ཡུལ་དམ་པ་རྣམས་ལ་བརྟན་བཞུགས་ཕུལ་བའི་བདེན་ཚིག་གི་རབས་ཕྱོགས་གཅིག་ཏུ་བསྡེབས་པའི་འཆི་མེད་གྲུབ་པའི་དབྱངས་སྙན།

From Dudjom Wiki
DJYD-KABUM-25-AA-009
Wylie title yul dam pa rnams la brtan bzhugs phul ba'i bden tshig gi rabs phyogs gcig tu bsdebs pa'i 'chi med grub pa'i dbyangs snyan DJYD-KABUM-25-AA-009.pdf
Location bdud 'joms rin po che bka' 'bum
Volume 25, Text 9, Pages 343-426 (Folios 1a1 to 42b3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Yul dam pa rnams la brtan bzhugs phul ba'i bden tshig gi rabs phyogs gcig tu bsdebs pa'i 'chi med grub pa'i dbyangs snyan. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 25: 343-426. Kalimpong: Dupjung Lama, 1979-1985.
Side notes Recto: zhabs brtan   Verso: sna tshogs skor
More details More details
Genre Prayers for Long Life - zhabs brtan gsol 'debs
[edit]
༄༅། །ཡུལ་དམ་པ་རྣམས་ལ་བརྟན་བཞུགས་ཕུལ་བའི་བདེན་ཚིག་གི་རབས་ཕྱོགས་གཅིག་ཏུ་བསྡེབས་པའི་འཆི་མེད་གྲུབ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །


༄༅། །འཁོར་ལོའི་མགོན་པོ་གར་དབང་སངས་རྒྱས་རྡོ་རྗེའི་ཞབས་བརྟན་གསོལ་འདེབས། ཨོཾ་སྭསྟི། འཆི་མེད་མགོན་པོ་བཅོམ་ལྡན་འོད་མི་འགྱུར། །རྒྱལ་ཡུམ་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མ། །དྲང་སྲོང་སྨོན་ལམ་གྲུབ་པའི་ཚོགས་རྣམས་ཀྱིས། །བྱིན་རླབས་ཚེ་དབང་དངོས་གྲུབ་ཆར་དུ་ཕོབ། །ངེས་འབྱུང་གསེར་གྱི་ཡུ་བ་ལ་བརྟན་པའི། །རྣམ་དག་ཚུལ་ཁྲིམས་ནོར་བུའི་རྒྱལ་མཚན་སྒྲེང་། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་དགེ་བའི་བཤེས། །པདྨ་རིག་འཛིན་བཟང་པོ་ཞབས་བརྟན་གསོལ། །རྒྱ་ཆེན་སྙིང་སྟོབས་ཆེན་པོའི་གོ་ [2a] བགོས་ཏེ། །གདུལ་བྱ་མྱ་ངམ་སྲིད་མཚོ་ལས་བསྒྲལ་ནས། །རྣམ་གྲོལ་ཞི་བར་འཁྲིད་མཁས་སེམས་དཔའ་ཆེ། །རྒྱལ་སྲས་གཞན་ཕན་འོད་ཟེར་ཞབས་བརྟན་གསོལ། །དོན་བརྒྱུད་མན་ངག་བདུད་རྩིས་རབ་མྱོས་པས། །མི་འགྱུར་བདེ་ཆེན་གནས་ལུགས་མངོན་དུ་གཟིགས། །འཛིན་མེད་རང་གྲོལ་ནམ་མཁའི་རྣལ་འབྱོར་པ། །གར་དབང་སངས་རྒྱས་རྡོ་རྗེ་ཞབས་བརྟན་གསོལ། །དཔལ་ལྡན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན། །སྨིན་གྲོལ་ཆོས་ཆར་འགྲོ་ཁམས་ཁྱབ་པར་འབེབས། །སྙིགས་མའི་ [2b] རྒུད་པ་མིང་གི་ལྷག་མར་གྱུར། །བཀྲ་ཤིས་སྣང་བས་ས་གསུམ་མཛེས་གྱུར་ཅིག །ཅེས་པའང་མགོན་པོ་གང་གི་རྡོ་རྗེ་སློབ་བུའི་གྲལ་མཐར་འཁོད་པ་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གྲོ་བཞིན་ཟླ་བའི་ཡར་ངོའི་བཟང་པོ་གསུམ་པའི་ཚེས་ལ་སྙིང་ནས་གསོལ་བ་བཏབ་པ་དོན་ལྡན་དུ་གྱུར་ཅིག། །།

