འཇམ་དབྱངས་མཁྱེན་བརྩེའི་ཡང་སྲིད་ཆོས་ཁྲིར་མངའ་གསོལ་སྐབས་ཀྱི་འབུལ་ཡིག་བསོད་ནམས་ཉིན་བྱེད་འདྲེན་པའི་ཤིང་རྟ།

From Dudjom Wiki
DJYD-KABUM-24-YA-039
Wylie title 'jam dbyangs mkhyen brtse'i yang srid chos khrir mnga' gsol skabs kyi 'bul yig bsod nams nyin byed 'dren pa'i shing rta DJYD-KABUM-24-YA-039.pdf
Location bdud 'joms rin po che bka' 'bum
Volume 24, Text 39, Pages 445-464 (Folios 1a1 to 10b5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. 'jam dbyangs mkhyen brtse'i yang srid chos khrir mnga' gsol skabs kyi 'bul yig bsod nams nyin byed 'dren pa'i shing rta. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 445-464. Kalimpong: Dupjung Lama, 1979-1985.
Side notes Recto: 'bul yig   Verso: sna tshogs skor
More details More details
Genre Records - tho
[edit]
༄༅། །འཇམ་དབྱངས་མཁྱེན་བརྩེའི་ཡང་སྲིད་ཆོས་ཁྲིར་མངའ་གསོལ་སྐབས་ཀྱི་འབུལ་ཡིག་བསོད་ནམས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


༄༅། །འཇམ་དབྱངས་མཁྱེན་བརྩེའི་ཡང་སྲིད་ཆོས་ཁྲིར་མངའ་གསོལ་སྐབས་ཀྱི་འབུལ་ཡིག་བསོད་ནམས་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་བྱ་བ། ཀུན་ཁྱབ་འོད་གསལ་ཡེ་ཤེས་སྙིང་པོའི་སྤྲིན། །རྟག་ཏུ་ཐུགས་རྗེའི་འཛུམ་གྱིས་སྒེག་པ་ལས། །རིག་འཛིན་བླ་མའི་སྒྱུ་འཕྲུལ་རྡོ་རྗེའི་གར། །ཞབས་སེན་སེང་གེའི་ཁྲི་དབུས་མཛེས་དེའི་དྲུང་། ༡ །རབ་དྭངས་ཡིད་སཀྱི་པད་མཚོ་དད་བརྒྱའི་རླབས། །བསྟོད་དབྱངས་མེ་ཏོག་ཆུན་པོས་མཛེས་བྱས་པའི། །གཟུར་གནས་བློ་ཡི་བུང་བ་ཀུན་དགའི་དཔྱིད། །དགྱེས་པའི་ཟློས་གར་ངོམས་མེད་ཅི་ཡང་བསྒྱུར། ༢ །ཟག་མེད་དབྱིངས་སུ་རྒྱལ་བ་མ་ལུས་པའི། །གསང་བ་མི་ཟད་རྒྱན་གྱི་འཁོར་ [2b] ལོའི་བདག །སྣང་མཛད་གངས་ཅན་མཚོ་ཡི་ཞིང་དང་སྐུའི། །བཀོད་པའི་སྒྱུ་འཕྲུལ་ཆོས་ཀྱི་དབྱིངས་དང་མཉམ། ༣ །ཁྱད་པར་ཞིང་འདིར་ཟབ་རྒྱས་ཤིང་རྟ་ཅི་དགར་འདྲེན། །འཕགས་པའི་ཡོན་ཏན་ནོར་བུའི་རྒྱན་གྱིས་མཛེས་པར་སྒོག །ཕྲིན་ལས་སྟོབས་ཀྱིས་ས་གསུམ་འཇིག་རྟེན་དགེ་མཛད་པ། །སངས་རྒྱས་གཉིས་པའི་རྣམ་ཐར་འཛིན་བཟོད་མཁྱེན་བརྩེའི་དབང་། ༤ །ཆོས་དང་ཆོས་ཅན་ཆོས་ཉིད་ལས་འདས་སྤྲོས་བྲལ་ཉག་ཅིག་ཞི་བ་མཆོག་གི་གྲོང་ཁྱེར་ཆེ། །ཟག་པ་ཡོངས་ཟད་ཟག་མེད་དབྱིངས་ཀྱི་དེ་བཞིན་ཉིད་དུ་ཉེ་བར་ཞི་བའི་ཀློང་ཆེན་པོར། །རོ་གཅིག་འདྲེས་ཀྱང་ཞི་མཐར་ཞེན་ [2b] མིན་སྨོན་ལམ་རྒྱ་མཚོའི་ཐུགས་རྗེ་འཇུག་པའི་རོལ་མོ་ལས། །རྣམ་འཕྲུལ་རྒྱ་མཚོ་ཕ་མཐའ་བྲལ་བའི་འགྲོ་ལ་སྟོན་འདི་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ཡིན། ༥ །རྒྱལ་བའི་ཐུགས་རྗེ་ཐུགས་དམ་དམ་བཅས་ནམ་ཡང་མི་བསྙེལ་རྡོ་ལ་བྲིས་པའི་རི་མོ་བཞིན། །སྙིགས་དུས་འདིར་ཡང་ལྔ་བདོའི་འགྲོ་རྣམས་མི་བཟད་དུཿཁས་རབ་མནར་ཚེ། །བརྩེ་བའི་མ་མས་བུ་ལ་ཇི་བཞིན་སྙིང་རྗེའི་ཕྱག་གིས་མི་གཏོང་བས། །མཚན་དཔེའི་འཛུམ་ཞལ་གསར་དུ་ངོམས་འདི་འཇིག་རྟེན་ཀུན་དགའི་དཔྱིད་དུ་གྱུར། ༦ །འཇམ༵་དཔལ་དཔའ་བོའི་ཡེ་ཤེས་སྒྱུ་འཕྲུལ་པུར་རྒྱལ་འགྲོ་བའི་ལྷ་སྐལ་དུ། །བསམ་བཞིན་སྤྲུལ་པའི་དབྱང༵ས་ཀྱི་གྲགས་སྙན་ཚངས་པའི་ཞིང་ཁམས་ཀུན་ཁྱབ་པ། །མཁྱེ༵ན་བརྩེའི༵་ཉི་གཞོན་ལྷ་ཡི་ལམ་དུ་ཅི་དགར་རྩེན་པའི་དབང༵་པོ༵་ཁྱོད། །རྒྱལ་བསྟན་མེ་ཏོག་སྣང་བྱེད་ཉིད་དུ་དེང་འདིར་རབ་ཏུ་གསལ་ཞིང་འབར། ༧ །ཕྱོགས་བཅུའི་ཞིང་གི་རྒྱལ་བ་རྣམས་དང་དེ་སྲས་བྱང་སེམས་ཚོགས་རྣམས་དང་། །གྲུབ་དང་རིག་འཛིན་མཁའ་འགྲོ་དམ་ཅན་གནས་ཡུལ་ཞིང་སྐྱོང་དང་བཅས་པས། །ཨ་ལ་ལ་ཞེས་བསྔགས་པའི་མེ་ཏོག་ཕྱོགས་བརྒྱར་འཐོར་བའི་ཆར་གྱིས་དཀྲིགས། །དགེ་མཚན་ཤིས་པའི་རྫོགས་ལྡན་གསར་པ་དེང་འདིར་ཤར་རོ་སྐལ་ལྡན་ [3a] རྣམས། ༨ །སྔ་འགྱུར་བཀའ་གཏེར་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་བའི། །ངོ་མཚར་རྣམ་དཔྱོད་བའིལ་ལྡན་ཁོར་ཡུག་མཛེས་པའི་ཚེ། །ཚད་མར་གྱུར་པའི་མདོ་རྒྱུད་རིག་པའི་གནད་དང་བཅས། །མཐའ་དག་གསལ་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྲུབ། ༩ །རྨད་བྱུང་ཕྲིན་ལས་དུས་ཀྱི་མཐར་གསལ་ཕྱིར། །གྲུབ་རིགས་འཇམ་དཔལ་ཆོས་ཀྱི་བློ་གྲོས་ཀྱིས། །ཡོངས་རྫོགས་རྒྱལ་བསྟན་འཛིན་ཅིང་སྤེལ་བའི་མཐུ། །འགྲན་བྲལ་སྒྲ་དབྱངས་སྲིད་པའི་ཁོངས་ན་སྙན། ༡༠ །ཁྱད་པར་དེང་དུས་ནག་ཕྱོགས་སྨག་རུམ་དཔུང་། །ཆེས་བདོར་གྱུར་ཀྱང་ཁྱོད་སྐུའི་ཉིན་བྱེད་དབང་། །འགོག་མེད་འཕགས་ཡུལ་ཤར་རིའི་ཕྲག་པ་ནས། །རྒྱལ་བསྟན་པད་ཚལ་འབྱེད་ཕྱིར་འཆར་འདི་རྨད། ༡༡ །གངས་ལྗོངས་བསྟན་པའི་རྒྱན་གཅིག་འཁོན་སྟོན་རྗེའི། །རིགས་མཆོག་མ་སྨད་དཔལ་ལྡན་ས་སྐྱ་པ། །ཀུན་དགའ་ཕྲིན་ལས་དབང་རྒྱལ་ཐུགས་རྗེའི་གཟི། །དག་ཆེན་སྣང་བའི་དབྱིངས་སུ་ཁྱོད་ཉིད་གསལ། ༡༢ །གང་ལ་རྒྱུ་མཚན་ཤེས་པའི་ཡེ་ཤེས་ཀྱིས། །གཟིགས་པ་གཙང་མའི་སྐྱེས་བུས་མགྲིན་གཅིག་ཏུ། །ཕྱོགས་ལས་རྣམ་རྒྱལ་མི་འཇིགས་སེང་གེའི་ཁྲིར། །སྲིད་ཞིའི་དཔལ་འབྱོར་བྱེ་བས་མངའ་ཆེན་དབུལ། ༡༣ །དེ་ཚེ་ [3b] དཀར་ཕྱོགས་ལྷ་མིའི་ཚོགས་ཀྱིས་རབ་དགའི་གླུ་དབྱངས་སྙན་འགྱུར་དང་བཅས་བཀྲ་ཤིས་ཀྱི། །མེ་ཏོག་ཆར་ཆེན་སིལ་མར་བསྙིལ་བས་ཕུལ་བྱུང་གྲགས་སྙན་དབྱར་གྱི་རྔ་གསང་རབ་སྒྲོགས་ཤིང་། །འཛམ་གླིང་ཁྱོན་འདི་རིས་སུ་མ་ཆད་ཡོངས་རྫོགས་རྒྱལ་བསྟན་ཆུ་གཏེར་བཞི་ཡི་ཀླུང་རྒྱུན་གང་། །མགོན་ཁྱོད་གསང་གསུམ་མ་དྲོས་རྒྱ་མཚོར་ཀུན་ནས་གཞོལ་བས་གཡས་སུ་བསྐོར་ཏེ་འབབ་ཅིང་འཁྱིལ། ༡༤ །འདི་ན་ཡོངས་རྫོགས་ཆོས་ཀྱི་རྒྱལ་ཐབས་ཆེར། །དོན་གྱིས་དབང་འབྱོར་ཕྲིན་ལས་གླིང་བཞིའི་ཁྱོན། །མཛེས་པའི་ཐུགས་བསྐྱེད་གསེར་གྱི་འཁོར་ལོ་དེ། །མཚར་སྐྱེས་རྒྱལ་བས་ཁྱོད་ལ་སྩོལ་གྱུར་ཅིག ༡༥ །ཅེས་ཤིས་པ་བརྗོད་ཅིང་བསྔགས་པའི་ཚིག་གི་མེ་ཏོག་ཅུང་ཟད་འཐོར་བས་མདུན་ལམ་མཛེས་པར་གོ་ཕྱེས་ཏེ། དེང་གི་ཆར་ཡང་རྒྱལ་ཀུན་བསྐྱེད་པའི་ཡབ་གཅིག་རྒྱལ་སྲས་གཞོན་ནུའི་ཚུལ་སྟོན་རྗེ་བཙུན་འཇམ་དཔལ་དབྱངས་དང་། འཕགས་ཡུལ་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་འཕོ་བ་ཆེན་པོའི་སྐུར་བཞེངས་པཎ་ཆེན་བི་མ་ལ་མི་ཏྲ་ཟུང་དུ་འཇུག་པའི་རྣམ་རོལ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པའི་རྒྱལ་ཚབ། བཀའ་བབས་ཆེན་པོ་བདུན་གྱི་བདག་ཉིད། གསང་ཆེན་ངོ་མཚར་རྨད་དུ་ [4a] བྱུང་བའི་རྡོ་རྗེའི་མཛོད་ལ་དབང་བསྒྱུར་བའི་སྟོན་པ། བའིལ་ལྡན་མཁས་གྲུབ་རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་འཇམ་དཔལ་མཁྱེན་བརྩེའི་དབང་པོ་ཆོས་ཀྱི་བློ་གྲོས་མཆོག་གི་ཡང་སྲིད་དུ་དཔལ་ས་སྐྱ་པ་ཆེན་པོ་བདག་ཁྲི་ཀུན་དགའ་ཕྲིན་ལས་དབང་གི་རྒྱལ་པོས་འཁྲུལ་བྲལ་རྡོ་རྗེའི་ལུང་གིས་བསྔགས་པར་མཛད་པའི་མཆོག་གི་སྤྲུལ་པའི་སྐུ་གང་གི་ཞབས་སེན་ནོར་བུའི་ཕུང་པོ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོ་ལ་ལེགས་པར་བཀོད་དེ་འཇིགས་བྲལ་རྡོ་རྗེ་ཅན་གྱི་རྒྱལ་ཚབ་མཆོག་ཏུ་གདོད་ནས་གྲུབ་པ་ཡིན་པ་ལ་ཡིན་བཞིན་དུ་མངའ་ཆེན་གསོལ་ཞིང་། ཡོངས་རྫོགས་བསྟན་པའི་བདག་པོར་གཟེངས་བསྟོད་པ་ལ་བརྟེན་ནས། ངེས་དོན་སྙིང་པོའི་རིང་ལུགས་ཕྱི་ཕྱིར་འཕེལ་ཞིང་རྒྱས་པའི་སྐལ་བཟང་མཐའ་དག་སྨིན་གྲོལ་རྫོགས་ལྡན་གྱི་དགའ་སྟོན་གསར་པ་ཉམས་སུ་མྱོང་། གདུལ་བྱ་རྗེས་འཇུག་ཡོངས་ལ་བཀའ་དྲིན་གྱི་ཕུང་པོ་ཚད་མ་མཆིས་པ་ཐོབ། འཇིག་རྟེན་ཁོར་ཡུག་ཀུན་ཏུ་བཀྲ་ཤིས་སྣང་བ་ཆེན་ཁོས་ཡོངས་སུ་ཁྱབ་པའི་དུས་སྐབས་བཟང་པོ་འདིར། འཇམ་མགོན་རྡོ་རྗེ་འཆང་གང་གི་སློབ་བརྒྱུད་ཀྱི་གྲལ་མཐར་འཁོད་པའི་རྒྱལ་ཁམས་པ་བདུད་འཇོམས་ [4b] སྤྲུལ་མིང་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ནས་རབ་ཏུ་གུས་ཤིང་ཤིན་ཏུ་དང་བའི་བློས། ཐོག་མར་དགེ་བའི་རྟེན་འབྱུང་བཀྲ་ཤིས་པ་ལྷ་གོས་ནང་མཛོད་སྲིད་དུ་རིང་བ་དགེ་ལེགས་ཤིས་པའི་རི་མོས་མཚན་པ། སྟོང་གསུམ་ཞིང་ཁམས་རབ་འབྱམས་མཚོན་པ་རིན་ཆེན་གཉིས་པ་ལས་གྲུབ་པའི་མཎྜལ་བཀོད་ལེགས་དར་སྣའི་ཆུན་པོ་ཅན་རི་གླིང་ཚོམ་བུས་མཛེས་པ། སྐུ་འགྱུར་མེད་བདེ་སྟོང་རྡོ་རྗེའི་ལང་ཚོས་སྒེག་པ་འཆི་མེད་རིག་འཛིན་གཞོན་ནུའི་ཚུལ་གྱིས་བསྐལ་ཆེན་མ་སྟོང་གི་བར་དུ་བཞུགས་ཏེ་འགྲོ་བའི་དོན་མཛད་པ་མཚོན་ཕྱིར་ཚེ་དཔག་མེད་ཀྱི་སྐུ་བརྙན་རིན་པོ་ཆེ་ཛིཀྵིཾ་ལས་གྲུབ་པ། གསུང་འགག་མེད་མི་ཤིགས་ནཱ་དའི་དབྱངས་ཀྱིས་གསང་ཆེན་ངེས་པའི་ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་བརྡུང་བར་མཚོན་པ་སྒྱུ་འཕྲུལ་གསང་བ་སྙིང་པོ་རྩ་འགྲེལ་གྱི་གླེགས་བམ། ཐུགས་གཡོ་མེད་མཁྱེན་བརྩེས་སྲིད་ལས་འདས་ཀྱང་སྙིང་རྗེས་ཞི་བའི་མཐའ་སྤངས་ཏེ་གདུལ་བྱའི་ཡུལ་ལ་ཐུགས་རྗེའི་འཇུག་པ་ནམ་ཡང་མི་རྟུལ་བར་མཚོན་པའི་བཀའ་གདམས་ལུགས་ཀྱི་མཆོད་སྡོང་སྙིང་མ། ཡོན་ཏན་འབད་པ་མེད་པར་ནོར་བུ་དཔག་བསམ་གྱི་ཤིང་ལྟར་གདུལ་བྱའི་རེ་བ་མཐའ་དག་ཡིད་བཞིན་དུ་སྐོང་བར་མཚོན་པ་རིན་ཆེན་གཉིས་པ་ལས་གྲུབ་པའི་བུམ་པ་བཟང་པོ་བཅུད་ལྡན་གོས་བཟང་མགུལ་ཆིངས་ཁ་རྒྱན་གྱིས་སྤྲས་པ་ཆ། [5a] དངུལ་གྱི་སྨན་རཀ་ཀ་ལི་སྟེགས་ཁེབས་རང་འགྲིགས་ཆ། དངུལ་གྱི་མཆོད་ཏིང་བདུན་ཚར། དངུལ་གྱི་ནང་མཆོད་ཀ་ལི་སྟེགས་ཁེབས་ཚ་གསེར་ཅན། ཕྱག་དྲིལ་རྙིང་མ་ཕྱག་མཚན་རྡོ་རྗེ་རང་འགྲིགས། ཕྱག་ཌཾ་བཅུ་དྲུག་ལྟག་སྤྲོད་རྐེད་ཆིངས་ཚ་གསེར་ཅན་ཅོད་པན་རང་འགྲིགས། ཕྲིན་ལས་རྩོལ་བ་མེད་པར་སྣང་སྲིད་ཐལ་འབྱིན་གྱི་དགོངས་པས་མངོན་སྤྱོད་ཀྱི་ལས་མཐར་དབྱུང་སྟེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་མཚོན་པ་དྲག་པོའི་ལས་ཕུར་བསྟན་དགྲའི་སྲོག་ལེན། བསྡུ་བ་རྣམ་བཞིའི་སྒོ་ནས་ལས་ཅན་སྐལ་ལྡན་གྱི་གདུལ་བྱ་རྣམས་པདྨའི་མཚོ་ལ་ངང་པ་བཞིན་འདུ་བར་མཚོན་པ་ཆོས་དུང་དཀར་པོ་སྙན་གྲགས་ཀུན་ཁྱབ་དར་སྣས་བརྒྱན་པ། གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་གཡོ་མེད་རྟག་པ་དམ་པ་བསྐལ་པ་རྒྱ་མཚོར་བཞུགས་པར་མཚོན་པ་སྟན་དཀར་སྣ་ཚོགས་རྡོ་རྗེ་ནོར་བུ་དགའ་བ་གཡས་སུ་འཁྱིལ་བས་མཚན་པ། ལེགས་འབུལ་མཚོན་བྱེད་རྒྱས་པའི་ལས་ལ་བསྔགས་པའི་ཁ་དོག་ཅན་གྱི་བཟང་གོས་བཀྲ་ཤིས་པའི་རི་མོས་མཛེས་པར་ཁ་འབྲེལ། མཐའ་དཀར་ཟླ་ཞུན་ཐགས་སུ་བཏགས་པའི་རས་བཟང་ལྷའི་རེག་བྱར་འོས་པ་བུག་གཙང་ཁ་ཚར་མ་ཉམས་པས་མཐའ་བརྟེན་ཏེ་གུས་པ་ཆེན་པོས་འབུལ་ལམ་ཞུས་པ་ལགས་ན། བརྩེ་བ་ [5b] ཆེན་པོས་དགྱེས་པར་བཞེས་ལ་བདག་སོགས་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པའི་རེ་འབྲས་དོན་གྱི་སྙིང་པོས་ཡོངས་སུ་ལྕི་བར་མཛད་དུ་གསོལ། སླར་ཡང་སྨོན་པ། ཤྲཱི་ཤྲཱི་ཤྲཱི། གདོད་ནས་འཕོ་འགྱུར་བྲལ་བ་གཉུག་མའི་གཤིས། །རྣམ་ཐར་གསུམ་ལྡན་འོད་གསལ་འདུས་མ་བྱས། །འཁོར་འདས་ཁྱབ་གདལ་ཡེ་ཤེས་ཐིག་ལེ་ཆེ། །ལྷུན་གྲུབ་རྟག་པ་དམ་པའི་བཀྲ་ཤིས་སྩོལ། ༡ །བཅོམ་ལྡན་འཆི་མེད་མགོན་པོ་ཚེ་མཐའ་ཡས། །ཚེ་དབང་རིག་འཛིན་པད་འབྱུང་མཁའ་འགྲོའི་ཚོགས། །ཚེ་ལྷ་དྲང་སྲོང་རྒྱ་མཚོའི་བདེན་སྟོབས་ཀྱིས། །མཆོག་གི་སྤྲུལ་སྐུ་བསྐལ་བརྒྱར་ཞབས་བརྟན་ཤོག ༢ །པ༵དྨའི༵་རྒྱལ་ཚབ་འོད༵་གསལ༵་ཡེ་ཤེས་སྐུ། །རྒྱལ་བསྟན་མདོ༵་སྔག༵ས་ཆོས་ཚུལ་མ་ལུས་པ། །གླིང༵་བཞིའི་ཁྱོན་ལ་སྤེལ་མཛད་སྟོན་པ༵་མཆོག །ཞབས་པད་རྡོ་རྗེའི་ཁམས་སུ་བརླིང་གྱུར་ཅིག ༣ །རྒྱལ་བའི་གདུང་འཚོབ་སྒྲིབ་བྲལ་མཆོག་སྐུ་དཔག་བསམ་ལྗོན་བཟང་འཆི་མེད་གྲུབ་པའི་རྩ་བ་བརྟན། །ཆོས་དབྱིངས་མཛོད་འཛིན་དམ་པའི་ཚུལ་དགུའི་ཡལ་ག་རབ་རྒྱས་སྨིན་གྲོལ་ལོ་འདབ་མེ་ཏོག་བཀྲ། །ཕྲིན་ལས་རྣམ་བཞིས་གདུལ་བྱ་ཀུན་སྐྱོང་རྣམ་གྲོལ་འབྲས་བུའི་ཁུར་གྱིར་རབ་ལྕི་གཡུར་ཟ་བས། །མཁའ་མཉམ་སྐྱེ་རྒུར་ཕན་བདེའི་དཔལ་ཡོན་ [6a] ནམ་མཁའ་ཇི་སྲིད་འཛད་མེད་འཇོ་བ་ཉིད་གྱུར་ཅིག ༤ །མཆོག་གིས་གསང་གསུམ་རྡོ་རྗེ་ཁྲོས་པ་གནམ་ལྕགས་འབར་བའི་རྩེ་བརྒྱ་པས། །མ་རུང་བདུད་དང་དམ་སྲི་མཐའ་དམག་ཀླ་ཀློའི་དཔུང་ཚོགས་སྡེར་གཏོགས་བཅས། །ཕྱེ་མར་འཐག་ཅིང་རྡུལ་དུ་བརླག་ནས་མིང་གི་ལྷག་མར་སྦྱོང་བྱས་ཏེ། །རྒྱལ་བསྟན་རིན་ཆེན་མི་ནུབ་རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ་སྒྲེང་གྱུར་ཅིག ༥ །ཀུན་དཀྲིས་གདོན་གྱིས་རྒྱུད་བརླམས་འབྱུང་པའི་གདུག་རྩུབ་དྲག་ཤུལ་དུག་རླབས་ཀྱིས། །ས་ལའི་སྨན་ལྗོངས་མོག་པོར་བྱས་པའི་མ་རུང་ལྟ་སྤྱོད་ཇི་སྙེད་ཀུན། །རྩ་བ་རུལ་བའི་ལྗོན་ཤིང་ཇི་བཞིན་འབྲས་བུ་ནམ་ཡང་འབྱིན་མིན་པར། །གངས་ཅན་སྐྱེ་དགུའི་བདེན་དོན་མངོན་འགྱུར་རང་དབང་ཅི་དགར་སྤྱོད་གྱུར་ཅིག ༦ །སྐུ་གསུམ་སྟོན་པའི་རིན་ཆེན་གདུགས་དཀར་ཕན་བདེ་རྣམ་བཀྲ་པ༷དྨས༷་མཚན། །ཟབ་རྒྱས་ཐེག་བཅུད་བུམ༷་པ༷་བཟང་པོ་སྨིན་གྲོལ་དཔལ༷་བེ༷འུའི་འཕྲུལ་མིག་བཀྲ། །མཁས་གྲུབ་གསེར་གྱི་འཁོར༷་ལོ༷འི་རྩིབས་རྣོ་གྲགས་སྙན་གཡས་འཁྱིལ་དུ༷ང་དབྱངས་སྒྲོགས། །མཆོག་གསང་བསྟན་པའི་རྒྱལ༷་མཚ༷ན་ལེགས་བསྒྲེངས་སྐལ་བཟང་གསེ༷ར་ཉ༷་འདུས་གྱུར་ཅིག ༧ །མཐོ་རིས་དཱུརྺའི་དགའ་ཚལ་ [6b] རབ་དར་ཡོན་ཏན་བདུན་གྱི་བི༷ལ་བ༷ས་ལྕི། །ངེས་ལེགས་ཀྱི༷་ཝ༷ཾ་བཅུད་ཀྱིས་ལེགས་གསོས་ས་ལམ་ཡུང༷ས་ཀར༷་སྙེ་མ་འཁྲིགས། །རྫོགས་ལྡན་ཞོ༷་ཡི་བཏུང་བ་རབ་མངར་ཀུན་དགའ་ལི༷་ཁྲིའི༷་ཐིག་ལེ་བཀྲ། །ལེགས་དགུའི་གཟུགས་མཛེས་མེ༷་ལོ༷ང་རབ་གསལ་དགེ་མཚན་དུ༷ང་སྒྲ་སྙན་སྒྲོགས་ཤོག ༨ །བཀྲ་ཤིས་ས་གསུམ་ཀུན་ཏུ་རྟག་ཁྱབ་པའི། །གྲགས་པའི་ཟིལ་དངར་འབུམ་ལྡན་མཆོག་གསུམ་གྱི། །ཡེ་ཤེས་སྣང་བ་དམ་པ་མི་འགྲིབ་པས། །དགེ་ལེགས་རྟག་པའི་རྒྱལ་ཐབས་སྦྱིན་གྱུར་ཅིག །སརྦ་དཱ་མངྒ་ལསིདྡྷི་རསྟུ།། །། ༈ རྫོགས་ཆེན་མཆོག་སྤྲུལ་བདུན་པ་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་ཆོས་ཁྲིར་མངའ་གསོལ་སྐབས་ཀྱི་འབུལ་ཡིག་ངོ་མཚར་འཕྲུལ་གྱི་ཟློས་གར་ཞེས་བྱ་བ། མི་འགྱུར་བདེ་བ་ཆེན་པོ་རྡོ་རྗེའི་ཚེ། །རྟག་བརྟན་དབང་ཕྱུག་བརྒྱད་ལྡན་གཡུང་དྲུང་བརྙེས། །རྣམ་པ་ཀུན་ལྡན་ཡིད་བཞིན་ནོར་བུ་མཆོག །ཁྱབ་བདག་གདོད་མའི་མགོན་པོར་ཕྱག་བགྱིའོ། ༡ །བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་མཚན་དབྱངས། །རབ་འབྱམས་ཞིང་ཁམས་རྒྱ་མཚོར་བཀོད་པའི་སྤྲིན། །ཀུན་བཟང་པདྨ་རིག་འཛིན་གར་བསྒྟུར་བ། །མཆོག་གི་སྤྲུལ་སྐུའི་ཞབས་པད་མངོན་མཐོའི་དྲུང་། ༢ །རབ་དཀར་ལྷག་བསམ་ཟླ་ཞུན་ཟེར་ཐིག་འབུམ། ། [7a] དང་བརྒྱའི་དྭངས་མཚོར་རོལ་པའི་རླབས་ཕྲེང་གིས། །བསྟོད་དབྱངས་ནོར་བུ་ཕུང་པོར་སྤུངས་བྱས་ཏེ། །མཆོད་སྤྲིན་དགའ་སྟོན་རོལ་རྩེད་ཅི་ཡང་རྩེ། ༣ །མ་སྨད་རིགས་ཀྱི་ཕུན་ཚོགས་ངོ་མཚར་ཅན། །གཟིགས་པ་སྨོན་ལམ་དག་པས་མཚམས་སྦྱར་ན། །གྲུབ་པའི་རིག་འཛིན་ཁྱད་པར་མཆོག་གི་གདུང་། །ལེགས་འཁྲུངས་བསོད་ནམས་བྱེ་བའི་མཆོད་སྡོང་གྲུབ། ༤ །དགེ་ལེགས་རིན་ཆེན་རྡུལ་བརྩེགས་སྟོབས་བཅུའི་དཔལ། །ལྷུན་པོའི་གཟུགས་སུ་གྲུབ་པ་མཚན་དཔེའི་ཞལ། །ཐུབ་བསྟན་གླིང་བཞིའི་དབུས་ན་མངོན་འཕགས་པ། །བསྟན་འཛིན་གསེར་རིའི་གཙོ་བོར་ལྷུན་གྱིས་གྲུབ། ༥ །དེང་འདིར་སྲིད་གསུམ་བདག་པོའི་རྣམ་ཐར་ལ། །འགྲན་བཟོད་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེའི། །རྒྱལ་ཐབས་ཆེན་པོར་མངའ་དབང་གསོལ་བ་ལ། །ལྷ་དང་བཅས་པའི་སྐྱེ་རྒུ་མངོན་དུ་ཕྱོགས། ༦ །རྣམ་མཁྱེན་ཡེ་ཤེས་ཀུན་གསལ་དྭངས་པའི་ངོས། །ཐུགས་རྗེའི་ཉི་གཞོན་འཛུམ་ཞལ་དགོད་པའི་གཟིས། །བསོད་ནམས་ཉིན་མོར་བྱེད་པའི་དགེ་མཚན་འབུལ། །ཀུན་ཏུ་སྦྱིན་ལ་གཡོ་མེད་མཛད་པར་གསོལ། ༧ །མཆོག་གཟིགས་རིག་འཛིན་རྒྱ་མཚོའི་རྣམ་ཐར་ཕུལ། །འཛིན་སྐྱོང་སྤེལ་ལ་འཇིགས་མེད་སྤོབས་པའི་མཐུ། ། [7b] རྡོ་རྗེ་འཛིན་དབང་མཆོག་གི་ལང་ཚོ་ཅན། །གཡོ་མེད་རྡོ་རྗེའི་ཁམས་སུ་བརླིང་གྱུར་ཅིག ༨ །ཅེས་ཤིས་པ་བརྗོད་ཅིང་བསྔགས་པའི་མེ་ཏོག་འཐོར་བས་མདུན་ལམ་ཡངས་པོར་གོ་ཕྱེས་ཏེ། དེང་གི་ཆར་ཡང་འགྲོ་བ་རྣམས་ཀྱིས་མཚན་ཙམ་ཐོས་པས་ངན་སོང་ངན་འགྲོའི་དུཿཁ་ལས་སྐྱོབ་པར་ཞལ་གྱིས་བཞེས་པ་བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་གྱི་ཡེ་ཤེས་སྒྱུ་མའི་རོལ་གར་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པར་བཀོད་པའི་ནང་ཚན། འཕགས་པའི་ཡུལ་དུ་གྲུབ་བརྒྱའི་སྤྱི་མེས་ཀུ་ཀུ་རི་པ་དང་། བའིལ་ལྡན་གངས་རིས་བསྐོར་བའི་ཞིང་འདིར་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་སྟག་ལུང་ཐང་པ་ཆེན་པོ། བཀའ་གདམས་བསྟན་པའི་སྒྲོན་མེ་ཤར་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་སོགས་རིས་སུ་མ་ཆད་པའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བཤེས་གཉེན་བགྲངས་ཀྱིས་མི་ལངས་པའི་རྣམ་འཕྲུལ་གྲུབ་པའི་དབང་ཕྱུག་ཆེན་པོ་པདྨ་རིག་འཛིན་དེ་ཉིད་ཀྱིས་མཁས་གྲུབ་ཆེན་པོ་སྤྱན་རས་གཟིགས་དབང་ཀརྨ་ཆགས་མེད་དང་། རིག་འཛིན་གཏེར་བདག་གླིང་པ་རིགས་བདག་ཏུ་བསྙེན་ནས་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་ཏེ་ཟག་མེད་འོད་སྐུར་འཕོ་བར་བཞེད་པའི་སྐབས། ༧ རྒྱལ་ [8a] མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་ཞལ་སྔ་ནས་བསྟན་འགྲོའི་དོན་ཆེན་མཛད་དེ་བཞུགས་དགོས་པར་བཀས་བསྐུལ་མ་གནང་བ་བཞིན་སྔ་འགྱུར་བསྟན་པའི་འབྱུང་གནས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་དགོན་སྡེ་ཆེན་པོ་རྟེན་དང་བརྟེན་པ་མ་ལག་བུ་དགོན་དང་བཅས་པ་ཕྱག་བཏབ་ཅིང་མདོ་སྔགས་བཤད་སྒྲུབ་ཀྱི་མཛད་པས་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཉིན་མོ་བཞིན་གསལ་བར་མཛད་པའི་ཆོས་མཚན་གང་ཟག་ལ་ཐོགས་ཏེ་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་ཞེས་མཚན་སྙན་གྱི་རྔ་གསང་ཆོས་ཀྱི་དབྱིངས་དང་མཉམ་པར་བརྡལ་ཅིང་མཐོང་ཐོས་དྲན་རེག་ཐམས་ཅད་བདེ་ཆེན་དག་པའི་ས་ལ་འགོད་པར་མཛད་པ་ནས་བཟུང་། སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། །བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དྲུག་པ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་སྟེ། འཁྲུངས་རབས་གསེར་རིའི་ཕྲེང་བ་རིམ་ཅན་ནས་མཚན་དང་དོན་མཐུན་ཅིང་གསང་ཆེན་ངོ་མཚར་རྨད་དུ་བྱུང་བ་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་བླ་ནས་བླར་སྤེལ་བས་མཚོན་འཁོར་ལོ་གསུམ་གྱི་མཛད་པ་མཁའ་ཁྱབ་ཏུ་བརྡལ་ [8b] ཏེ་འགྲོ་དོན་ནམ་མཁའ་དང་མཉམ་པའི་མཚན་དབྱངས་སྲིད་པ་གསུམ་གྱི་བླར་འཕགས་པའི་སྐུ་ཕྲེང་དྲུག་པ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་མཆོག་གི་གསང་གསུམ་ཡེ་ཤེས་སྒྱུ་འཕྲུལ་གྱི་རོལ་གར་བསྟན་འགྲོའི་བསོད་ནམས་ཀྱི་བགོ་སྐལ་དགྱེས་ཞལ་གསར་དུ་བཞད་པའི་མཆོག་གི་སྤྲུལ་པའི་སྐུ་གང་ཉིད། རིག་འཛིན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་སྐུ་ཕྲེང་བཞི་པ་ཐུབ་བསྟན་ཕྲིན་ལས་དཔལ་འབར་མཆོག་གིས་དག་ཆེན་ཡེ་ཤེས་ཆེན་པོས་གཟིགས་ཤིང་འཁྲུལ་བྲལ་རྡོ་རྗེའི་ལུང་གིས་བསྔགས་པར་མཛད་པ་བཞིན། ངེས་པའི་དངོས་པོ་ལ་ངེས་པར་ཞུགས་པའི་བློས་ཚད་མེད་པའི་རྗེས་སུ་ཡི་རང་དང་བཅས་ཞབས་པད་གསེར་གྱི་འཁོར་ལོ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོ་ལ་བཀོད་དེ་མཆོག་གི་རྡོ་རྗེ་སློབ་དཔོན་གྱི་རྒྱལ་ཐབས་ལ་མངའ་གསོལ་ཞིང་། རྒྱལ་བསྟན་ཡོངས་སུ་རྫོགས་པའི་བདག་པོ་ཆོས་ཀྱི་འཁོར་ལོས་སྒྱུར་བ་མཆོག་ཏུ་གཟེངས་བསྟོད་པ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་ཐེག་མཆོག་གསང་ཆེན་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་བླ་ལྷག་ཏུ་འཕེལ་ཞིང་རྒྱས། བདག་ཅག་རྗེས་འཇུག་གདུལ་བྱ་རྣམས་ཀྱིས་སྨིན་ཅིང་གྲོལ་བའི་སྐལ་ [9a] བཟང་ཁྱད་པར་ཅན་ཐོབ། ཡངས་པའི་འཇིག་རྟེན་གྱི་ཁམས་སུ་བཀྲ་ཤིས་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པའི་སྐལ་བཟང་གི་དགའ་སྟོན་ཆེན་པོ་ལ་ལོངས་སུ་སྤྱོད་པའི་དུས་སྐབས་བཟང་པོ་འདིར། །མགོན་པོ་གང་གི་རྗེས་སུ་ཞུགས་ཤིང་དྲི་མ་མེད་པའི་རིང་ལུགས་ཇི་བཞིན་འཛིན་སྐྱོང་སྤེལ་བའི་གཡར་ཁྲལ་འཛིན་པ་བདུད་འཇོམས་སྤྲུལ་མིང་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ནས་རབ་གུས་དང་བ་ཆེན་པོས། ཐོག་མར་དགེ་བའི་རྟེན་འབྱུང་མཚོན་བྱེད་བཀྲ་ཤིས་པའི་ལྷ་རྫས་ནང་མཛོད་རབ་དཀར་སྲིད་ན་རིང་བ་བདེ་ལེགས་ཤིས་པའི་རི་མོ་ཅན་གྱིས་སྣ་དྲངས་ཏེ། སྐུ་རྟེན་བསྟན་པའི་བདག་པོ་མཉམ་མེད་ཤཱཀྱ་སེང་གེའི་སྐུ་ཛིཀྵིཾ་དམར་པོ་ལས་གྲུབ་པ་བྱིན་ལྡན། གསུང་རྟེན་གསང་ཆེན་རྒྱུད་སྡེ་ཀུན་གྱི་རྩ་བ་དཔལ་གསང་བ་སྙིང་པོའི་གླེགས་བམ། ཐུགས་རྟེན་བླ་མེད་ཆོས་སྐུའི་མཆོད་སྡོང་བཀའ་གདམས་མཆོད་རྟེན་བྱིན་རླབས་ཀྱི་གཟི་འོད་འབར་བ། ཡོན་ཏན་གྱི་རྟེན་སྐུ་དཔལ་ཚེ་བསོད་མངའ་ཐང་རྒྱས་པའི་མངོན་རྟགས་ཛོད་གོས་སེར་པོའི་ན་བཟའ། ཕྲིན་ལས་ཀྱི་རྟེན་དམ་འགོང་གདུག་ཅན་ཉམས་པའི་སྙིང་རྩ་ཐལ་བར་འབྱིན་བྱེད་གནམ་ལྕགས་ཕུར་པ་རྣོ་དབལ་ཅན། ཞབས་པད་བཀྲ་ཤིས་ [9b] ཀྱི་རེ་ཁཱ་ནམ་ཡང་གཡོ་བ་མེད་པའི་རྟེན་དུ་སྟན་དཀར་སྣ་ཚོགས་རྡོ་རྗེ་གཡུང་དྲུང་གིས་མཚན་པ། འབུལ་མཚོན་བཟང་གོས་ཀྱིས་དྲངས་པའི་ཟོང་སྣ་རྩེ་མོའི་གྲངས་ལྡན། མཐའ་དཀར་བཀྲ་ཤིས་ལྷ་གོས་ཟླ་བའི་མདངས་ལྡན་ཁ་ཚར་མ་ཉམས་པས་ཀུན་ནས་ཡོངས་སུ་བསྟེན་ཏེ་ཕུལ་བ་ལགས་ན། ཚད་མེད་དགྱེས་པ་ཆེན་པོས་བདག་གིར་བཞེས་ཏེ་ཇི་ལྟར་གསོལ་བ་བཏབ་པའི་རེ་བའི་ཤིང་རྟ་ཡིད་བཞིན་འདོད་འཇོའི་དབྱིག་གིས་ཡོངས་སུ་འགེངས་པར་མཛད་དུ་གསོལ་ཅེས་སླར་ཡང་སྨིན་པ། ཀུན་ཁྱབ་འོད་གསལ་འདུས་མ་བྱས་པའི་དབྱིངས། །ཁྱོད་ལ་དགེ་ལེགས་གཡོ་བ་མེད་གྱུར་ཅིག ༡ །ཡོངས་གྲུབ༵་གདོད་ནས་རྣམ་དག་ཡེ་ཤེས་དབང༵་། ཆགས་མེད་པ༵དྨ༵་ཀུན་ཏུ་འཆང་ཆེན་ཞལ། །ཀུན་བཟང་རི༵ག་པ་འཛི༵ན་པའི་གར་བསྒྱུར་བ། །ཁྱོད་མཚན་གངས་ཅན་མཚོ་ཞིང་ཀུན་ཏུ་སྙན། ༢ །རྟག་ཁྱབ་འགྱུར༵་མེད༵་ཡོངས་གྲུབ་ཡེ་ཤེས་དབྱིངས། །མངོན་གྱུར་ཐེག༵་མཆོག༵་འོད་གསལ་སྙིང་པོའི་རྩེ། །ཀུན་བཟང་བསྟན༵་པའི་རྒྱལ་མཚན་འཛི༵ན་པ་ལ། །མཚུངས་མེད་ཆོས་ཀྱི་རྒྱལ་པོ་རྫོགས་ཆེན་པ། ༣ །མཆོག་ཏུ་ངེ༵ས་པ་དོན༵་གྱི་ [10a] སྙིང་པོའི་ལམ། །མཆོག་གསང་བསྟན་པ་འཛི༵ན་སྐྱོང་སྤེལ་བའི་གཉེན། །མཆོག་གཟིགས་ཀུན་ཏུ་བཟང༵་པོ༵འི་རྣམ་ཐར་སྐྱོང་། །མཆོག་གྱུར་དགའ་རབ་དཔའ་བོ་རྫོགས་ཆེན་པ། ༤ །མི༵་འགྱུར༵་གསང་ཆེན་མཆོག་གི་རྒྱལ་མཚན་རྩེར། །འོད་གསལ་ནམ༵་མཁ༵འི་ནོར་བུས་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་ཅན། །རྡོ༵་རྗེ༵་འཆང་ཆེན་གྲུབ་དབང་རྫོགས་ཆེན་པ། ༥ །ཐུབ༵་པའི་བསྟན༵་པ་འཁོར་ལོ་གསུམ་གྱིས་འདེགས། །གསང་ཆེ་ཆོས༵་ཀྱི༵་རྒྱལ་མཚན་ཀུན་ཏུ་བསྒྲེངས། །རྡོ༵་རྗེ༵་ཐེག་པའི་བསྟན་འཛིན་ཀུན་གྱི་གཙོ། །འཇིགས་མེད་གྲུབ་པའི་དབང་པོ་རྫོགས་ཆེན་པ། ༦ །འཇིག༵ས་བྲལ༵་རྡོ་རྗེ་ཅན་གྱི་རྒྱལ་སྲིད་ལ། །དབང་བསྒྱུར་ཆོས༵་དབྱིང༵ས་མཁའ་དང་མཉམ་པའི་མཐར། །འཆི་མེད་རིག་འཛིན་མཆོག་གི་མཚན་བཀོད་པ། །རྡོ༵་རྗེ༵་འཛིན་པའི་གཙོ་མཆོག་རྫོགས་ཆེན་པ། ༧ །འཇི༵གས་མེ༵ད་བློ༵་གྲོས་འོད་སྟོང་རབ་གསལ༵་བས། །མཆོག་གསང་བསྟན་པའི་པད་ཚལ་ཅི་དགར་འབྱེད། །གྲུབ་གཉིས་ནོར་བུའི་གཏེར་ལ་རང་དབང༵་བསྒྱུར། །རིག་འཛིན་གྲུབ་པའི་མེས་པོ༵་རྫོགས་ཆེན་པ། ༨ །རྒྱལ་ཀུན་གསང་གསུམ་རྣམ་རོལ་སྒྱུ་མའི་གར། །གདན་རབས་ [10b] གསེར་རིའི་ཕྲེང་བར་བསྒྱུར་བའི་འཕྲུལ། །སྐལ་བཟང་ཀུན་དགའི་དཔྱིད་དུ་རྩེན་མཁས་པ། །ཁྱོད་ཞབས་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག ༩ །སྟོང་གསལ་འདུས་མ་བྱས་པའི་ནམ་མཁའ་ལ། །ནང་གསལ་ཡེ་ཤེས་ཉིན་བྱེད་འཆར་བའི་གཟི། །འཆི་མེད་རིགས་ཀྱི་ཐིག་ལེར་མངའ་གསོལ་བ། །རྟག་བརྟན་བདེ་བ་ཆེན་པོར་འཚོ་གཞེས་ཤོག ༡༠ །ཡོན་ཏན་རིན་ཆེན་རྡུལ་བརྩེགས་མཆོད་པའི་རྟེན། །སྡོམ་གསུམ་ནོར་བུའི་རྒྱན་གྱིས་སྒེག་པ་ཅན། །ལྷུན་མཐོ་པདྨ་སྤུངས་པའི་གདན་ཁྲི་ལ། །རྟག་བཞུགས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག ༡༡ །ཁྱོད་སྐུ་ཉིན་མོར་བྱེད་པའི་དཀྱིལ་འཁོར་ཞིང་འདིའི་གུང་ལས་གཡོ་བ་མེད། །ཆེར་སྙིགས་དུས་ཀྱི་མུན་པ་མཐར་བྱས་རྫོགས་ལྡན་སྣང་བའི་དགའ་སྟོན་རྒྱས། །གསང་བསྟན་པདྨའི་ནགས་ཀླུང་རབ་བཞད་རིམ་གཉིས་གེ་སར་རྡུལ་མང་ཕྲེང་། །སྐ་བཟང་བུང་བའི་ཉེར་འཚོར་ཡོངས་སྨིན་ཕུན་ཚོགས་བཀྲ་ཤིས་དཔའ་འབར་ཤོག ༡༢ །སརྦ་དཱ་མངྒ་ལཾ།། །།