གོང་ས་སྐྱབས་མགོན་ཆེན་པོ་རྒྱལ་དབང་བསྟན་འཛིན་རྒྱ་མཚོར་སྔ་འགྱུར་རྙིང་མ་བས་བརྟན་བཞུགས་འབུལ་སྐབས་ཀྱི་མཎྜལ་བཤད་པ་ཞིང་ཁམས་ཀུན་ཏུ་ཁྱབ་པའི་དབྱངས་སྙན།

From Dudjom Wiki
DJYD-KABUM-24-YA-038
Wylie title gong sa skyabs mgon chen po rgyal dbang bstan 'dzin rgya mtshor snga 'gyur rnying ma bas brtan bzhugs 'bul skabs kyi maN+Dal bshad pa zhing khams kun tu khyab pa'i dbyangs snyan DJYD-KABUM-24-YA-038.pdf
Location bdud 'joms rin po che bka' 'bum
Volume 24, Text 38, Pages 421-443 (Folios 1a1 to 12a6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Gong sa skyabs mgon chen po rgyal dbang bstan 'dzin rgya mtshor snga 'gyur rnying ma bas brtan bzhugs 'bul skabs kyi maN+Dal bshad pa zhing khams kun tu khyab pa'i dbyangs snyan. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 421-443. Kalimpong: Dupjung Lama, 1979-1985.
Side notes Recto: maN+Dal bshad pa   Verso: sna tshogs skor
More details More details
Genre Explanation of Maṇḍalas - maN+Dal bshad pa
[edit]
༄༅། །གོང་ས་སྐྱབས་མགོན་ཆེན་པོ་རྒྱལ་དབང་བསྟན་འཛིན་རྒྱ་མཚོར་སྔ་འགྱུར་རྙིང་མ་བས་བརྟན་བཞུགས་འབུལ་སྐབས་ཀྱི་མཎྜལ་བཤད་པ་ཞིང་ཁམས་ཀུན་ཏུ་ཁྱབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །


༄༅། །འགྲོ་བ་ཐམས་ཅད་ཀྱི་འདྲེན་པ་གཅིག་པུ། ལྷར་བཅས་སྐྱེ་རྒུ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་མཆོག །ལྷག་པར་གངས་ཅན་སྐྱེ་འགྲོ་ཐམས་ཅད་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་དེང་འདིར་སྡོམ་བརྩོན་རྒྱལ་པོའི་རྣམ་རོལ་དུ་བསམ་བཞིན་བཞེངས་པ་གང་ཉིད་ཀྱི་མཚན་ནས་སྨོས་པར་དཀའ་ཡང་དགོས་པ་དོན་ལྡན་དུ་བགྱི་བའི་སླད་དུ་མཚན་ནས་སྨོས་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་ཆེན་པོ་ཉིད་སྔོན་བསྐལ་པ་དཔག་ཏུ་མེད་པ་ནས་ [2a] ཨོཾ་དགེ་ལེགས་སུ་གྱུར་ཅིག །རབ་དཀར་སྲིད་ཞིའི་དགེ་ལེགས་གངྒཱའི་བྱེ་མ་སྙེད། །གང་གི་མཚན་ཙམ་སྐད་ཅིག་དྲན་པས་ཡིད་བཞིན་འཇོ། །རིན་ཆེན་རྣམ་གསུམ་གཅིག་དངོས་འཕགས་མཆོག་འཇིག་རྟེན་དབང་། །ཁྱོད་ཞབས་པདྨོ་གཙུག་ཏུ་བསྙེན་ནོ་ཤིས་པ་སྩོལ། །ཞེས་མངོན་པར་བསྟོད་ཅིང་ཤིས་པ་བརྗོད་པས་མདུན་ལམ་ཡངས་པའི་གོ་ཕྱེས་ཏེ། དེའང་སྐབས་སུ་བབ་པ་གང་ཞིག་གསོལ་བ་འདེབས་པའི་དོན་གྱི་སྙིང་པོ་ནི། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས། བསྐལ་བཟང་སངས་རྒྱས་སྟོང་གི་ཕྲིན་ལས་པ། སྙིགས་དུས་ [2b] ཐུགས་བསྐྱེད་སྨོན་ལམ་ཆེན་པོའི་རྒྱུ་དང་སྙིགས་མ་ལྔ་བདོའི་སེམས་ཅན་རྣམས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་ཉེར་ལེན་གྱི་རྐྱེན་དང་ཉེ་པར་འབྲེལ་བའི་གསང་གསུམ་སྒྱུ་འཕྲུལ་རྣམ་པར་བཀོད་པ་འདི་ཉིད་ནམ་ཡང་མི་ཤིགས་རྡོ་རྗེའི་ཆོས་སུ་བརྟན་ཅིང་ཟབ་རྒྱའི་ཆོས་ཀྱི་འཁོར་ལོ་དུས་ཆད་པ་མེད་པར་བསྐོར་བར་བསྐུལ་ཞིང་གསོལ་བ་འདེབས་པའི་ཐོག་མར་མགོན་པོ་ཉིད་ཀྱི་སྐུ་ཆེ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་རྣམ་པར་ཐར་པའི་ཆ་ཤས་སྐྲ་རྩེས་བླངས་པའི་ཆུ་ཐིག་ཙམ་ཡིད་གུས་པ་ཆེན་པོས་མངོན་པར་གླེང་བ་ལ་སྤྲོ་བའི་བློ་ཡོངས་སུ་ཕྱོགས་པར་གྱུར་ཏེ། །དེ་ཡང་ཇི་སྐད་དུ། ཡབ་སྲས་མཇལ་བའི་མདོ་ལས། །དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །སེམས་ཅན་ཡོངས་སུ་སྨོན་བྱའི་ཕྱིར། །ད་དུང་དུ་ཡང་འདྲེན་པ་ཁྱེད། །སངས་རྒྱས་མང་པོར་སྟོན་པར་མཛད། །ཅེས་གསུངས་པ་ལྟར་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཐུགས་རྗེའི་འཇུག་པ་ནི་སེམས་ཅན་གྱི་ཁམས་རྒྱ་མཚོ་དང་ཉེ་བར་འབྲེལ་ཏེ། སྐུ་བསོད་ནམས་ཆེན་པོས་འདུལ་བ། གསུང་ཆོས་ཀྱི་སྒོ་མོས་འདུལ་བ། ཐུགས་མངོན་པར་ཤེས་པས་འདུལ་། ཡོན་ཏན་དང་ཕྲིན་ལས་བསམ་ [3a] གྱིས་མི་ཁྱབ་པས་འདུལ་བ་སྟེ་འདུལ་བ་བཞིའི་ཆོ་འཕྲུལ་ཆེན་པོ་དུས་རྟག་པ་རྒྱུན་མ་འཆད་པར་ནམ་མཁའ་ཇི་སྲིད་དུ་མཛད་པ་ནི་ཆོས་ཉིད་དེ། སྐྱེས་རབས་ལས། ཟླ་བས་ཀུན་དགའ་ཉི་མས་རབ་གསལ་དང་། །མེ་ཡིས་ཚ་བ་རླུང་གིས་མགྱོགས་པ་དང་། །སྙིང་རྗེས་དགའ་བ་སྐྱེ་བ་ཆེ་རྣམས་ཀྱིས། །གཞན་ལ་ཕན་པ་ལྷན་སྐྱེས་རང་བཞིན་ཡིན། །ཞེས་དང་། རྒྱ་མཚོ་ཆུ་ན་གནས་ཀྱི་རླབས། །དུས་ལ་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་སོགས་གསུངས་པ་ནི་ངེས་པ་ཁོ་ན་ཡིན་ཏེ། སྤྱིར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་ཆེ་བའི་ཡོན་ཏན་ནི་རང་ཅག་སོ་སྐྱེ་བོས་མཐོང་ཞིང་རྟོགས་པར་ཡང་མི་ནུས་ན་ཚད་འཛིན་པར་ཅི་ཞིག་ནུས་ལ། ཁྱད་པར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་ཐར་པ་ནི་རྫོགས་པའི་སངས་རྒྱས་ཀྱིས་རྡོ་རྗེའི་ལྗགས་ཀྱིས་བསྐལ་པ་བརྒྱར་ཡང་བརྗོད་པར་མི་ལང་བར་གསུངས་ན། འོ་སྐོལ་ཚུར་མཐོང་གི་བློས་དེའི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་གྱི་ཚད་ཀྱང་ཅི་ཞིག་རྟོགས་པར་ནུས་ཏེ་བསམ་ [3b] གྱིས་མི་ཁྱབ་པའི་ཆོས་ཉིད་མོད་ཀྱི། འོན་ཏེ་འདི་སྐབས་སུ་རང་ཅག་རྣམས་ལ་བཀའ་དྲིན་མཛད་ཚུལ་ཆེ་ལོང་ཙམ་ཞིག་གསོལ་ན། འཕགས་མཆོག་ཐུགས་རྗེའི་བདག་པོ་དེ་ཉིད་ཡེ་ཐོག་དང་པོ་ནས་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་མཛད་ཀྱང་གདུལ་བྱའི་དོན་དུ་ས་བཅུའི་བྱང་སེམས་ཀྱི་ཚུལ་དུ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་རྗེའི་འོད་ཟེར་ལས་སྤྲུལ་ཏེ་བདེ་བ་ཅན་གྱི་ཞིང་ཁམས་ལྷོ་ནུབ་འོ་མ་ཅན་གྱི་མཚོའི་མེ་ཏོག་པདྨའི་སྙིང་པོ་ལས་སྐུ་བལྟམས་ཤིང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་བཟང་པོ་མཆོག་གིས་སྲས་ཀྱི་སྐལ་པར་སྤྱན་དྲངས་ཏེ་བཞུགས་ནས་གདུལ་བྱ་རྣམས་བྱང་ཆུབ་ལ་བཀོད། །དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སྤྱན་སྔར་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ་ཇི་སྲིད་འཁོར་བ་གཏན་སྟོངས་སུ་མ་གྱུར་གྱི་བར་དེ་སྲིད་ནམ་དུའང་འཁོར་བའི་སེམས་ཅན་རེ་རེའི་མདུན་དུ་ཡང་གང་འདུལ་གྱི་སྤྲུལ་པ་དང་ཕྲིན་ལས་རྒྱུན་མི་གཅོད་པར་དམ་བཅས་ཏེ། གལ་ཏེ་རང་ཉིད་ཞི་བདེའི་བསམ་པ་རྡུལ་ཆ་ཕྲ་མོ་ཙམ་སྐྱེས་པར་གྱུར་ན་བདག་གི་མགོ་པོ་ཨ་རྫ་ཀའི་རྡོག་པོ་ལྟར་ཚལ་པ་བཅུར་གས་ཤིང་། ལུས་ཀྱང་དུམ་དུ་སྟོང་དུ་བྱེ་བར་གྱུར་ཅིག །ཅེས་དམོད་བོར་ཏེ་སེམས་ཅན་གྱི་དོན་མཛད་ [4a] ནས་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་ཐེབས་ལན་དྲུག་ཏུ་མཛད་ཀྱང་ལས་ངན་གྱིས་སེམས་ཅན་ཉུང་ངུ་ཅུང་ཟད་ཀྱང་མ་སོང་བར་གཟིགས་པ་ན་ཐུགས་ངལ་ཞིང་སྐྱོ་བའི་རྣམ་པ་ཕྲ་མོ་ཞིག་ཤར་མ་ཐག་སྔར་གྱི་དམོད་པའི་མཐུས་དབུ་ཚལ་པ་བཅུ་དང་སྐུ་ལུས་དུམ་བུ་སྟོང་དུ་འཐོར་བར་གྱུར་པ་སངས་རྒྱས་འོད་དཔག་ཏུ་མེད་པས་སྐད་ཅིག་དེ་ཉིད་ལ་དབུའི་ཚལ་པ་རྣམས་ཞི་རྒྱས་དབང་དྲག་གི་ཞལ་བཅུ་དང་སྐུ་ལུས་དུམ་བུ་རྣམས་ཐུགས་རྗེའི་ཕྱག་སྟོང་དུ་བྱིན་གྱིས་བརླབས་ཤིང་ནམ་དུ་ཡང་སེམས་ཅན་གྱི་དོན་ལ་སྐྱོ་དུབ་མི་མཛད་པར་བཀའ་སྩལ་ཞིང་དབུགས་ཕྱུངས། འཕགས་མ་སྒྲོལ་མ་དཀར་སྔོན་གཉིས་ཀྱིས་ཀྱང་འགྲོ་དོན་གྱི་གྲོགས་བགྱི་བར་ཞལ་གྱིས་བཞེས། །འོད་དཔག་མེད་ཉིད་འཕགས་པའི་དབུ་བཅུའི་རྩེ་མོར་རིགས་ཀྱི་བདག་པོར་འབྲལ་བ་མེད་པར་བཞུགས་པར་བསྟན་ཞིང་། སླར་ཡང་འཕགས་པ་ཉིད་ཀྱིས་ཀྱང་ཐུགས་བསྐྱེད་ཀྱི་སྟོབས་དང་གོ་ཆ་ཆེར་བཞེས་ནས་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཁྲི་བཞི་སྟོང་གི་སྤྱན་སྔར་འགྲོ་བའི་དོན་དུ་སྨོན་ལམ་རླབས་པོ་ཆེ་བརྒྱ་རྩ་བརྒྱད་བཏབ་ཅིང་དམ་བཅས། སངས་རྒྱས་དེ་དག་ཐམས་ཅད་ཀྱིས་ཀྱང་ཐུགས་རྗེ་བྱིན་རླབས་ཀྱི་ནུས་པ་རྨད་དུ་བྱུང་བས་འགྲོ་བའི་དོན་ [4b] སྤྱོད་པར་དབང་བསྐུར་ཞིང་མངའ་གསོལ་ཏེ། འཕགས་པའི་ཕྱག་སྟོང་ལས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྟོང་དུ་སྤྲུལ་ནས་གདུལ་བྱ་རྣམས་ལ་མངོན་མཐོའི་དགེ་བདེ་སྩོལ་ཞིང་། ཕྱག་རེ་རེའི་མཐིལ་དུ་ཡེ་ཤེས་ཀྱི་སྤྱན་སྟོང་ལས་བསྐལ་བཟང་གི་སངས་རྒྱས་སྟོང་དུ་སྤྲུལ་པས་མངོན་མཐོ་ངེས་ལེགས་བྱང་ཆུབ་ཏུ་སྤོར་བར་མཛད་པ་སོགས་ཀྱི་མཛད་ཕྲིན་ནམ་མཁའ་རབ་འབྱམས་ཀྱི་ཕ་མཐར་སོན་པའི་ཚད་ནི་སུ་ཞིག་གིས་འཛིན། སྟོང་གསུམ་བྱེ་བ་ཕྲག་བརྒྱར་མ་དག་རིགས་དྲུག་གི་གནས་རྣམས་སུ་ཡང་འགྲོ་འདུལ་གྱི་ཐུབ་ཆེན་དྲུག་སོགས་གདུལ་བྱའི་སྐལ་སྣོད་ཐ་དད་ལ་འདུལ་བྱེད་ཀྱི་སྤྲུལ་བསྒྱུར་གང་འཚམས་པའི་སྐུ་དང་ཐབས་དང་མཛད་ཕྲིན་རྒྱ་མཚོ་སྲིད་མཐའ་ཇི་སྙེད་པའི་ཡུན་གནས་དེ་སྙེད་དུ་ཐུགས་རྗེ་མི་ཟད་པའི་རླབས་ཀྱིས་ཁྱབ་པ་ནི་རྟག་པ་རྒྱུན་གྱི་ཕྲིན་ལས་ཡིན་མོད་ཀྱི། དེ་ལས་ཁྱད་པར་དུ་འོ་སྐོལ་བོད་ཡུལ་མཐའ་འཁོབ་གངས་ཅན་གྱི་འགྲོ་ལ་ལྷག་པར་བརྩེ་བས་གཟིགས་ཚུལ་ཡང་། སྔོན་ཐུབ་པ་ཆེན་པོ་ཉིད་སྐུ་མྱ་ངན་ལས་འདས་ཚུལ་སྟོན་པར་མཛད་ལ་ཉེ་བའི་ཚེ། འཕགས་པ་སྤྱན་རས་གཟིགས་ཀྱིས་ཆེད་དུ་གསོལ་བ་བཏབ་སྟེ། རྒྱལ་བ་ཉིད་རེ་ཞིག་འཇིག་རྟེན་གྱི་ཁམས་འདིའི་གདུལ་བར་ [5a] བྱ་བའི་ཡུལ་དང་མཛད་པ་མཐའ་དག་རྫོགས་པ་དེ་ལྟར་ལགས་ན། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་ནི་འདྲེ་སྲིན་གདུག་པས་དབང་བྱས་ཤིང་ཉིད་ཀྱིས་ཞབས་ཀྱིས་མ་བཅགས་ཞལ་གྱིས་མ་གཟིགས་ཆོས་ཀྱིས་མ་བཏུལ་ལགས་ཀྱི། གདུལ་ཞིང་དེ་དག་བརྩེ་བས་འཐུལ་བར་མ་མཛད་ཀྱི་བར་དུ་སྐུ་མྱ་ངན་ལ་མི་འདའ་བར་གསོལ་ཞེས་ཞབས་ཀྱི་པདྨོ་ལ་གཙུག་གི་ཅོད་པན་བཏུད་དེ་གསོལ་བ་ལས། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུ་སྤྲོས་ཏེ་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་ཁམས་འདི་དག་ཐམས་ཅད་ཁྱབ་ཅིང་སྣང་བར་མཛད་དེ་བྱིན་གྱིས་བརླབས་ནས་འོད་ཟེར་སླར་འདུས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་དབུའི་གཙུག་ཏུ་བསྟིམ་པར་མཛད་ཅིང་། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ཁྱེད་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཡུལ་ཁམས་དེ་དག་བདག་གིས་བྱིན་གྱིས་བརླབས་ཟིན་གྱི། འོན་ཀྱང་ཞིང་དེའི་འདུལ་སྐལ་དུ་གྱུར་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཉིད་ཁོ་ནས་འདུལ་བར་གྱུར་ཏེ། ཅིའི་ཕྱིར་ན། འོད་དཔག་ཏུ་མེད་པ་ལ་སོགས་བདག་ཅག་དེ་བཞིན་ [5b] གཤེགས་པ་བྱེ་བ་ཕྲག་བརྒྱད་ཁྲི་བཞི་སྟོང་མ་ལུས་པའི་ཐུགས་རྗེས་ནུས་པ་ཁྱོད་ལ་སྤུངས་པར་མཛད་པའི་བྱིན་རླབས་དང་། ཁྱེད་ཀྱི་ལྷག་པའི་བསམ་པ་རྒྱ་ཆེན་པོས་དམ་བཅས་ཤིང་བདེན་ཚིག་སྨོན་ལམ་རླབས་པོ་ཆེའི་མཐུ་ནུས་ཀྱིས། རྒྱལ་བ་སྲས་བཅས་གང་གིས་ཀྱང་མ་ཐུལ་བའི་མཐའ་འཁོབ་ཀྱི་འགྲོ་བ་དེ་དག་ཁྱོད་ཀྱིས་ཐུལ་བར་འགྱུར་ལ། བདག་གི་ཐུགས་རྗེ་ལས་སྤྲུལ་པའི་བརྫུས་སྐྱེས་པདྨའི་རིགས་འཆང་ཚེ་ལ་དབང་བའི་རིག་འཛིན་ཞིག་གིས་ཀྱང་ཁྱོད་ཀྱི་ཕྲིན་ལས་རྒྱ་ཆེར་སྒྲུབ་པར་འགྱུར་རོ། །ཞེས་སོགས་ལུང་བསྟན་རྗེས་སུ་གནང་བར་མཛད་པ་བཞིན། འཕགས་པས་ཀྱང་བོད་ཡུལ་ཁ་བ་ཅན་གྱི་ལྗོངས་འདི་གདུལ་བྱའི་ཞིང་དུ་བདག་གིར་མཛད་དེ། དང་པོར་འཕགས་པ་ཡབ་ཡུམ་གྱི་སྤྲུལ་པ་སྤྲེའུ་བྲག་སྲིན་གཉིས་ཀྱིས་མིའི་ས་བོན་བསྐྲུན་ཞིང་ཐེག་ཆེན་གསང་སྔགས་ཀྱི་སྣོད་དང་རིགས་སུ་ངེས་པར་མཛད། བར་དུ་སྐྱེ་འགྲོའི་འདོད་དགུ་འབྱུང་ཕྱིར་འབྲུ་སྣ་ལྔའི་ལོ་ཐོག །རིན་ཆེན་ལྔའི་གཏེར་ཁུངས། རྩི་བཅུད་སྨན་གྱི་རྣམ་གྲངས་དང་། ས་རྡོ་ཆུ་ཤིང་ཡན་ཆོད་ཀྱི་དགོས་རྒུ་ཚང་ཞིང་འདོད་རྒུ་འབྱུང་བའི་ཡུལ་དུ་བྱིན་གྱིས་བརླབས་ནས། ཕྱོགས་མཐའ་བཞིའི་ལོངས་སྤྱོད་ [6a] ཀྱི་ནོར་སྣ་མཐའ་དག་ཀྱང་བོད་དུ་འདུ་བའི་རྟེན་འབྲེལ་འགྲིགས་ཏེ་དབུལ་འཕོང་གི་སྡུག་བསྔལ་བསལ། མཐར་མི་ཡུལ་གྱི་གཞི་ཐེངས་ཚེ་སྤྲུལ་པའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ། གནམ་ལ་ཁྲི་བདུན། ས་ལ་ལེགས་དྲུག །བར་ལ་ལྡེ་བརྒྱད། ལོགས་ལ་བཙན་ལྔ། སྟོད་ཀྱི་སྟེངས་གཉིས་ལ་སོགས་སུ་གྲགས་པའི་སྤྲུལ་པའི་རྒྱལ་བརྒྱུད་མུ་ཏིག་གི་ཕྲེང་བ་ལྟ་བུར་བྱོན་པ་རྣམས་ཀྱིས་བོད་ཡུལ་གྱི་སྐྱེ་འགྲོ་བླུན་རྨོངས་བྱོལ་སོང་ལྟ་བུ་རྣམས་ལ་མ་བསྐྱེད་པའི་ཡབ་དང་མ་འདྲིས་པའི་བཤེས་སུ་གྱུར་ཏེ་བླང་དོར་གྱི་བློ་མིག་ཕྱེས་ཤིང་མགོན་མེད་ཀྱི་མགོན་དུ་བྱུང་བ་དེ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དྲིན་འབའི་ཞིག་ལགས་ལ། དེ་ནས་རིམ་གྱིས་བོད་ཀྱི་སེམས་ཅན་རྣམས་དམ་པའི་ཆོས་ཀྱིས་འདུལ་བའི་སྐལ་པ་ཅན་དུ་གྱུར་ལ་ཉེ་བ་ན། སྤྲུལ་པའི་རྒྱལ་པོ་ཐོ་ཐོ་རིའི་དུས་སུ་ཐུགས་དམ་གཉན་པོ་གསང་བར་གྲགས་པའི་སྐུ་གསུང་ཐུགས་རྟེན་ངོ་མཚར་ཅན་རྣམས་འཕགས་པའི་རྫུ་འཕྲུལ་གྱིས་ནམ་མཁའ་ནས་མཁར་གྱི་རྩེར་བབས་པའི་བྱིན་རླབས་རྟེན་འབྲེལ་ལས་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་གདུང་རབས་ལྔ་ན་ [6b] བོད་ཀྱི་གདུལ་བྱའི་བསོད་ནམས་ཀྱི་རྫིང་དུ་ཡོངས་ས་གང་བའི་སྐལ་ངོར། འཕགས་པ་སྤྱན་རས་གཟིགས་དབང་ཉིད་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་མཚན་གྱི་མེ་ཏོག་དང་དཔེ་བྱད་ཀྱི་འབྲས་བུར་འཛོམ་པའི་དབུའི་གཙུག་ཏུ་རིགས་བདག་འོད་དཔག་མེད་དང་བཅས་པའི་ངོ་མཚར་གཟུགས་སྐུའི་བཀོད་པ་མངོན་སུམ་དུ་བསྟན་ནས། མཐའ་འཁོབ་བོད་ཀྱི་གདུལ་བྱ་རྣམས་ལ་དང་པོར་དགེ་བ་བཅུའི་ཁྲིམས་བཙུགས་ཏེ་སྒོ་གསུམ་བག་ཡོད་དུ་བསྒྲུབ་ཅིང་ངོ་མཚར་ཡི་གེའི་རྒྱུན་སྤེལ། བར་དུ་མི་དང་མི་མ་ཡིན་ཐམས་ཅད་དབང་དུ་བསྡུས་ཤིང་བྲན་དུ་བཀོལ་ནས་རྒྱལ་པོ་ཉིད་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་སྤྲུལ་པས་བཟོ་བོ་དང་ལག་དཔོན་མཛད་དེ་ཁྲ་འབྲུག་ལྷ་ས་འཕྲུལ་སྣང་གིས་གཙོ་བྱས། སྟོད་མང་ཡུལ་བྱམས་སྤྲིན་ནས་སྨད་ཡོངས་རྫོགས་རབ་དགའི་ལྷ་ཁང་ཡན་གྱི་གཙུག་ལག་ཁང་ཆེན་བརྒྱ་དང་རྩ་བརྒྱད་ཀྱིས་བོད་སྲིན་མོ་རྒན་བརྐྱལ་དུ་གནས་པ་འདྲ་བའི་ས་དགྲ་ངན་པ་ཐམས་ཅད་མནན་ནས། བཀྲ་ཤིས་ཤིང་བྱིན་ཆགས་པ་བསྟན་པའི་དམ་ཆོས་འབྱུང་བའི་ཡུལ་དུ་མཛད་དེ་འགྲོ་བའི་བསོད་ནམས་ཚོགས་ཆེན་གྱི་ཞིང་ས་བླ་མེད་དུ་བསྒྲུབ་ཅིང་ཇོ་ཤཱཀ་རྣམ་གསུམ་སོགས་སངས་རྒྱས་དངོས་མཚུངས་ [7a] ཀྱི་སྐུ་རྟེན་བསམ་གྱིས་མི་ཁྱབ་པ་དང་གཞན་ཡང་ཉན་ཐོས་མཆོག་ཟུང་གི་སྣམ་སྦྱར་ལྷུང་བཟེད་ཡིད་བཞིན་ནོར་བུ་བསམ་འཕེལ་སོགས་མངོན་སུམ་དང་ལྐོག་གྱུར་གྱི་བཞུགས་ཚུལ་དུ་མའི་སྒོ་ནས་བོད་ཁམས་ཀྱི་བསྟན་འགྲོའི་སྲོག་ཤིང་ཕན་བདེའི་རྩ་ལག་འཕྲལ་ཡུན་གྱི་འདོད་གཏེར་དཔག་ཏུ་མེད་པས་བྱུར་བུར་གཏམས་པའི་བཀའ་དྲིན་དང་ངོ་མཚར་ནི་བསྐལ་བརྒྱར་བརྗོད་ཀྱང་རྫོགས་མཐའ་ག་ལ་མཆིས། མཐར་དམ་པའི་ཆོས་ཀྱི་སྒོ་ཕྱེས་ཏེ་སྐལ་བ་མཆོག་དམན་བར་མ་གང་ལ་གང་འཚམས་པའི་མདོ་རྒྱུད་མན་ངག་སྒྲུབ་ཐབས་ཞལ་གདམས་ལུང་བྱང་དང་བཅས་པ་ཇི་སྙེད་སྩལ་ནས་མ་འོངས་རྗེས་འཇུག་གི་གདུལ་བྱའི་དོན་དུ་ཟབ་མོ་གཏེར་དུ་ཡང་སྦས་ཤིང་། འགའ་ཞིག་རྒྱལ་བརྒྱུད་ཕྱི་མའི་དོན་ལ་དགོངས་པས་དཀོར་མཛོད་ཀྱི་ཕྱག་སྦལ་དུ་བཞག་པ་སོགས་མདོར་ན་དེ་ལྟ་བུའི་ངོ་མཚར་མཆོག་གི་མཛད་པ་ཐམས་ཅད་རྒྱལ་པོ་ཉིད་འཕགས་པའི་ངོ་བོར་དངོས་སུ་བཞུགས་པའི་འཁོར་དུ། འཕགས་མ་སྒྲོལ་མ་དཀར་སྔོན་ནི་རྒྱ་བལ་གྱི་བཙུན་མོའི་ཚུལ་དུ་དང་། འཇམ་དབྱངས་དང་ཕྱག་རྡོར་ནི་ཆོས་བློན་ཐོན་མི་དང་མགར་གྱི་མཚན་བཟུང་བ་སོགས་སྤྲུལ་པའི་གཙོ་འཁོར་ [7b] ཡོངས་སུ་རྫོགས་པ་བྱོན་པའི་མཐུ་སྟོབས་རྫུ་འཕྲུལ་གྱི་མཛད་པ་ཁོ་ན་ལས་གཞན་པ་མ་ཡིན་ཕྱིར་བར་ཆད་དང་ལོག་སྒྲུབ་སོགས་ཀྱི་དྲི་མ་རྡུལ་ཕྲ་རབ་ཙམ་གྱིས་ཀྱང་མ་གོས་པ་འདི་གཅིག་པུའི་ཡ་མཚན་ལ་བསམ་ཀྱང་དད་པའི་འདབ་བརྒྱ་བཞད་པར་གོར་མ་ཆགས་པ་དང་། དེ་ལྟ་བུའི་མཛད་བཟང་གིས་དམ་པ་ཆོས་ཀྱི་སྲོལ་རྒྱ་ཆེར་བཏོད་དེ། མཐའ་མར་གཟུགས་སྐུའི་སྣང་བརྙན་བསྡུ་བའི་དུས་ལ་བབས་པའི་ཚེ་ཡང་ཞལ་ཆེམས་རྣམས་དབོན་སྲས་ལ་བཞག་སྟེ། བཙུན་མོ་རྣམ་གཉིས་པད་དཀར་དང་ཨུཏྤ་ལའི་རྣམ་པར་གྱུར་པ་དང་རྒྱལ་པོ་ཉིད་ཀྱི་སྐུ་ལུས་འོད་ཀྱི་གོང་བུར་གྱུར་པ་དབྱེར་མེད་དུ་འདྲེས་ཏེ་ཡབ་ཡུམ་གསུམ་ག་ཇོ་བོ་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་པའི་ངོ་མཚར་བསྟན་པ་སོགས་རྫོག་པའི་སངས་རྒྱས་ལས་ཀྱང་ལྷག་པའི་རྣམ་ཐར་ཡ་མཚན་གྱི་གཏེར་དུ་གྱུར་པ་ནི་འཕགས་པ་ཉིད་བོད་ཀྱི་གདུལ་བྱ་ལ་ལྷག་པར་བརྩེ་བའི་བཀའ་དྲིན་ཆོས་སྐྱོང་རྒྱལ་པོའི་ཟོལ་གྱི་མཛད་ཚུལ་ཕྱོགས་གཅིག་ལགས་ལ། དེ་ནས་བསྟན་པ་ཕྱི་དར་བོད་སིལ་བུར་གྱུར་པའི་སྐབས་སུ་ཡང་ཡུལ་གངས་ཅན་གྱི་སྐྱེ་རྒུ་རྣམས་ཐུགས་རྗེས་ཡལ་བར་མ་དོར་བར་སྡོམ་བརྩོན་མཁས་པ་པཎྜི་ཏ། རིགས་སྔགས་འཆང་བའི་གྲུབ་པ། [8a] སྤྲུལ་པའི་གཏེར་སྟོན། དགེ་སློང་དགེ་བའི་བཤེས་གཉེན་སོགས་བསམ་གྱིས་མི་ཁྱབ་པའི་སྒྱུ་འཕྲུལ་བཀོད་པ་ཆེན་པོ་བློའི་ཡུལ་ལ་འདས་པ་ཞིག་བྱོན་ཅིང་། ཁྱད་པར་ཐམས་ཅད་མཁྱེན་གཟིགས་དགེ་འདུན་གྲུབ་པ་ཞེས་གྲགས་པའི་མཚན་གྱི་གདུགས་དཀར་གཅིག་གིས་ཞིང་ཁམས་རྒྱ་མཚོ་ཁེབས་པར་མཛད་པ་ནས་བཟུང་རྒྱལ་བསྟན་འཛིན་སྐྱོང་སྤེལ་བར་མཛད་པའི་སྐྱེས་ཆེན་གསེར་གྱི་ཕྲེང་བ་རིམ་པར་བྱོན་པ་ལས། སླར་ཡང་བའིལ་ལྡན་བོད་ཆེན་པོའི་རྒྱལ་ཁམས་ཡོངས་རྫོགས་ལ་མངའ་དབང་བསྒྱུར་བའི་སྒོ་ནས་བསྟན་འགྲོའི་ཕན་བདེའི་སྒོ་བརྒྱ་འབྱེད་པའི་དུས་ལ་བབས་པ་ན། རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་ཐུགས་བསྐྱེད་ཐུགས་རྗེ་གཟི་བྱིན་བླ་ན་མེད་པས་ཚར་གཅོད་རྗེས་འཛིན་གྱི་ནུས་མཐུ་ཆེན་པོས་གངས་ཅན་འདིའི་དྲེགས་ལྡན་ཆེ་རྒུའི་རལ་པ་གདན་དུ་བཏིང་སྟེ་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོ་ཞེས་པའི་མཚན་གྱི་གྲགས་སྙན་གདུགས་དཀར་སྲིད་པའི་རྩེ་མོར་བསྒྲེངས་ཏེ་གངས་རིའི་ལྗོངས་སུ་འཁོད་དོ་ཅོག་གི་རྐང་གཉིས་རྣམས་བསམ་སྦྱོར་བྱ་སྤྱོད་གཅིག་ཏུ་འདུན་པའི་དཀར་འབྱམས་ཡུག་གཅིག་ཏུ་བརྡལ་བར་མཛད། ཤར་ཕྱོགས་གོང་མ་ཆེན་པོའི་དབུའི་ཏི་ཤྲིར་ [8b] ཕེབས་ཏེ་མཆོདཡོན་ཟུང་དུ་འབྲེལ། རྒྱ་སོག་གི་ཡུལ་གྲུ་ཐམས་ཅད་ཐབས་འོག་ཏུ་བཅུག་སྟེ་རིས་སུ་མ་ཆད་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་རྒྱལ་མཚན་གྱི་ཏོག་ལྟར་བླ་ནས་བླར་བཏེགས་པའི་རྨད་བྱུང་ཕྱག་རྗེས་རླབས་པོ་ཆེ་ཚད་ལས་འདས་པ་ཉིད་དང་། སྐུ་ཕྲེང་གསེར་རིའི་ཕྲེང་བ་རིམ་པར་བརྒྱུད། ལྷག་པར་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་མཆོག་ཉིད་ཚུལ་གནས་གསན་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་སོགས་སྒོ་ཀུན་ནས་འགྲན་ཟླ་ཐམས་ཅད་དང་བྲལ་བའི་སྤངས་རྟོགས་ཀྱི་ཡོན་ཏན་མཐོན་པོའི་གོ་འཕང་ལ་གཤེགས། ལུགས་ཟུང་ཆབ་སྲིད་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་པ་ནས་བརྩམས་མཐོན་པོ་གཉའ་ནས་གནོན་ཏེ་རྒྱལ་བསྟན་ཆབ་སྲིད་ལ་བཟའ་འདོད་རྔམས་སེམས་འཆང་བའི་གོརྵ་དང་། དབྱིན་ཇི་ལུ་ཡུ་ཅན་སོགས་ཀྱིས་སྔ་ཕྱིར་དཔུང་ཤེད་ངན་པ་བྱུང་བ་རྣམས་སྐབས་བབ་དྲག་པོའི་དཔུང་དང་དྲག་སྔགས་མཐུ་སྟོབས་རྡོ་རྗེའི་མེ་ཆར་གྱིས་རྨེགས་མེད་དུ་བརླག་པར་མཛད། དམའ་བ་མཐའ་ནས་བསྐྱངས་ཏེ་ཡུལ་གངས་ཅན་པའི་སྐྱེ་འགྲ་ཐམས་ཅད་ཀྱི་ལུས་སེམས་ལ་འཕྲལ་ཕུག་ [9a] སྡུག་བསྔལ་གྱི་ཉེས་པ་ཀུན་ལས་བསྐྱབ་ཅིང་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་བཀོད། གངས་ཅན་བོད་ཀྱི་རྒྱལ་ཁབ་འདི་ཉིད་རང་དབང་རང་བཙན་གཙང་མར་གནས་པའི་བདེན་དོན་དྲིལ་ཆེན་འཛམ་གླིང་ཕྱོགས་ཀུན་ཏུ་བསྒྲགས། ཕྱོགས་དང་རིས་སུ་མ་ཆད་པའི་རྒྱལ་བསྟན་རིན་པོ་ཆེ་སྣང་བའི་སྒྲོན་མེ་དགུང་དུ་བཏེགས་པའི་ཕྲིན་ལས་ནམ་མཁའ་དང་མཉམ་པ་སྟེ། མདོར་ན་སྔོན་བྱོན་དམ་པ་གོང་མ་རྣམས་ཀྱིས་ལུང་བསྟན་གྱི་ཆེ་བ། སྔོན་སྦྱངས་སྐྱེས་ཐོབ་ཀྱི་ཆེ་བ། སྦྱངས་སྟོབས་གཞུང་ལུགས་ཀྱི་ཆེ་བ། མཁས་གྲུབ་བཤེས་གཉེན་བསྟེན་པའི་ཆེ་བ། ཐུགས་དམ་ཉམས་རྟོགས་ཀྱི་ཆེ་བ། སྐད་རིགས་མཐའ་དག་ལ་མི་རྨོངས་པའི་ཆེ་བ། མཛད་པ་ཕྱག་རྗེས་ཀྱི་ཆེ་བ། རིས་མེད་བཤེས་གཉེན་རྣམས་ཀྱིས་བསྔགས་པའི་ཆེ་བ། བསྐྱངས་པའི་སློབ་ཚོགས་ཀྱི་ཆེ་བ་སྟེ་བཤེས་གཉེན་གཞན་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་དགུ་དང་ལྡན་ཞིང་། གཞན་ཡང་མི་ཆོས་ཀྱི་ཐད་ནས་གཞལ་ན་ཐུགས་རིག་གྲུང་ལ་དཔྱད་པ་རྣོ་བ། ཕྱི་ཐག་རིང་ཞིང་ཕུག་བརླིང་བ། དཀྱེལ་ཆེ་ལ་ཕྱི་ཐག་གཟིགས་པ་དྲག་གཞན་བར་མ་གང་ལའང་ཐུགས་སྙོམས་ཤིང་ལྷག་བསམ་ཆེ་བ། བཟང་ངན་གྱི་བྱ་བ་ [9b] གང་ལའང་དེ་དང་འཚམས་པར་ལན་ལྡོན་པ། ལྷག་པར་སྙེམས་ཆུང་རྣམས་ལ་ཤིན་ཏུ་ཐུགས་བརྩེ་བའི་བདག་ཉིད་ཆེན་པོ་འདི་ལྟ་བུའི་བཀའ་དྲིན་ནི་བོད་གངས་ཅན་ན་འཁོད་པའི་སྐྱེ་འགྲོ་ཡོངས་ཀྱིས་ཤ་རུས་ལྷུན་པོར་སྤུངས་རྣག་ཁྲག་རྒྱ་མཚོར་བསྐྱིལ་ཏེ་བསྐལ་པ་མ་སྟོང་གི་བར་དུ་གཞལ་ཡང་ཆ་ཤས་ཙམ་ཡང་གསོབ་པར་ནུས་པ་མ་ལགས་ཤིང་། དེ་ནས་རེ་ཞིག་སྐུ་དངོས་ཀྱི་མཛད་པ་མཐར་ཕྱིན་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་མནལ་ཚུལ་བསྟན་ནའང་ཇི་སྐད་དུ་མདོ་སྡེ་རྒྱན་ལས། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟན་པ་དེ། །སེམས་ཅན་དོན་ཕྱིར་བརྩོན་ལ་ཞུགས་པ་ནས། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་དུ་ནི། །བསྐལ་པ་བྱེ་བ་སྟོང་དུ་སྐྱོ་མི་འགྱུར། །ཞེས་གསུངས་པ་བཞིན་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་འཇུག་པས་རྟག་ཏུ་སེམས་ཅན་ལ་གཟིགས་ཤིང་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པ་སངས་རྒྱས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་གཤིས་ཡིན་པའི་ཕྱིར། སླར་ཡང་བོད་ལྗོངས་ཀྱི་རྒྱལ་བསྟན་ཆབ་སྲིད་དང་ལྷ་མི་ཡོངས་ཀྱི་དཔུང་གཉེན་དུ་སྙིང་རྗེའི་དབང་ཕྱུག་སྒྱུ་འཕྲུལ་གྱི་རོལ་གར་བསྒྱུར་ཏེ་མཚན་དཔེའི་དཀྱིལ་འཁོར་གསར་དུ་གནང་བར་མཛད་པའི་བདག་ཅག་རྣམས་ཀྱི་འདྲེན་པ་ [10a] གཅིག་ཆོག་འདི་ཕྱིའི་རེ་ལྟོས། འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོ་མཆོག་གཞན་གྱི་བརྟགས་ལུང་ལ་རེ་བཅོལ་མ་དགོས་པར་དཔལ་ལྡན་རེ་མ་ཏཱིས་དངོས་སུ་ཡུལ་དུས་ཀྱི་མཚན་མའི་སྣང་ཉམས་གསལ་རྗེན་དུ་སྟོན་པར་མཛད་པ་བཞིན་མགོན་པོ་གང་གི་ཞབས་པད་སྲིད་ཞིའི་འཇིགས་འཕྲོག་བདག་སོགས་གངས་ཅན་ལྷ་ཡི་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་སྤྱི་བོའི་རྒྱན་དུ་ལེན་པའི་སྐལ་བཟང་ཐོབ། རྒྱལ་བ་ཀུན་གྱི་ཡབ་གཅིག་འཇིག་རྟེན་དབང་ཕྱུག་དངོས་ཀྱི་མི་འཇིགས་སེངྒེའི་ཁྲི་ལ་མངའ་གསོལ། སྟོན་པ་ཤཱཀྱ་སེངྒེའི་རྒྱལ་ཚབ་མཆོག་ཏུ་དབང་བསྐུར། ལུང་རྟོགས་གཉིས་ལྡན་གྱི་བསྟན་པ་རིན་པོ་ཆེ་ཕྱག་ཏུ་གཏད་པའི་དུས་དང་སྐལ་བ་བཟང་པོ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་བརྒྱ་ལམ་རེས་འགའ་ཙམ་ཡང་མཐོང་བ་དང་འབྱུང་བར་དཀའ་བའི་སྐལ་བཟང་གི་དགའ་སྟོན་ལ་ལོངས་སུ་སྤྱོད་པ་དེ་ནས་བཟུང་། མཆོག་གཟིགས་བདག་ཉིད་ཆེན་པོ་རང་ཉིད་ཀྱིས་ཀྱང་ཐ་སྙད་ཤེས་བྱ་རིག་པའི་རྟེན་གཞི་ནས་བརྩམས། མཐར་ཐུག་གཞུང་ལུགས་རབ་འབྱམས་ཀྱི་རྣམ་གཞག་གི་བར་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཟབ་མོས་གསན་བསམ་རྒྱ་མཚོའི་ཕ་རོལ་ [10b] ཏུ་སོན། གསང་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་སྨིན་གྲོལ་རྒྱབ་བརྟེན་སོགས་མདོར་ན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཆེན་པོ་ཡིན་པ་ལ་ཡིན་པར་ངེས་པའི་རྣམ་ཐར་སྐྱོང་བཞིན་པ་དང་འབྲེལ་གངས་ཅན་ལུགས་ཟུང་ཆབ་སྲིད་གསེར་གྱི་འཁོར་ལོ་ཕྱག་ཏུ་བཞེས་ཏེ་ཕན་ཚུན་མཛད་པ་གཅིག་གིས་གཅིག་ལ་མི་བསྒྲིབས་པར་ཟླ་ཉི་ཟུང་དུས་གཅིག་ལ་ཤར་བས་ཀྱང་མཚོན་པར་དཀའ་ཞིང་། ལྷག་པར་སྙིགས་ལྔའི་རང་རྟགས་མངོན་དུ་བདོ་བས་གངས་ལྗོངས་རྒྱལ་བསྟན་ཆབ་སྲིད་དང་བཅས་པ་གདུག་རྩུབ་ཅན་གྱི་ཀླ་ཀློས་འཛེམ་བག་མེད་པར་རྣོ་ཞིང་རྩུབ་པའི་མཚོན་རྩེས་གཟིར་ཏེ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་བགྲང་ཡུལ་ལས་འདས་པས་མཚོན་ཆོས་བྱེད་དགེ་འདུན་གཞན་ཡང་སྐྱེ་བོ་མཆོག་དམན་བར་མ་དེ་ཙམ་གྱི་ལུས་སྲོག་ལ་ཉམས་ཉེས་པར་གྱུར་པའི་དུས་སྐབས་དེར་ཡང་རྒྱལ་བསྟན་རིན་པོ་ཆེ་ཐུགས་བསྐྱེད་གཅིག་ཏུ་འདུན་པས་གསང་བྱོལ་གྱི་ངང་ནས་ཕེབས་པར་གསང་བ་གསུམ་ལ་འགལ་རྐྱེན་ཉེས་ཞོས་ནམ་ཡང་བརྫི་བ་མེད་པར་འཕགས་པའི་ཡུལ་གྱི་དབུས་འདིར་ཞབས་ཀྱི་པདྨོ་ཡོངས་སུ་བཀོད་དེ་མཛད་པའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་གང་ལའང་ཞུམ་པ་མེད་པའི་ཐུགས་བསྐྱེད་སྙིང་སྟོབས་ཀྱི་གོ་ཆ་ཆེར་ [11a] བཞེས་ཏེ་རྒྱལ་བསྟན་མེ་རོ་རྨང་ནས་གཞིར་བཞེངས་སུ་མཛད་པའི་རྣམ་ཐར་བསྐྱངས་དང་སྐྱོང་བཞིན་པ་བདག་ཅག་རྣམས་ལ་བཀའ་དྲིན་གྱི་རབ་དང་མཆོག་དང་ཕུལ་དུ་བྱུང་བར་གྱུར་པ་འདི་ནི་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་ཚེ་རབས་ཀྱི་ཕྲེང་བར་རྗེས་སུ་གཞལ་བའི་རྟེན་དུ་སྨོན་ཅིང་གསོལ་བ་འདེབས་པ་དང་། ལྷག་པར་དུ་དེང་གི་ཆར་རྟེན་འབྱུང་ཁྱད་པར་ཅན་དང་སྒོ་བསྟུན་ཏེ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་བཅུད་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་འཆི་མེད་རྡོ་རྗེའི་སྐུ་བརྙེས་པའི་ཟབ་ཆོས་ཁྱད་པར་ཅན་འགྲོ་འདུལ་དུས་བབས་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་གཏེར་བདག་གླིང་པས་བྲག་དམར་གཡའ་མ་ལུང་འཆི་མེད་ཚེའི་ཀེའུ་ཚང་ནས་སྤྱན་དྲངས་ཏེ་རྩ་བའི་ཆོས་ཀྱི་བདག་པོ་རྒྱལ་མཆོག་ལྔ་པ་ཆེན་པོར་ཕུལ་ཏེ་རྟེན་འབྲེལ་རབ་ཀྱི་རྩེ་མོར་སོན་ནས་སྐུ་ཚེ་མཛད་ཕྲིན་མཐར་ཕྱིན་པར་མཛད་པའི་ཚེ་སྒྲུབ་ཟབ་མོ་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་ཕུན་སུམ་ཚོགས་པའི་བརྟན་བཞུགས་སྙན་འབུལ་དང་འབྲེལ་ངོ་ལྐོག་དང་གཡོ་ཟོལ་ཁེངས་སེམས་དང་གྲགས་འདོད་སོགས་མ་དག་པའི་ཀུན་སློང་རྡུལ་ཆ་ཙམ་མེད་པར་ལྷག་བསམ་རྣམ་པར་དག་པས་སྙིང་ཁུངས་རུས་པའི་གཏིང་ནས་གསོལ་བ་ [11b] ཕུར་ཚུགས་སུ་འདེབས་པའི་སྙིང་པོར། མགོན་པོ་མཆོག་གི་གསང་བ་གསུམ་པོ་གདོད་ནས་མངོན་པར་བྱང་ཆུབ་པའི་བདག་ཉིད་གཉུག་མ་མི་ཤིགས་པའི་ཐིག་ལེ་ཆེན་པོར་བཞུགས་བཞིན་པ་ཉིད་ལ་སྐྱེ་འཆི་དང་བསྒྲེས་རྒུད་ཀྱི་མཚན་མ་བྲལ་ཡང་། གློ་བུར་འཁྲུལ་སྣང་གིས་བསྐྱོད་པའི་མ་དག་པའི་འགྲོ་ངོར་དེ་ལྟར་སྟོན་པའང་སྲིད་སྙམ་པའི་སོམ་ཉིའི་དཔྱང་ཐག་གཅོད་པའི་ཆེད་ཐུགས་དམ་ཞལ་བཞེས་ཀྱི་སྙིང་པོ་བསྙེལ་གསོས་ཙམ་དུ་གསོལ་ན། དེང་སྙིགས་མ་ལས་ཀྱང་ཆེས་སྙིགས་མ་ལྔ་ཆེས་ཆེར་བདེ་ཞིང་། མ་རིག་པའི་གཞན་དབང་དུ་གྱུར་པའི་སེམས་ཅན་རྣམས་ལྟ་སྤྱོད་ལོག་ཅིང་རང་འདོད་ཀྱི་འཁྲི་བ་ངན་པས་བཅིང་སྟེ་གཞན་གནོད་ཀྱི་བསམ་སྦྱོར་མ་རུངས་པ་ལ་ཞུགས་ཏེ་མཐོང་སྣང་མ་དག་པའི་སྐྱེ་བོ་རྣམས་ཀྱིས་ལོག་སྒྲུབ་སོགས་བསམ་སྦྱོར་ངན་པ་ཅི་རིགས་པས་རེས་འགའ་ཐུགས་ལ་སྐྱོ་བ་དང་སུན་པའི་རྣམ་པ་ལྟར་འཁྲུངས་སྲིད་ན་དེ་དག་མཐོལ་ཞིང་བཤགས་པར་བྱ་བ་ཁོ་ན་སྟེ། སྒྱུ་འཕྲུལ་དྲྭ་བ་དྲི་མ་མེད་པ་བཤགས་པའི་རྒྱུད་ལས། འཕགས་པ་ལགས་པས་ཁྱེད་ཀྱིས་དང་དུ་བཞེས། །སེམས་ཅན་ལགས་པས་ནོངས་ཤིང་འཁྲུལ་པ་བྱུང་། །སྒྱུ་མ་ལགས་པས་བཤགས་པ་གནང་བར་མཛོད། །ཐབས་ལ་མཁས་པས་ཚངས་པ་སྩལ་དུ་གསོལ། །ཞེས་ [12a] གསུངས་པ་བཞིན་རྒྱལ་བ་རྣམས་ཀྱི་ཐུགས་དམ་རྡོ་རྗེའི་ཞལ་བཞེས་ལ་འཕོ་འགྱུར་དང་བྲི་གང་ནམ་ཡང་མེད་པའི་ཚུལ། ཇི་སྐད་དུ། དམ་པས་ཁས་འཆེ་མང་པོ་མི་མཛད་ཅིང་། །གང་ཞིག་དཀའ་བའི་ཁས་ནི་བླང་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་པའི་ཚུལ་ལ་དགོངས་ཏེ། སྤྱིར་ཁམས་གསུམ་གྱི་སེམས་ཅན། །བྱེ་བྲག་ཡུལ་གྲུ་འདི་ཉིད་ཀྱིས་མཚོན་པའི་དམག་འཁྲུག་དང་མུ་གེས་མནར་བའི་འགྲོ་བ། ཁྱད་པར་དུ་ཡུལ་གངས་ཅན་པའི་གཞིས་བྱེས་ཀྱི་སྐྱེ་འགྲོ། ཡང་སྒོས་ལྷག་པར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ་དགོངས་ཏེ་ཐུགས་ལ་མི་འཐད་པའི་བསམ་སྦྱོར་མི་བསྲུན་པ་ཅི་དང་ཅི་བྱུང་ཡང་ནགས་ཆེན་ལ་མེ་འབར་བར་རླུང་ཆེན་གྲོགས་སུ་འགྱུར་བའི་ཚུལ་གྱི་ཐུགས་དམ་བཏང་སྙོམས་ཆེན་པོའི་རང་བཞིན་དུ་རྒྱས་གདབ་སྟེ་མི་འགྱུར་མ་ཤིགས་འཆི་མེད་མཆོག་གྲུབ་རྟག་པ་དམ་པ་རྡོ་རྗེའི་ངོ་བོར་བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་པའི་ཞལ་བཞེས་གཙང་མ་ཡོངས་སུ་བསྩལ་བའི་གསོལ་བ་ལན་བརྒྱར་འདེབས་པ་ལགས།། །།