དཔལ་རྡོ་རྗེ་ཕུར་བུ་བདུད་དཔུང་ཟིལ་གནོན་གྱི་སྒྲུབ་པ་ཆེན་པོའི་ཁོག་དབུབ་ཕྲིན་ལས་སྒྲུབ་པའི་རོལ་མོ།

From Dudjom Wiki
DJYD-KABUM-23-A-026
Wylie title dpal rdo rje phur bu bdud dpung zil gnon gyi sgrub pa chen po'i khog dbub phrin las sgrub pa'i rol mo DJYD-KABUM-23-A-026.pdf
Location bdud 'joms rin po che bka' 'bum
Volume 23, Text 26, Pages 425-489 (Folios 1a1 to 33a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpal rdo rje phur bu bdud dpung zil gnon gyi sgrub pa chen po'i khog dbub phrin las sgrub pa'i rol mo. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 425-489. Kalimpong: Dupjung Lama, 1979-1985.
Side notes Recto: sgrub khog   Verso: phur pa bdud dpung zil gnon
More details More details
Genre Structural Arrangement for Ritual Practice - sgrub khog
Colophon

།ཅེས་གཏེར་གསར་ཕུར་བུ་བདུད་དཔུང་ཟིལ་གནོན་གྱི་སྒྲུབ་ཁོག་ཁྲིགས་སུ་བསྟར་བ་འདི་ནི་སྤྲུལ་པའི་གཏེར་སྟོན་ཉིད་ཀྱི་གསུང་གིས་བསྐུལ་མ་ཡང་ཡང་གནང་བ་སྤྱི་བོར་བཀོད་དེ་གཏེར་གཞུང་རྩ་བ་ལ་ཆོས་དབང་སྤུ་གྲི་དང་། རྩ་གསུམ་སྤྱིའི་སྒྲུབ་ཁོག་སོགས་ནས་བསབ་འོས་རྣམས་བསྣན་ཏེ་སྨིན་ལུགས་ཀྱི་འགྲོས་དང་མཐུན་པར་སྤྲུལ་མིང་པ་འཇིགས་བྲལ་བདེ་ཆེན་ཡེ་ཤེས་རྡོ་རྗེས་བྲིས་པ་ཉེས་འགལ་གང་མཆིས་ལྷག་པའི་ལྷ་ལ་བཤགས་ཤིང་དགེ་བས་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ་ཏེ་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།

ces gter gsar phur bu bdud dpung zil gnon gyi sgrub khog khrigs su bstar ba 'di ni sprul pa'i gter ston nyid kyi gsung gis bskul ma yang yang gnang ba spyi bor bkod de gter gzhung rtsa ba la chos dbang spu gri dang /___rtsa gsum spyi'i sgrub khog sogs nas bsab 'os rnams bsnan te smin lugs kyi 'gros dang mthun par sprul ming pa 'jigs bral bde chen ye shes rdo rjes bris pa nyes 'gal gang mchis lhag pa'i lha la bshags shing dge bas 'gro kun bdud bzhi'i g.yul las rgyal te dpal chen he ru ka'i go 'phang myur du 'grub pa'i rgyur gyur cig___/sarba mang+ga laM//

[edit]
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་དཔུང་ཟིལ་གནོན་གྱི་སྒྲུབ་པ་ཆེན་པོའི་ཁོག་དབུབ་ཕྲིན་ལས་སྒྲུབ་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །


༄༅། །ན་མོ་གུ་རུ་ཤྲི་བཛྲ་ཀུ་མཱ་ར་ཡེ། རྒྱལ་ཀུན་གསང་གསུམ་ཡོན་ཏན་གཅིག་བསྡུས་སྐུ། །འཇིགས་གཟུགས་བསྐལ་པའི་མེ་ལྟར་འབར་བ་ཡིས། །མ་རུང་བདུད་སྡེའི་དཔུང་རྣམས་ཚར་གཅོད་པ། །ཕྲིན་ལས་ལྷ་མཆོག་དེ་ལ་ཕྱག་བགྱིའོ། །རྡོ་རྗེ་གཞོན་ནུ་མཆོག་གི་གོ་འཕང་སར། །བགྲོད་པའི་ལམ་མཆོག་སྒྲུབ་ཆེན་ཁོག་དབུབ་གནད། །ཕྲིན་ལས་གྲུབ་པའི་རོལ་མོ་དབྱངས་སྙན་འདི། །སྐལ་བཟང་རྣ་བའི་བཅུད་དུ་གསལ་བར་བྱ། དཔལ་རྡོ་རྗེ་ཕུར་བུ་བདུད་དཔུང་ཟིལ་གནོན་གྱི་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་བགྱི་བའི་རིམ་པ་ལ་གསུམ། ཕུན་སུམ་ [2a] ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ། རྗེས་ཀྱི་ལས་རིམ་རྣམས་ཀྱིས་སྒྲུབ་པ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། སྒྲུབ་གནས་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་ཤིང་ལས་བཞི་ལྷུན་གྲུབ་ཀྱི་རྟགས་མཚན་ཚང་ཞིང་དབེན་ལ་བཀྲ་ཤིས་པ། དུས་ར་བ་བཞི་དང་ཡར་མར་གྱི་ཚེས་བཅུ་སོགས་གཟའ་སྐར་འཕྲོད་སྦྱོར་བཟང་བ། སྟོན་པ་རྡོ་རྗེ་སློབ་དཔོན་རྟོགས་པའི་གདིང་དང་ལྡན་ཅིང་བསྙེན་སྒྲུབ་ལ་གྲངས་རྟགས་རྫོགས་པ། འཁོར་གྲོགས་དད་བརྩོན་ཤེས་རབ་དང་ལྡན་ཅིང་བསྒྲུབ་བྱ་ལ་ཐེ་ཚོམ་དང་དམ་སེལ་མེད་པ། ཡོ་བྱད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་གཙོ་བོར་གྱུར་པའི་སྒྲུབ་རྫས་ [2b] དམ་ཚིག་གི་ཡོ་བྱད་ཐམས་ཅད་ཚང་བ་སྟེ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་སོ། །གཉིས་པ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གཉིས། ས་ལྷའི་ཆོ་ག་དང་། ལྷག་པར་གནས་པའི་རིམ་པའོ། །དང་པོ་ལའང་ལྔ་། ས་བརྟགས་པ། བསླང་བ། སྦྱང་བ། བཟུང་བ། བསྲུང་བའོ། །དང་པོ་ནི། སྒྲུབ་གནས་རྙིང་པ་རྣམས་ལ་མི་དགོས་པའི་ཕྱིར་འདིར་མ་བཀོད་ལ། ཉེ་བར་མཁོ་ན་གཞན་ནས་འབྱུང་བ་ལྟར་བྱའོ། །གཉིས་པ་ནི། སྣང་བ་རྒྱལ་པོ་ལ་སོགས་མི་ཡིས་བདག་ཏུ་བཟུང་བ་ལ་རིན་དང་བདེན་པའི་གཏམ་གྱིས་དཀྲོལ་ཞིང་། མི་སྣང་བ་ལས་བསླང་བ་ནི། གང་དུ་དཀྱིལ་འཁོར་བྱ་བའི་སྟེགས་བུའི་དབུས་སུ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པའི་མདུན་དུ་མཆོད་གཏོར་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་གཉིས་དང་གསེར་སྐྱེམས། མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་གཡས་སུ་བསྐོར། ལོགས་གང་བདེར་བདག་བསྐྱེད་མཆོད་གཏོར་སྨན་རཀ་ཉེར་སྤྱོད་བཅས་བཤམས་ཤིང་། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཀྱང་འཚོགས་པར་བྱའོ། །དེ་ནས་ཐོག་མར་བདག་གི་རྣལ་འབྱོར་ནི། ཚིག་བདུན་གསོལ་འདེབས་དང་། བརྒྱུད་འདེབས་སྔོན་དུ་འགྲོ་བས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཚོགས་བསགས་ཀྱིས་རྒྱུད་སྦྱངས། བདག་བསྐྱེད་ཡི་དམ་གྱི་ [3a] ལྷར་གསལ་བཏབ་ལ་བཟླས་པ་ཅི་རིགས་པའི་མཐར་འོད་གསལ་དུ་བསྡུ་ཞིང་གཉུག་མའི་ལྷ་སྐུར་ལྡང་། ས་ལྷའི་མཆོད་པ་ཨོཾ་བཛྲ་ཨ་མྲྀ་ཏས་བསང་། རཾ་ཡཾ་ཁཾ་གིས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུཾ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་སོགས། ཤཔྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོར་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུཾ༔ ལན་གསུམ་རྒྱ་དང་བཅས་པས་བྱིན་གྱིས་བརླབས་ལ། ཚོམ་བུ་བཾ་ལས་ས་ཡི་ལྷ་མོ་སྐུ་མདོག་གསེར་བཙོ་མ་ལྟ་བ་ཞལ་གཅིག་ཕྱག་གཉིས་པ་རིན་པོ་ཆེའི་བུམ་བསྣམས་པ༔ ཞི་ཞིང་འཛུམ་པའི་ཉམས་ཅན་དར་གྱི་སྟོད་གཡོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལྟེ་བ་ཡན་ཆད་ས་སྟེང་དུ་འཐོན་པར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་ས་འོག་ནས་ཡེ་ཤེས་ཀྱི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུཾ༔ ཚུར་བྱོན་ཚུར་གཤེགས་འབྱུང་བ་ཆེ༔ ས་ཡི་ལྷ་མོ་བརྟན་མ་མཆོག༔ [3b] བདག་གི་མཆོད་ཡོན་བཞེས་སླད་དུ༔ སྤྱན་འདྲེན་འདིར་གཤེགས་བཞུགས་སུ་གསོལ༔ ཨོཾ་པྲི་ཐི་དེ་ཝི་ས་མ་ཡ་ཛཿས་སྤྱན་དྲངས ། ཛཿཧཱུཾ་བཾ་ཧོཿ ས། གཉིས་སུ་མེད་པར་གྱུར། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ༔ ཞེས་དབང་བསྐུར་བས་རིན་ཆེན་འབྱུང་གནས་ཀྱིས་རྒྱས་གདབ་པར་བསམ་ལ། ཧཱུཾ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ན༔ མཛེས་པའི་མེ་ཏོག་བདུག་པའི་སྤོས༔ གསལ་བའི་མར་མེ་དྲི་ཡི་ཆབ༔ ཞལ་ཟས་སྣ་ཚོགས་རོལ་མོའི་སྒྲ༔ ཇི་སྙེད་འདོད་ཡོན་མཆོད་སྤྲིན་གྱིས༔ ལྷ་མོ་བརྟན་མ་འཁོར་བཅས་མཆོད༔ དགྱེས་བཞེས་བརྩེ་བས་དངོས་གྲུབ་སྩོལ༔ ཨོཾ་པྲི་ཐི་དེ་ཝི་པུཥྤེ་སོགས། ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་གིས་མཆོད། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ་ལ། ཧཱུཾ༔ སྟོང་གསུམ་ས་བདག་ཆེན་མོ་ཁྱེད༔ སྐུ་སྟོད་བར་འཐོན་གསེར་གྱི་མདོག༔ རིན་ཆེན་རྒྱན་མཛེས་གཏེར་བུམ་འཛིན༔ འགྲོ་དོན་མཛད་མ་ལ་ཕྱག་འཚལ༔ ཅེས་བསྟོད་ལ་ས་གནོན་ཕྱག་རྒྱ་དང་བཅས། སྐྱོབས་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་ [4a] རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས་ལྷ་མོ་དགའ་བའི་མདངས་ཕྱུངས་ནས་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པས་རིན་ཆེན་གསེར་གྱི་ཕུང་པོ་ཞིག་ཏུ་གྱུར་པར་བསམ་ལ་གཏོར་མ་ཕྱིར་འབུལ། དེ་ནས་བྱེ་བྲག་གི་ས་བདག་རྣམས། བྷཱུ་མི་པཱ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་མཿསརྦ་ཏ་ཐཱ་ག་ཏེ་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་ཨཱཿཧཱུཾ༔ ས་ཡུལ་འདིར་གནས་གཞི་ཡི་བདག༔ ལྷ་ཀླུ་བདུད་བཙན་མ་མོ་དང་༔ གནོད་སྦྱིན་སྲིན་པོ་ཤ་ཟའི་རིགས༔ དཀར་ནག་ལྷ་སྲིན་འབྱུང་པོའི་སྡེ༔ མ་ལུས་འཁོར་བཅས་འདིར་གཤེགས་ཏེ༔ འདོད་ཡོན་མཆོད་གཏོར་འདི་བཞེས་ལ༔ དཀྱིལ་འཁོར་དོན་སླད་ས་ཕྱོགས་འདིར༔ བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ༔ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་སརྦ་བྷཱུ་ཏ་གཙྪ༔ གནང་བ་བྱིན་ནས་ [4b] རང་གནས་སུ་གཤེགས་པར་བསམ་ལ། ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །གསུམ་པ་ལ་གསུམ། ལས་དང་། རྫས་སྔགས་དང་། ཏིང་ངེ་འཛིན་གྱིས་སྦྱང་བའོ། །དང་པོ་ནི། ལྟོ་ཕྱེ་ལུས་ཀྱི་བསྐོར་ཐིག་བཞིན། །དཔྱིད་གསུམ་ཤར་ལ་དབྱར་གསུམ་ལྷོ། །སྟོན་གསུམ་ནུབ་ལ་དགུན་གསུམ་བྱང་། །ཁ་འགྱུ་སོ་སོའི་ཐད་ནས་བརྐོ། །ཞེས་ལུས་ཀྱི་ཆ་ཐིག་གིས་གཏན་ལ་ཕབ་པའི་མཆན་གྱི་མདུན་ནས་ལེགས་པར་བརྐོས་པའི་སའི་ཟུག་རྔུ་རྣམས་བསལ་ཏེ་དྲིའི་ཆུ་དང་སྦྱར་ནས་སྟེགས་བུ་ཇི་ལྟར་རིགས་པ་འཁོད་སྙོམས་ཤིང་འཐས་པར་བྱའོ། །གཉིས་པ་ནི། ཁྲོ་བོའི་ང་རྒྱལ་དང་ལྡན་པའི་དཀྱིལ་འཁོར་གྱི་ས་ལ་འཁྱིལ་བའི་སྔགས་བཟླས་པའི་བསང་ཆུས་ཁྱབ་པར་གཏོར་ཞིང་། བ་བྱུང་ལྔས་གཡོན་དུ་བསྐོར་བའི་ཚུལ་གྱིས་བྱུག །དྲིའི་ཆུས་ཀྱང་བསང་གཏོར་བྱས་ཏེ། ཨོཾ་བྷཱུ་ཁཾ་ས་གཞི་ནམ་མཁར་བསམ་མོ། ། ཧཱུཾ་ལཾ་ཧཱུཾ་རྡོ་རྗེའི་ས་གཞིར་བསྐྱེད། ཨོཾ་མེ་དེ་ནི་བཛྲི་བྷ་ཝ་བཛྲ་བྷནྡྷ་ཧཱུཾ༔ རྡོ་རྗེའི་རང་བཞིན་དུ་བཅིངས་པར་བསམ་མོ། །གསུམ་པ་ནི། ཧཱུཾ༔ ཆོས་ཀུན་མི་དམིགས་ཡེ་སྟོང་ཆེ༔ སྟོང་གསལ་གུ་ཡངས་གདོད་མའི་ངང་༔ ལྷུན་གྲུབ་ཡེ་རྫོགས་ཡེ་ཤེས་ལྔ༔ རང་མདངས་རིན་ཆེན་སྣ་ལྔའི་ས༔ མ་བྱས་ལྷུན་གྲུབ་ཆེན་པོར་བྷཻ༔ རཏྣ་མཎྜ་ལ་སརྦ་བྷྲཱུྃ༔ [5a] ཞེས་མོས་པར་བྱའོ། །བཞི་པ་ནི། བགེགས་གཏོར་བྱིན་གྱིས་བརླབས་ལ་བཀུག་ཅིང་སྔགས་ཀྱིས་བསྔོ། རང་ཉིད་དཔལ་ཆེན་པོར་གསལ་བའི་ངང་ནས། ཧཱུཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱངས་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་བདག་གྱུར་ཏོ། ཞེས་ཆེ་བའི་ང་རྒྱལ་དང་བཅས་ཏེ། ཧཱུཾ། ས་ཕྱོགས་འདི་ནི་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་སྲིན་པོ་ཤ་ཟའི་ཚོགས། །གང་དག་གནས་པ་མྱུར་དུ་སོང་། །རྡོ་རྗེ་གཞོན་ནུའི་བཀའ་བྱུང་ནས། །གང་དག་མི་འགྲོ་དེ་རྣམས་ལ། །ཡེ་ཤེས་རྡོ་རྗེ་རྩེ་དགུ་ཡིས། །མགོ་ནས་རྒྱབ་སྟེ་ཀླད་པ་འགེམས། །ཞེས་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སོགས་དང་། ཧཱུཾ་གི་སྒྲ་དྲག་པོར་བརྗོད་ནས་མཚམས་བཅད། ཁྲོ་བོ་དུ་མ་སྤྲོད་པས་བགེགས་བཅོམ་སྟེ་དཀྱིལ་འཁོར་གྱི་གཞི་ཧཱུཾ་ལས་རྡོ་རྗེ་རང་བཞིན་དུ་བསམ་མོ། །ལྔ་པ་ལའང་གཉིས། ཕུར་བུ་གདབ་པ་དང་། བསྲུང་འཁོར་བསྒོམ་པའོ། །དང་པོ་ནི། སེང་ལྡེང་གི་ཕུར་པ་སོར་བཅུ་གཉིས་པ་ཙནྡན་དམར་པོས་བྱུག་པ་ཅོད་པན་ཅན་བཅུའི་རྩེ་མོར་མེ་ཏོག་དང་ཡུངས་ཀར་གྱི་ཐུམ་བུ་བཅིངས་པ། སློབ་དཔོན་སྟེགས་བུའི་དབུས་ནས་ཞལ་ཤར་དུ་ཕྱོགས་པས་འཁོད་ལ། [5b] ཕུར་གདན་རྣམས་ཕྱོགས་བཅུར་བཀོད། རང་གི་ཐུགས་ཀ་ནས་ཧཱུཾ་ཡིག་བཅུ་སྤྲོས། ཕུར་བུ་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོའི་གཟུགས་ཅན་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་ཞིང་། ཀཱི་ལ་བརྗོད་པས་བྱིན་བརླབས། ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་། སུམྦྷ་ནིའི་སྔགས་ཀྱི་བགེགས་རྣམས་བཀུག་ལ། སློབ་དཔོན་གྱིས་ཕྱག་གཡས་ཐོ་བ་དང་། གཡོན་པས་ཕུར་བུ་རྣམས་རིམ་བཞིན་ཐོགས་ལ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུཾ་ཕཊ། དེས་འགྲེས་ཏེ། བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཡ་མནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཧ་ཡ་གྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨ་མྲི་ཏ་ཀུཎྜ་ལཱི་ཧཱུཾ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། ཨ་པ་ར་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨརྱ་ཨ་ཙ་ལ་ཧཱུཾ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ནི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཅེས་འབར་བའི་སྟངས་སྟབས་དང་བཅས་སྟེང་གི་ཕུར་བུ་ཤར་གྱི་ཤར་དང་། ཕྱོགས་བཞི་ཤར་ནས་གཡས་བསྐོར། མཚམས་བཞི་བྱང་ཤར་ནས་གཡོན་བསྐོར། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་པས། དབང་པོ་ལ་སོགས་བགེགས་རྣམས་ [6a] ཀྱི་སྤྱི་བོ་ནས་བསྡིགས་པས་གསང་བའི་བར་ཕུག་སྟེ་གསེར་གྱི་ས་གཞི་ལ་སྦྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་པར་བསམ། གཉིས་པ་ནི། ཧཱུཾ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ སྟེང་ཡང་ཕུར་བུའི་བླ་རེ་ལ༔ ཕུར་བུའི་ཐོག་ཆེན་ཆར་ལྟར་འབེབས༔ འོག་ཀྱང་ཕུར་བུའི་ས་གཞི་ལ༔ ཕུར་བུའི་འདུ་འཕྲོ་མེ་ལྟར་འབར༔ ཕྱོགས་མཚམས་ཕུར་བུས་གཏམས་པ་ལ༔ ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཕུར་བུའི་མཚམས་ལས་མ་འདའ་ཞིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ ཧཱུཾ༔ ཡེ་དག་རྒྱལ་བའི་ཕོ་བྲང་དུ༔ གཉིས་སྣང་དམ་སྲིའི་མིང་ཡང་མེད༔ ཡེ་དག་རྒྱ་ལས་བགེགས་མ་འདའ༔ ཀ་དག་ཡེ་སྟོང་ཁྲོ་བོས་གཏམས༔ ཧཱུཾ་ཧཱུཾ་ཧཱུཾ༔ ཞེས་པས་བསྲུང་འཁོར་གསལ་གདབ། དེ་དག་ནི་ཉིན་དང་པོའི་བྱ་བའོ། །སྐབས་འདིར་སྤྱི་བཤགས། སཱཙྪ་གདབ་པ། སྲོག་བསླུ་བ། [6b] མགྲོན་བཞི་ལ་མཆོད་སྦྱིན། ཟབ་མོའི་མདོ་སྡེ་ཀློག་པ་སོགས་དགེ་བའི་དཔུང་དང་བར་ཆད་ཞི་བའི་ཐབས་ལ་ཅི་ནུས་སུ་འབད་དོ། །གཉིས་པ་ལའང་གསུམ། ལྷ། བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ནི། དཀྱིལ་འཁོར་གྱི་དབུས་གཙོ་བོའི་གནས་སུ་དྲི་བཟང་བདུད་རྩི་ལྔ་དང་སྦྱར་བའི་ཆབ་ཀྱིས་ཐིག་ལེ་གྲུ་བཞི། འཁོར་གྱི་གནས་ལ་ཟླུམ་པོ། དེ་རྣམས་ལྷ་སོ་སོའི་སྔགས་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་བཀོད། མཐར་མཆོད་པས་བསྐོར། སྨན་རཀ་གཏོར་མ་རྣམས་སྔ་ཉིན་ལྟར་བཤམས་ལ། ལས་བྱང་གི་མཆོད་པ་བྱིན་བརླབས་ནས་བཟུང་བསྟོད་པའི་བར་དུ་སོང་ནས། སྙན་གསན་དབབ་པ་ནི། སློབ་དཔོན་གྱི་པུས་མོ་གཡས་པ་ས་ལ་བཙུགས། སྤོས་དང་རྡོར་དྲིལ་འཛིན་ཅིང་ཐམས་ཅད་ཀྱིས་ཐལ་སྦྱར་བཅས ཧོཿ དགོངས་ཤིག་རྒྱལ་བ་སྲས་དང་བཅས༔ མ་ལུས་གསན་ཅིང་དགོངས་སུ་གསོལ༔ བདག་ཅག་བླ་མེད་མཆོག་སྒྲུབ་ཕྱིར༔ ལྷུན་གྲུབ་རྒྱལ་བའི་ད་ལ་བྲི༔ ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་༔ བྱིན་གྱིས་བརླབས་པར་མཛད་དུ་གསོལ༔ ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པས་དེ་དག་གིས་ལེགས་སོ་ཞེས་གནང་བ་བྱིན་པར་བསམ་ནས། སློབ་དཔོན་གྱིས་སེ་གོལ་གསུམ་བྱས་ལ། ལྷ་རྣམས་བར་སྣང་འོད་ཀྱི་དྲྭ་བར་བཞུགས་པར་མོས་ལ་ཚོམ་དུ་དང་མཆོད་པ་རྣམས་བསྡུའོ། ། [7a] གཉིས་པ་ནི། རིན་པོ་ཆེའི་བུམ་པ་ལ་མགུལ་ཆིངས་སྔོན་པོ་སོ་ལྔའི་རྫས་དང་དྲིའི་ཆུས་སུམ་གཉིས་བཀང་བ། ཁ་རྒྱན་དུང་ཆོས་གཟུངས་རྡོར་ལྡན་པ་དང་། ལས་བུམ་བཅས་སྟེགས་བུ་ལ་བཀོད་པའི་མཐར་མཆོད་པ་བཤམས། ལས་བྱང་ལྟར་བྱིན་རླབས་བྱས་ལས་བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་དང་ཉི་ཟླའི་གདན་ལ་ཧཱུཾ་ལས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྐད་ཅིག་གིས་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཧྱེ་ཧི་བྷ་ག་ཝན་ས་མ་ཡ་ཛཿ་ཛཿ ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་མ་ཧཱ་པཉྩ་རཀྟ་བ་ལིངྟ་སརྦ་པཱུ་ཛ་ཧོཿ ཞེས་མཆོད། ཧཱུཾ༔ སྲིད་གསུམ་གདུག་པ་འདུལ་བ་དང་༔ ང་རྒྱལ་ཞེན་པ་འདུལ་བའི་ཕྱིར༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ༔ རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཅེས་བསྟོད། གཟུངས་ཐག་བླངས་ལ། [7b] རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ནས་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུང་གཉིས་མེད་རོ་གཅིག་གྱུར། །ཅེས་མོས་ལ། ཀཱི་ལ་ཡ་བརྒྱ་རྩ་བརྒྱད་དང་། འཁོར་སྔགས་རྣམས་ཉེར་གཅིག་བཟླས་ལ། ལས་བུམ་གྱི་ནང་དུ་ཉི་མ་ལ་གནས་པའི་ཧཱུཾ་ཡིག་འཕྲོ་འདུ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་མཐིང་ནག་ཕུར་བུ་དང་ལྕགས་ཀྱུ་འཛིན་པའི་སྐུར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ༔ ཅི་ནུས་བཟླས་མཐར། ལྷ་རྣམས་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པའི་ཁར་ས་བོན་འབྲུ་ལྔས་མཚན་པར་གྱུར་པར་དམིགས་ལ། དུང་ཞལ་གྱི་དྲི་ཆབ་བུམ་པར་གཙོ་བོའི་སྙིང་པོ་བརྗོད་པས་ཕུལ་ནས་དབེན་པར་བཞག །མཆོད་པ་བསྡུ། གཞན་ཡང་གསུང་རྟེན་བྷནྡྷ་བདུད་རྩི། ཐུགས་རྟེན་ཕུར་བུ་ལྷ་གྲངས། ཡོན་ཏན་ཕྲིན་ལས་ཀྱི་རྟེན་སོགས་དགོས་པའི་ཡོ་བྱད་རྣམས་སྟ་གོན་བྱའོ། །གསུམ་པ་ནི། བསྲེ་བསྣན་བྱ་བ་སྟེ་འོག་ཏུ་འབྱུང་ངོ་། །གཉིས་པ་ལ་གསུམ། རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ། དེ་ཉིད་སྒྲུད་པའི་ཐབས་བསྟན་པ། གྲུབ་ནས་ཕྲིན་ལས་ལས་ལ་སྦྱར་བའོ། །དང་པོ་ལའང་དྲུག ། [8a] མཚམས་བཅད་པ། ཆགས་ཆགས་གདབ་པ། ཐིག་གདབ་པ། ཚོན་དགྱེ་བ། སྒྲུབ་རྫས་འགོད་པ། རྒྱན་བཀྲམ་པའོ། །དང་པོ་ལའང་གསུམ། དང་པོ་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱོགས་བཞིར་ཐོ་ལ་རྒྱལ་ཆེན་བཞི་སོ་སོའི་སྐུ་རྟེན་ནམ་སྔགས་བྱང་བཙུག་པའི་མདུན། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་གཏོར་མ་དཀར་ཟླུམ་མཐེབ་རིལ་གྱིས་མཚན་པ་རེ་དང་། གཡོན་ནས་བཟུང་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམས། འདུས་པ་རྣམས་སེར་སྦྲེང་གིས་ཤར་གྱི་ཐོ་རྩར་ཕྱིན་ཏེ་མཆོད་གཏོར་རྣམས་སྔར་ས་ལྷའི་ཆོ་གའི་སྐབས་ལྟར་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀར་ཧཱུཾ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུཾ༔ གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ས་བསྟིམ། ཨོཾ་ངྷྲིཥྚ་རཥྚ་ཡ་སྭཱ་ཧཱ། ལན་བདུན་དང་། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱས་མཆོད། གོང་གི་སྙིང་པོའི་མཐར། ཨེ་དཾ་ [8b] བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུཾ། དཔལ་ལྡན་རྒྱལ་ཆེན་ཡུལ་འཁོར་སྲུང་། །ཞི་བའི་ལས་མཛད་སྐུ་མདོག་དཀར། འགྲོ་དོན་ཕྱག་ན་པི་ཝཾ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཤར་ཕྱོགས་དྲི་ཟའི་གདོན་བགེགས་རྣམས། །བསྲུང་དང་མཚམས་གཅོད་ཕྲིན་ལས་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། རྩ་སྔགས་མཐར། ཏིཥྛ་བཛྲ། མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། དེ་ནས་ལྷོ་ཡི་ཐོ་རྩེར་འཁོད་ལ། མཆོད་གཏོར་སྔར་ལྟར་བྱིན་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུཾ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ས་བསྟིམ། ཨོཾ་བེ་རུ་ངྷ་ཀཱ་ཡ་སྭཱ་ཧཱ། ལན་བདུན་དང་། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། [9a] བ་ལིངྟ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུཾ། དཔལ་ལྡན་རྒྱལ་ཆེན་འཕགས་སྐྱེས་པོ། །མངོན་སྤྱོད་ལས་མཛད་སྐུ་མདོག་སྔོ། །ཚར་གཅོད་བེ་ཅོན་རལ་གྲི་བསྣམས། །དེ་ལ་བསྟོད་དེ༴ །སྔོན་གྱི་ཐ་ཚིག༴ །མཆོད་སྦྱིན་གཏོར་མ༴ །ལྷོ་ཕྱོགས་གཤིན་རྗེའི༴ །བསྲུང་དང་མཚམས་གཅོད༴ །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། རྩ་སྔགས་མཐར། ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་ནུབ་ཀྱི་ཐོ་རྩར་འཁོད་ལ་མཆོད་གཏོར་སྔར་ལྟར་བྱིན་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུཾ། གསང་བདག་སྤྱན་སྔར༴ །བསྟན་པ་བསྲུང་བར༴ །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །འདིར་གཤེགས་རྟེན་ལ༴ བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ས་བསྟིམ། ཨོཾ་བཻ་རུ་པཀྵ་ཡ་སྭཱ་ཧཱ། ལན་བདུན། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྙིང་པོའི་མཐར། བ་ལིངྷ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུཾ། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །དབང་གི་ལས་མཛད་སྐུ་མདོག་ [9b] དམར། །ཚོགས་རྫོགས་རིན་ཆེན་སྦྲུལ་ཞགས་འཛིན། །དེ་ལ་བསྟོད་དེ༴ །སྔོན་གྱི་ཐ་ཚིག༴ །མཆོད་སྦྱིན་གཏོར་མ༴ །ནུབ་ཕྱོགས་ཀླུ་ཡི༴ །བསྲུང་དང་མཚམས་གཅོད༴ །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། རྩ་སྔགས་མཐར། ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་བྱང་གི་ཐོ་རྩར་འཁོ་བ་ལ་མཆོད་གཏོར་སྔར་ལྟར་བྱིན་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུཾ། གསང་བདག་སྤྱན་སྔར༴ །བསྟན་པ་བསྲུང་བར༴ །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །འདིར་གཤེགས་རྟེན་ལ༴ །བཛྲ་ས་མཱ་ཛཿས་སྤྲན་དྲངས། ཛཿཧཱུཾ་བཾ་ཧོཿ ས་བསྟིམ། ཨོཾ་བཻ་ཤྲ་མ་ཎ་སྭཱ་ཧཱ། ལན་བདུན། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷ་སོགས་ཀྱིས་མཆོད། སྙིང་པོའི་མཐར། བ་ལིངྟ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུཾ། དཔལ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས། །རྒྱས་པའི་ལས་མཛད་ལྗང་སེར་སྐུ། །གཏེར་འཆང་བེ་ཅོན་ནེའུ་ལེ་བསྣམས། །དེ་ལ་བསྟོད་དེ༴ །སྔོན་གྱི་ཐ་ཚིག༴ །མཆོད་སྦྱིན་གཏོར་མ༴ །བྱང་ཕྱོགས་གནོད་སྦྱིན༴ །བསྲུང་དང་ [10a] མཚམས་གཅད་ཕྲིན་ལས་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། རྩ་སྔགས་མཐར། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་བཅད་པ་ལ་གསུམ་ལས། དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་ལིངྒ་བྱ་མཆུ་ཅན་ཡན་ལག་བཞི་ལྕགས་སྒྲོག་གིས་བསྡམས་ཤིང་ཛཿཧཱུཾ་བཾ་ཧོཿ ཞེས་དང་། སྙིང་གར་ཛཿཏྲི་ཁ་སྤྲོད་མཐར་ཡིག་མགོ་ཕྱིར་བསྟན་དུ། ཡ་མ་དམ་སྲི་མཱ་ར་ཡ་ནན་ཛཿཛ་ཞེས་དང་། མཐར་ཛ་ཁྲམ་གྱིས་བསྐོར་བ་བྲིས་ལ་དུག་ཁྲག་བྱུགས་ལ་སྒོ་དྲུང་དུ་དོང་གྲུ་གསུམ་བྲུས་པའི་ནང་བཀོད། ཉེར་མཁོའི་ཡོ་བྱད་སེང་ལྡེང་གི་ཕུར་ཆུང་། ཐུན་རྫས། རོ་གཡམ་ལ་རི་གླིང་དང་རྒྱབ་ཏུ་སྣ་ཚོགས་རྡོ་རྗེ་བྲིས་པ། ས་ཆུ་མེ་རླུང་། སཱཙྪ་ནག་པོ་སོགས་འདུ་བྱས་ལ། སློབ་དཔོན་གྱིས་གསེར་སྐྱེམས་ཐོགས་ཏེ། རཾ་ཡཾ་ཁཾ། འདོད་ཡོན་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབས་ལ། ཧཱུཾ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་ཕྲིན་ལས་ཕུར་པའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། ། [10b] དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས༴ །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག ། ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། ཅེས་གསེར་སྐྱེམས་ཕུལ། ཀཱི་ལ་ཡ་བརྗོད་པས་རང་ཉིད་ཁྲོ་བོའི་ང་རྒྱལ་བཟུང་སྟེ། ། ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲིཿལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པ་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་པའི་ཡ་མ་དམ་སྲི་ཐམས་ཅད་མཚན་མ་རྫས་ཀྱི་ [11a] རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་འགུགས་གཞུག་ལན་གསུམ་བྱས་ལ། ཧཱུཾ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀའི༔ གསལ་སྣང་སྤྲུལ་པས་སྟོང་ཁམས་གང་༔ གསང་སྔགས་སྒྲུབ་ལ་བར་ཆད་བདུད༔ ལོག་འདྲེན་དམ་སྲི་འབྱུང་པོ་རྣམས༔ སྐད་ཅིག་འདིར་ཁུག་བསྒྲལ་ཞིང་མནན༔ མངོན་སྤྱོད་དྲག་པོའི་དུས་ལ་བབས༔ ཡ་མ་དམ་སྲི་མཱ་ར་ཡ་ཕཊ༔ ཞེས་ལིངྒ་ལ་སློབ་དཔོན་གྱིས་ཕུར་ཆུང་བཏབ་ལ་ཐུན་རྫས་བྲབ། དུར་རྡོས་ཁ་བཅད། དྲག་སྔགས་སོ་ལྔ་པ་བཟླ་ཞིང་ས་ཆུ་མེ་རླུང་རིམ་པ་བཅུ་གསུམ་དང་། སྭཱཙྪ་ནག་པོས་མནན་ལ། སློབ་དཔོན་གྱིས་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ། མཆེད་ལྕམ་རྣམས་ཀྱིས་སྲིན་ལག་སྦྲེལ་ལ། ཧཱུཾ༔ མ་རིག་ཀུན་རྟོག་གཉིས་སྣང་བདུད༔ ངར་འཛིན་རུ་ཏྲ་སྡེ་དྲུག་འདི༔ རང་རིག་ཐེག་པ་རིམ་དགུའི་འོག༔ ཀུན་རྟོག་གཉིས་སྣང་དམ་སྲི་མནན༔ རིག་སྟོང་ཤེས་རབ་མཚོན་གྱིས་བསྒྲལ༔ ཡེ་སྟོང་ཆུ་སྲིན་ཁ་རུ་བསྟབས༔ རིག་རྩལ་ཁྲོ་བོ་ཁྲོ་མོའི་ཚོགས༔ བདེ་སྟོང་ཡེ་ཤེས་བྲོ་གར་འཁྲབ༔ དུག་ལྔ་རྣམ་དག་སྐུ་ལྔའི་བྲོ༔ [11b] ཆོས་དབྱིངས་ཡེ་ཤེས་ཧཱུཾ་གླུ་ལེན༔ རིམ་དགུ་ཐེག་པའི་རྒྱ་ཡིས་བཏབ༔ བརྗོད་མེད་ཀ་དག་ཀློང་དུ་ཨཱཿ བཾ་ཙཀྲ་ལཾ་ཨོཾ་ལཾ་ཨཱཿལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནན༔ ཞེས་དང་། ཧཱུཾ་བཞི་པའི་དྲག་སྔགས་བརྗོད་ཅིང་བྲོ་བརྡུང་ངོ་། །གཉིས་པ་སྒོ་བྱང་གདགས་པ་ནི། ར་སོག་གམ་ཤིང་བྱང་ལ་གཤིན་རྗེ་དང་བདུད་རྩི་འཁྱིལ་བའི་སྐུ་གཟུགས་ཀྱི་རྒྱབ་ཏུ་སོ་སོའི་སྙིང་པོ་དང་འདོད་གསོལ་ཅན་བྲིས་པ་སྐྱེར་ཕུར་རེ་དང་བཅས་གཤིན་རྗེའི་སྐུ་སྒོ་ཐེམ་གྱི་ཕྱི་ངོས་དང་། འཁྱིལ་བའི་སྐུ་ནང་ལོགས་སུ་བཀོད། གཉིས་ཀའི་མདུན་དུ་དམར་གཏོར་མཐེབ་ཀྱུ་ཅན་དང་ཉེར་སྤྱོད་བཤམས་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་བྷཉྫའི་སྣོད་དུ་མཆོད་པའི་དངོས་པོ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པར་འཆར་བས་ནམ་མཁའ་གང་བ། གཏོར་སྣོད་བྷཉྫ་འབར་བར་གཏོར་རྫས་ཨོཾ་ཨཱཿཧཱུཾ་ཞུ་བ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བརླབས། སྐུ་རྟེན་བསང་སྦྱང་། སྟོང་པའི་ངང་ལས་པད་ཉི་དྲེགས་པའི་སྟེང་དུ་ཡ་ལས་གཤིན་རྗེ་ནག་པོ་ཐོད་དབྱུག་དང་ཞགས་པ་ཐོགས་པ། ཧཱུཾ་ལས་བདུད་རྩི་འཁྱིལ་བ་ལྗང་ནག་རལ་གྲི་དང་རྒྱ་གྲམ་འཛིན་པ། གཉིས་ཀའང་ [12a] སྲིན་པོ་ཁྲོས་པའི་ཉམས་ཅན་འབར་བའི་ཆས་ཀྱིས་བརྒྱན་ཏེ་མེའི་ཕུང་པོའི་དབུས་ན་གནས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ས། གཉིས་སུ་མེད་པར་གྱུར། ཞེས་སྤྱན་དྲངས་ལ་བསྟིམ། ཨོཾ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྜ་ལཱི་ཧཱུཾ། ལན་བདུན་རེ་བརྗོད་ལ། ཨོཾ་བཛྲ་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱས་མཆོད། ཀྲོ་དྷ་ཡ་མ་རཱ་ཛ་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །ཧཱུཾ༔ ལྷུན་གྲུབ་རྒྱལ་བའི་ཕོ་བྲང་གི༔ ཕྱི་ནང་སྒོ་སྲུང་མཐུ་བོ་ཆེ༔ གཤིན་རྗེ་གཤེད་པོ་བདུད་རྩི་འཁྱིལ༔ བསྒྲུབ་པའི་མཚམས་འདི་མ་ཐོན་བར༔ བགེགས་སྲི་འབྱུང་པོ་མཚམས་ཆོད་ལ༔ དངོས་གྲུབ་བདུད་རྩི་བསྐྱིལ་བར་མཛོད༔ ཀྲོ་དྷ་ཡ་མ་རཱ་ཛ་ཨ་མྲྀ་ཏ་ཀུཎྜ་ལི་ [12b] ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ༔ ཞེས་མེ་ཏོག་འཐོར། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །གསུམ་པ་ཁྲོ་བཅུའི་མཚམས་གཅོད་ནི། གཞུང་འགའ་ཞིག་ཏུ་ཁྲོ་བཅུའི་ཕུར་གདབ་སྐབས་འདིར་མཛད་པར་སྣང་ཡང་། འདིར་སྨིན་ལུགས་ལྟར་སྔར་ས་ཆོག་གི་སྐབས་སུ་གདབ་པའི་ཕུར་བུ་རྣམས་ལ་ཐུགས་དམ་བསྐུལ་ཏེ། མེ་ཏོག་སོགས་ཀྱི་མཆོད་ལ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུཾ་ཕཊ༔ སོགས་ནས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ༔ གནོད་བྱེད་འབྱུང་པོ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ༔ ཞེས་ཕྲིན་ལས་བསྐུལ་ལོ། །གསུམ་པ་ནང་མཚམས་བཅད་པ་ནི། ཁམ་ས་ལ་མ་ཏྲཾ་གི་གཟུགས་བྱས་པ་དཀྱིལ་འཁོར་གྱི་གཞིར་གན་རྐྱལ་དུ་མགོ་ལྷོ་ནུབ་ཏུ་ཕྱོགས་པར་བཞག །སྟེགས་བུའི་ཤར་ནས་སློབ་དཔོན་གྱི་ཞལ་ནུབ་ཏུ་བསྟན་ཏེ་གཡབ་དར་དང་དྲིལ་བུ་འཛིན་པས། རང་ཉིད་དཔལ་ཆེན་རྟ་མཆོག་ཧེ་རུ་ཀའི་སྐུར་གྱུར་པའི་ངང་ལས་ལྕགས་ཀྱུའི་རྒྱ་དང་བཅས། མ་ཏྲཾ་ཀ་རུ་དྲ་ཛ༔ བདུན་བརྗོད། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ༴ སོགས་བདེན་སྟོབས་རྗོད་མཐར བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྣམ་པ་མ་ཏྲཾ་རུ་དྲ། ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་ཏྲ་ཨ་ [13a] ཀརྴ་ཡ་ཏྲི་ཡཾ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་འགུགས་བསྟིམ་བྱས་ཏེ། ཧཱུཾ༔ སྔོན་ཚེ་དཔལ་ཆེན་རྟ་མགྲིན་གྱིས༔ རྟ་ཡི་བརྟུལ་ཞུགས་ཧེ་རུ་ཀའི༔ ཤུགས་སྒྲོལ་དྲག་པོའི་བདུད་དཔུང་བསྒྲལ༔ ཁོག་པ་གཞལ་ཡས་ཁང་དུ་བྱས༔ ཁུངས་དང་རྫས་བཅས་གང་ལས་བྱུང་༔ ཁུངས་དང་རྫས་བཅས་བདག་ལས་བྱུང་༔ བདག་མེད་སྟོང་པའི་ཐོ་བས་གཞོམ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཧཱུཾ༔ རང་རིག་རྟ་མཆོག་དབང་གི་རྒྱལ༔ ཡེ་གདོད་ལྷུན་གྲུབ་ཐུགས་ཀ་ནས༔ རིག་སྟོང་ཤེས་རབ་རལ་གྲི་འཕྲོས༔ མ་ཏྲཾ་མཆན་ཁུང་གཡོན་ནས་བསྒྲལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་མ་ཏྲཾ་རུ་དྲ་པྲ་བྷཉྩ་ཀྲ་ཧཱུཾ་ཕཊ༔ ཙིཏྟ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བསྒྲལ་ལ། ཏི་ཧཱུཾ་ཨེ། སྥ་ར་ཎ་ཕཊ༔ ཅེས་རྣམ་ཤེས་སྤར། ལས་རྡོར་གྱིས་མ་ཏྲཾ་གི་མགོ་བོ་སྟེགས་བུའི་ལྷོ་ནུབ་དང་། ནུབ་ཕྱོགས་སུ་སྙིང་། ཤར་དུ་རྐང་གཡས། ལྷོར་ལག་གཡས། ནུབ་ཏུ་ལག་གཡོན། བྱང་དུ་རྐང་གཡོན་རྣམས་བཀོད་དེ། བྷྲཱུཾ་ཛྙཱ་ན་མཎྜལ་ལ་བྷྲཱུཾ། ཐུགས་ཀ་ནས་བྷྲཱུཾ་འཕྲོས་ཁོག་པ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོར་གྱུར་པར་བསམ་མོ། ། [13b] གཉིས་པ་ཆག་ཆག་གདབ་པ་ནི། ཀ་པཱ་ལར་དྲིའི་ཆུ་བདུད་རྩི་ལྔ་དང་ཆོས་སྨན་སྦྱར་བ་དཀྱིལ་འཁོར་གྱི་གཞིར་ཁྱབ་པར་བྱུག་ལ། ཧཱུཾ༔ བྱང་ཆུབ་སེམས་ལྡན་ཡེ་ཤེས་ཆུ༔ དུག་ལྔ་འཇོམས་བྱེད་བདུད་རྩི་ལྔ༔ ཐུགས་རྗེ་རྟེན་འབྲེལ་བླ་ན་མེད༔ དཀྱིལ་འཁོར་ཡེ་ཤེས་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྙཱ་ན་མཎྜལ་ལ་བི་ཤུདྡྷེ་ཧཱུཾ༔ ཞེས་བརྗོད་ཅིང་ཆག་ཆག་གདབ་པར་བྱའོ། །གསུམ་པ་ཐིག་གདབ་པ་ལ་གཉིས། དང་པོ་ཡེ་ཐིག་ནི། ཁ་དོག་ལྔ་དང་ལྡན་པའི་ཐིག་སྐུད་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཁ་དོག་ལྔ་ལས་ཁྲག་འཐུང་རིགས་ལྔ་ཡུམ་དང་བཅས་པར་སྐུར་གྱུར་པའི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཨརྒྷཾ་སོགས་དང་། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སོགས་ཀྱིས་མཆོད་ཅིང་བསྟོད་ལ། དེ་རྣམས་ཞུ་བ་ལས་བྱུང་བའི་ཐིག་སྐུད་དང་རོ་གཅིག་ཏུ་གྱུར་པར་བསམ་ལ། ཧཱུཾ༔ བཀྲ་ཤིས་མཚན་ལྡན་རིག་མཆོག་ཡུམ༔ དབང་ཆེན་དབང་གི་ལས་སྒྲུབ་ཕྱིར༔ བདེ་གཤེགས་རྒྱལ་བའི་ཐིག་འདེབས་ཀྱིས༔ ལས་རྣམས་མ་ལུས་ཀུན་སྒྲུབས་ཤིག༔ ཛཿ ཞེས་ཐིག་སྐུད་ལས་སློབ་ཡུམ་དུ་གསལ་བའི་ [14a] ལག་ཏུ་གཏད་དེ། ཧཱུཾ༔ སྐྱེ་མེད་ཡུམ་གྱི་མཁའ་ཀློང་ན༔ མདངས་རྩལ་རིགས་ལྔ་ཡབ་ཡུམ་གྱི༔ སྙོམས་འཇུག་བདེ་བའི་བྱང་སེམས་སྤྲོ༔ སྐུ་ལྔ་ཡེ་ཤེས་ཐིག་ཆེན་གདབ༔ བྷྲཱུཾ་ཛྙཱ་ན་ཙཀྲ་མཎྜལ་ལ་ཧཱུྃ༔ ཞེས་བརྗོད་ཅིང་གདབ་ཚུལ། སློབ་དཔོན་ནུབ་ལ་སློབ་མ་ཤར། །གནས་པའི་ཚངས་ཐིག་དང་པོ་གདབ། །དེ་བཞིན་སློབ་དཔོན་ལྷོ་དང་ནི། །སློབ་མ་བྱང་དུ་གནས་པ་ཡིས། ཚངས་ཐིག་གཉིས་པ་གདབ་པར་བྱ། །དེ་ནས་སློབ་དཔོན་ཤར་ལྷོ་དང་། །སློབ་མ་ནུབ་བྱང་ལ་འཁོད་པས། །ཟུར་ཐིག་དང་པོ་གདབ་བྱ་ཞིང་། །སློབ་དཔོན་ལྷོ་ནུབ་སློབ་མ་ནི། །བྱང་ཤར་ལ་འཁོད་གཉིས་པ་གདབ། །སློབ་དཔོན་ཤར་ལྷོ་སློབ་མ་ནི། །རྒྱབ་འགྲོས་དང་བཅས་བྱང་ཤར་འཁོད། །ཤར་གྱི་གྲྭ་བཅད་སློབ་དཔོན་ནི། །ནུབ་བྱང་སློབ་མ་རྒྱབ་འགྲོས་བཅས། ལྷོ་ནུབ་ལ་འཁོད་ནུབ་གྲྭ་བཅད། །སློབ་དཔོན་དེར་བཞུགས་སློབ་མ་ནི། །བྱང་ཤར་ལ་འཁོད་བྱང་གྲྭ་བཅད། །སློབ་དཔོན་ཤར་ལྷོ་སློབ་མ་ནི། །ནུབ་བྱང་ལ་འཁོད་ལྷོ་ཡི་གྲྭ། །བཅད་དེ་སྔར་གྱི་ཕྱོགས་སུ་འཁོད། །ཅེས་པ་ལྟར་རོ། །གཉིས་པ་ལས་ཐིག་ནི། ས་ལའང་དེ་བཞིན་དུ་གདབ་སྟེ། ཐོག་མར་ཤར་ནུབ་ཚངས་ཐིག་གདབ། །དབུས་ནས་ཕྱོགས་བཞིར་མཚན་མ་བྱ། །ལྷོ་དང་བྱང་དང་མཚམས་བཞི་རུ། །བྱ་རྗེས་བཙལ་སྟེང་གཉིས་པ་དང་། ཟུར་ཐིག་གཉིས་ལྡན་གྲུ་བཞིར་བཅད། ། [14b] ཚངས་ཐིག་ཕྱོགས་བཞིར་ཆ་ཆེན་ནི། །བརྒྱད་བརྒྱད་བཅུ་དྲུག་རེ་རེའང་། །ཆ་ཕྲན་བཞི་རུ་འགྱུར་བ་སྟེ། །དང་པོ་ཕྱེད་གདབ་ཕྱེ་མ་ཕྱེད། །གཉིས་པ་ཆ་བཞིར་བཅད་པ་ཡིས། །སྒོ་ཁྱུད་སྒོ་འགྲམ་སྒོ་ལོག་དང་། །རྩིག་མུན་ཀ་བ་ཀ་རྒྱན་འབྱུང་། །གསུམ་པ་བཞི་པར་མི་གདབ་ཅིང་། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་བསིལ། །རྩིག་པ་འདོད་རྣམ་ཕ་གུ་དང་། །དྲྭ་ཕྱེད་ཤར་བུ་མདའ་ཡབ་འབྱུང་། །བདུན་པ་ཆ་བཞིར་བགོ་བར་བྱ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། །པད་འཁོར་གདུགས་ཀྱི་གནས་སུ་འགྱུར། །པདྨའི་གཡས་དང་གཡོན་གྱི་ནི། །ཆ་ཕྲན་ཕྱེད་རེ་རི་དྭགས་ས། །གླང་རྒྱབ་མིག་གསུམ་བསྐོར་ཚུལ་ནི། །རྟ་བབ་སྣམ་བུ་བཞི་དང་ནི། །ཕྱི་ཐིག་ཚངས་ཐིག་འཛོམ་ས་ནས། །བཟུང་སྟེ་ཆ་ཕྲན་གཉིས་པ་ཡིས། །དབུས་བསྐོར་དང་པོའི་ཕྱི་ཐིག་དང་། །ཚངས་པའི་ཐིག་གི་འཛོམ་ས་ཡི། །གཡས་གཡོན་ཆ་ཕྲན་གཉིས་རེ་ནས། །གཅིག་རེ་གཡས་དང་གཡོན་དུ་སྐོར། །དེ་ནས་སྣ་ཚོགས་རྡོ་རྗེ་ནི། །བསྐོར་ཚུལ་ཚངས་ཕྱིར་གསུམ་ཕྱིན་ཅིང་། །མདའ་ཕྱིར་གཅིག་ཕྱིན་ཀ་རྒྱན་གྱི། །རྩེ་ནས་བསྐོར་ཞིང་འཕྲེད་གཉིས་ཕྱིར། །གཅིག་ཕྱིར་སྔོན་མའི་ཚད་དེས་བསྐོར། །དབུས་རྭའི་རྒྱ་ཚད་མི་མངོན་ཡང་། །ཆ་ཕྲན་གཅིག་ཡིན་རིམ་ཕྲ་བའི། །རྩེ་མོ་ཆ་ཕྲན་གཉིས་པོ་ནི། །པདྨ་ཆོས་འཁོར་གདུགས་འོག་བྲི། །ཕྱི་རོལ་ཆ་ཆེན་ཕྱེད་དང་གཅིག ། ཆ་ཕྲན་ [15a] གཅིག་དང་ཆ་ཆེན་གཅིག །བསྐོར་བས་ནང་ནས་རིམ་བཞིན་དུ། །པདྨ་དུར་ཁྲོད་རྡོ་ར་དང་། །མེ་རིའི་གནས་སུ་འགྱུར་བ་ཡིན། །ལྟེ་བའི་ལྷ་གནས་བསྐོར་ཚུལ་ནི། །ཚངས་ཐིག་ལས་ནི་ཆ་ཆེན་གཉིས། །བསྐོར་བའི་དབུས་སུ་ཆོས་འབྱུང་དང་། །ཟུར་གསུམ་འགྲམ་ནས་ནང་ངོས་ཀྱི། །ཆ་ཕྲན་གཅིག་ནི་མུ་རན་ནོ། །ཕྱི་རིམ་ཆ་ཕྲན་གཉིས་དང་གཅིག །བསྐོར་བས་རྩིབས་བཞི་རྩིབས་རྟེན་འབྱུང་། །སླར་ཡང་གཉིས་དང་གཅིག་བསྐོར་བ། །རྩིབས་བཅུ་རྩིབས་རྟེན་དང་བཅས་འབྱུང་། དེ་མཐར་ཆ་ཕྲན་རེ་རེས་བསྐོར། །ཐོད་ཕྲེང་འོད་ལྔའི་ས་རུ་འགྱུར། །ཞེས་པ་ལྟར་གདབ་ནས། མཐར་ བཛྲ་མུཿས་ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས་པར་བསམ་ལ་དབེན་པར་བཞག་གོ། །བཞི་པ་ཚོན་དགྱེ་བ་ནི། རྡུལ་ཚོན་ཁ་དོག་ལྔ་ ཨོཾ་ཧཱུཾ་ཏྲཾ་ཧྲཱི་ཨཱཿ ཞེས་རིགས་དང་བསྡེབས་ནས་བྲིས་པ་ལྔ་ཚོམ་དུ་བཀོད་ལ་བསང་སྦྱང་ སྟོང་པའི་ངང་ལས་སོགས་སྔར་ཐིག་ཆོག་གི་སྐབས་ལྟར་ལྷར་བསྐྱེད་དྲངས་བསྟིམ་མཆོད་བསྟོད་བྱས་མཐར། དེ་རྣམས་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ཞིང་། འབྲུ་ལྔ་བརྗོད་པས་བྱིན་རླབས། ཧཱུཾཿ ཆོས་དབྱིངས་རྣམ་དག་མཁའ་ཀློང་ན༔ རིགས་ལྔ་བྱང་སེམས་བདེ་བའི་སྤྲིན༔ ཡེ་ཤེས་ལྔ་ལྡན་རྡུལ་ཚོན་བཀྱེ༔ ལྷུན་གྲུབ་རྒྱལ་བའི་ [15b] ཕོ་བྲང་གསལ༔ ཞེས་བརྗོད་ཅིང་མོས་ལ། ཇི་ལྟར་དགྱེ་བའི་ཚོན་ཐོབ། དབུས་སུ་ཆོས་འབྱུང་ནག་པོ། མུ་རན་མཐིང་ག། ལོགས་ཀྱི་ཟླ་གམ་གསུམ་དམར་པོ། རྩིབས་རྟེན་མུ་ཁྱུད་གཉིས་དམར་སེར། འཁོར་ལོ་རྩིབས་རྣམས་མཐིང་ནག །རྩིབས་མཆན་དམར་པོ་ཁྲག་མཚོ་རི། ཐོད་ཕྲེང་གི་གཞི་ནག་པོ་ལ་ཐོད་སྐམ་དཀར་པོ་ཁ་ནང་བསྟན་གྱི་ཕྲེང་བ། མུ་ཁྱུད་ཁ་དོག་ལྔ་ལྡན། གློ་བུར་གྱི་གྲུ་ཆད་སྒོ་ཁྱམས་ཕྱོགས་མདོག །རྩིག་པ་ནང་ནས་མཐིང་སེར་དམར་ལྗང་དཀར་བ། འདོད་སྣམ་དམར་པོ། ཕ་གུ་སེར་པོ། དྲྭ་བའི་གཞི་ནག་པོ་ལ་རུས་པའི་དྲྭ་ཕྱེད། ཤར་བུ་དཀར་པོ། མདའ་ཡབ་དཀར་པོ་མཆོད་རྟེན་རིས། མུན་པ་ནག་པོ། ཀ་བ་ཕྱོགས་མདོག །ཀ་རྒྱན་མཛེས་ཚོན། གླང་རྒྱབ་སྔོ་ནག་མིག་གསུམ་ལ་རུས་ཕྲེང་འཕྱང་བ། རྟ་བབ་ནང་ནས་སེར་མཐིང་དམར་ལྗང་བཀྲ་བ། པདྨ་དམར་པོ། ཆོས་འཁོར་དང་རི་དྭགས་སེར་པོ། གདུགས་དཀར་པོ། ཆུ་སྲིན་དམར་སྐྱ། སྣ་ཚོགས་རྡོ་རྗེའི་རྭ་ཕྱོགས་མདོག །ཕྱི་ཁྱམས་ལྗང་གུ། པད་འདབ་སྣ་ཚོགས། དུར་ཁྲོད་ཀྱི་གཞི་ནག་པོ་ལ་ཁྱད་ཆོས་སྣ་ཚོགས་པས་མཛེས་པ། རྡོ་རྗེའི་ར་བ་དམར་པོའམ་སེར་པོ། གཞི་སྔོ་ནག །མེ་རི་སྣ་ལྔ་སྤྱི་མཐུན། ལྟེ་བའི་ཆོས་འབྱུང་གི་དབུས་སུ་རྡོ་རྗེ་ཧཱུཾ་མཐིང་ནག་གིས་མཚན་པ་དང་། གཞན་ཡང་ལྷ་གནས་རྣམས་སུ་རང་མདོག་དང་ [16a] མཚུངས་པའི་ཐིག་ལེ་སོགས་འགོད་དེ། །དེས་ཚོན་གྱི་བྱ་བ་གྲུབ་ནས། །བཛྲ་མུཿས་ཚོན་ལྷག་གི་ཡེ་ཤེས་པ་གཤེགས་གསོལ་བྱ་ཞིང་བསྡུའོ། །ལྔ་པ་སྒྲུབ་རྫས་འགོད་པ་ནི། སྔར་སྟ་གོན་གྱི་སྐབས་སུ་འདུ་བྱས་པའི་བུམ་པ། སྐུ་འབག །བྷནྡྷ་བདུད་རྩི། སྒྲུབ་པོད། ཕུར་བུ། སྲོག་འཁོར། ཤེལ་རྡོ། རིག་ཙཀ ། སྒྲུབ་གཏོར། སྨན་རཀ ། ཆེ་འབྲང་། ཚེ་རིལ། ཚེ་ཆང་། མདའ་དར། མེ་ལོང་། བསྒྲལ་ཆས། སྒྲུབ་རྟེན་རྣམས་སྟེགས་བུར་བཀོད། དེ་ནས་ཕུར་བུ་རྣམས་གུ་གུལ་གྱིས་བདུག་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་ཨ་ངྷི་ཏིཥྛ་རྨུགས་རྨུགས་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱགས་མཱ་ར་ཡ་ཧཱུཾ་ཕཊ། ཡུངས་ཀར་གྱིས་བྲབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་ཤ་ཏ་ར་ཙ་ཧཱུཾ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། རཀྟས་བྱུག་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜལ་ལ་རཀྵ་རཀྵ་དགྲ་བགེགས་ཝཱ་ཤཾ་མཱ་ར་ཡ་ཧཱུཾ་ཕཊ། དེ་ནས། ཕུར་བུ་རྣམས་ངོ་བོ་གདོད་ནས་སྟོང་པ་ཉིད་དུ་གནས་པ་ཆོས་སྐུ། སྟོང་པའི་ཆ་ལས་རང་བཞིན་འགགས་པ་མེད་པར་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་སུ་སྣང་བ་ལོངས་སྐུ། ཀུན་ཁྱབ་ཐུགས་རྗེ་ཆེན་པོ་འགྲོ་བ་སྒྲོལ་བའི་ [16b] མཐུ་ནུས་དབང་བྱིན་རྫོགས་པ་སྤྲུལ་སྐུ་སྟེ། དེ་ལྟར་སྐུ་གསུམགྱི་བདག་ཉིད་དུ་ཡེ་ནས་གནས་པའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སོགས་བརྒྱ་རྩ་ཙམ་བཟླས་པས་གཟི་བྱིན་བསྐྱེད་ལ། རྡོ་རྗེ་སློབ་དཔོན་གྱིས་སྤོས་དང་རྡོར་དྲིལ་འཛིན་ས་སྣ་དྲང་ཏེ། རྒྱལ་ཚབ། གཟུངས་མ། རྒྱལ་ཐེབས་སོགས་ཀྱིས་སྒྲུབ་རྟེན་མཆོད་རྫས་རྣམས་རིམ་བཞིན་ཐོགས་ལ། ཀཱི་ལ་ཡའི་ཛཔྲ་དབྱངས་དང་རོལ་མོའི་སྐབས་སུ་དཀྱིལ་འཁོར་ལ་གཡས་བསྐོར་ལན་གསུམ་གྱི་མཐར་མདུན་དུ་འཁོད་ལ། དཀྱིལ་འཁོར་ལྷ་གནས་སུ་ཕུར་གདན་གྲུ་གསུམ་བཀོད་པའི་ཁར་རིམ་བཞིན་དུ། ཧཱུཾ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་བཅས། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟེན་པར་བཞུགས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ས་མ་ཡ་ཏིཥྛནྟུ། ཞེས་གཙོ་ཕུར་དབུས་སུ་བཀོད། ཧཱུཾ། ཕྱོགས་བཞིར་རང་བྱུང་གྲུབ་པའི་ལྷ། །སྲས་མཆོག་ཀཱི་ལ་རིགས་བཞི་པོ། །བདུད་བཞི་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏིཥྛནྟུ། ཞེས་སྲས་མཆོག་རིགས་བཞིའི་ཕུར་བུ་ཕྱོགས་ཀྱི་ [17a] རྩིབས་བཞིར་འགོད། ཧཱུཾ། ཕྱོགས་བཅུ་རང་བྱུང་གྲུབ་པའི་ལྷ། །ཁྲོ་རྒྱལ་ཡབ་ཡུམ་ཟ་གསོད་བཅས། །ཕྱོགས་སྐྱོང་ཕོ་མོའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཁྲོ་བཅུའི་སྔགས་མཐར ས་མ་ཡ་ཏིཥྛནྟུ། ཞེས་ཁྲོ་བཅུའི་ཕུར་པ་རྩིབས་བཅུ་རྣམས་སུ་འགོད། ཧཱུཾ། སྐུ་གསུང་ཐུགས་ལས་སྤྲུལ་པ་ཡིས། །སྲས་མཆོག་ཉི་ཤུ་རྩ་གཅིག་ཀྱང་། །ཟླ་གམ་ཨེ་ཡི་གདན་སྟེང་དུ། །དགྲ་བགེགས་གཟིར་ཞིང་དགྱེས་པར་བཞུགས། །ཨོཾ་ཀརྨ་ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏིཥྛནྟུ། ཞེས་གཡས་གཡོན་མདུན་གསུམ་ཟླ་གམ་ལ་སྲས་ཕུར་ཉེར་གཅིག་འགོད། ཧཱུཾ། གྲུ་ཆད་བཞི་ཡི་ཕོ་བྲང་དུ། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བཞུགས། །ཙ་ཏུ་ཀྲྀ་ཏྱ་ས་མ་ཡ་ཏིཥྛནྟུ། ཧཱུཾ། ཚད་མེད་བཞི་ལྡན་སྒོ་བཞི་རུ། །ཡེ་ཤེས་སྒོ་སྐྱོང་བརྟན་པར་བཞུགས། །ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཏིཥྛནྟུ། ཧཱུཾ། དཀྱིལ་འཁོར་བར་ཁྱམས་ཕྱོགས་བཞི་རུ། །ཤྭ་ན་བདག་ཉིད་ས་བདག་ཚོགས། །བསེ་ལྕགས་དུང་གིང་གྱད་ཆེན་སོགས། །བསྟན་པ་སྲུང་ཕྱིར་དགྱེས་པར་བཞུགས། །མོ་ཧ་གྷ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ [17b] ས་མ་ཡ་ཏིཥྛནྟུ། ཞེས་སྒོ་སྐྱོང་དམ་ཅན་སོགས་ཀྱི་ཕུར་བུ་རྣམས་སོ་སོའི་གནས་སུ་རིམ་བཞིན་འགོད། དེ་ནས་བུམ་པ། ཧཱུཾ། ཡེ་ཤེས་ལྔ་ལྡན་བུམ་པ་འདི། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་རྟེན། །ཆོས་ཀྱི་དབྱིངས་ནས་བཞེངས་ལ་འདིར། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །ཞེས་ལྡིང་ཁྲིའི་དབུས་སུ་མཉྫིའི་སྟེང་དུ་བཀོད། བྷནྡྷ། ཧཱུཾ། འཆི་མེད་བདུད་རྩི་ཀཱ་པ་ལ། །སོགས་དང་། གཞན་རྣམས། ཧཱུཾ། གསང་གསུམ་བདག་ཉིད་སྔགས་ཀྱི་བརྡའ། །སོགས་དང་རོལ་མོ་བཅས་པས་གཡས་ཕྱོགས་སུ་ཐོད་པ་བདུད་རྩི། བླ་རྡོ་སྲོག་འཁོར་གཡོན་དུ་སྒྲུབ་པོད། ཤེལ་རྡོ། རིག་ཙཀ ། མདུན་དུ་གཙོ་བོའི་སྐུ་འབག །རྒྱབ་ཏུ་ཚེ་འབྲང་། ཚེ་རིལ། ཚེ་ཆང་། མདའ་དར། མེ་ལོང་སོགས་སྒྲུབ་པའི་རྟེན་རྣམས་མ་ནོར་བར་བཀོད་དེ། །དྲུག་པ་རྒྱན་བཀྲམ་པ་ནི། དཀྱིལ་འཁོར་གྱི་རྡོ་རའི་སྟེང་དུ་སྔར་བཏབ་པའི་ཁྲོ་བཅུའི་ཕུར་བུ་དང་། སྒོ་བཞིར་ཕུར་པ་བཞི། ཕྱོགས་བཞིར་རལ་གྲི་བཞི་དང་། རྒྱལ་མཚན་བཞི། མཚམས་བཞིར་མདའ་དར་མེ་ལོང་ཅན་བཞི་དང་། འཕན་བཞི་བཙུགས་པ་ཚོན་སྐུད་དང་མེ་ཏོག་སྔོན་པོའི་ཕྲེང་བས་སྦྲེལ་ཞིང་ཙིཏྟའི་ཕྲེང་བ་དང་། རྒྱུ་མའི་དྲྭ་ཕྱེད། སྟེང་ན་ཞིང་ཆེན་གྱི་བླ་རེ་དང་དར་གྱི་གདུགས་ཕུབ། གཤམ་དུ་སྟག་གཟིག་གིས་པགས་ [18a] པའམ་རས་ལ་རི་མོ་བྲིས་པས་སྒབ་དཀྲིས་བསྐོར། མདུན་གྱི་མཆོད་སྟེགས་ལ་དཔལ་གཏོར་བརྗིད་ལྡན་མེ་རི་རྒྱན་སྤྲོས་དར་མཐིང་གི་གདུགས་ཕུབ་པ་ཅན་དང་། དེའི་གཡས་སུ་དམ་ཅན་སྤྱི་གཏོར་སྤུངས་དང་། ཆད་ཐོ། སྨན། གཡོན་དུ་ཕུར་སྲུང་གི་གཏོར་མ་དང་། བརྟན་མ། རཀྟ། དེ་དག་གི་ཤར་དུ་ཉེར་སྤྱོད་བདུན། ལྷོར་འདོན་ཡོན་ལྔ། ནུབ་ཏུ་དྲག་པོའི་ཉེར་སྤྱོད། བྱང་དུ་གོ་མཚོན་སྤྱན་གཟིགས་སོགས་དང་། ལྕགས་ཧོམ་དུ་ཉུ་ལེའི་ལིངྒ། ཐུན་རྫས། གདབ་ཕུར། མནན་བསྲེག་གི་ཆས་རྣམས་མ་འཆོལ་བར་ལེགས་པར་བཀོད། གཞན་ཡང་ཆོས་སྐྱོང་གི་འབུལ་གཏོར། ཆད་བརྟན། ཚོགས་ཀྱི་ཡོ་བྱད་སོགས་ཉིན་རེ་བཞིན་མཁོ་བའི་རིགས་དང་། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམས་ཏེ་ནང་མཆོད། རྡོར་དྲིལ། ལས་བུམ། ཌཱ་མ་རུ། མེ་ཏོག་གི་སྣོད་རྣམས་བཞག་ཅིང་། གཞན་ཡང་མཆོད་རྫས་དང་རོལ་མོའི་བྱེ་བྲག་སོགས་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱས་ལ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་སོགས་མཆོད་སྤྲིན་མཁའ་ཁྱབ་ཀྱི་ [18b] འཁོར་ལོ་ཟད་མི་ཤེས་པར་སྤེལ། གཉིས་པ་ལ་གསུམ། ཕྲིན་ལས་ལ་འཇུག་རུང་གི་བྱ་བ། བསྒྲུབ་པ་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བསྒྲུབ་པ་དངོས་ལ་འཇུག་པ། རྗེས་དངོས་གྲུབ་བླང་བའི་རིམ་པའོ། །དང་པོ་ལའང་བཞི་ལས། དང་པོ་མངའ་གསོལ་ཞིང་གནས་སུ་འགོད་པ་ནི། རྡོ་རྗེ་རྒྱལ་ཚབ་གྲལ་གཤམ་དུ་བཞེངས་ནས་དབྱངས་བོར་ལེན་དང་ལས་རྡོར་གྱིས་རིམ་བཞིན་སྐྱེམས་དྲངས་པ་དང་བཅས། ཀྱེ་ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་གཙོ། །རྒྱལ་ཐེབས་མཚན་ལྡན་གཟུངས་མ་དང་། །ལས་ཀྱི་རྡོ་རྗེ་སྒྲོལ་གིང་མཆོག །མཚམས་པ་སྤྱན་པ་དུས་འཛིན་པ། །ཕྱག་ཚང་བྱན་པོ་རྡོ་རྗེ་མཆེད། །རྡུལ་ཕྱགས་སྐྱེས་པ་ལ་སོགས་པ། །སྒྲུབ་ཆེན་གཉེར་འཛིན་བླ་མེད་ལམ། །ཚུལ་དང་མཐུན་པའི་བཀའ་དྲིན་ཞུ། །ཞེས་མངའ་གསོལ་ལ་གནས་སུ་འགོད། གཉིས་པ་ཆས་སུ་འཇུག་པ་ནི། སྔར་ལྟར་རྒྱལ་ཚབ་པས་དབྱངས་བཅས། ཧཱུཾ༔ དུག་ལྔ་རྣམ་དག་སྦྲུལ་ཆུན་ལྔ༔ ཕར་ཕྱིན་དྲུག་ལྡན་རུས་པའི་རྒྱན༔ ཚོགས་བརྒྱད་རྣམ་དག་དུར་ཁྲོད་ཆས༔ ཐེག་དགུའི་དོན་སྟོན་གར་དགུའི་ཉམས༔ ས་བཅུ་ཡོངས་རྫོགས་དཔལ་ཆས་བཅུ༔ རྣལ་འབྱོར་བརྡ་རྟགས་ཕྱག་རྒྱར་བཟུང་༔ ཨོཾ་བཛྲ་ [19a] ནི་ལམ་རྡ་ར་ཧཱུཾ༔ ཞེས་རྗེས་ཟློས་དང་བཅས་ཚིག་བསྟུན་གྱི་ཆས་རྣམས་ལས་རྡོར་གྱིས་རྒྱལ་ཚབ་པར་ཕུལ་ལ། སློབ་དཔོན་སོགས་ཀྱིས་གནས་སོ་སོར་བརྒྱན་ཚུལ་བྱ། དེ་ནས། ཧཱུཾ༔ གནས་ཀྱི་སྒོ་ནི་རྟོག་པ་ལ༔ གཟུང་འཛིན་གཟེར་གྱིས་བསྡམས་པ་ནི༔ ཡེ་ཤེས་ལྡེ་མིག་གཉིས་མེད་ཀྱི༔ བློ་འདས་དེ་བཞིན་ཉིད་སྒོ་དབྱེ༔ བྷྲཱུཾ་ཛྙཱ་པྲ་ཝེ་ཤ་ཡ་ཕཊ༔ ཞེས་བརྡ་སྒོ་དབྱེ་ཞིང་། ཧཱུཾ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛོད་ཕྱིར༔ རང་བྱུང་ཡེ་ཤེས་ངང་དུ་མཇལ་ཕྱག་འཚལ༔ ཧེ་རུ་ཀ་ས་མ་ཡ་ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཞེས་བརྡ་ཕྱག་འཚལ་ལོ། །གསུམ་པ་བསྲེ་བསྣན་བྱ་བ་ནི། དབང་མ་ཐོབ་པའི་མཆེད་གྲོགས་གསར་བུ་རྣམས་སྒོའི་ཕྱི་རོལ་དུ་དབྱེ། སློབ་དཔོན་གྱིས་ལས་བྱང་ལྟར་བདུད་རྩི་བྱིན་གྱིས་བརླབས་ཅིང་སྨན་མཆོད་འབུལ། སྒོ་དྲུང་ནས་སློབ་མ་རྣམས་ཀྱིས། ཀྱེ་ཧོ་བདག་ཅག་སྒྲུབ་པ་པོ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ འཇུག་ཅིང་དབང་གིས་སྨིན་པ་དང་༔ ཐུགས་རྗེས་བཀའ་གནང་སྩལ་དུ་གསོལ༔ ཞེས་ལན་གསུམ་ཞུས་པས། ནང་ནས་ལས་ཀྱི་ [19b] རྡོ་རྗེས། ཀྱེ་ཧོ་སྐལ་ལྡན་སྒྲུབ་མཆོག་བུ༔ གསང་བ་ཡང་གསང་བླ་མེད་ཀྱི༔ དཀྱིལ་འཁོར་འཇུག་རུང་དམ་ལྡན་ཉུང་༔ དམ་ལྡན་བུ་མཆོག་ཞུགས་ཀྱང་རུང་༔ དམ་མེད་རྣམས་ནི་སོ་སོར་དེངས༔ ཞེས་བརྗོད་པས། སླར་ཡང་སློབ་བུས། ཀྱེ་ཧོཿ བདག་ནི་སྐལ་ལྡན་ལས་འཕྲོ་ཅན༔ ཡང་གསང་རྒྱལ་བའི་དཀྱིལ་འཁོར་ལ༔ སྙིང་ནས་དད་ཅིང་གུས་སྤྲོ་བས༔ སྐལ་བར་ལྡན་པས་འཇུག་པར་ཞུ༔ ཞེས་གསོལ། ནང་ནས། ཀྱེ་ཧོ་སྐལ་ལྡན་རིགས་མཆོག་བུ༔ དེ་ལྟར་ཡིན་ན་འཇུག་པར་བྱ༔ ། ཞེས་བརྗོད་ཅིང་ནང་དུ་དྲངས། དེ་ནས་སློབ་དཔོན་གྱིས། བདག་ཉིད་དཔལ་ཆེན་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སློབ་བུའི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམ་ཞིང་། ཨོཾ་ཨཱཿཧཱུཾ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཧཱུཾ་ཕཊ༔ ཅེས་བཟླ་ཞིང་ཡུངས་ཐུན་བྲབ། ཧཱུཾ༔ རང་རིག་དཔལ་ཆེན་ཁྲོ་རྒྱལ་གྱི། །ཐུགས་ལས་ཁྲོ་བཅུ་ཕྲ་ཐབས་དང་། །ཁྲོ་ཚོགས་དཔག་མེད་འཕྲོས་པ་ཡིས། །ཕྱོགས་བཅུའི་གདོན་བགེགས་མཚམས་གཅོད་གྱུར། ། [20a] ཞེས་དང་། དྲག་སྔགས་བརྗོད་ཅིང་ཡུངས་ཐུན་དང་འདྲེ་འཇིགས་དུད་པ་རོལ་མོ་སོགས་ཚམ་རྔམས་དྲག་པོས་བར་ཆད་བགེགས་རྣམས་བསྐྲད། རྒྱུད་དག་པའི་ཕྱིར་རྒྱུན་བཤགས་ཡན་ལག་བརྒྱད་པ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་རྗེས་ཟློས་དང་བཅས་བརྗོད། སྙིང་གར་ཡེ་ཤེས་སེམས་དཔའ་ཚོན་གང་བ་རེ་ཡོད་པར་བསྒོམ་ལ་རྡོ་རྗེ་ལག་ཏུ་གཏད་ཅིང་། བདུད་རྩི་ལྕེ་ལ་བཞག་སྟེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ གཉིས་མེད་དམ་ཚིག་རྡོ་རྗེའི་ཆུ༔ བུ་ཁྱོད་ལ་ནི་བདག་གིས་སྦྱིན༔ དམ་ཚིག་མ་ཉམས་བསྲུངས་བས་ན༔ ཁྱོད་ཀྱི་སྙིང་གའི་དཀྱིལ་དུ་ནི། ཡེ་ཤེས་སེམས་དཔའ་ཚོན་གང་བར༔ འགྱུར་ནས་དངོས་གྲུབ་རྟག་པར་ཐོབ༔ འདས་ན་ཡཀྵ་ལྕགས་སྡིག་ཏུ༔ འགྱུར་ནས་སྙིང་ཁྲག་འཐུང་བར་ངེས༔ བསྲུང་མཚམས་ལས་འདས་ཀ་ནས་དག༔ ཡེ་བསྲུང་བཞི་ལས་བཅོལ་ཕྱིར་བསྲུང་༔ ས་མ་ཡ་རཀྵ་ཁ་ཐམ༔ ཞེས་བྱིན་པས། སློབ་མས། ས་མ་ཡ་ན་ར་ཀན༔ ཞེས་བརྗོད་ཅིང་མྱང་བས་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་བསམ། དེ་ནས་འདྲེས་ཟིན་བསྣན་པ་ནི། རྡོ་རྗེ་རྒྱལ་ཚབ་པས་གཡོན་བསྐོར་དུ་མཆེད་ [20b] གསར་རྙིང་རྣམས་ལ་བདུད་རྩི་བྱིན་ཞིང་། ཀཱི་ལ་ཡའི་ཛཔྲ་དབྱངས་ལན་གསུམ་གྱི་མཐར་ཞི་རོལ་དང་བཅས་བདུད་རྩི་མྱང་སྟེ་ཀུན་གྱིས། ཨོཾ༔ དཔལ་ལྡན་སངས་རྒྱས་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་སྐུ་དཔལ་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ༔ ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུང་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ༔ ཨཱཿསརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཏྣ་ཀོཉ་ཧཾ༔ ཧཱུཾ༔ དཔལ་ལྡན་སངས་རྒྱས་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན༔ དེང་བདག་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཧཱུཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾཿ ཞེས་དང་། སློབ་དཔོན་གྱིས། དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་བ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་བསྲུང་བར་གྱིས་ཤིག །ཅེས་བསྒོ། མཆེད་ལྕམ་རྣམས་ཀྱིས་ཕྱག་ཐལ་མོ་མེ་ཏོག་དང་བཅས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ [21a] སློབ་དཔོན་དང་༔ དམ་ཚིག་འབྲེལ་བའི་མཆེད་དང་ལྕམ་དྲལ་གྱི༔ སྒྲུབ་མཆོག་རྣམས་སུ་བྱིན་གྱིས་བརླབས་པ་ཡིས༔ བཀའ་དྲིན་རྗེས་སུ་དྲན་ཕྱིར་གཏང་རག་གཏོང་༔ ཞེས་མེ་ཏོག་འཐོར། ལས་རྡོར་གྱི་རིག་ཙཀ་སློབ་དཔོན་ལ་འབུལ་ཚུལ་བཅས། ཀྱེ་ཧོཿ ཡིད་འོང་བཀྲ་ཤིས་བདེ་བའི་ཡུམ༔ བདེ་བ་ཀུན་གཡོ་ཡིད་འཕྲོག་མ༔ ཟག་མེད་དགའ་བཞིའི་དཔལ་སྩོལ་ཞིང་། འདི་བརྟེན་མཆོག་དངོས་བདེ་བླག་འགྲུབ༔ དེ་རིང་དཔའ་བོ་ཁྱེད་ལ་འབུལ༔ ཛྙཱ་ན་མུ་དྲ་སིདྡྷི་ཧོཿ ཞེས་དང་། རྡོ་རྗེ་རྒྱལ་པོ་གཙོས་འདུས་པ་རྣམས་ལ་སྐྱེམས་དྲངས་ཤིང་། ཀྱེ་ཧོཿ ཧེ་རུ་ཀ་དཔལ་འགྲོ་བའི་མགོན༔ ཁྱེད་ནི་རྒྱལ་བའི་གདུང་འཛིན་ཆེ༔ འདིར་འདུས་མཆེད་དང་ལྕམ་དྲལ་དགོངས༔ དཔའ་བོའི་ངར་ཆུ་ཛ་གད་ཆང་༔ འབྲུ་བཅུད་བདུད་རྩི་ཨ་མྲྀ་ཏ༔ ཆང་གི་མེས་པོ་རྡོ་རྗེ་འཆང་༔ བཏུང་བས་མགྲིན་པའི་རྩ་མདུད་གྲོལ༔ མཆོད་པས་ལྷ་ཚོགས་དབྱིངས་ནས་དགྱེས༔ དེ་རིང་རྗེ་འབངས་གྲོགས་ལ་འདྲེན༔ མཆོག་ཐུན་སིདྡྷི་ཕ་ལ་ཧོཿ ཞེས་དྲངས་ལ་རྡོ་རྗེའི་གྲལ་དུ་མཆེད་གསར་བུ་རྣམས་འཁོད་དེ། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་༔ [21b] བསྙེན་སྒྲུབ་རྣམ་བཞི་བསྙེན་ཅིང་བསྒྲུབ་པ་དང་༔ ཡི་དམ་ལྷ་མཆོག་ཛཔྲ་བསྙེན་བགྲང་བའི་ཕྱིར༔ དམ་ཚིག་རྡོ་རྗེའི་གྲལ་དུ་མཆི་བར་གནང་༔ ཞེས་བརྗོད། དེ་ནས་རང་ཡི་དམ་ལྷའི་སྙེམས་པ་དང་བཅས། ཨོཾ་མ་ཧཱ་བཛྲ་ཧཱུཾ་གིས་རྡོ་རྗེ་ཐུགས་ཀར་གསོར་ཞིང་། ཨོཾ་བཛྲ་གཎྜེ་ཧཱུཾ་གིས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾཿ ཞེས་པས་ཐུགས་ཀར་འཁྱུད་རྒྱ་བྱ་ཞིང་རོལ་ཆེན་བརྒྱ་བརྡུང་སོགས་རོལ་མོ་རྒྱ་ཆེར་བསྒྲག་གོ། །བཞི་པ་ལྷ་བསྟིམ་ཞིང་བྱིན་དབབ་པ་ནི། འདུས་པ་རྣམས་བཞེངས་ལ་རོལ་མོ་དང་བཅས། ཧཱུཾ༔ ཆོས་དབྱིངས་རྣམ་དག་གཞལ་ཡས་ནས༔ མདངས་རྩལ་འགགས་མེད་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ ཆོས་ཀྱི་བྱིངས་ནས་སྐུར་བཞེངས་ལ༔ རབ་འབར་ཡེ་ཤེས་དཀྱིལ་འཁོར་དུ༔ པད་ཉི་རཱུ་དྲ་བམ་གྱི་སྟེང་༔ དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་༔ དབང་བྱིན་དངོས་གྲུབ་སྩལ་དུ་གསོལ༔ བཛྲ་སམ་ཡ་ཏིཥྛ་ལྷན༔ ཞེས་བརྗོད་ཅིང་སྔར་སྟ་གོན་སྐབས་ནམ་མཁར་བཏེགས་པའི་ལྷ་རྣམས་དཀྱིལ་འཁོར་སྒྲུབ་རྟེན་ལ་བསྟིམ་པར་མོས་ལ་བྱིན་དབབ་པ་ནི། འདུས་པ་རྣམས་ [22a] ཞྭ་གོས་དང་བཅས་སློབ་དཔོན་གྱིས་གཡབ་དྲིལ་དང་། ལས་རྡོར་གྱིས་སྦྱར་སྤོས་བཏུལ་ཞིང་དར་སྣའི་གཡབ་མོ་བཅས་དཀྱིལ་འཁོར་མདུན་དུ་འཁོད། གདུང་བའི་དབྱངས་རོལ་དང་བཅས། ཧཱུཾཿ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ གཉིས་མེད་དག་པའི་མཁའ་དབྱིངས་ནས༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཅིག༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ་དེ་ཝ་ག་ཎ་ཨ་ངྷིཥྛ་ན་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ཅིང་མཐར་བརྒྱུད་གསུམ་རོལ་མོའི་སྐབས་སུ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཞིང་རང་གྲལ་དུ་བཞུགས་ལ་བསྔོ་སྨོན་རྒྱུན་སྲོལ་ལྟར་བྱས་པས་གྲུབ་བོ། །གཉིས་པ་ནི། ཚིག་བདུན་གསོལ་འདེབས་དང་། བརྒྱུད་འདེབས་སྔོན་དུ་འགྲོ་བས་ལས་བྱང་གི་སྐྱབས་སེམས་ནས་བཟུང་མཆོད་རྫས་བྱིན་གྱིས་བརླབས་པའི་བར་བྱ་ཞིང་། དངོས་གཞི་བདག་མདུན་གཉིས་སུ་མེད་པའི་དཀྱིལ་འཁོར་དུ་གསལ་བས་ཏིང་འཛིན་རྣམ་གསུམ་ནས་བསྟོད་པའི་བར་དུ་སོང་ནས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ [22b] བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ ཛཿས་ཛཔྲ་ཁང་དབྱེ་ལ། ཧཱུཾ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀའི༔ སོགས་ཀྱིས་ཛཔྲ་དགོངས་གསལ་བཏབ་སྟེ། ཧཱུཾ༔ ཆོས་དབྱིངས་འཁོར་ལོའི་གཞལ་ཡས་སུ༔ ལྷ་ཆེན་ཕྱོགས་སྐྱོང་ཉི་ཟླའི་སྟེང་༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཁྲོ་བཅུ་ཕྱག་བརྙན་དམ་ཅན་ཚོགས༔ སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་གི་སྒྲ་སྒྲོགས་ཀཱི་ལ་ཡ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་མི་བཏང་ངོ་༔ ཞེས་བསྐུལ་ལ། བསྙེན་སྔགས་གཙོ་བོར་བཟླ་ཞིང་སྲས་མཆོག་ཁྲོ་བཅུ་དམ་ཅན་སོས་ཀྱི་བཟླས་དམིགས་ཀྱང་གསལ་གདབ་ལ་སོ་སོའི་སྙིང་པོ་བཟླ། འདི་ནས་བཟུང་སྒྲུབ་པ་གྲོལ་ཉིན་གྱི་ཐུན་ཐ་མའི་བར་དུ་སྔགས་ཀྱི་གསུང་རྒྱུན་གཏན་ནས་མི་ཆད་པར་བྱ། དེ་ཡང་ཐུན་རེ་བཞིན་གཙོ་བོའི་བསྙེན་པ་སྟོང་བཟླས་ན། སྲས་མཆོག་ལ་ལྔ་བརྒྱ། ཁྲོ་བཅུ་ལ་བརྒྱ་རེ། དམ་ཅན་གཞི་སྙིང་རྣམས་ལྔ་བཅུ་རེ་བཟླས་ལ། ཚེ་སྒྲུབ་ཀྱི་དམིགས་གནད་དང་བཅས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་ཡུརྫྙཱ་ན་ནྲྀཿབྷྲཱུཾ་ཛཿ ཞེས་པའང་ཉེར་གཅིག་བཟླས་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བརྗོད་པས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་བརྟན་པར་བྱས་ [23a] རྗེས། ཧཱུཾ། ཡེ་ཤེས་ཕུར་པའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ར་རཀྟ་བ་ལིངྷ་སརྦ་པཱུ་ཛ་ཁཱ་ཧི། ཞེས་སྟོང་ཚིགས་མཆོད་བསྟོད་འབུལ་བས་ཐུན་དང་པོ་གྲུབ། དེ་ནས་ཐུན་དྲུག་གམ་བཞི་གང་བྱས་ཀྱང་ཉིན་ཐུན་རྗེས་མར་མཆོད་པ་བྱིན་བརླབས་ནས་ལས་བྱང་གི་སྨན་མཆོད་རྒྱས་པ་དོར་བ་མ་གཏོགས་བཟླས་པ་སྟོང་ཚིག་གི་བར་གྲུབ་པ་དང་། ཆོས་སྐྱོང་དམ་ཅན་སྤྱིའི་གཏོར་ཆོག་དང་། ཕུར་སྲུང་ལྩམ་དྲལ་གཏེར་བདག་གཞི་བདག་སོགས་ཀྱི་གཏོར་བསྔོ་བྱ། དེ་ནས་གཞུང་ལྟར་ཚོགས་བྱིན་གྱིས་བརླབས་ནས་སྟོབ་པའི་བར་དུ་སོང་ནས། སྐབས་འདིར་སྨིན་ལུགས་ལྟར་སྤྲོ་ན། ཕྱི་རོལ་དུ་ཆ་གསུམ་གཏོར་མ་གཏོང་། ཚོགས་ལ་རོལ་ཞིང་ལྷག་མ་བསྔོས་ལ་བཙོན་འཛིན་བྱ། སྲུང་མའི་གཏོར་འབུལ་སོགས་མཐར་དབྱུང་། གཞུང་གི་བསྐུལ་དང་ཆད་བརྟན་རྟ་བྲོ་གཏང་རག་མཆོད་བསྟོད་བཟོད་གསོལ་མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་ལས་བྱང་མཐར་ཆགས་སུ་བྱའོ། །དེ་ནས་བར་ཆད་སེལ་ཕྱིར་ཉུ་ལེ་བསྐྲད་པའི་ཆོ་ག་ [23b] ནི། འདུས་པ་རྣམས་དབུ་ཞྭ་དང་བཅས་བཞེངས། དཀྱིལ་འཁོར་གྱི་མདུན་དུ་སློབ་དཔོན་སོགས་ཆས་སུ་ཞུགས་པ་རྣམས་འཁོད་པའི་དྲུང་དུ་ཉུ་ལེའི་ལིངྒ་བཀོད་ལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲིཿ ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ཞེས་དམིགས་རྟེན་བསྐྱེད། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི༴ ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ [24a] ཛཿཧཱུཾ་བཾ་ཧོཿ ཞེས་ལན་གསུམ་གྱིས་འགུགས་བསྟིམ་བྱས་ལ། རོལ་མོ་དབྱངས་དང་བཅས་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུཾ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་ཟད་ཁྲོ་གཏུམ་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུཾ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དྲག་པོའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་བཟུང་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཅེས་བསྐུལ་མཐར་སློབ་དཔོན་གྱིས་ཕུར་བསྐོར་དང་བཅས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲ་ངྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀ་ལ་རུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུཾ་ཕཊ༔ ཅེས་གདབ་ཅིང་ཊཀྐི་རྣམས་ཀྱིས་ཐུན་བྲབ། ཁྱད་པར་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུཾ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟེར་ལྟར་འཕྲོ༔ སྨིན་མ་ [24b] གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྱུག༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་འབྲུག་སྟོང་སྒྲོགས༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཞུན་མའི་རྡོ་རྗེ་འཁྲུགས༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང་༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་བབ་ན་སྙིང་ཁྲག་དོན་མོ་གསལ༔ སྲིན་ལ་བབ་ [25a] ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་ལ་སོགས༔ ཕུང་པོ་དུམ་བུར་གཏུབ་ལ་དོན་སྙིང་སྲེགས༔ དམ་ཉམས་ཉུ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡཱ༔ ཧཱུཾ་གྲུ་བུ་གྲུ༔ ཨ་པ་ཙེ༔ རུ་པ་ཙ༔ ན་ར་ཙ༔ ཙ་མད་ཐུན༔ ན་ཤ་སྟྭཾ་བྷ་ཡ༔ ཡཀྵ་བྱིན༔ ཡཀྵ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན༔ ངྷ་ན་རཀྵ་སྦུད་ལིང་༔ ཏྲིའུ་ཏྲིའུ་མ་ཡ་ན་ཡ་ཤོ་ན་ཛ་མཱ་ར་ཡ་རྦད་རྦད༔ ཞེས་དྲག་སྔགས་སྤོས་རོལ་དང་ཀུན་ཐུབ་རྒྱལ་མོས་ཁྱད་པར་གྱི་དབྱུགས་པས་བསྡིགས་ཤིང་ཐུན་བྲབ་པ་སོགས་ཚམ་རྔམ་དྲག་པོས་གཟིར་ཞིང་བསྐྲད་དེ་བསྲུང་བའི་འཁོར་ལོ་བསྒོམ། དེ་ནས་དར་སྣ་ཚོགས་ཀྱིས་གཡབ། །སྤོས་རོལ་དང་བཅས་པས། ཧཱུཾ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ སོགས་སྔར་ལྟར་བྱིན་དབབ་ཅིང་མཐར་ཀཱི་ལ་ཡའི་ཛཔྲ་དབྱངས་ལན་གསུམ་བྱས་པས་གྲོལ། མཚན་ཐུན་གསུམ་མམ་གཉིས་སོགས་གང་ལྟར་ཡང་ཐུན་རྗེས་ [25b] མ་ཉིད་ཉིན་ཐུན་རྗེས་མ་ལྟར་ལ་ཐུན་གྲོལ་རྗེས་ཉུལ་ལེ་བསྐྲད་པ་དང་བྱིན་འབེབས་བྱ། དེ་ལྟར་ཞག་བདུན་སོགས་ཅི་རིགས་པར་བསྒྲུབ་པ་ནི་དངོས་གཞིའི་རིམ་པའོ། །གསུམ་པ་ལ་གསུམ། དང་པོ་རྫས་བཤམས་པ་ནི། བསྒྲུབས་པའི་རྟགས་མཚན་བཟང་པོ་བྱུང་བའམ་ཞག་གྲངས་ཚང་བའི་ཚེ། དཀྱིལ་འཁོར་མདུན་གྱི་སྟེགས་བུ་ཁེབས་ལྡན་ལ་འབྲུ་དཀར་གྱི་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་རིན་པོ་ཆེ་སོགས་ཀྱི་སྣོད་གཙང་མར་འབྲུ་ཟན་དཀར་མངར་གསུམ་གྱིས་སྦྲུས་པའི་ལས་བཞིའི་འབྲང་རྒྱས་ལ་བཟའ་བཅའི་བྱེ་བྲག་སྣ་ཚོགས་ཀྱིས་བསྐོར་བ་དང་། གཡས་སུ་ཚེ་རིལ། གཡོན་དུ་མངར་གསུམ་ཨ་མྲྀ་ཏ་དང་སྦྱར་བའི་འབྲུ་བཅུད་བྷནྡྷ་བཀང་བ་རྣམས་བཤམས། ཕྱི་ནང་ལས་གཞུང་བསྲངས་ལ་ཚེ་ཛཔྲ་མཐར་ཚེ་འགུགས་བྱ། སྟོང་ཚིག་འབུལ་ཞིང་བསྙེན་རྒྱུན་སྔ་མ་གྲོལ་ལ། ཧཱུཾ༔ གསང་བ་བླ་མེད་དཀྱིལ་འཁོར་ནས༔ རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ དཔལ་ཆེན་བཛྲ་ཀཱི་ལ་ཡའི༔ ལྷུན་གྲུབ་གསང་བའི་སྒོ་ཕྱེས་ལ༔ རང་བྱུང་དབང་དང་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུཾ༔ ཞེས་བཏགས་པ་ཟླ། དེ་ནས་སྲུང་མའི་གཏོར་ཆོག་དང་། ཚོགས་མཆོད་གཞུང་བཞིན་བཏང་ཞིང་། ཞལ་བསྟབ་མཇུག་དུ་ཉུ་ལེའི་ལིངྒ་མེར་སྲེག །གཉིས་པ་བར་ཆད་བསལ་བ་ [26a] ནི། ལས་བྱང་དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་རྣམས་བསྐྲད་ཅིང་མཚམས་བཅད། རྒྱལ་ཚབ་ལས་རྡོར་རྣམས་ཀྱིས་གཡབ་དྲིལ་སྤོས་དང་བཅས་བྱིན་དབབ། ཧཱུཾ། བཅོམ་ལྡན་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས། །ཆོས་སྐུ་རྣམ་དག་ལོངས་སྐུའི་དབྱིངས་ནས་ཤར། །སྤྲུལ་ སྐུ་འགྲོ་དོན་རྫོགས་མཛད་ཕུར་བུའི་ལྷ། །རྡོ་རྗེ་གཞོན་ནུ་སྲས་འཁོར་མ་ལུས་དགོངས། །ཐོག་མེད་དུས་ནས་འཁོར་འདས་བདག་གཞན་ཚུལ། །ཆོས་རྣམས་མཉམ་ཡངས་སྤྲོས་བྲལ་ངང་ཉིད་ལས། །ལས་ཀྱི་དབང་གིས་ཐ་དད་སོ་སོར་བཟུང་། །དོན་མེད་དབྱེར་མེད་ངང་དུ་མཐོལ་ལོ་བཤགས། །མ་རིག་བག་ཉལ་རྣམ་རྟོག་རྐྱེན་དབང་གིས། །རྒྱལ་བའི་དགོངས་སྤྱོད་ཟབ་མོའི་གདིང་མ་རྟོགས། །ཐབས་དང་ཤེས་རབ་ཡ་བྲལ་བླང་དོར་སྤྱོད། །བདེ་གཤེགས་བཀའ་དང་འགལ་སྤྱོད་མཐོལ་ལོ་བཤགས། །ཐུན་མོང་ཁྱད་པར་རྩ་ལག་དམ་ཚིག་རྣམས། །ཇི་ལྟར་བཤད་པའི་གཞུང་བཞིན་མ་བསྲངས་པ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། །གནོང་འགྱོད་དྲག་པོས་མཐོལ་བཤགས་ཚངས་པར་གསོལ། །ཞེས་ཉམས་ཆག་ [26b] བཤགས། གསུམ་པ་དངོས་གྲུབ་བསྐུལ་ཞིང་ལེན་པའི་ཚུལ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག །དགྱེས་པ་བསྐྱེད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས་བདག་ལ་ཐིམ་པས་གསལ་ཞིང་བརྟན་པར་བྱས། རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར་པར་བསམ་ལ། བསྙེན་སྒྲུབ་སྔགས་ལ་གོང་གི་སྔགས་ཤམ་བཏགས་པ་བརྒྱ་རྩ་བཟླས། ཀྱེ་ཧོཿ བླ་མེད་རྒྱལ་བའི་དཀྱིལ་འཁོར་གྱི༔ ཕྱི་ནང་སྒོ་སྲུང་གདོང་ཅན་བཞིས༔ རང་བྱུང་གསང་བའི་སྒོ་ཕྱེས་ལ༔ མཆོག་ཐུན་དངོས་གྲུབ་དེང་འདིར་སྩོལ༔ ཞེས་བསྐུལ་ལ། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་གནས་ལྔ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཡིག་འབྲུ་ལྔ་དང་འོད་ཟེར་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པའི་འཕྲོས་ཏེ་རང་གི་གནས་ལྔར་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་ [27a] མ་ལུས་པ་ཐོབ་པར་བསམ་ལ། དེ་ནས་སྐྱ་རེངས་ཤར་བ་དང་བསྟུན་ཏེ་ལས་རྡོར་གྱིས་རྣམ་བུམ་སྐུ་གསུང་ཐུག་རྟེན་སོགས་དངོས་གྲུབ་ཀྱི་རྫས་རྣམས་བཏེགས་ལ། ཧཱུཾ༔ དེང་སང་བསྙེན་སྒྲུབ་དུས་ཐེམས་ནས༔ སྐྱ་རེང་ས་དང་པོའི་ནམ་ཡང་ལངས༔ དངོས་གྲུབ་བསྐུལ་བའི་དུས་ལ་བབ༔ ལྷ་ཚོགས་ཐུགས་རྗེའི་རང་བཞིན་གྱི༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཞེས་དང་། ཧཱུཾ༔ སྣང་བ་ཐམས་ཅད་ཁྲོ་བོའི་དལ༔ སོགས་ལས་བྱང་ལྟར་བརྗེད་ཅིང་ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུཾ༔ ཞེས་བཟླ་བཞིན་དུ་རྟེན་རྣམས་སློབ་དཔོན་གྱི་གནས་གསུམ་དུ་གཏུགས་ཤིང་དབང་བླངས། བུམ་ཆུ། ཚེ་འབྲང་། ཚེ་རིལ། ཚེ་ཆང་སོགས་རྫས་རྣམས་ཀྱང་བླངས། དེ་ནས་འདུས་པ་ཀུན་ལ་སློབ་དཔོན་དང་རྒྱལ་ཚབ་ལ་སོགས་པས་རྟེན་འབྲེལ་གྱི་དབང་བསྐུར་ཞིང་ལས་ཀྱི་རྡོ་རྗེས་ཚེ་རིལ་སོགས་རྫས་རྣམས་ཁྱབ་པར་བཀྱེ་ལ། དངོས་གྲུབ་ཏུ་རོལ་ནས་མཆོག་ཐུན་གྱིས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། གཞན་དོན་དུ་དབང་བསྐུར་ན་འདིར་བྱ་བ་སྟེ་བསྐུར་ཚུལ་དབང་ཆོག་གཞུང་ལས་ཤེས་དགོས། སྐབས་འདིར་མེ་ཐབས་དང་བསྲེགས་རྫས་འབྲུ་སྣ་མར་ཁུ་དང་ཡམ་ཤིང་སོགས་འདུ་བྱས་ལ། མེ་སྦར་ཞིང་བདུད་རྩི་བྲན། [27b] ཧཱུཾ༔ སྟོང་ཉིད་དབྱིངས་ཀྱི་མེ་ཧོམ་དུ༔ རླུང་ལྔའི་རོལ་རྩལ་འབར་བའི་ཤུགས༔ ཡེ་ཤེས་ལྔ་ལྡན་མེ་དཔུང་ཀློང་༔ རང་རྩལ་དྲང་སྲོང་མེ་ཡི་ལྷ༔ དཀར་གསལ་ཕྲེང་འཛིན་ར་སྐྱེས་བཅིབས༔ ལྟེ་བར་ཡེ་ཤེས་ཕུར་པའི་ལྷ༔ ལྷ་ཚོགས་ཏིལ་གོང་ཕྱུར་བཞིན་བཞུགས༔ འདོད་ཡོན་ཟག་མེད་མཆོད་པའི་སྤྲིན༔ མི་ཟད་ནམ་མཁའི་མཛོད་དུ་འབུལ༔ བཞེས་ནས་བདག་སོགས་འགྲོ་ཀུན་གྱི༔ ནད་གདོན་སྡིག་སྒྲིབ་འཇིགས་བརྒྱད་ཞི༔ ཚེ་དཔལ་ལོངས་སྤྱོད་ཡེ་ཤེས་བསྐྱེད༔ རླུང་སེམས་སྣང་སྲིད་དབང་དུ་སྡུས༔ བསྟན་དགྲ་རུ་ཏྲ་བདུད་དཔུང་ཆོམས༔ ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས༔ ཟག་མེད་འཇའ་ལུས་མྱུར་འགྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱ་བཾ་ཧཱུཾ་ཕཊ༔ ཞེས་རྩ་སྔགས་དང་། སྲས་མཆོག་ཁྲོ་བཅུ་སྒོ་སྐྱོང་དམ་ཅན་རྣམས་ཀྱི་སྙིང་པོ་སོ་སོའི་མཐར། སརྦ་པཱུ་ཛཿཁཱ་ཧི༔ ཤནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔ ཞེས་མར་ཁུའི་ཐིག་པ་དང་གཏོར་མ་འབྲུ་སྣ་ཡམ་ཤིང་དངོས་གྲུབ་ཀྱི་ཕུད་རྣམས་ཕུལ་ཞིང་གྲངས་ཅི་ནུས་སུ་བསགས་མཐར། ཧཱུཾ༔ རང་སྣང་ཡེ་ཤེས་ཆེན་པོའི་ཀློང་༔ རབ་འབར་བསྲེགས་ཟ་མེ་ཡི་ [28a] ལྷ༔ རང་མདངསསྒྱུ་མའི་ལྷ་ཚོགས་ལ༔ ཡེ་དག་གནས་ལུགས་གཞི་ཡིས་མཆོད༔ གཅེར་གྲོལ་རིག་པ་ཕྱག་འཚལ་བསྟོད༔ མི་དམིགས་བཏང་སྙོམས་ཀློང་དུ་གཤེགས༔ ཞེས་བརྗོད་ཅིང་བསྡུའོ། །གསུམ་པ་ནི། མནན་སྲེག་འཕང་བ་གསུམ་གྱིས་ལས་མཐའ་བསྡུ་བ་སྟེ་དགོས་པ་བྱུང་ན་གཞན་ལས་ཤེས་པར་བྱའོ། །གསུམ་པ་ལ་བདུན། གཏེར་སྦས་པ། ཆོ་གའི་མཇུགབསྐྱང་བ། མཚམས་བཀྲོལ་བ། དཀྱིལ་འཁོར་བསྡུ་བ། སྨོན་ལམ་དང་ཤིས་པ་བརྗོད་པ། རྡུལ་ཚོན་གཤེགས་པ། གནས་སྲུང་བའོ། །དང་པོ་ནི་རིན་པོ་ཆེའམ་རྫ་ལ་སོགས་པའི་བུམ་པ་རིན་པོ་ཆེ་སྣ་ཚོགས་འབྲུ་སྨན་དར་ཟབ་དང་གཏོར་ཟན་དུམ་རེ་བཅས་བླུག །འབྲས་བུ་ཅན་གྱི་ཤིང་རྩ་རྩེ་མ་ནོར་བ་ལ། ཨོཾ་ཧཱུཾ་ཏྲཾ་ཧྲཱི་ཨཱཿདང་། ཨོཾ་རཏྣ་པཥྚིཾ་ཀུ་རུ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུཾ༔ ཞེས་བྲིས་པ་གཞུག་ལ་ཁ་བཅད། མདུན་དུ་བཀྲ་ཤིས་རྟགས་བརྒྱད་རི་མོ་བྲིས་པ་ཐོགས་ལ། ཧཱུཾ༔ སྔོན་ཚེ་སྟོན་པ་སངས་རྒྱས་ཀྱི༔ ས་ཡི་ལྷ་མོའི་མཁའ་དབྱིངས་སུ༔ རྟེན་འབྲེལ་མཐར་ཕྱིན་མི་ཟད་རྟེན༔ ཡེ་ཤེས་བཅུད་ཀྱི་གཏེར་དུ་སྦས༔ སངས་རྒྱས་བསྟན་པ་མཐའ་རྒྱས་མཛད༔ བར་དུ་པདྨ་ཐོད་ [28b] ཕྲེང་གིས༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ མི་ཟད་རྣམ་པ་ལྔ་ཡི་གཏེར༔ སྐུ་གསུང་ཐུགས་རྟེན་དམ་རྫས་སྨན༔ རཏྣ་གོ་མཚོན་དར་ཟབ་གོས༔ འདོད་ཡོན་སྲིད་པའི་གཏེར་དུ་སྦས༔ རྗེ་འབངས་འཛམ་གླིང་བདེ་བར་བཀོད༔ དེ་བཞིན་བདག་ཅག་སྒྲུབ་པ་པོས༔ བུམ་པ་རིན་ཆེན་གཏེར་གྱི་མཆོག༔ འབྱུང་ལྔའི་གནོད་པས་མི་འཇིགས་པར༔ དབྱིངས་ཕྱུག་ཡུམ་ལྔའི་མཁའ་དབྱིངས་སུ༔ རྟེན་འབྲེལ་བདེན་པ་རྫས་སུ་སྦས༔ ཡེ་ཤེས་ལྔ་ཡི་རྒྱ་ཡིས་གདབ༔ དོན་དམ་ཆོས་ཉིད་བདེན་པ་ཡིས། རྣལ་འབྱོར་བདག་དང་བརྒྱུད་འཛིན་རྣམས༔ ནད་མུག་འཁྲུགས་རྩོད་ཀུན་ཞི་ནས༔ ཡེ་ཤེས་ཐུགས་ཀྱི་དཔལ་ལ་སྤྱོད༔ ཚེ་དབང་ལོངས་སྤྱོད་ཕུན་སུམ་ཚོགས༔ བསོད་ནམས་དམ་པ་ཐོབ་གྱུར་ཅིག༔ སྭསྟི་བྷྲཱུཾ་མངྒ་ལཾ་ཤྲྀ་བྷ་ཝནྟུ་སྭཱ་ཧཱ༔ ཞེས་བརྗོད་ལ་སྒྲུབ་ཁང་གི་ཕུག་སོགས་ཕྱོགས་གང་བདེར་སྦ་ཞིང་ཤིས་བརྗོད་ཀྱི་མེ་ཏོག་འཐོར་རོ། །གཉིས་པ་ནི། གཞུང་ལྟར་ལྷག་གཏོར་བཏང་ཞིང་། སྔར་བཙོན་འཛིན་བྱས་པའི་ཚོགས་ལྷག་ཀྱང་ཕྱི་རོལ་དུ་བསྐྱལ། ཆོས་སྐྱོང་གི་གཏོར་མ་རྣམས་འབུལ། བསྐུལ་བ་ཆད་བརྟན་བྲོ་བརྡུང་ [29a] གཏང་རག་གི་མཆོད་བསྟོད་རྒྱས་པ་དང་། བཟོད་གསོལ་བྱ། དེ་ནས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་། བཛྲ་མུཿས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་གཤེགས། རྣམ་པ་དམ་ཚིག་གི་དཀྱིལ་འཁོར། ཧཱུཾ། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། །སོགས་ཀྱིས་ཉེར་བསྡུ་བྱས་ལ་ཐུན་མཚམས་ཀྱི་ལྷར་ལྡང་། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱ་ཝ་ཙི་ཧཱུཾ༔ ཞེས་པས་ལུས་ལ་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་པར་བསམ། ། ཨོཾ་བཛྲ་ཙཀྲ་ཏིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུཾ༔ ཞེས་མཚོན་ཆ་ལྔ་དང་མེ་དཔུང་གི་ཀློང་ན་བཞུགས་པས་བར་ཆད་གང་གིས་ཀྱང་གླགས་མི་རྙེད་པར་བསམ་མོ། །གསུམ་པ་ནི། སྒྲུབ་ཁང་གི་ཕྱོགས་སོ་སོར་སོང་ལ་སྔར་བཞིན་མཆོད་གཏོར་རྣམས་བཤམས་ཏེ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ༔ ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བརླབས། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ས་དྲངས་བསྟིམ་བྱས་ལ། ཨོཾ་ངྷིཥྚ་རཥྚ་ཡ་མ་ཧཱ་བ་ལི་ངྷ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་དང་། ཨོཾ་བཛྲ་ཨརྒྷཾ་སོགས་མཆོད། ཧཱུཾ༔ གསང་ཆེན་རྒྱལ་བའི་ཕོ་བྲང་གི༔ ཤར་སྒོ་སྲུང་མཛད་ཡུལ་འཁོར་སྲུང་༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ རང་རང་ [29b] བདེ་བའི་གནས་སུ་གཤེགས༔ བཛྲ་མུཿ ཞེས་བསྡུ། དེ་ནས་ལྷོར་ཕྱིན་ལ་མཆོད་གཏོར་བཤམས་ཏེ། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུཾ༔ ཧ་ཧོ་ཧྲཱིཿ ལན་གསུམ། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ས་དྲངས་བསྟིམ་བྱས་ལ། ཨོཾ་བེ་རུ་པ་ཀྵ་ཡ་མ་ཧཱ་བ་ལིངྟ་ཁཱ་ཧི་ཁཱ་ཧི༔ གསུམ་དང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུཾ༔ གསང་ཆེན་རྒྱལ་བའི་ཕོ་བྲང་གི༔ ལྷོ་སྒོ་སྲུང་མཛད་འཕགས་སྐྱེས་པོ༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ རང་རང་བདེ་བའི་གནས་སུ་གཤེགས༔ བཛྲ་མུ༔ ཞེས་བསྡུ། དེ་ནས་ནུབ་ཏུ་ཕྱིན་ཏེ་མཆོད་གཏོར་རྣམས རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུཾ༔ ཧ་ཧོ་ཧྲཱིཿ གསུམ་གྱིས་བརླབས། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ས་དྲངས་བསྟིམ་བྱས་ལ། ཨོཾ་བེ་རུ་པཀྵ་ཡ་མ་ཧཱ་བ་ལིངྟ་ཁཱ་ཧི་ཁཱ་ཧི༔ གསུམ་དང་། ཨོཾ་བཛྲ་ཨརྒཾ་སོགས་ཀྱིས་མཆོད། ཧཱུཾ༔ གསང་ཆེན་རྒྱལ་བའི༴ ནུབ་སྒོ་སྲུང་མཛད་སྤྱན་མི་བཟང་༔ གཏང་རག་མཆོད་གཏོར༴ རང་རང་བདེ་བའི༴ བཛྲ་མུཿ ཞེས་བསྡུ། དེ་ནས་བྱང་དུ་ཕྱིན་ཏེ་མཆོད་གཏོར་རྣམས། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུཾ༔ ཧ་ཧོ་ཧྲཱིཾཿ གསུམ་གྱིས་བརླབས། [30a] ཨོཾ་མ་ཧཱ་རཱ་ཛ་ས་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ས་དྲངས་བསྟིམ་བྱས་ལ། ཨོཾ་བཻ་ཤྲ་མ་ཎ་ཡེ་མ་ཧཱ་བ་ལིངྟ་ཁཱ་ཧི་ཁཱ་ཧི༔ གསུམ་དང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུཾ༔ གསང་ཆེན་རྒྱལ་བའི༴ བྱང་སྒོ་སྲུང་མཛད་རྣམ་ཐོས་སྲས༔ གཏང་རག་མཆོད་གཏོར༴ རང་རང་བདེ་བའི་གནས་སུ་གཤེགས༔ བཛྲ་མུཿ ཞེས་བསྡུ། དེ་ནས་སྒོ་བྱང་གཉིས་ཀྱི་རྩར་ཕྱིན་ཏེ། མཆོད་གཏོར་སྔར་ལྟར་བཤམས་ལ། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུཾ༔ ཧོ་ཧོ་ཧྲཱིཿ གསུམ་གྱིས་བརླབས། ཨོཾ་ཀྲོ་དྷ་ཡ་མ་རཱ་ཛ་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཨི་དཾ་བ་ལིངྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ་དང་། ཨོཾ་བཛྲ་ཨརྒྷཾསོགས་ཀྱིས་མཆོད། ཧཱུཾ༔ ལྷུན་གྲུབ་རྒྱལ་བའི་ཕོ་བྲང་གི༔ ཕྱི་ནང་སྒོ་སྲུང་མཐུ་བོ་ཆེ༔ གཤིན་རྗེ་གཤེད་པོ་བདུད་རྩི་འཁྱིལ༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ སྐྱེ་མེད་ཆོས་ཀྱི་དབྱིངས་སུ་གཤེགས༔ བཛྲ་མུཿ ཞེས་བརྗོད་ལ་བསྡུ། བཞི་པ་ནི། ནང་དུ་ཕྱིན་ལ་དཀྱིལ་འཁོར་མཐའི་ཕུར་བུ་རྣམས་སློབ་དཔོན་གྱིས་ཧཱུཾ་མཛད་རྒྱ་དང་། སུམྦྷ་ནིའི་སྔགས་བརྗོད་ཅིང་ [30b] དང་པོའི་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ། ཨོཾ་རུ་རུ་སྤུ་རུ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་རྡ་ནི་སྭཱ་ཧཱ། ཞེས་པས་ཕུར་རྩེ་འོ་མས་བཀྲུ་ཞིང་ཕུར་ཁུང་ལ་ཡང་འཐོར། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར། ཨ་ཀཱ་རོའི་སྔགས་བརྗོད་ཅིང་ཞི་རོལ་དང་བཅས་གཡས་པའི་རྡོ་རྗེས་ཤར་གྱི་ཚངས་ཐིག་ནས་བརྩམ་སྟེ་ལྟེ་བའི་བར་དབྱི་ཞིང་། ལྷག་མ་རྣམས་ཀྱང་རྗེས་མི་མངོན་པར་འཕྱག་ལ་དོན་དུ་གཉེར་བ་བྱུང་ན་ཅུང་ཟད་བྱིན་ཏེ་གཞན་རྣམས་བུམ་པར་བླུགས། ཐིག་ཤུལ་དྲི་བཟང་གི་ཆུས་བསུབ་བོ། །ལྔ་པ་ལ་གཉིས་ལས། དང་པོ་དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བ་ནི། དཔོན་སློབ་ཀུན་གྱི་སྲིན་ལག་སྦྲེལ་ཞིང་གཡས་པས་སྤོས་དང་མར་མེ་ཐོགས། རྒྱལ་ཐེབས་པས་བཞེངས་ཏེ་མར་མེའི་སྨོན་ལམ་གྱི་གཏོང་ཐུན་སྔོན་དབུ་འགྲོ་བས། ཧཱུཾ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་དབུ་བཟུང་ནས༔ རྒྱལ་བའི་གདུང་འཛིན་མཆེད་ལྕམ་དྲལ༔ འདི་བཟུང་བླ་མེད་སྙིང་པོའི་དར༔ མི་འབྲལ་རྩེ་གཅིག་འགྲོགས་ནས་ཀྱང་༔ དམ་ཚིག་མི་ཉམས་བསམ་པ་འགྲུབ༔ ནམ་ཞིག་བྱང་ཆུབ་ལྷུམས་ཞུགས་ཚེ༔ འཁོར་བའི་འཁོར་ལོ་རྒྱུན་ཆད་ནས༔ ས་བཅུ་ལམ་ལྔ་མཐར་ཕྱིན་ཏེ༔ རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཅེས་ཚོགས་པ་ [31a] ཀུན་གྱིས་རྗེས་ཟློས་དང་བཅས་བྱ་ཞིང་ལས་བྱང་ལྟར། དགེ་བ་འདི་དང་དུས་གསུམ་གྱིས༔ སོགས་ཀྱི་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། གཉིས་པ་ཤིས་པ་བརྗོད་པ་ནི། རྟེན་འབྲེལ་སྙིང་པོས་སྣ་དྲངས་ཏེ་མེ་ཏོག་འཐོར་བཞིན་པས་ལས་བྱང་དཀྱུས་སུ་བསྟན་པ་ཉིད་དང་། གཞན་ཡང་ ཕུན་སུམ་ཚོགས་པ་སོགས་ཤིས་བརྗོད་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་སྤེལ་བས་དགེ་ལེགས་སུ་བྱའོ། །དྲུག་པ་ནི། རྡུལ་ཚོན་ཉིད་དཔོན་སློབ་ཀུན་གྱིས་རོལ་མོའི་སྒྲ་བཅས་ཆུ་བོ་ཆེན་པོའི་འགྲམ་དུ་ཁྱེར་ནས་དེར་མཎྜལ་པདྨ་འདབ་བརྒྱད་ཀྱི་རི་མོ་བྲིས་པའི་དབུས་སུ་རྡུལ་ཚོན་བུམ་པ་བཞག ། མཐར་ཉེར་སྤྱོད་དང་འོ་སྐྱེམས་དཀར་གཏོར་བཅས་བཤམས་ལ། སྔར་ས་ཆོག་གི་སྐབས་ལྟར་བྱིན་གྱིས་བརླབས། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། མཎྜལ་གྱི་དབུས་སུ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རང་སྣང་གི་ཡུམ་དང་བཅས་པར་གྱུར། སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས༔ སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དང་ལྡན་པའི་སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་ [31b] རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པར་གྱུར། ཨོཾ་བཛྲ་སཏྭ་ཨཥྚ་ནཱ་ག་ཨ་ངྷི་པ་ཏ་ཡེ་ས་པ་རི་ཝཱ་ར་ཨརྒྷཾསོགས་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་ཕུལ་ནས། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས༔ ། ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་དེང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང་། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་ཕྲིན་ལས་གསོལ་ནས་རྡུལ་ཚོན་ཅུང་ཟད་སྣོད་གཞན་དུ་བླང་བ་མ་གཏོགས་ཆུར་སྦྱངས་ཏེ། ཧཱུཾ༔ སྔོན་ཚེ་རྒྱལ་བའི་བྱིན་རླབས་ཀྱིས༔ སྲིད་པའི་ཀླུ་རིགས་མ་ལུས་པ༔ སྡུག་བསྔལ་བྲལ་བའི་རྫས་སྨན་དུ༔ ཐུགས་བསྐྱེད་སྨོན་ལམ་ཅི་བཏབ་བཞིན༔ [32a] དེ་བཞིན་བདག་གིས་ཡོངས་འགྲུབ་ནས༔ ཀླུ་རྣམས་བདེ་ལྡན་དཔལ་ལ་འབྱོར༔ མི་རྣམས་ཚེ་རིང་ནད་མེད་ཅིང་༔ འབྱུང་ལྔའི་བཅུད་འཕེལ་འགྲོ་ཀུན་བདེ༔ ཆོས་བརྒྱུད་བསྟན་པ་མཐའ་རྒྱས་ཤོག༔ ཅེས་བཀྲ་ཤིས་སྨོན་ལམ་བྱ་ཞིང་སླར་ཡང་གོང་ལྟར་མཆོད་ཅིང་བསྟོད་ནས་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་མ་ཧཱ་ནཱ་ག་ཨ་ངྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ༔ ཞེས་ཀླུ་རྣམས་གཤེགས། ཛཿཧཱུཾ་བཾ་ཧོཿ རྡོ་རྗེསེམས་དཔའ་རང་ལ་ཐིམ་པར་གྱུར་པར་བསམ་ལ། རྡུལ་ཚོན་བླུག་སྣོད་ཀྱི་བུམ་པ་དེ་ཉིད་ཆུས་བཀང་ནས་ཁྱེར་ཏེ། །ཨོཾ་རུ་རུ་སྤུ་རུ་སོགས་སྤྱན་མའི་སྔགས་བཟླ་བཞིན་དཀྱིལ་འཁོར་དང་སྒྲུབ་ཁང་སོགས་ལ་འཐོར། རྡུལ་ཚོན་ཅུང་ཟད་བླང་བ་བ་བྱུང་ལ་སྦྱར་ཏེ། ཧཱུཾ༔ བདེ་གཤེགས་རྒྱལ་བའི་བྱིན་རླབས་དང་༔ བདག་གི་སྨོན་ལམ་ཏིང་འཛིན་དང་༔ རྟེན་འབྲེལ་རྒྱུ་འབྲས་བསླུ་མེད་མཐུས༔ གསང་ཆེན་བླ་མེད་བསྟན་པ་དེ༔ འབྱུང་བ་ནམ་མཁའི་གར་ཁྱབ་ལ༔ དམ་ཆོས་རིན་ཆེན་ཁྱབ་པར་ཤོག༔ ཅེས་སྨོན་ལམ་བྱའོ། །བདུན་པ་ནི། སླར་ཞག་གསུམ་ལ་སོགས་པར་ལས་གཞུང་བསྲང་ཞིང་ཚོགས་གཏོར་འབུལ་བ་དང་། དམ་ཆོས་འཆད་ [32b] ཉན་སོགས་དགའ་སྟོན་གྱི་བྱ་བ་ཇི་ལྟར་རིགས་པ་སྤྱད་པས་རྗེས་འཇུག་དང་བསྟན་འགྲོ་ཡོངས་ལ་འཕྲལ་ཡུན་ཀུན་དགེ་ལེགས་ཀྱི་སྣང་བ་ཕུན་སུམ་ཚོགས་པར་འགྱུར་རོ། །གལ་ཏེ་རྡུལ་ཚོན་གྱི་བྱ་བ་མ་འགྲུབ་པར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་ཚེ། གཞུང་ལྟར་བྲིས་པའི་ཆུ་ཚོན་གྱི་དཀྱིལ་འཁོར་བཀྲམ། ཐིག་ཚོན་གྱི་བྱ་བ་དང་། རྡུལ་ཚོན་གཤེགས་པ་རྣམས་དོར་བ་མ་གཏོགས། འདིར་བསྟན་ཡོངས་རྫོགས་བྱས་པས་འགྲུབ་བོ། །རྒྱལ་ཀུན་ཕྲིན་ལས་རང་གཟུགས་ཧེ་རུ་ཀ ། དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ། །མཆོག་ཐུན་དངོས་གྲུབ་བདེ་བླག་སྒྲུབ་པའི་ཐབས། །ཚོམ་བུ་ཚོགས་སུ་བསྒྲུབ་པའི་ལམ་སྲོལ་ཉིད། །དེང་སང་རྩོད་བྲལ་དུས་བབ་ཟབ་ཆོས་མཆོག །མ་ནོར་རྡོ་རྗེའི་ཚིག་གི་ཕྲེང་བ་ལ། །དམ་པ་ཡེ་ཤེས་གཟིགས་པའི་སྤྱན་ཅན་ལས། །བློ་དམན་རང་འདྲས་བཅོས་བསྒྱུར་འོས་མིན་ཀྱང་། །གཏེར་འབྱིན་རིག་འཛིན་གང་གི་གསུང་གསང་ཆེས། །ནན་ཏན་རྗེས་སུ་གནང་བ་མ་ལྡོག་པར། །ཆུ་འབབ་ཁྲིགས་སུ་བཀོད་འདིའི་དགེ་བ་ཡིས། །གསང་བསྟན་ཉི་མས་སྙིགས་དུས་མུན་སེལ་ཤོག །ཉག་གཅིག་བྱང་ཆུབ་སེམས་ཀྱི་ཕུར་བུ་ཡིས། །བདག་རྟོག་འཁྲུལ་པའི་རུ་དྲ་ཚར་བཅད་དེ། །མི་གནས་རང་རིག་དོན་གྱི་དཔལ་ཆེན་པོ། །རྡོ་རྗེ་གཞོན་ནུའི་གོ་འཕང་མཆོག་ཐོབ་ཤོག །ཅེས་གཏེར་གསར་ཕུར་བུ་ [33a] བདུད་དཔུང་ཟིལ་གནོན་གྱི་སྒྲུབ་ཁོག་ཁྲིགས་སུ་བསྟར་བ་འདི་ནི་སྤྲུལ་པའི་གཏེར་སྟོན་ཉིད་ཀྱི་གསུང་གིས་བསྐུལ་མ་ཡང་ཡང་གནང་བ་སྤྱི་བོར་བཀོད་དེ་གཏེར་གཞུང་རྩ་བ་ལ་ཆོས་དབང་སྤུ་གྲི་དང་། རྩ་གསུམ་སྤྱིའི་སྒྲུབ་ཁོག་སོགས་ནས་བསབ་འོས་རྣམས་བསྣན་ཏེ་སྨིན་ལུགས་ཀྱི་འགྲོས་དང་མཐུན་པར་སྤྲུལ་མིང་པ་འཇིགས་བྲལ་བདེ་ཆེན་ཡེ་ཤེས་རྡོ་རྗེས་བྲིས་པ་ཉེས་འགལ་གང་མཆིས་ལྷག་པའི་ལྷ་ལ་བཤགས་ཤིང་དགེ་བས་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ་ཏེ་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།