དུས་ཆེན་ཚེས་བཅུའི་ཕན་ཡོན་མདོར་བསྡུས།

From Dudjom Wiki
DJYD-KABUM-24-YA-029
Wylie title dus chen tshes bcu'i phan yon mdor bsdus DJYD-KABUM-24-YA-029.pdf
Location bdud 'joms rin po che bka' 'bum
Volume 24, Text 29, Pages 355-364 (Folios 1a1 to 5b2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dus chen tshes bcu'i phan yon mdor bsdus. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 355-364. Kalimpong: Dupjung Lama, 1979-1985.
Side notes Recto: tshes bcu'i phan yon   Verso: sna tshogs skor
More details More details
Genre Discourses - gtam
Colophon

།ཅེས་པའང་པདྨའི་ཕོ་ཉ་ཕྱོགས་ཀུན་ཏུ་རྒྱུ་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ཞིང་བཀྲ་ཤིས།། །།གོང་གི་སྤྲེལ་ཟླའི་ངོས་འཛིན་འདི་བླ་མ་དགོངས་འདུས་ལྟར་བཀོད་པ་སྟེ། གཞན་ཡོངས་གྲགས་ཕུག་ལུགས་པས་ལྔ་པ་སྣྲོན་ཟླར་ངོས་འཛིན་མཛད་དོ།།

ces pa'ang pad+ma'i pho nya phyogs kun tu rgyu ba 'jigs bral ye shes rdo rjes bris pa dge zhing bkra shis// //gong gi sprel zla'i ngos 'dzin 'di bla ma dgongs 'dus ltar bkod pa ste/___gzhan yongs grags phug lugs pas lnga pa snron zlar ngos 'dzin mdzad do//

[edit]
༄༅། །དུས་ཆེན་ཚེས་བཅུའི་ཕན་ཡོན་མདོར་བསྡུས་བཞུགས། །


༄༅། །ཨོཾ་སྭསྟི། བུམ་བཟང་དཔག་བསམ་ཡིད་བཞིན་ནོར་བུ་ལྟར། །བྱིན་རླབས་དངོས་གྲུབ་འདོད་རྒུར་སྩོལ་མཛད་པ། དྲན་པས་གདུང་སེལ་ཨོ་རྒྱན་རྡོ་རྗེ་འཆང་། །ཚེ་རབས་ཀུན་ཏུ་སྐྱབས་སུ་རྙེད་གྱུར་ཅིག །དེ་ཡང་བླ་མ་དགོངས་པ་འདུས་པའི་རྩ་རྒྱུད་པད་སྡོང་བརྩེགས་པ་ལས། རངབྱུང་པདྨ་ཞེས་བྱར་གྲགས་པ་ང་༔ སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་སྤྲུལ༔ འཕགས་པ་སྤྱན་རས་གཟིགས་དབང་གསུང་གི་འོད༔ མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོའི་རྒྱལ༔ དས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ མཉམ་མེད་ཀུན་ [2a] བཟང་རྡོ་རྗེ་འཆང་ཆེན་པོ༔ སྤྲུལ་པའི་སྐུར་སྣང་ཐུགས་རྗེ་སྟོབས་ཆེན་ལྡན༔ གང་ལ་གང་འདུལ་ཕྲིན་ལས་རླབས་པོ་ཆེས༔ སེམས་ཅན་རྣམས་ཀྱི་རེ་བ་ཡིད་བཞིན་སྐོར༔ ཞེས་སོགས་རྡོ་རྗེའི་གསུང་གསང་འཇིགས་མེད་སེང་གེའི་སྒྲས་ཞལ་གྱིས་བཞེས་པ། རབ་འབྱམས་རྒྱལ་ཀུན་འདུས་པའི་ཡེ་ཤེས་ཀྱི་སྤྱི་གཟུགས། རྩ་གསུམ་དཀྱིལ་འཁོར་མ་ལུས་པའི་སྤྲོ་བསྡུའི་བྱེད་པོ། ཁྱད་པར་གངས་ཅན་བོད་ཀྱི་གདུལ་བྱ་ལ་སངས་རྒྱས་དངོས་ལས་ཀྱང་བཀའ་དྲིན་ཆེས་ཆེ་བའི་རྡོ་རྗེའི་བླ་མ་པདྨ་སམྦྷ་ཝའམ་པདྨ་འབྱུང་གནས་ཞེས་ཡོངས་སུ་གྲགས་པ་གང་ [2b] གིས་ཚུར་མཐོང་གདུལ་བྱའི་སྣང་ངོར་རྣམ་ཐར་ངོ་མཚར་བའི་མཛད་པ་ཕལ་ཆེར་སྟོན་པའི་དུས་ནི་ཡར་ངོའི་ཚེས་བཅུ་ཁོ་ན་ཡིན་ཏེ། དེའང་ཧོར་ཟླ་དྲུག་པ་སྤྲེལ་ཟླའི་ཚེས་བཅུའི་ཉི་ཤར་ལ་ངྷ་ན་ཀོ་ཤར་པདྨའི་སྦུབས་ལས་སྐུ་འཁྲུངས་ཏེ་མཚོ་གླིང་གི་མཁའ་འགྲོ་མ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་གུ་རུ་མཚོ་སྐྱེས་རྡོ་རྗེར་གྲགས། བཅུ་གཉིས་པ་སྟག་ཟླའི་ཚེས་བཅུར་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བོ་ངྷིས་སྤྱན་དྲངས་ནས་རྒྱལ་བུར་མངའ་གསལ་ཞིང་འོད་འཆང་མ་ཁབ་ཏ་བཞེས་ཏེ་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པའི་ཚེ་གུ་རུ་པདྨ་རྒྱལ་པོར་གྲགས། །དང་པོ་ཡོས་ཟླའི་ཚེས་བཅུར་རྒྱལ་སྲིད་སྤངས་ནས་དུར་ཁྲོད་བའིལ་བའི་ཚལ་དུ་སྦྱོར་སྒྲོལ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ་མ་མོ་མཁའའགྲོ་ཐམས་ཅད་དབང་དུ་བསྡུས་པའི་ཚེ་གུ་རུ་ཤཱནྟ་རཀྵི་ཏར་གྲགས། གཉིས་པ་འབྲུག་ཟླའི་ཚེས་བཅུར་ཀུན་དགའ་བོ་ལས་རབ་ཏུ་བྱུང་ཞིང་མཁས་གྲུབ་དུ་མ་ལས་མདོ་སྔགས་ཀུན་ཆུབ་ཤེས་བྱ་རབ་འབྱམས་མཐར་ཕྱིན་པའི་ཚུལ་བསྟན་པའི་ཚེ་གུ་རུ་ཤཱཀྱ་སེང་གེའམ་བློ་ལྡན་མཆོག་སྲེད་དུ་གྲགས། གསུམ་པ་སྦྲུལ་ཟླའི་ཚེས་བཅུར་ཟ་ཧོར་རྒྱལ་པོས་གསོན་བསྲེག་བགྱིས་པའི་ཚེ་མེ་དཔུང་མཚོ་རུ་བསྒྱུར་བའི་རྫུ་ [3a] འཕྲུལ་གྱིས་དད་པར་མཛད་ནས་རྒྱལ་ཁམས་ཆོས་ལ་བཀོད་ཅིང་ལྷ་ལྕམ་མནྡྷ་ར་བ་ལ་བསྟེན་ནས་རྡོ་རྗེའི་སྐུར་བཞེངས་པའི་ཚེ་འཆི་མེད་པདྨ་འབྱུང་གནས་སུ་གྲགས། བཞི་པ་རྟ་ཟླའི་ཚེས་བཅུར་ཨོ་རྒྱན་བདུད་བློན་རྣམས་ཀྱིས་ཡབ་ཡུམ་གསོན་བསྲེག་བགྱིས་པ་ན་མེ་དཔུང་མཚོ་རུ་བསྒྱུར་ཏེ་པད་སྡོང་རྩེར་ཡབ་ཡུམ་སྐུ་གཟི་མདངས་འབར་བཞིན་བཞུགས་པའི་རྫུ་འཕྲུལ་གྱིས་དད་པའི་གནས་ལ་བཀོད་དེ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒོ་ནས་རྒྱལ་ཁམས་སྨིན་གྲོལ་དུ་མཛད་པའི་ཚེ་གུ་རུ་པདྨ་བཛྲ་རྩལ་དུ་གྲགས། ལྔ་པ་ལུག་ཟླའི་ཚེས་བཅུར་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་པས་ནང་པའི་བསྟན་པ་ལ་ཤིན་ཏུ་འཚེ་བ་ན་མུ་སྟེགས་ལྷ་སྲུང་དང་བཅས་པ་རྫུ་འཕྲུལ་ཆེན་པོས་ཐལ་བར་བརླག་ནས་སངས་རྒྱས་བསྟན་པའི་རྒྱལ་མཚན་དགུང་དུ་སྒྲེང་བའི་ཚེ་གུ་རུ་སེང་གེ་སྒྲ་སྒྲོགས་སུ་གྲགས། བདུན་པ་བྱ་ཟླའི་ཚེས་བཅུར་ཟངས་གླིང་གི་མུ་སྟེགས་པས་གངྒཱའི་ཆུར་བསྐྱུར་བ་ན་ནམ་མཁའ་ལ་རྡོ་རྗེའི་གར་མཛད་ཅིང་ཆུ་བོ་གྱེན་དུ་བཟློག་པའི་རྫུ་འཕྲུལ་གྱིས་དད་ནས་རྒྱལ་ཁམས་ནང་པའི་བསྟན་པ་ལ་བཀོད་པའི་ཚེ་གུ་རུ་མཁའ་ལྡིང་རྩལ་དུ་གྲགས། བརྒྱད་པ་ཁྱི་ཟླའི་ཚེས་ [3b] བཅུར་མུ་སྟེགས་པའི་དུག་སྦྱོར་གྱིས་མ་ཚུགས་པར་བདུད་རྩིར་བསྒྱུར་ནས་གཟི་མདངས་སྔར་ལས་ལྷག་པར་རྒྱས་པའི་རྫུ་འཕྲུལ་གྱིས་དད་པར་མཛད་དེ་མུ་སྟེགས་འཁོར་བཅས་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་པའི་ཚེ་གུ་རུ་ཉི་མ་འོད་ཟེར་དུ་གྲགས། དགུ་པ་ཕག་ཟླའི་ཚེས་བཅུར་བལ་ཡུལ་ཡང་ལེ་ཤོད་དུ་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ནས་བལ་བོད་ཀྱི་ལྷ་འདྲེ་རྣམས་དམ་ལ་བཏགས་ཤིང་དཔལ་ཆེན་ཡང་དག་གི་སྒྲུབ་པ་མཛད་དེ་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་གྲུབ་པའི་ཚེ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྲགས། བཅུ་པ་བྱི་ཟླའི་ཚེས་བཅུར་བོད་ཡུལ་དབུས་སུ་བྱོན་ཏེ་བོད་ཀྱི་ལྷ་འདྲེ་མ་རུངས་པ་ཐམས་ཅད་བཏུལ་ནས་ཆོས་འཁོར་དཔལ་གྱི་བསམ་ཡས་བཞེངས་ཤིང་མདོ་སྔགས་