༈     །རྫོང་གསར་མཁྱེུན་བརྩེ་རིན་པོ་ཆེའི་ཞབས་བརྟན། ཨོཾ་སྭསྟི།   རྒྱལ་ཀུན་གསུང་གི་རྡོ་རྗེའི་ཕུལ་བྱུང་མཁྱེ༵ན་བརྩེའི༵་འཛུམ།   །ངོ་མཚར་ཆོས༵་ཀྱི༵་གཏེར་དུ་གྲོལ་བ་ལས།   །རིས་མེད་བསྟན་པ་རྒྱ་མཚོའི་མཆོག་སྦྱིན་མཁན།   །འདྲེན་པ་བློ༵་གྲོ༵ས་མཚུངས་མེད་ཞབས་བརྟན་གསོལ།   །པདྨ་ལས་འཁྲུངས་མགོན་དང་བི་མ་ལའི།   །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གང་།   །དུས་འདིར་རྡོ་རྗེ་སྙིང་པོའི་ལམ་མཆོག་ཆེའི།   །ཤིང་རྟ་གཅིག་པུ་ཉིད་དུ་ཞབས་བརྟན་གསོལ།   །འཇིགས་མེད་ཟབ་དོན་སེང་གེའི་ང་རོ་ཡིས།   །ལོག་སྨྲའི་རི་དྭགས་ཁྱུ་ཚོགས་དཔའ་བཀོད་བཞིན།   གསང་གསུམ་རྟག་པ་དམ་པར་འཚོ་གཞེས་ཀྱི།   ། [3a] བཀྲ་ཤིས་སྣང་བས་ས་གསུམ་མཛེས་གྱུར་ཅིག    །ཅེས་པའང་མགོན་པོ་གང་གི་ཆོས་ཀྱི་རིགས་སུ་སྐྱེས་ཤིང་རྒྱུ་མཚན་ཤེས་པའི་དད་པ་ཐོབ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཀུན་འཛིན་གྱི་ལོ་འབྲས་བུ་བཅུད་མ་རྫོགས་ཀྱི་ཟླ་བའི་ཡར་ངོའི་དུས་ཚེས་བཟང་པོར་མཆོག་ཏུ་གུས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།།   །།
༈     །བདུད་འཇོམས་གཏེར་སྲས་རྡོ་རྗེ་དགྲ་འདུལ་གྱི་ཞབས་བརྟན། ཨོཾ་སྭསྟི།   ཀུན་ཁྱབ་བདེ་ཆེན་མི་ཤིགས་གཉུག་མའི་ཁམས།   །གཞོམ་བྲལ་རྟག་བརྟན་ཡོངས་སུ་གྲུབ་པའི་དངོས།   །ཚེ་དབང་རིག་འཛིན་པདྨ་བདེ་བ་ཆེས།   །དེང་འདིར་ཤིས་པའི་མེ་ཏོག་ཆར་དུ་བསྙིལ།   །རྒྱལ་ཀུན་ཐུགས་ཀྱི་གསང་བ་འཛིན་པའི་གར།   །མི་བཟད་མཐུ་སྟོབས་རྡོ༵་རྗེ༵་དྲག་ཤུལ་གྱིས།   །ཡིད་སྲུབས་བདུད་དགྲ༵་འདུལ༵་བའི་དཔའ་བོ་ཆེ།   །གང་ཁྱོད་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ།   །གསང་གསུམ་རྟག་པ་དམ་པར་འཚོ་གཞེས་ཤིང་།   །རླབས་ཆེན་ཕྲིན་ལས་ནམ་མཁའི་ཕ་མཐར་བསྙེགས།   །ཟབ་གསང་རིང་ལུགས་དབྱར་མཚོ་ལྟར་འཁྱིལ་ནས།   །ས་གསུམ་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག   ཅེས་པའང་བཀའ་བབས་ཀྱི་ཆོས་བདག་འགྲོ་འདུལ་སྐྱེས་མཆོག་ཁྲོ་རྒྱལ་རྡོ་རྗེའི་གསུང་གི་ངོར་འཇིགས་བྲལ་ [3b] ཡེ་ཤེས་རྡོ་རྗེས་གནས་དུས་རྟེན་འབྲེལ་དགེ་བར་འདུན་སྨོན་དུ་བྲིས་ཏེ་ཕུལ་བ་སིདྡྷི་རསྟུ།།   །། 
