ནོར་བདག་ཨ་པ་ར་ཙིཏྟའི་སྐོང་བ་འདོད་རྒུ་མྱུར་སྩོལ།

From Dudjom Wiki
DJYD-KABUM-23-A-022
Wylie title nor bdag a pa ra tsit+ta'i skong ba 'dod rgu myur stsol DJYD-KABUM-23-A-022.pdf
Location bdud 'joms rin po che bka' 'bum
Volume 23, Text 22, Pages 375-377 (Folios 1a1 to 2a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Nor bdag a pa ra tsit+ta'i skong ba 'dod rgu myur stsol. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 375-377. Kalimpong: Dupjung Lama, 1979-1985.
Side notes Recto: bskang ba   Verso: bdud 'joms a pa ra tsit+ta
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Deity a pa ra tsit+ta
Colophon

ཅེས་པའང་སློབ་དཔོན་ཨོ་རྒྱན་བསྟན་འཛིན་གྱི་བཞེད་སྐོང་དུ། སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དཀར་པོའི་ཕྱོགས་ཀྱི་དུས་ཚོད་བཟང་པོར་ཤར་མར་སྦྱར་བ་ཛ་ཡནྟུ།།

ces pa'ang slob dpon o rgyan bstan 'dzin gyi bzhed skong du/___snyoms las pa 'jigs bral ye shes rdo rjes dkar po'i phyogs kyi dus tshod bzang por shar mar sbyar ba dza yan+tu//

[edit]
༄༅། །ནོར་བདག་ཨ་པ་ར་ཙིཏྟའི་སྐོང་བ་འདོད་རྒུ་མྱུར་སྩོལ་ཅེས་བྱ་བ་བཞུགས་སོ། ། ན་མོ་བཛྲ་པ་ཎ་ཡེ། ནོར་གྱི་བདག་པོའི་སྐོང་བ་བྱ་བར་འདོད་པས། དམ་ཚིག་གི་རྫས་སུ་འོས་པ་རྣམས་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་སྤེལ་ལ། ཛཿ བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །མཐུ་ཆེན་རྡོ་རྗེ་འཛིན་པའི་བཀའ་ཉན་པ། །གནོད་སྦྱིན་ནོར་གྱི་བདག་པོ་འཁོར་དང་བཅས། །འདིར་གཤེགས་དགྱེས་པར་བཞུགས་ལ་དངོས་གྲུབ་སྩོལ། །དྭངས་བསིལ་མཆོད་ཡོན་རྣམ་བཀྲའི་མེ་ཏོག་ཚལ། །དད་ལྡན་སྤོས་སྤྲིན་སྣང་གསལ་སྒྲོན་མེའི་ཕྲེང་། །དྲི་བཟང་ཆུ་ཀླུང་རོ་བརྒྱའི་ཞལ་ཟས་སྤྲུངས། །སྙན་འཇེབས་རོལ་མོའི་སྒྲ་ཡིས་ཐུགས་དམ་བསྐང་། །ངོ་མཚར་ཡིད་འོང་གཟུགས་དང་སྙན་པའི་སྒྲ། །ཡིད་འཛིན་དད་ལྡན་དྲི་དང་རོ་བརྒྱའི་ཟས། འཇམ་མཉེན་འཁྲིལ་ཆགས་ལྷ་ཡི་རེག་བྱ་སྟེ། །འདོད་ལྔའི་ཡོན་ཏན་མཆོག་གིས༴ །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །གཏེར་གྱི་བུམ་པ་ཡོངས་འདུའི་ལྗོན་པའི་ཚལ། མ་རྨོས་ལོ་ཏོག་འདོད་ཀུན་འཇོ་བའི་བ། །འཛད་མེད་རིན་ཆེན་དབྱིག་གིས༴ །འཆི་མེད་བདུད་རྩི་དམར་ཆེན་རཀྟའི་རྒྱུན། །འབྲས་ཆན་ཁུར་བ་ཤིང་ཏོག་དཀར་མངར་བཅུད། །སྣ་ཚོགས་མཱཾ་ས་མྱོས་བྱེད་སྦྱར་བའི་ཆང་། །ཕུན་ཚོགས་བཟའ་བཅའ་བཏུང་བས༴ །གནག་སྣུམ་སྤུ་སྡུག་ངོམས་པའི་སྒྱུ་རྩལ་ཅན། །དབང་པོ་ཀུན་ཚང་ཡིད་འཕྲོག་རྒྱན་གྱིས་མཛེས། །རྐང་བཞི་ཕྱུགས་དང་འདབ་ཆགས་ཆུར་གནས་སོགས། །དབུགས་ལྡན་གཟུགས་འགྲོས་དུ་མས༴ །ངོ་མཚར་རི་དྭགས་སྙིང་དང་ཐོད་པར་བཅས། །སྐུ་གཟུགས་ཙཀྲས་གཏམ་པའི་བླ་རྡོ་དང་། །ཕྱི་ནང་གསང་བ་རྟེན་སྒྲུབ་མཆོད་སྐོང་རྫས། །མཐུན་པའི་ཡོ་བྱད་ཚོགས་ཀྱིས༴ །མདོར་ན་དངོས་སུ་འབྱོར་པ་དཔེར་མཚོན་ནས། །ཡིད་སྤྲུལ་ཏིང་འཛིན་རོལ་མོའི་རྩེ་འཇོ་ལས། །ཟག་མེད་ཀུན་བཟང་མཆོད་པའི་སྤྲིན་ཕུང་གིས། །མཁའ་ལམ་དོག་པོར་བྱས་པས༴ །མ་རིག་ནོངས་པའི་ཉེས་པ་སྤྱི་དང་ནི། །ཁྱད་པར་འདོད་ཆགས་སེར་སྣའི་དབང་གྱུར་པས། །དབུལ་ཞིམ་ཕོངས་པའི་ལས་ངན་ཅི་བསགས་པ། །ལྷ་མཆོག་ཁྱོད་ལ་བཤགས་སོ་བཟོད་པར་བཞེས། །གཡེལ་མེད་རྩེ་གཅིག་སྒྲུབ་པའི་རིག་འཛིན་ལ། །དགྱེས་འཛུམ་བརྩེ་བའི་ཞལ་བཟང་མྱུར་དུ་སྟོན། །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་སྟོབས། །མངའ་ཐང་ལོངས་སྤྱོད་ཡོན་ཏན་དགུང་དུ་སྤོར། །མཁའ་མཉམ་འགྲོ་ཀུན་དབུལ་ཕོངས་སྡུག་བསྔལ་ལས། །རྣམ་གྲོལ་ཕན་བདེ་རྒྱ་མཚོས་འཚོ་བ་དང་། །ཁྱེད་ལ་རྟེན་བཅས་རྣལ་འབྱོར་བདག་ཅག་གི། །རེ་བའི་འབྲས་བུ་དུས་འདིར་མཆིས་པར་མཛོད། །ཅེས་པའང་སློབ་དཔོན་ཨོ་རྒྱན་བསྟན་འཛིན་གྱི་བཞེད་སྐོང་དུ། སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དཀར་པོའི་ཕྱོགས་ཀྱི་དུས་ཚོད་བཟང་པོར་ཤར་མར་སྦྱར་བ་ཛ་ཡནྟུ།། །།