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་ཏེ་སྐལ་ལྡན་རྗེ་འབངས་རྣམས་སྨིན་གྲོལ་དུ་མཛད་པའི་ཚེ་གུ་རུ་པདྨ་སམྦྷ་ཝར་གྲགས། བཅུ་གཅིག་པ་གླང་ཟླའི་ཚེས་བཅུར་མོན་གྱི་སྤ་གྲོ་སྟག་ཚང་སོགས་སུ་ཁྲོ་བོ་འཆོལ་བའི་སྐུར་བཞེངས་ནས་བོད་ཀྱི་གཞི་བདག་གཏེར་སྲུང་ཐམས་ཅད་འོག་ཏུ་བཅུག་སྟེ་གངས་ཅན་དབུས་ཀུན་ཏུ་ཆོས་ནོར་དམ་རྫས་ལ་སོགས་པའི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས་ཤིང་ [4a] བསྟན་ཞབས་གཏེར་གྱིས་སྐྱོང་བར་ལུང་བསྟན་ཞལ་གདམས་གནང་བའི་ཚེ་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་དུ་གྲགས་པ་སྟེ། དེ་ལྟར་དུས་ཆེན་ཚེས་བཅུ་སོ་སོར་དུས་མཆོད་བཟུང་བའི་དམིགས་བསལ་གྱི་ཕན་ཡོན་ཀྱང་གོང་གི་གོ་རིམ་བཞིན། ནད་གདོན་བགེགས་རིགས་ཞི་ཞིང་ཚེ་བསོད་དཔལ་འབྱོར་འཕེལ། ཡིད་བདེ་སྤོབས་པ་མྱུར་ཞིང་གཟི་བརྗིད་རྒྱས་པས་མི་དང་མི་མིན་དབང་དུ་འདུ། མངའ་ཐང་ལོངས་སྤྱོད་འཕེལ་ཞིང་གཞི་བདག་སྲུང་མས་བྲན་བཞིན་དུ་ཉན། འཆི་བདག་སྡེ་བརྒྱད་ཀྱི་གནོད་འཚེ་ཞི་ནས་ཚུལ་ཁྲིམས་རྣམ་པར་དག་ཅིང་ཤེས་རབ་ཕྱོགས་མེད་དུ་འབར། གཟའ་སྐར་ཕྱོགས་ངན་དགྲ་རྐུན་གྱི་གནོད་པས་མི་ཚུགས་ཤིང་གཞི་བྱེས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་འཕེལ། ས་བདག་ཀླུ་གཉན་གྱི་གནོད་པས་མི་ཚུགས་ཤིང་ཆོས་སྐྱོང་སྲུང་མས་ཅི་བཅོལ་བའི་ལས་སྒྲུབ། བར་ཆད་དགྲ་གདོན་གྱི་འཚེ་བ་ཞི་ཞིང་འདོད་དོན་དབང་དུ་འདུ། །གཅོང་ནད་སོགས་བྱང་ནས་ལུས་བདེ་སེམས་སྐྱིད་འཁོར་དང་ལོངས་སྤྱོད་འཕེལ་ཞིང་བསམ་པའི་དོན་འགྲུབ། ལོ་ཟླ་ཞག་དུས་ཀྱི་ཀེག་དང་ལྟས་ངན་སོགས་ཞི་ནས་དབང་ཐང་རླུང་རྟ་རྒུད་པ་སོར་ [4b] ཆུད། སྡེ་བརྒྱད་འབྱུང་པོའི་ནད་གདོན་དུས་མིན་འཆི་རྐྱེན་ཐམས་ཅད་ཞི་བ་དང་གཏད་སེལ་བྱད་ཁ་རྦོད་གཏོང་ལས་གྲོལ་ཏེ་རང་ལུས་རྡོ་རྗེར་འགྱུར། ཡུལ་དམ་པ་ལ་སྐུར་པ་བཏབ་པ་སོགས་སྡོམ་པ་གསུམ་གྱི་ཉེས་ལྟུང་དམ་ཚིག་ཆག་ཉམས་ཐམས་ཅད་བྱང་ནས་རང་རྒྱུད་དག །དུས་མ་ཡིན་པའི་འཆི་བ་སོགས་འཕྲལ་རྐྱེན་མི་འབྱུང་ཞིང་འཕོས་མ་ཐག་ཏུ་པདྨ་འོད་ཞིང་གུ་རུའི་དྲུང་དུ་སྐྱེ་བར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་དང་ལྡན་པར་མ་ཟད། ཚོགས་གསོག་གསོལ་འདེབས་ཀྱི་རིམ་པ་ལ་འབད་པས་དུས་སྐབས་ཁྱད་པར་ཅན་དུ་བསྔགས་པའི་ཚུལ་ཡང་། བླ་མ་གསང་འདུས་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང་། དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ མི་ཚེ་བླ་མ་སྒྲུབ་པ་ལ༔ བསྐྱལ་ན་ཚེ་ཡི་དུས་བྱས་ཚེ༔ ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ། ཞེས་དང་། རཏྣ་གླིང་པའི་གཏེར་ལུང་ལས། ཟླ་བ་ཚེས་བཅུ་ཤར་རེས་ཀྱི༔ ང་ཡི་བརྗེད་རྡོ་སུས་འཛིན་པ༔ དེ་དང་ང་ལ་འདུ་འབྲལ་མེད༔ བོད་ཀྱི་རྒྱལ་བློན་བུ་སློབ་ལ༔ བྱུང་ངོ་ཟླ་ [5a] བའི་ཚེས་བཅུ་ལ༔ ང་ཉིད་འབྱོན་པའི་དབུ་སྙུང་མཛད༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཞེས་དང་། ཞལ་གདམས་གསེར་ཕྲེང་ལས། ཁྱད་པར་དུས་ཆེན་ཚེས་བཅུར་ཨོ་རྒྱན་ང་༔ གངས་ཅན་བོད་ཡུལ་ས་སྟེང་ཁྱབ་པར་འོང་༔ ཉི་ཟླའི་ཟེར་དང་འཇའ་ཚོན་ཆར་རྡུལ་ལ༔ ཆིབས་ཏེ་མོས་པའི་བུ་ཡི་བར་ཆད་སེལ༔ ཇི་ལྟར་འདོད་པའི་དབང་བཞི་མི་བསྐུར་རེ༔ ཐ་ཚིག་ཡིན་ནོ་པདྨས་བསླུ་རེ་ཀན༔ ང་ལ་མོས་ན་ཚེས་བཅུའི་མཆོད་རྒྱུན་ཚུགས༔ བཀའ་བཞིན་བསྒྲུབས་པས་རྒྱལ་ཁམས་བདེ་ལ་འགོད༔ ཅེས་སོགས་བདེན་གསུང་རྡོ་རྗེའི་ཚིག་གིས་ལན་གཅིག་མ་ཡིན་པར་ཞལ་གྱིས་བཞེས་པ་ལ་ནམ་ཡང་བསླུ་བ་མེད་པས་ན་རྗེས་འཇུག་རྣམས་ཀྱིས་སྙིང་ནས་གཡར་དམ་བཟུང་སྟེ་རང་གཞན་འདི་གཏན་ཕན་བདེའི་དགའ་སྟོན་སྤེལ་བ་ལ་བརྩོན་པ་ཆེ་ཐང་དུ་བསྐྱེད་པར་རིགས་སོ། །དགེ་བསྐུལ་གཏམ་གྱི་ན་ཆུང་མཚར་སྡུག་ཅན། །དོན་བཟང་ལེགས་བཤད་མཆོར་སྒེག་ངོམ་བཞིན་དུ། །ཐད་འདོད་སྐྱེ་བོའི་མདུན་སར་ཆས་འདིས་ཀྱང་། །ཕན་བདེའི་དགའ་སྟོན་ཅི་ཡང་སྦྱིན་ [5b] གྱུར་ཅིག །ཅེས་པའང་པདྨའི་ཕོ་ཉ་ཕྱོགས་ཀུན་ཏུ་རྒྱུ་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ཞིང་བཀྲ་ཤིས།། །།གོང་གི་སྤྲེལ་ཟླའི་ངོས་འཛིན་འདི་བླ་མ་དགོངས་འདུས་ལྟར་བཀོད་པ་སྟེ། གཞན་ཡོངས་གྲགས་ཕུག་ལུགས་པས་ལྔ་པ་སྣྲོན་ཟླར་ངོས་འཛིན་མཛད་དོ།། །།