༈     །སངས་རྒྱས་གཉིས་པའི་མཁྱེན་བརྩེ་ཡེ་ཤེས་གར།   །གསང་ཆེན་བསྟན་པ་རྒྱ་མཚོའི་འཁོར་ལོས་སྒྱུར།   །མ་ལུས་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཛིན།   །ང༵ག་དབ༵ང་ཆོས༵་ཀྱི་གྲག༵ས་པར་གསོལ་བ་འདེབས།   །སྐྱེ་བར་ཁྱོད་ཞབས་གཙུག་ཏུ་མི་འབྲལ་ཞིང་།   །ཟབ་གསང་སྨིན་གྲོལ་བདུད་རྩིའི་དགའ་སྟོན་ལ།   །ངོམས་པ་མེད་པར་གུས་པས་ལོངས་སྤྱོད་ནས།   །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།   །གང་གི་གསང་གསུམ་རྡོ་རྗེ་ལྟར་བརྟན་ནས།   །བཞེད་རྒུའི་དོན་ཀུན་འབད་པ་མེད་པར་འགྲུབ།   །ཕྲིན་ལས་ནམ་མཁའི་ཕ་མཐར་ཁྱབ་པ་ཡི།   །བཀྲ་ཤིས་ཉི་ཟླ་ཁོར་ཡུག་འཆར་བར་ཤོག    །ཅེས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གསང་ཆེན་ཆོས་ཀྱི་རྒྱལ་ཐབས་ལ་མངའ་དབང་བསྒྱུར་བ་སྐྱབས་རྗེ་གཅུང་རིན་པོ་ཆེའི་གསོལ་འདེབས་བརྟན་བཞུགས་དང་འབྲེལ་བ་འདིའང་སྡོམ་བརྩོན་དགེ་བའི་བཤེས་གཉེན་སྔགས་རམ་པ་འགྱུར་མེད་གསང་སྔགས་རབ་རྒྱས་ནས་ལྷ་རྫས་རིནཔོ་ཆེའི་མེ་ཏོག་གི་སྐྱེས་དང་བཅས་ཏེ་དང་བའི་གསུང་གིས་བསྐུལ་བར་མཛད་པ་ལས།   མགོན་པོ་གང་གི་བཀའ་འབངས་ཀྱི་གྲལ་མཐར་བསྙེགས་པའི་སྔགས་བན་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ [4a] ནས་གུས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།།   །།
༈    །   ལྷ་ལུང་གསུང་སྤྲུལ་བཅུ་པའི་ཞབས་བརྟན།  ཨོཾ་སྭསྟི།   རྒྱལ་ཀུན་གསུང་གི་རྡོ་རྗེ་པདྨར་སྐྱེས།   །འཆི་མེད་བདེ་ཆེན་མེ་ཏོག་མནྡྷ་རར།   །རྗེས་ཆགས་ཚེ་དབང་བདུད་རྩིའི་ཟིལ་དངར་རྒྱུན།   །སྐལ་བཟང་ཕན་བདེའི་དཔྱིད་དུ་དེང་འབེབས་གསོལ།   །པདྨ་གསལ་འཕྲུལ་གཏེར་ཆེན་པདྨ་གླིང་།   །པདྨའི་ཕྲིན་ལས་ཕྱོགས་བརྒྱར་སྤེལ་བྱེད་པ།   །འགྲོ་འདུལ་རྒྱལ་སྲས་རིག་པ་འཛིན་པའི་གར།   །ངག་དབང་ཆོས་ཀྱི་རྒྱལ་མཚན་ཞབས་བརྟན་གསོལ།   །གསང་གསུམ་མི་ཤིགས་རྡོ་རྗེའི་ཆོས་སུ་བརྟན།   །བསྟན་འགྲོར་སྨན་པའི་བཞེད་རྒུ་ལྷུན་གྱིས་འགྲུབ།   ཆེར་སྙིགས་དུས་ཀྱི་རྒུད་མུན་མཐར་བྱས་ཏེ།   །ས་གསུམ་བཀྲ་ཤིས་སྣང་བས་མཛེས་གྱུར་ཅིག    །ཅེས་སྔ་འགྱུར་བསྟན་པའི་སྣང་བྱེད་ལྷ་ལུང་གསུང་སྤྲུལ་བཅུ་པ་མཆོག་གི་ཞབས་པད་ཡུན་དུ་འཚོ་གཞེས་ཀྱི་བདེན་ཚིག་འདིའང་གང་གི་རིམ་གྲོ་བ་དགེ་སློང་ཚུལ་ཁྲིམས་བསྟན་འཛིན་ནས་ལྷ་རྫས་མེ་ཏོག་གི་སྐྱེས་དང་བཅས་ཏེ་བསྐུལ་བའི་ངོར།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བུམ་ཐང་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཕོ་བྲང་དུ་སྙིང་ནས་དད་པས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །།
