ཟས་ངན་ཐ་མ་ཁའི་ཉེས་དམིགས་མདོར་བསྡུས་ལོག་ལམ་གཡང་ལས་འབྱོལ་བའི་ལོང་ཁྲིད།

From Dudjom Wiki
DJYD-KABUM-24-YA-030
Wylie title zas ngan tha ma kha'i nyes dmigs mdor bsdus log lam g.yang las 'byol ba'i long khrid DJYD-KABUM-24-YA-030.pdf
Location bdud 'joms rin po che bka' 'bum
Volume 24, Text 30, Pages 365-370 (Folios 1a1 to 3b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zas ngan tha ma kha'i nyes dmigs mdor bsdus log lam g.yang las 'byol ba'i long khrid. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 365-370. Kalimpong: Dupjung Lama, 1979-1985.
Side notes Recto: tha ma kha'i nyes dmigs   Verso: sna tshogs skor
More details More details
Genre Discourses - gtam
Colophon

།ཅེས་པའང་མགོ་ལོག་གསེར་ཐང་འཇིགས་མེད་ཀྱི་ངོར་བཛྲ་ཛྙཱནས་བྲིས་པ་དགེ།

ces pa'ang mgo log gser thang 'jigs med kyi ngor badz+ra dz+nyAnas bris pa dge/

[edit]
༄༅། །ཟས་ངན་ཐ་མ་ཁའི་ཉེས་དམིགས་མདོར་བསྡུས་ལོག་ལམ་གཡང་ལས་འབྱོལ་བའི་ལོང་ཁྲིད་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །རིགས་འདུན་ཨོ་རྒྱན་ཆེན་པོ་ལ། །གུས་པས་མཆོག་གིས་ཉེར་བཏུད་ནས། ཐ་མ་ཁ་ཡི་ལོ་རྒྱུས་འཆད། །དེའང་སྔོན་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་སོང་བ་ན་རྒྱ་ནག་པོའི་ཡུལ་དུ་བདུད་རིགས་ཀྱི་བུད་མེད་གཅིག་སེམས་འདོད་ཆགས་ཀྱིས་མྱོས་ཏེ་འཆི་བར་ཉེ་བ་ན་འདི་སྐད་དུ། ངའི་ལུས་རྟེན་འདིས་འཛམ་གླིང་སེམས་ཅན་ཕལ་ཆེར་ངན་སོང་དུ་ཁྲིད་ནུས་པའི་སྨོན་ལམ་ཐེབས་ཡོད་པས། ངའི་ཕུང་པོ་འདི་མ་སྨས་པར་སྦས་ནས་ཞོག་དང་། ཇི་ཞིག་ན་མངལ་གྱི་ནང་ནས་མེ་ཏོག་གཞན་དང་མི་འདྲ་བ་ཞིག་སྐྱེས་ནས་འོང་། དེའི་དྲི་ཙམ་ཚོར་བས་ཀྱང་ལུས་སེམས་ལ་དགའ་བདེ་བསམ་གྱིས་མི་ཁྱབ་པ་ཕོ་མོའི་འཁྲིག་པ་སྤྱོད་པ་ལས་ལྷག་པའི་བདེ་བས་མྱོས་པ་འོང་། དེ་ཉིད་མང་དུ་འཕེལ་བས་མཐར་འཛམ་གླིང་སྐྱེ་བོ་ཕལ་ཆེར་གྱིས་དབང་མེད་དུ་ལོངས་སྤྱོད་པ་འབྱུང་ཞེས་སྨྲས་པ་བཞིན་བྱུང་བ་དེང་སང་གཡའ་ཕིང་དུ་གྲགས་པ་འདི་དང་། དེ་དང་ཆ་འདྲ་བའི་ [1b] ཁ་སྣའི་དུ་བ་འདི་རྣམས་ལ་བཀྲེས་སྐོམ་སེལ་ཞིང་རོ་ནུས་ཞིམ་མངར་དང་གཟུགས་སྟོབས་འཚོ་ཁམས་སོགས་ལ་ཕན་པའི་ཡོན་ཏན་སྣ་ཚོགས་གཅིག་མེད་པའི་སྟེང་དུ་རླུང་ཁྲག་བད་ཀན་གློ་ནད་སོགས་བསྐྱེད་པ་མངོན་སུམ་མཐུན་སྣང་དུ་གྲུབ་བཞིན་པ་ཡིན་ནའང་། དེང་སང་སྐྱེ་བོ་མཆོག་ཕལ་ཐམས་ཅད་འདི་ལ་དགའ་གདུང་དབང་མེད་དུ་སྐྱེ་ཞིང་ནམ་ཡང་ངོམ་མེད་ལོངས་སུ་སྤྱོད་པ་ནི་བདུད་མོའི་སྨོན་ལམ་གྱི་འབྲས་བུ་དུས་སུ་སྨིན་པར་ངེས་པའི་ཚུལ། ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ དམ་སྲི་སྤུན་དགུ་དམ་ལ་བཞག་པའི་ཚེ༔ སྤུན་དགུའི་ཐ་ཆུང་ཉིད་ཀྱིས་འདི་སྨྲས་སོ༔ སྤུན་རྣམས་མྱ་ངན་མ་བྱེད་གཏམ་ལ་ཉོན༔ ང་ནི་རྒྱ་ཡུལ་ཐ་མ་ཁ་རུ་སྤྲུལ༔ དུག་གི་མིང་ནི་ཧ་ལ་ནག་པོ་ཟེར༔ བོད་ཀྱི་མཐའ་ཁོབ་རྣམས་སུ་སྐྱེས་ནས་ཡོང་༔ མཐའ་མི་རྣམས་ཀྱིས་དབུས་སུ་ཁྱེར་ནས་ཡོང་༔ བོད་འབངས་བདེ་སྐྱིད་ལོངས་སྤྱོད་དེ་ལ་བྱེད༔ དེ་ཡི་སྟོབས་ཀྱིས་དུག་ལྔ་རགས་ཤིང་རྒྱས། དགེ་བཅུ་སྤངས་ནས་མི་དགེ་བཅུ་ལ་སྤྱོད༔ བསྟན་འཛིན་སྐུ་ཚེ་མི་བརྟན་ཞིང་དུ་གཤེགས༔ དུག་གི་དུ་བ་ས་ཡི་འོག་ཏུ་སོང་༔ [2a] ཀླུ་ཡི་གྲོང་ཁྱེར་ཆེན་པོ་འབུམ་ཚོ་འཇིག༔ ཆར་ཆུ་མི་འབེབས་ལོ་ཕྱུགས་མི་ལེགས་ཤིང་༔ ནང་འཁྲུགས་རིམས་ངན་མི་འདོད་སྣ་ཚོགས་འབྱུང་༔ དུག་གི་དུ་བ་ནམ་མཁའི་མཐོངས་སུ་སོང་༔ དེ་ཡི་སྟོབས་ཀྱིས་ལྷ་ཡི་གྲོང་ཁྱེར་འཇིག༔ གཟའ་འཛིན་དུས་ལོག་སྐར་མ་རྟགས་ཅན་ཤར༔ འཐུང་བའི་མི་དེའི་བྱང་ཆུབ་སེམས་རྩ་སྐམ༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ལྡང་བར་བྱེད༔ འཐུང་བས་ཤི་ཚད་ངན་སོང་གསུམ་དུ་སྐྱེ༔ ཁ་རླངས་ཕོག་ཚད་དྲི་ཡིས་ཚོར་ཚད་ཀྱང་༔ སྐྱེ་བོ་འབུམ་ཕྲག་དྲུག་ཅུའི་སྙིང་འབྱིན་མཚུངས༔ ཞེས་དང་། སངས་རྒྱས་གླིང་པའི་གཏེར་ལུས་ལས། སྙིགས་མའི་དུས་འདིར་སྤྱོད་ངན་སྣ་ཚོགས་བྱེད༔ ཁྱད་པར་ཁ་ཟས་རོ་ལྡན་མི་བརྟེན་པར༔ མཐའ་ཟས་དྲི་ངན་དུག་ཅན་ཟས་སུ་སྤྱོད༔ ནམ་ཡང་ངོམས་མེད་སྲེད་པ་ཆེས་ཆེར་འཕེལ༔ བྱ་བའི་འཕྲོ་བསྒྱུར་དུག་ལ་དམར་འཇུས་བྱེད༔ ཁ་ཆུ་སྣ་ཆུ་མི་ཐུབ་བཀྲག་མདངས་ཉམས༔ ཞེས་དང་། རྒོད་ལྡེམ་ལུང་བྱང་དུ། དུས་ངན་ཐ་མར་དྲི་ཟའི་ཟས༔ ཧ་སྐྱུགས་ངན་པ་ཟས་སུ་ཟ༔ དྲི་ཚོར་ཙམ་གྱིས་ [2b] མནར་མེད་འགྲོ༔ དེ་ཕྱིར་ད་ལྟ་སྤང་བ་གཅེས༔ ཞེས་དང་། བདུད་འདུལ་གཏེར་ལུང་ལས། སྔོ་དེའི་དུ་བ་ཁ་རུ་སོང་༔ ཕྱེ་མ་སྣ་རུ་བླུགས་པ་ཡིས༔ བན་བཙུན་ཕོ་མོ་དེ་ལ་འདུས༔ དམ་ཉམས་ཚོགས་ཀྱིས་ལུང་པ་ཁེངས༔ བདུད་ཀྱིས་བསླུས་པའི་རྟགས་སུ་ནི༔ འདོད་ཆགས་སེམས་ནི་ཡང་ཡང་སྐྱེ༔ བསོད་ནམས་ཟད་པའི་རྟགས་སུ་ནི༔ མིག་ནས་མཆི་མ་དབང་མེད་འཆོར༔ ཞེས་དང་། ཀློང་གསལ་ལུང་བྱང་དུ། ཟས་ངན་དུ་རུ་ཁ་ལ་སྤྱོད་པའི་དུས༔ བློ་གཏད་གྲོགས་པོས་ཟས་ཀྱིས་ཀུམ་པ་འབྱུང་༔ ཞེས་དང་། ཐུགས་མཆོག་རྡོ་རྗེའི་གཏེར་ལུང་ལས། སྐྱེ་འགྲོ་ཕལ་ཆེར་དུག་ལྔ་རྩལ་ཧྲག་པས༔ ཆགས་སྡང་འཐབ་རྩོད་སྡུག་བསྔལ་མེ་ལྟར་འབར༔ དགེ་བཅུའི་ཆོས་བོར་མི་དགེ་རླུང་ལྟར་འཚུབས༔ བཟང་སྤྱོད་ཀུན་བོར་ལོག་སྤྱོད་སྣ་དགུ་དར༔ སྐྱོབས་པའི་ལྷ་གཡེལ་བདུད་འགོང་ཁ་དར་བས༔ དུས་ངན་ཐ་མའི་ཁ་ཟས་དུ་བ་རྔུབ༔ ཤེས་རབ་རྩ་འགག་ཉོན་མོངས་ལས་རླུང་རྒྱས༔ དབུ་མ་འགགས་པས་རང་རིག་གསལ་མདངས་ནུས༔ བསོད་ནམས་མར་འགྲིབ་སྲིད་པ་ཐམས་ཅད་ [3a] འཁྲུགས༔ བྱིན་ལྡན་རྟེན་ཉམས་ལྟ་ལོག་ཆོས་ལོག་དར༔ ལྷ་སྲུང་གྱེས་ཤིང་རི་རབ་ནང་དུ་གཟིགས༔ མཐའ་མི་དབུས་ལྷག་དབུས་མི་མཐའ་ལ་འཁྱམས༔ བདུད་རིགས་བསྟན་དར་འཛམ་གླིང་དམྱལ་ཐག་གཅོད༔ ཅེས་དང་། འགྲོ་འདུལ་གླིང་པའི་ལུང་བྱང་ལས། སྲིན་མོའི་ཁྲག་ཐིག་རྩ་སོག་ལོ་མ་དེའི༔ དྲི་ཙམ་འཐུང་བ་རྡོ་རྗེའི་དམྱལ་བར་འགྲོ༔ ཞེས་དང་། མ་གཅིག་ལབ་སྒྲོན་ལུང་བསྟན་ལས། དུས་ཀྱི་ཐ་མ་རྩོད་ལྡན་དུས༔ དུག་ལྔ་ཚང་བའི་ཁ་ཟས་ཤིག༔ བྱུང་ནི་ནག་པོ་རྒྱ་ནས་བྱུང༔ དར་ནི་ཧོར་གྱི་ཡུལ་དུ་དར༔ ཟས་ནི་བོད་ཁམས་འགྲོ་བའི་ཟས༔ དེ་ཡི་དབང་གིས་འཛམ་གླིང་འདིར༔ ཆར་ཆུ་མི་སྙོམས་སད་སེར་ལྡང་༔ སྒོམ་སྒྲུབ་བྱེད་པས་འདི་ཟོས་ན༔ བསྐལ་པ་བརྒྱར་ཡང་ལྷ་མི་འགྲུབ༔ ཕྱི་མར་ངན་སོང་གཏན་འཁྱམས་བྱེད༔ མཆོག་གསུམ་ཐུགས་རྗེས་སྐྱོབ་མི་ནུས༔ ཞེས་སོགས་ལུང་མཐའ་ཡས་པ་འབྱུང་ཞིང་། གསར་རྙིང་མཁས་གྲུབ་གོང་མ་རྣམས་ཀྱིས་ཆེད་དུ་བཀག་པའི་གསུང་མང་དུ་སྣང་བ་བཞིན། ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་གིས་ནམ་ཡང་ [3b] བསླུ་བ་མེད་པས་ན། སྔོ་ལྡུམ་གྱི་དུ་བ་ཞིག་ལ་འདི་ཙམ་གྱི་ཉེས་དམིགས་ཡོད་པ་གལ་སྲིད་སྙམ་པའི་ལོག་ལྟ་གཏན་ནས་བྱེད་མི་རུང་སྟེ། བཙན་དུག་ཀྱང་སྔ་ལྡུམ་གྱི་བྱེ་བྲག་གཅིག་ཡིན་པའི་ཕྱིར་དེ་ཅུང་ཟད་ཟས་པས་ཀྱང་འཚོ་བའི་སྲོག་གཅོད་ནུས་པ་ལ་གཞིག་ན། བདུད་མོས་སྨོན་ལོག་གི་འབྲས་བུས་ཐར་པའི་སྲོག་ཅི་ལ་གཅོད་མི་ནུས། དེས་ན་ཤེས་ལྡན་གྱི་གང་ཟག་རྣམས་ནས་ཚུལ་འདི་ཅི་ནུས་སུ་སྤང་བར་བྱས་ན་རང་དྲིན་རང་ལ་ཆེ་བར་ངེས་པ་ཡིན་ནོ། །འདིས་ཀྱང་དད་ལྡན་ཤེས་ལྡན་དགའ། །ལམ་ལོག་གཡང་ལས་ཕྱིར་ལྡོག་སྟེ། །ཐར་པ་བདེ་བའི་དགའ་ཚལ་དུ། །དབུགས་འབྱིན་སྐལ་བཟང་ཐོབ་བྱེད་ཤོག །ཅེས་པའང་མགོ་ལོག་གསེར་ཐང་འཇིགས་མེད་ཀྱི་ངོར་བཛྲ་ཛྙཱནས་བྲིས་པ་དགེ། །།