་འབྲལ་མེད་ལ་རྗེས་ཡི་རང་༔ གྲགས་སྟོང་ན་དའི་ཆོས་འཁོར་བསྐོར༔ ལྷུན་གྱིས་གྲུབ་པར་བཞུགས་གསོལ་འདེབས༔ དགེ་ཚོགས་ཀ་དག་དབྱིངས་སུ་བསྔོ༔ གཞོན་ནུ་བུམ་སྐུར་བྱང་ཆུབ་ཤོག༔ བཀའ་བསྒོ་སྲུང་མཚམས་བཅད་པ་ནི༔ ཧྲཱིཿ ང་ནི་ཡེ་ནས་ཁྲོ་བོའི་རྒྱལ༔ སྣང་སྲིད་འབར་བའི་ཕྱག་རྒྱར་ཤར༔ ཉོན་ཅིག་བདག་ལྟའི་བགེགས་ཀྱི་ཚོགས༔ རང་བྱུང་རྒྱན་གྱི་གླུད་གཏོར་ལོངས༔ [2b] སྐྱེ་བ་མེད་པའི་དབྱིངས་སུ་དེངས༔ ཡེ་སྲུང་ཆེན་པོར་མཚམས་བཅད་དོ༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ༔ དྷརྨ་དྷཱ་ཏུ་རཀྵ་ཨ༔ རྡོ་རྗེའི་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ རང་སྣང་དག་པ་དཔལ་གྱི་རི༔ བདེ་ཆེན་འབར་བའི་ཞིང་ཁམས་ནས༔ འཆི་མེད་རང་བྱུང་པདྨའི་ཞལ༔ རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས༔ མི་མངོན་དབྱིངས་ནས་དགོངས་པ་བསྐྱོད༔ རྨད་བྱུང་གསང་བའི་གནས་མཆོག་འདིར༔ རྡོ་རྗེའི་བྱིན་ཕོབ་དབང་ཆེན་བསྐུར༔ མི་མཐུན་བགེགས་དང་བར་ཆད་སོལ༔ ངོ་མཚར་རྟགས་དང་མཚན་མ་སྟོན༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཨོཾ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་ངྷེ་ཝ་དྷཱ་ཀི་ནཱི་ཛྙཱན་ཨ་བེ་ཤ་ཡ་ཨ་ཨ༔ ཕྱི་ནང་མཆོད་བྱིན་བརླབ་པ་ནི༔ ཧོཿ ཏིང་འཛིན་ནམ་མཁའ་མཛོད་ཀྱི་འཕྲུལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ནི༔ རྨད་བྱུང་འདོད་ཡོན་དམ་ཚིག་རྫས༔ ཡེ་ཤེས་རྒྱན་གྱི་རོལ་མོར་འཆར༔ ཛྙཱ་ན་ཙཀྲ་སྥ་ར་ཎ་ཁཾ༔ དེ་དག་སྦྱོར་བའི་རྣལ་འབྱོར་རོ༔ གཉིས་པ་དངོས་གཞིའི་རྣལ་འབྱོར་ལ༔ དམ་ཚིག་དཀྱིལ་འཁོར་གསལ་བ་ནི༔ ཨ༔ མ་བཅོས་ཆོས་དབྱིངས་སྤྲོས་དང་བྲལ༔ འགགས་མེད་བདེ་ཆེན་སྙིང་རྗེའི་སྤྲིན༔ རྒྱུ་ཡི་ཧྲཱིཿཡིག་འོད་དུ་འབར༔ འོད་འཕྲོས་སྣོད་བཅུད་ཞེན་རྟོག་སྦྱངས༔ སྣང་བའི་དངོས་ཀུན་པདྨ་འོད༔ བདེ་ཆེན་དག་པའི་གྲོང་ཁྱེར་ཆེ༔ ཚད་དང་ [3a] མཚན་ཉིད་ཡོངས་རྫོགས་དབུས༔ སྣ་ཚོགས་པདྨའི་ལྟེ་བ་རུ༔ ཐབས་ཤེས་ཉི་ཟླའི་གདན་གྱི་སྟེང་༔ ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས༔ རང་ཉིད་པདྨ་ཐོད་ཕྲེང་རྩལ༔ འཆི་མེད་མཚོ་སྐྱེས་རྡོ་རྗེར་ཤར༔ ཟག་མེད་བདེ་སྟོང་དཀར་དམར་མདངས༔ བཅུ་དྲུག་གཞོན་ཚུལ་ལང་ཚོས་སྒེག༔ མཐའ་བྲལ་ཐིག་ལེར་འཁྱིལ་བའི་ཞལ༔ ཁྲོ་འཛུམ་རྗེས་སུ་ཆགས་པའི་ཉམས༔ སྣང་སྟོང་ཟུང་འཇུག་ཕྱག་གཉིས་ཀྱིས༔ འཁོར་འདས་ཟིལ་གནོན་རྡོ་རྗེ་དང་༔ ཏིང་འཛིན་གཡོ་མེད་ཐོད་པ་འཛིན༔ པང་དུ་རང་འོད་མནྡྷ་ར༔ མདའ་དར་ཚེ་བུམ་འཛིན་པས་འཁྱུད༔ མཐའ་གཉིས་ལས་འདས་ཞབས་ཟུང་ནི༔ རྡོ་རྗེའི་སྐྱིལ་མོ་ཀྲུང་དང་བཅས༔ དགྱེས་མཉམ་བདེ་བ་ཆེན་པོར་རོལ༔ དབུ་སྐྲ་ཐོར་ཚུགས་ནོར་བུའི་ཏོག༔ དར་དང་རིན་ཆེན་རུས་རྒྱན་སོགས༔ ལོངས་སྤྱོད་ཡོངས་རྫོགས་རྒྱན་གྱིས་སྤྲས༔ འཇའ་ཟེར་དྭངས་མར་འཁྲིགས་པའི་ཀློང་༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་ཀུན༔ གདོད་ནས་དག་མཉམ་ལྷའི་འཁོར་ལོར༔ མ་བསྐྱེད་ཡེ་ནས་རང་ཤར་བའི༔ ལྷུན་གྲུབ་དཀྱིལ་འཁོར་ཆེན་པོར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཨཏྨ་ཀོཉཧཾ༔ ཡེ་ཤེས་དཀྱིལ་འཁོར་བསྟིམ་པ་ནི༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་ [3b] སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧྲཱིཿ བདེ་ཆེན་པདྨ་དྲྭ་བའི་ཞིང་༔ རྔ་ཡབ་དཔལ་རིའི་ཕོ་བྲང་ནས༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ བརྒྱུད་འཛིན་གདུང་བས་སྤྱན་འདྲེན་ན༔ ཐོགས་མེད་ཐུགས་རྗེའི་རྫུ་འཕྲུལ་གྱིས༔ སྐད་ཅིག་ཉིད་དུ་གནས་འདིར་གཤེགས༔ དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨ་ཨ༔ ཧོཿ དམ་ཚིག་སྣང་བའི་དཀྱིལ་འཁོར་དུ༔ ཡེ་ཤེས་སྟོང་པར་དག་པའི་ལྷ༔ ཟུང་འཇུག་འདུ་འབྲལ་མེད་པའི་ངང་༔ དགྱེས་མཉམ་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྠ་ལྷན༔ ངོ་མཚར་ཕྱག་མཆོད་བསྟོད་པ་ནི༔ ན་མོ༔ མ་བཅོས་འདུས་མ་བྱས་པའི་གཤིས༔ དག་པ་རབ་འབྱམས་དབྱིངས་ཀྱི་རྒྱན༔ བདེ་ཆེན་བརྡ་ཡི་སྐུར་སྣང་བ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ༔ གདོད་ནས་དག་པའི་སྣོད་བཅུད་རྣམས༔ མཆོད་པའི་ཕུང་པོར་ལྷུན་གྱིས་གྲུབ༔ ལོངས་སྤྱོད་མཆོག་གི་འཁོར་ལོ་ཆེ༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ མ་ཧཱ་ [4a] སརྦ་པཱུ་ཛ་ཧོཿ ཧཱུྃ༔ ཡེ་ཤེས་ཚད་མེད་བདུད་རྩིའི་རྒྱུན༔ སྲིད་གསུམ་ཆགས་པ་བསྡུས་པའི་ཁྲག༔ སྣང་སྲིད་བཅུད་དྲིལ་བ་ལིང་ཏ༔ འདོད་ཡོན་དམ་ཚིག་ཆེན་པོར་རོལ༔ མ་ཧཱ་པཉྩ་རཀྟ་བ་ལིང་ཏ་ཁཱ་ཧི༔ ཧཱུྃ༔ བདེ་ཆེན་བདེ་སྦྱོར་ཆགས་པ་ཆེ༔ ཡེ་ཤེས་རང་གསལ་སྒྲོལ་བ་ཆེ༔ ཟུང་འཇུག་ཤིན་ཏུ་རྣམ་དག་ཆེ༔ འདི་ནི་མཆོག་གི་མཆོད་པ་ཆེ་ ཧོཿ ཧཱུྃ༔ མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཐབས་མཁས་སྤྲུལ་པའི་གར༔ འཆི་མེད་མཚོ་སྐྱེས་རྡོ་རྗེར་བསྟོད༔ མཚན་དཔེ་རབ་རྫོགས་རྡོ་རྗེ་སྐུ༔ འགགས་མེད་རང་བྱུང་ཚངས་དབྱངས་གསུང་༔ ཡེ་ཤེས་བསམ་མི་ཁྱབ་པའི་ཐུགས༔ པདྨ་ཐོད་ཕྲེང་རྩལ་ལ་བསྟོད༔ ཕ་མཐའ་ཡས་པའི་ཡོན་ཏན་གཏེར༔ རྩོལ་མེད་ཕྲིན་ལས་ཆགས་ཐོག་བྲལ༔ དགོས་འདོད་ཡིད་བཞིན་ཆར་འབེབས་པ༔ རྩ་གསུམ་འདུས་པའི་ངོ་བོར་བསྟོད༔ ཡང་སྙིང་ཛཔྲ་ཀྱི་རྣལ་འབྱོར་ནི༔ རང་ཉིད་པདྨ་ཐོད་ཕྲེང་གི༔ སྙིང་དབུས་དག་པའི་འོད་ཁྱིམ་སྦུབས༔ ཡེ་ཤེས་སེམས་དཔའ་རྡོ་རྗེའི་ལྟེར༔ ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་མཐར༔ རྩ་བའི་སྔགས་ཀྱིས་བསྐོར་བ་ལས༔ འབར་བའི་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་ [4b] མལ་སྣང་ཞེན་མ་ལུས་སྦྱངས༔ ཡེ་ཤེས་ཆེན་པོའི་རོལ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཏིང་འཛིན་ལྡན་པའི་རྣལ་འབྱོར་པས༔ སྔགས་ཀྱི་མན་ངག་བཞིན་དུ་བཟླ༔ རྡོ་རྗེ་ཚེ་དང་ལང་ཚོ་དག༔ སྒྲུབ་པར་འདོད་ན་ཐུགས་ཀ་ནས༔ ལྷ་མོ་མགྱོགས་མའི་སྤྲུལ་པ་དང་༔ འོད་ཟེར་སྤྲོ་བསྡུའི་དམིགས་གནད་ཀྱིས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱན་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ མ་ཡེངས་ཆུ་བོའི་རྒྱུན་བཞིན་བཟླ༔ རྟགས་མཐོང་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་པ༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་བདག་དང་གཉིས་སུ་མེད༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ རྣལ་འབྱོར་ལུས་ལ་གཟི་བྱིན་ཕོབ༔ འགགས་མེད་གསུང་གི་གསང་བ་ནས༔ རྣལ་འབྱོར་ངག་ལ་ནུས་པ་སྐྱེད༔ འཁྲུལ་མེད་ཐུགས་རྗེའི་ཡེ་ཤེས་ཀྱིས༔ རྣལ་འབྱོར་ཡིད་ལ་རྟོགས་པ་སྤོར༔ རྡོ་རྗེའི་ཚེ་དང་བསོད་ནམས་གཏེར༔ རབ་འབྱམས་ལས་སོགས་ཐུན་མོང་དང་༔ ཁྱད་པར་མཆོག་གི་དངོས་གྲུབ་ཆེ༔ འཇའ་ལུས་དྭངས་མའི་སྐུར་སྨིན་མཛོད༔ སརྦ་སིདྡྷི་ཕ་ལ་ ཧོཿ ཞེས་བརྗོད་དངོས་གྲུབ་རྫས་ལ་རོལ༔ དེ་དག་དངོས་གཞིའི་རྣལ་འབྱོར་རོ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་ནི༔ ཐབས་ཤེས་དམ་ཚིག་རྫས་རྣམས་བསགས༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་བག་ཆགས་བསྲེག་ [5a] གཏོར་བཀྲུས༔ སླར་ཡང་ཨོཾ་ཨཱཿཧཱུྃ་གསུམ་འཕྲོས༔ ཟག་མེད་བདུད་རྩིའི་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ བཞེངས་ཤིག་རྩ་གསུམ་འདུས་པའི་ལྷ༔ བསྐྱོད་ཅིག་དཔའ་བོ་མཁའ་འགྲོའི་ཚོགས༔ ཚོགས་ཁང་སྤྲུལ་པའི་གཞལ་ཡས་འདིར༔ འདོད་ཡོན་ཚོགས་ཀྱི་འདུ་བར་བྱོན༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ གླུ་ལེན་གར་སྟབས་ཤིགས་སེ་ཤིག༔ རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ༔ དགྱེས་པའི་གར་གྱིས་གཤེགས་སུ་གསོལ༔ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཛ་ཛ༔ ཨོཾ༔ འདོད་པའི་ཡོན་ཏན་བླ་ན་མེད༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ སརྦ་ག་ཎ་ཙ་ཀྲ་ཛ་ ཧོཿ ཨ༔ ཚེ་རབས་སྔོན་ནས་ད་ལྟའི་བར༔ རྨོངས་དང་བག་མེད་དབང་གྱུར་པས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ འདོད་ཡོན་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ མ་རིག་གཟུང་འཛིན་རྟོག་པའི་བདུད༔ རྡོ་རྗེ་ཁྲོས་པའི་མཚོན་གྱིས་བསྒྲལ༔ དྭངས་མ་ཆོས་ཀྱི་དབྱིངས་སུ་སྦྱངས༔ སྙིགས་མ་ཚོགས་ཀྱི་དཀྱིལ་འཁོར་འབུལ༔ སརྦ་ནྲྀ་ཏྲི་མཱ་ར་ཡ་ཕཊ་ཁཱ་ཧི༔ ལོངས་སྤྱོད་ཚོགས་ལ་རོལ་བ་ནི༔ ནང་གི་སྲེག་བླུག་ [5b] མཆོག་ཏུ་སྤེལ༔ ཁྱད་པར་བདེ་ཆེན་གསང་བའི་ཚོགས༔ གཞུང་བཞིན་ཉམས་སུ་ཡང་དག་བསྟར༔ ལྷག་མའི་གཏོར་མ་བསྔོ་བ་ནི༔ ཕེཾ༔ མཁའ་འགྲོ་གིང་དང་དབང་ཕྱུག་མ༔ འབར་མ་ལ་སོགས་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླངས་ཐ་ཚིག་ཇི་བཞིན་དུ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ བཀའ་ཡི་ཆད་མདོ་བསྒྲག་པ་ནི༔ ཧཱུྃ༔ བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་ཡི༔ བཀའ་ཉན་དམ་ཅན་སྲུང་མའི་ཚོགས༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ སྔོན་གྱི་ཁས་བླངས་མ་གཡེལ་བར༔ སྙིང་པོའི་བསྟན་དང་བསྟན་འཛིན་སྐྱོང་༔ ཉམ་ངའི་དགྲ་བགེགས་རྡུལ་དུ་རློག༔ བཅོལ་བའི་ལས་རྣམས་འགྲུབ་པར་མཛོད༔ བཤལ་ཆུས་བརྟན་མ་བསྐྱང་བ་ནི༔ བྷྱོ༔ འཇིག་རྟེན་སྐྱོང་བ་མ་དང་སྲིང་༔ ཆེ་ཞེ་བརྟན་མ་འཁོར་དང་བཅས༔ བཤལ་ཆུའི་བདུད་རྩི་འདི་གསོལ་ལ༔ སྔོན་ཚེ་པདྨའི་བཀའ་ལུང་བཞིན༔ བོད་ཁམས་བདེ་བའི་ཕྲིན་ལས་སྒྲུབས༔ སརྦ་དྷཱ་ཀི་ནཱི་མཧཱ་པཱུ་ཛ་ཁཱ་ཧི༔ དཔལ་གྱི་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ རྣམ་ཐར་གསུམ་གྱི་ཨེ་ཁང་དུ༔ མཚན་མར་འཛིན་པའི་དམ་སྲི་བྲུབ༔ བརྡལ་ཁྱབ་རྫོགས་པ་ཆེན་པོ་མནན༔ འཁོར་འདས་མཉམ་ཉིད་མ་གྱུར་པར༔ ནམ་ཡང་ལྡང་བའི་སྐབས་ [6a] མེད་དོ༔ སྟྭམྦྷ་ཡ་ནན༔ རྟག་ཆད་སྤྲོས་མཐའ་བསལ་བ་ནི༔ ཧོཿ རང་ལས་ཤར་བའི་དཀྱིལ་འཁོར་ལྷ༔ རྟེན་དང་བརྟེན་པའི་སྣང་ཆ་ཀུན༔ མཐའ་བྲལ་ཆོས་དབྱིངས་བརྗོད་མེད་ཀློང་༔ མ་བཅོས་མཉམ་པ་ཉིད་དུ་བརྡལ༔ ཨ་ཨ་ཨ༔ བསྔོ་སྨོན་ཤིས་པ་སྤེལ་བ་ནི༔ དུས་གསུམ་དགེ་ཚོགས་གང་བསགས་པ༔ དམིགས་མེད་ཆོས་དབྱིངས་ཀློང་དུ་བསྔོ༔ ཀུན་ཀྱང་མི་གནས་གདོད་མའི་བབ༔ འདུ་འབྲལ་མེད་པར་སངས་རྒྱས་ཤོག༔ ངོ་བོ་ཀ་དག་བློ་ལས་འདས༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ཆེ༔ ཐུགས་རྗེ་སྣ་ཚོགས་འཆར་བའི་སྤྲིན༔ བདེ་བ་ཆེན་པོའི་བཀྲ་ཤིས་ཤོག༔ དེ་དག་རྗེས་ཀྱི་རྣལ་འབྱོར་རོ༔ ས་མ་ཡ༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ རྩ་གསུམ་ཀུན་འདུས་དཀྱིལ་འཁོར་དུ༔ སྐལ་ལྡན་སློབ་མ་གཞུག་འདོད་ན༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་དབུས༔ སྒྲུབ་གཏོར་རིན་ཆེན་འབར་བ་ནི༔ སྐུ་ཙཀ་དར་གདུགས་རྒྱན་ལྡན་བཤམ༔ འཆི་མེད་ཚེ་ཡི་དབང་སྤྲོ་ན༔ ཚེ་འབྲང་ཚེ་རིལ་ཚེ་ཆང་དང་༔ མདའ་དར་ལ་སོགས་འདུ་བྱས་ཏེ༔ སྒྲུབ་པའི་དཀྱིལ་འཁོར་གཞུང་བསྲངས་ལ༔ བདག་མདུན་དབྱེར་མེད་གཅིག་ཏུ་བསྒྲུབ༔ སློབ་མ་ཁྲུས་བྱས་བགེགས་བསལ་ཞིང་༔ སྲུང་བའི་ [6b] གུར་བསྒོམ་མཎྜལ་ཕུལ༔ ཀྱེ་ཧོཿ རིགས་བརྒྱའི་ཁྱབ་བདག་བླ་མ་རྗེ༔ བདག་ཅག་སྐལ་ལྡན་སློབ་བུ་རྣམས༔ བདེ་ཆེན་གསང་བའི་དཀྱིལ་འཁོར་དུ༔ གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ དེ་ལྟར་ལན་གསུམ་གསོལ་བཏབ་མཐར༔ སྐྱབས་སེམས་ཚོགས་བསགས་རྒྱུད་སྦྱངས་ཏེ༔ སློབ་བུ་མི་དམིགས་སྟོང་པའི་ངང་༔ རིགས་འདུས་བླ་མ་ཐོད་ཕྲེང་རྩལ༔ ཡབ་ཡུམ་གཉིས་མེད་སྐུར་བསྒོམ་ནས༔ རྡོ་རྗེའི་བྱིན་ཆེན་ནན་དུ་དབབ༔ ཡེ་ཤེས་བརྟན་པར་བྱས་ནས་སུ༔ དཔལ་གྱི་གཏོར་མ་ཐོད་ཕྲེང་རྩལ༔ དངོས་སུ་གསལ་བ་སྤྱི་བོར་བཞག༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་སྐལ་ལྡན་སློབ་བུ་ལ༔ བུམ་དབང་ལུས་ལ་བསྐུར་བ་དང་༔ བགེགས་དང་ལོག་འདྲེན་བར་ཆས་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཔལ་གཏོར་མགྲིན་པར་བཞག་བྱས་ལ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི༴ པདྨ་གེ་སར༴ ཡ་མཚན༴ པདྨ༴ འཁོར་དུ༴ ཁྱེད་ཀྱི་རྗེས༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག་སྐལ་ལྡན་སློབ་བུ་ལ༔ གསང་དབང་དག་ལ་ [7a] བསྐུར་བ་དང་༔ བགེགས་དང་ལོག་འདྲེན༴ མཆོག་དང་ཐུན་མོང༴ རྩ་སྔགས་དང་༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དཔལ་གཏོར་སྙིང་གར་བཞག་ནས་སུ༔ ཧཱུྃ༔ ཨོ་རྒྱན༴ པདྨ༴ ཡ་མཚན༴ པདྨ༴ འཁོར་དུ༴ ཁྱེད་ཀྱི༴ བྱིན་གྱིས༴ གནས༴ སྒྲུབ་མཆོག་སྐལ་ལྡན་སློབ༴ ཤེར་དབང་ཡིད་ལ་བསྐུར༴ བགེགས་དང༴ མཆོག་དང༴ རྩ་སྔགས་དང་༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་གཏོར་མ་གནས་བཞིར་བཞག༔ ཧཱུྃ༔ ཨོ་རྒྱན༴ པདྨ༴ ཡ་མཚན༴ པདྨ་འབྱུང༴ འཁོར་དུ༴ ཁྱེད་ཀྱི༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག་སྐལ་ལྡན༴ ཚིག་དབང་སེམས་ལ༴ བགེགས་དང་༴ མཆོག་དང༴ རྩ་སྔགས་དང་༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་བསྐུར་མཐར་ནི་གཏོར་མའི་ལྷ༔ འོད་ཞུ་སློབ་མ་རྣམས་ལ་ཐིམ༔ ལྷ་དང་དབྱེར་མེད་གྱུར་བསམ་ཞིང་༔ གཏོར་ཟན་བདུད་རྩི་དངོས་གྲུབ་ཏུ༔ བྱིན་ལ་ཤིས་བརྗོད་མེ་ཏོག་འཐོར༔ ཞར་བྱུང་ཚེ་ཡི་དབང་སྦྱིན་ན༔ ཚེ་བཅུད་བསྡུ་བའི་དམིགས་གནད་ཀྱིས༔ མདའ་དར་གཡབ་ཅིང་ཐུགས་དམ་བསྐུལ༔ ཧྲཱིཿ པདྨ་དྲྭ་བ་ཚེ་ཡི་ཞིང་༔ བདེ་བ་ཆེན་པོའི་ཕོ་བྲང་ནས༔ ཚེ་བདག་འཆི་མེད་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་ལྷ་ཚོགས་རྣམས༔ སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་སླད༔ དབྱིངས་ནས་བསྐུར་བཞེངས་བྱིན་ཆེན་ཕོབ༔ རིག་འཛིན་རྣལ་འབྱོར་བདག་ཅག་གི༔ [7b] བླ་ཚེ་ཆད་ཉམས་ཡར་བ་ཁུག༔ སྣོད་བཅུད་འབྱུང་བའི་དྭངས་མ་སྡུས༔ རྣལ་འབྱོར་སྲོག་གི་ཀྭ་བ་ཚུགས༔ སྐྱེ་འཆི་བསྒྲེས་རྒུད་དང་བྲལ་བའི༔ རྟག་པ་དམ་པའི་ཚེ་དབང་སྩོལ༔ ཅེས་བསྐུལ་ཚེ་ཡི་སྔགས་ཀྱང་བཟླ༔ ཚེ་བུམ་འབྲང་རྒྱས་སྤྱི་བོར་བཞག༔ ཧྲཱིཿ བཀྲ་ཤིས་བུམ་པ་ཚེ་ཡི་དལ༔ ལྷ་དང་གཉིས་མེད་འོད་དུ་འབར༔ དེང་འདིར་བུ་ལ་དབང་བསྐུར་བས༔ མི་འགྱུར་རྡོ་རྗེའི་ཚེ་ཐོབ་ཤོག༔ ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་ཆང་བདུད་རྩི་བཏུང་གཞུག་ལ༔ ཧྲཱིཿ ཚེ་ཡི་དངོས་གྲུབ་འདུས་པའི་རྫས༔ འཆི་མེད་བདུད་རྩི་ཨ་མྲྀ་ཏ༔ སྐལ་ལྡན་བུ་ཡིས་ལོངས་སྤྱད་པས༔ ཨ་ཡུ་ཚེ་ཡི་དབང་ཐོབ་ཤོག༔ ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་གཏད་ཅིང་བཟར་གཞུག་ལ༔ ཧྲཱིཿ སྲིད་ཞིའི་དྭངས་མ་བསྡུས་པ་ཡི༔ བཅུད་ལེན་ཚེ་ཡི་རིལ་བུ་འདི༔ སྐལ་ལྡན་བུ་ཡིས་ལོངས་སྤྱད་པས༔ མི་འགྱུར་ཚེ་ཡི་དཔལ་ཐོབ་ཤོག༔ ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་མདའ་དར་རྒྱ་གྲམ་དགོད༔ ཨཿ འཁོར་འདས་ཚེ་ཡི་དྭངས་བཅུད་རྣམས༔ མི་ཤིགས་ཐིག་ལེ་ཧྲཱིཿལ་བསྡུ༔ དེའང་བརྗོད་མེད་ཀ་དག་ཀློང་༔ གཞོམ་གཞིག་བྲལ་བར་རྒྱས་གདབ་བོ༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ ཞེས་པས་རྒྱས་གདབ་ཤིས་བརྗོད་སྤེལ༔ དམ་ཚིག་ཁས་བླང་ཡོན་འབུལ་ཞིང་༔ དགའ་སྟོན་བསྔོ་བས་མཚམས་སྦྱར་བྱ༔ ས་མ་ཡ༔ དེ་ལྟར [8a] ཐུགས་སྒྲུབ་བྱེ་བའི་གནད༔ ཡོངས་དྲིལ་སྙིང་པོའི་ལམ་ཟབ་འདི༔ ལས་འཕྲོ་ཅན་གྱི་སྤྱོད་ཡུལ་དུ༔ གྱུར་ཏེ་ཕན་པ་བླ་མེད་ཤོག༔ ཅེས་པའང་སྔོན་གོམས་ཀྱི་ལས་འཕྲོ་དུས་སུ་སད་པ་ཆོས་བདག་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུའི་སྡེའི་བཞེད་པ་སྐོང་བའི་སླད་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གང་ཤར་གྱི་རྟོག་པའི་དུམ་བུ་ཡི་གེར་འདུ་བགྱིས་པའོ། །མངྒལཾ། །