༈     །སྟག་སྣ་ཏྲེ་ཧོ་སྤྲུལ་སྐུའི་ [4b] ཞབས་བརྟན། ཨོཾ་སྭསྟི།   འཆི་མེད་ཡེ་ཤེས་ཟླ་བའི་འཛུམ་ཟེར་གྱིས།   །འཇིགས་ཆེན་དུས་ཀྱི་མུན་རུམ་མཐར་བྱས་ཏེ།   །སྐལ་བཟང་སྲོག་གི་ཀུ་མུ་ཏ་བཞད་མཛད་པ།   །ཡིད་བཞིན་འཁར་ལོས་དེང་འདིར་ཤིས་པ་སྩོལ།   །དཔལ་ལྡན་བསྟན༵་འཛི༵ན་རྒྱུ་སྐར་བྱེ་བའི་དབུས།   །མཁྱེན་བརྩེའི་གང་བ་རྒྱས་པའི་ངོ་མཚར་གཟུགས།   །གདུལ་བྱའི་སྙིང་ལ་རབ་བསིལ་འོད་དཀར་ཅན།   །རྒྱལ་སྲས་གཞོན་ནུའི་ཁྱུ་མཆོག་ཞབས་བརྟན་གསོལ།   །ཐུབ་བསྟན་རིན་ཆེན་གངས་ཀྱི་རི་སུལ་དུ།   །འཇི༵གས་མེ༵ད་ཐེག་མཆོག་དབྱངས་ཀྱི་ང་རོ་ཡི།   །མཐར་འཛིན་ལྷ་དམན་རི་དྭགས་ཀླད་པ་འགེམས།   །འགྲོ་འདུལ་གདོང་ལྔའི་དབང་པོ་ཞབས་བརྟན་གསོལ།   །ཀུན་ཏུ་བཟང་པོའི་རྣམ་ཐར་ཕྲིན་ལས་ལ།   །དབང་འབྱོར་མཐོང་ཐོས་དྲན་རེག་འབྲེལ་བཅས་འགྲོ།   །ཆོས་དབྱིང༵ས་བདེ་ཆེན་རྡོ་རྗེའི་རྒྱལ་ཐབས་ཆེར།   །འགོད་མཁས་རིགས་ཀྱི་བདག་པོ་ཞབས་བརྟན་གསོལ།   །བདེན་གཉིས་བསླུ་མེད་བདུད་རྩིས་བསྐྱེད་བསྲིངས་པའི།   །རབ་དཀར་ལྷག་བསམ་གསེར་གྱི་མྱུ་གུ་ལས།   །སྨོན་པའི་འབྲས་བཟང་ཡིད་བཞིན་འདོད་འཇོར་སྨིན།   །ས་གསུམ་ཕན་བདེའི་དགའ་ [5a] སྟོན་རྒྱས་གྱུར་ཅིག    །ཅེས་སྟག་སྣ་ཏྲེ་ཧྲོ་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཞབས་བརྟན་བདེན་ཚིག་འདིའང་གང་གི་རིམ་གྲོ་པ་རྟ་སྤྲུལ་ཀརྨ་ཀུན་བཟང་ངེས་དོན་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་དང་བའི་གསུང་གིས་བསྐུལ་བར་མཛད་པ་བཞིན།   །རིང་འཚོའི་རིག་སྔགས་སྨྲ་བའི་དྲང་སྲོང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དགའ་བའི་ལོ་ཁྲུམས་ཟླའི་ཡར་ཚེས་མཆོག་ཏུ་དགེ་བའི་ཉིན་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི་བྷ་ཝནྟུ།   ཀུན་ཁྱབ་སྙིང་པོ་རྟག་པ་དམ་པའི་དབྱིངས།   །འཕོ་འགྱུར་ཡོངས་བྲལ་མི་ཤིགས་གཉུག་མའི་གཤིས།   །ཆོས་ཉིད་ངོ་བོ་གདོད་ནས་རྣམ་དག་མཐུས།   །རྗེ་བཙུན་དཔལ་ལྡན་བླ་མའི་ཞབས་བརྟན་གསོལ།   །རང་བྱུང་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་སྤྲིན།   །བསམ་གྱིས་མི་ཁྱབ་ཡེ་ཤེས་རོལ་པའི་རྒྱན།   །ཆོས་ཅན་རྟེན་འབྲེལ་བསླུ་མེད་ལྷུན་གྲུབ་མཐུས།   །གཏེར་འབྱིན་རིག་འཛིན་བླ་མའི་ལབས་བརྟན་གསོལ།   །གང་ཐུགས་ཟབ་གསལ་གཉིས་མེད་ཀུན༵་བཟ༵ང་ཀློང་།   །གསུང་མཆོག་འགྲོ༵་འདུལ༵་བརྗོད་བྲལ་ན་དཱའི་དབྱངས།   །མཛེས་སྐུ་བདེ༵་ཆེ༵ན་ལང་ཚོ་མཚན་དཔེའི་གར།   །གསང་གསུམ་རྡོ་རྗེའི་ངོ་བོར་འཚོ་གཞེས་གསོལ།   །པདྨའི་ཐུགས་བསྐྱེད་ལྟེ་བར་ལེགས་བརྟེན་པའི།   །མདོ༵་སྔ༵གས་ཆོས་ཚུལ་རྩིབས་སྟོང་མངོན་བཀྲ་བ།   ། [5b] བདེ༵་ཆེ༵ན་ཁྱུད་འཛིན་གང་གདུལ་བྱའི་གླི༵ང་།   །མ་ལུས་ཁྱབ་པ༵ར་བསྐོར་བཞིན་འཚོ་གཞེས་གསོལ།   །ཕྲིན་ལས་ཉིན་མོར་བྱེད་པའི་གཟི་བྱིན་གྱིས།   །ཆེར་སྙིགས་དུས་ཀྱི་མུན་འཐུག་རབ་བསལ་ཏེ།   །བསྟན་འགྲོའི་ཕན་བདེ་རྫོགས་ལྡན་དཔལ་བཞིན་དུ།   །གོང་འཕེལ་བཀྲ་ཤིས་སྣང་བས་ཀུན་ཁྱབ་ཤོག    །ཅེས་ནང་ཆེན་ཀུན་བཟང་འགྲོ་འདུལ་གྱི་ཞབས་བརྟན་གསོལ་འདེབས་འདིའང་སྤྲུལ་པའི་རིག་འཛིན་གང་གི་ཐུགས་ཀྱི་སྲས་སུ་བྱིན་གྱིས་བརླབས་པ་འཇིགས་མེད་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱིས་གསུང་བསྐུལ་གནང་བ་བཞིན་རྟེན་འབྱུང་གི་དགེ་བའི་བཙས་སུ་མཐོང་སྟེ།   །སྦས་ལྗོངས་པདྨོའི་ཚལ་གྱི་རིག་པ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཡིད་འོང་བསམ་གཏན་གྱི་རི་བོའི་མགུལ་རང་བྱུང་ཀུན་ཏུ་བཟང་པོའི་ནགས་ཁྲོད་ཉམས་དགའ་བའི་གནས་སུ་རང་ལོ་ཉེར་དྲུག་ཏུ་སོན་པ་དཀར་པོ་ས་སྦྲུལ་ལོ་སྟོན་ཟླ་འབྲིང་པོ་རྩི་བཅུད་འབྲས་བུ་སྨིན་པའི་དུས་ཚེས་བཟང་པོར་འདུན་སྨོན་དུ་སྤེལ་བ་སིདྡྷི་རསྟུ།།   །། 
༈     །བསླུ་མེད་སྐྱབས་གནས་རྒྱ་མཚོའི་བྱིན་རླབས་མཐུས།   །འཇིགས་མེད་ཐུབ༵་བསྟན༵་ཆོས་ཀྱི་རྒྱལ༵་མཚ༵ན་གྱི།   །གསང་གསུམ་རྟག་པ་དམ་པར་འཚོ་གཞེས་ཤིང་།   །བསྟན་འགྲོར་སྨན་པའི་མཛད་ཕྲིན་རབ་རྒྱས་ཤོག  །   ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། [6a]  ༈     །འཆི་མེད་རིག་འཛིན་རྒྱལ་བའི་མཐུ་བྱིན་གྱིས།   །དབྱིངས་ཡུམ་ཡེ་ཤེས་ཌཱ་ཀིའི་རྣམ་པར་རོལ།   །འགྲོ་འདུལ་པདྨ་བདེ་བའི་འབྱུང་གནས་ཀྱི།   །ཞབས་པད་རྟག་བརྟན་མཛད་ཕྲིན་རབ་རྒྱས་ཤོག    །ཅེས་པའང་དབྱིངས་ཡུམ་གོང་མའི་དངོས་སློབ་བླ་མ་འགྱུར་མེད་ཕྲིན་ལས་ཀྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །སངས༵་རྒྱས༵་ཀུན་དངོས་འཆི་མེད་ཐོད་ཕྲེང་རྩལ།   །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་བྱིན་རླབས་ཀྱིས།   །ཁྱབ་བདག་དཔལ་ལྡན་བླ་མའི་ཞབས་པདྨོ།   །།   མི་ཤིགས་རྡོ༵་རྗེ༵འི་ཁྲི་ལས་གཡོ་མེད་ཤོག    །ཅེས་པའང་མགོན་པོ་གང་གི་བཀའ་འབངས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་གསོལ་བ་བཏབ་པ་སིདྦདྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   །ཀ་དག་གདོད་མའི་མགོན་པོ་འོད་མི་འགྱུར།   །ལྷུན་གྲུབ་ངེས་པ་ལྔ་ལྡན་ནམ་མཁའི་རྒྱལ།   །ཐུགས་རྗེ་འདྲེན་མཆོག་སངས་རྒྱས་པདྨའི་གར།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཞབས་བརྟན་གསོལ།   །རྒྱལ་བ་ཀུན་དང་སྤངས་རྟོགས་རོ་མཉམ་ཡང་།   །སྙིང་རྗེ་ཆེན་པོས་འཁོར་བའི་མཐའ་བཟུང་ཕྱིར།   །སྲིད་ན་སྲིད་པའི་ཆོ་འཕྲུལ་ཅིར་ཡང་སྟོན།   །མཚུངས་མེད་ [6b] རིགས་ཀྱི་བདག་པོ་ཞབས་བརྟན་གསལ།   །ངོ་མཚར་ཐུགས་བསྐྱེད་སྨོན་ལམ་མཐུ་གྲུབ་པས།   །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་རྣམ་ཐར་གྱིས།   །མཐོང་ཐོས་དྲན་རེག་ཕན་བདེའི་དཔལ་ལ་སྦྱོར།   །གཏེར་འབྱིན་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་གསོལ།   །ཐུབ་བསྟན་སྤྱི་དང་སྔ་འགྱུར་རྫོགས་པ་ཆེའི།   །རིང་ལུགས་བཤད་སྒྲུབ་སྣང་བ་འབུམ་བརྡལ་བས།   །སྐལ་བཟང་རྣམ་གྲོལ་དགའ་ཚལ་འབྱེད་མཁས་པ།   བསྟན་པའི་ཉི་མ་ཆེན་པོ་ཞབས་བརྟན་གསོལ།   །བཀའ་གཏེར་ཆོས་མཛོད་ཡོངས་ལ་དབང་བསྒྱུར་བས།   །སྣ་ཚོགས་ཕྲིན་ལས་གང་འདུལ་ཐབས་དུ་མས།   །སྣོད་བཅུད་སྙིགས་མའི་རྒུད་པ་མཐར་མཛད་པའི།   །འགྲོ་འདུལ་དབང་གི་རྒྱལ་པོ་ཞབས་བརྟན་གསོལ།   །སྣང་གྲགས་སེམས་སུ་བཏགས་པའི་ཆོས་ཀྱི་སྤྲིན།   །ཆོས་ཉིད་མཉམ་བརྡལ་སྒྱུ་མའི་རྩེ་འཇོ་རུ།   །མངོན་གཟིགས་བདེ་མཆོག་བདེ་བས་རབ་མྱོས་པ།   །ཟླ་མེད་གྲུབ་པའི་དབང་པོ་ཞབས་བརྟན་གསོལ།   །བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་དང་།   །བདེན་གཉིས་རང་བཞིན་བསླུ་བ་མེད་པའི་མཐུས།   །བདུད་འཇོམས་དཔའ་བོ་འགྲོ་འདུལ་གླིང་པ་ཡི།   །ཞབས་པད་རྟག་བརྟན་མཛད་ཕྲིན་ [7a] མཐར་རྒྱས་ཤོག    །ཅེས་པའང་མི་འཕྲོགས་པའི་དད་གུས་ཀྱི་ནོར་ལྡན་དྭགས་པོ་གཤམ་མཁར་བ་འཇིགས་མེད་བློ་གྲོས་ཀྱི་བཞེད་ངོ་ལྡོག་པའི་ཆེད་དུ་རང་ཉིད་ཀྱིས་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   འཆི་མེད་མགོན་པོ་མཚོ་སྐྱེས་རྡོ་རྗེ་འཆང་།   །ཚེ་ལ་དབང་ཐོབ་དཔའ་བོ་ཌཱ་ཀི་ནི།   །དྲང་སྲོང་སྨོན་ལམ་གྲུབ་པའི་ཚོགས་རྣམས་ཀྱིས།   །འགྱུར་མེད་སྐུ་ཚེའི་དངོས་གྲུབ་དེང་འདིར་སྩོལ།   །འབྲོག་བན་མཚོ་རྒྱལ་པད་འབྱུང་རྣམ་གསུམ་གྱི།   །སྐུ་གསུང་ཐུགས་མཆོག་ཡེ་ཤེས་སྒྱུ་མའི་གར།   །བདུད་འཇོམས་དཔའ་བོ་འགྲོ་འདུལ་གླིང་པ་ཡི།   །གསང་གསུམ་རྡོ་རྗེའི་ངོ་བོར་འཚོ་གཞེས་ཤོག    །ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་བསྐྱེད་བཞིན།   །བསྟན་འགྲོར་སྨན་པའི་བཞེད་རྒུ་མ་ལུས་པ།   །འབད་མེད་ལྷུན་གྱིས་གྲུབ་པའི་དགེ་མཚན་གྱིས།   ཆེར་སྙིིགས་དུས་ཀྱི་རྒུད་པ་ཡོངས་བཅོམ་ཤོག    །བདག་ཀྱང་འདི་བཟུང་ཚེ་རབས་ཐམས་ཅད་དུ།   །མགོན་ཁྱོད་རྨི་ལམ་ཙམ་དུའང་མི་འབྲལ་ཞིང་།   །ཐུགས་ཀྱི་གསང་མཛོད་འབྱེད་པའི་ལྡེའུ་མིག་ཏུ།   །གྱུར་ནས་སྨིན་གྲོལ་དགའ་སྟོན་སྤེལ་ནུས་ཤོག    །ཆོས་དབྱིངས་རང་བཞིན་གདོད་ནས་རྣམ་དག་ཅིང་།   །ཆོས་ཅན་རྟེན་འབྲེལ་བསླུ་བ་ [7b] མེད་པའི་མཐུས།   །སྨོན་པའི་འབྲས་བཟང་ཡིད་བཞིན་འདོད་འཇོ་རུ།   །ཉེར་སྨིན་བཀྲ་ཤིས་གཡང་དུ་འཁྲིལ་བར་ཤོག    །ཅེས་པའང་ལས་དང་སྨོན་ལམ་གྱི་མཐུ་ལས་གསང་ཆེན་ཕོ་ཉའི་ལམ་གྱི་གྲོགས་སུ་གྱུར་པ་རིགས་ལྡན་མ་ཚེ་བརྟན་གཡུ་སྒྲོན་གྱིས་ནན་ཏན་ཆེན་པོས་བསྐུལ་བའི་ངོར་རང་ཉིད་ཀྱིས་མགོ་ཟླའི་ཡར་ངོའི་ཚེས་བཅུ་གྲུབ་པའི་སྦྱོར་བ་བཟང་པོ་ལ་ཤར་མར་སྤེལ་བ་དོན་ལྡན་དུ་གྱུར་ཅིག།   །། 
༈     །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀ   །འཆི་མེད་རིག་འཛིན་པདྨའི་བྱིན་རླབས་ཀྱིས།   །བདུད་འཇོམས་འགྲོ་འདུལ་གླིང་པའི་ཞབས་བརྟན་ཅིང་།   །རླབས་ཆེན་མཛད་ཕྲིན་མི་ཉམས་འཕེལ་རྒྱས་ཤོག  ཅེས་པའང་ཤར་ཕྱོགས་མངྒ་པའི་ལྗོངས་ཀྱི་ས་སྐྱོང་ཕྲིན་ལས་སྟོབས་རྒྱལ་གྱིས་གསུང་བསྐུལ་བཞིན་རང་ཉིད་ཀྱིས་བྲིས་པ་དགེ། 
༈   ཨོཾ་སྭསྟི།   རྒྱལ་ཀུན་གསུང་གི་རྡོ་རྗེ་ཚེ་མཐའ་ཡས།   །འཆི་མེད་རིང་འཚོའི་དཔལ་སྟེར་ལྷག་པའི་ལྷ།   །མི་འགྱུར་བདེན་གྲུབ་མངའ་བའི་ཚོགས་རྣམས་ཀྱིས།   །དེར་འདིར་ཤིས་པའི་མེ་ཏོག་ཆར་དུ་ཕོབ།   །འཇི༵གས་མེ༵ད་བརྟུལ་ཞུགས་གྲུབ་པའི་ཧེ་རུ་ཀ   །ཚེ༵་དབ༵ང་རིག་འཛིན་པདྨའི་གདུང་འཚོབ་པ།   །ཕྲི༵ན་ལ༵ས་གསང་བདག་དཔའ་བོའི་ནུས་སྟོབས་འཆང་།   །དགེ་ [8a] ལེགས་ནོ༵ར་བུའི༵་དཔལ་ཁྱོད་ཞབས་བརྟན་ཤོག    །ལེགས་བྱས་ཀུན༵་ཏུ་དག༵འ་བའི་པདྨོ་ནི།   །མཁྱེན་རབ་འཇ༵མ་དཔ༵ལ་ཉི་མས་ཕྱེས་པ་ལས།   །ཚུལ༵་ཁྲིམ༵ས་དྲི་བསུང་སྤྲོ་བའི་གེ་སར་ཅན།   །བསྟན་པའི་རྒྱ༵ལ་མཚ༵ན་ཆེ་ཁྱོད་ཞབས་བརྟན་ཤོག    །ང༵ག་གི་དབ༵ང་ཕྱུག་བློ་གྲོས་རིན་ཆེན་གཏེར།   །ངོ་མཚར་སྐ༵ལ་བཟ༵ང་སྐྱེ་རྒུའི་ཉེར་འཚོ་རུ།   །བརྩེ་ཆེན་ཡེ་ཤེས་ཕ༵ན་བདེ༵འི་འཛུམ་རླབས་གཡོ།   །ཆོས་ཀྱི་རྒྱ་མཚོ༵་གང་ཁྱོད་ཞབས་བརྟན་ཤོག    །སྐུ་ཚེའི་འདུ་བྱེད་བསྐལ་བརྒྱར་འཚོ་གཞེས་ཤིང་།   །རླབས་ཆེན་མཛད་ཕྲིན་ནམ་མཁའི་ཕ་མཐར་བསྙེགས།   །ཀུན་ཁྱབ་བསམ་དོན་ལྷུན་གྱིས་གྲུབ་པ་ཡི།   །དགེ་མཚན་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག    །ཅེས་རིགས་ཀྱི་བུ་ཆུང་མཆེད་རྣམས་རིང་པོར་འཚོ་བའི་རྟེན་འབྱུང་གི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་རང་ལ་མཆོག་ཏུ་གུས་པས་སྲིད་ཞུ་ལྷུར་ལེན་པ་དགེ་སྦྱོང་སྐལ་བཟང་འགྱུར་མེད་ཀྱིས་རིང་མོ་ཉིདནས་ཡང་དང་ཡང་དུ་བསྐུལ་བའི་ཐོག་ཉེ་ཆར་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུའི་གསུང་གིས་གསོས་བཏབ་པ་ལ་བརྟེན་ནས་ཕ་རྒན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གནས་ཆེན་བུདྡྷ་ཚེ་ཕུག་གི་རི་བོའི་མགུལ་འཆི་མེད་གྲུབ་པའི་ཀེའུ་ཚང་དུ་བྲིས་པ་སིདྡྷི་རསྟུ།།   །།
༈     །སྤྲུལ་སྐུ་ནོར་ [8b] བུའི་ཞབས་བརྟན། ཨོཾ་སྭསྟི།   ཀུན་ཁྱབ་གདོད་ནས་རྣམ་དག་གཉུག་མའི་གཤིས།   །བདེ་སྟོང་ཟུང་འཇུག་ཡེ་ཤེས་རྡོ་རྗེ་སེམས།   །ཡོངས་གྲུབ་རྟག་པ་དམ་པའི་བདེན་སྟོབས་ཀྱིས།   །འཆི་མེད་སྲོག་གི་ཀྭ་བ་དེང་ཚུགས་ཤིག    །ངོ་མཚར་ཟབ་གསང་འཇི༵གས་མེ༵ད་སེང་གེའི་སྒྲས།   །ལྟ་དམན་རི་དྭགས་ཚོགས་རྣམས་དཔའ་བཀོང་སྟེ།   །སྐལ་བཟང་རྣམ་གྲོལ་ཆོ༵ས་དབྱིང༵ས་ཞི་བའི་མཁར།   །བཟླུམ་མཛད་དཔལ་ལྡན་བླ་མ་ཞབས་བརྟན་གསོལ།   །འདོད་རྒུ་འཇོ་བ་ནོ༵ར་བུའི༵་བུམ་བཟང་ལྟར།   །ཕན་བདེའི་ཕྲིན་ལས་བསམ་མི་ཁྱབ་པ་ཡིས།   །དོ༵ན་གཉིས་ཡིད་བཞིན་གྲུབ༵་པའི་དགེ་ལེགས་གཏེར།   །བསྟན་པའི་རྒྱལ་མཚན་ཆེན་པོ་ཞབས་བརྟན་གསོལ།   །ཞབས་པད་བཀྲ་ཤིས་འཁོར་ལོའི་རེ་ཁཱ་གང་།   །མི་ཤིགས་རྡོ་རྗེའི་སྟན་ལས་མི་གཡོ་ཞིང་།   ཕུལ་བྱུང་མཛད་ཕྲིན་སྣང་བའི་འཛུམ་ཟེར་གྱིས།   །གདུལ་བྱའི་པད་ཚལ་ཤིས་པར་སྐྱོང་གྱུར་ཅིག    །ཅེས་པའང་མཁྱེན་བརྩེའི་བདག་ཉིད་རྡོ་རྗེའི་མཆེད་པོ་སྐུ་ཞབས་འགྱུར་མེད་ལགས་དང་ཀུན་བཟང་བསྟན་དར་གཉིས་ཀྱི་ལྷ་རྫས་བཟང་པོའི་སྐྱེས་དང་བཅས་ཏེ་གསུང་གིས་བསྐུལ་བ་ལས་འཇིགས་བྲ་ཡེ་ཤེས་རྡོ་རྗེས་བྲིས་པ་སརྦ་སིདྡྷི་ [9a] རསྟུ།།   །།  
༈     །ཨོཾ་སྭསྟི།   རྟག་བརྟན་ཡོངས་སུ་གྲུབ་པའི་ཡེ་ཤེས་ནི།   །འཆི་མེད་རིག་པ་འཛིན་པའི་གར་བསྒྱུར་བ།   །མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་བདེ་བ་ཆེས།   །དེང་འདིར་ཚེ་དབང་ངོ་མཚར་བྱིན་ཆེན་ཕོབ།   །ཚངས་པ་ལྷ་ཡི་མེ་ཏོག་ཕྲི༵ན་ལ༵ས་གར།   །རྨད་བྱུང་གསང་ཆེན་ཆོ༵ས་ཀྱི༵་འཁོར་ལོས་སྒྱུར།   །སྙིགས་དུས་རྒུད་མུན་སེལ་བའི་གཉེན་གཅིག་པུ།   །བསྟན་པའི་ཉི༵་མ༵་མཆོག་ཁྱོད་ཞབས་བརྟན་གསོལ།   །གསང་གསུམ་མི་ཤིགས་རྡོ་རྗེའི་ཆོས་སུ་བརྟན།   །རླབས་ཆེན་ཐུགས་བསྐྱེད་མཛད་ཕྲིན་མཐའ་རུ་ཕྱིན།   །རྫོགས་ལྡན་དགའ་སྟོན་གསར་པ་སླར་འཆར་བས།   །ས་གསུམ་ཕན་བདེའི་བཀྲ་ཤིས་རྒྱས་གྱུར་ཅིག    །ཅེས་གཏེར་ཆན་ཀུན་བཟང་འགྲོ་འདུལ་མཆོག་གི་སྤྲུལ་སྐུ་ཞབས་པད་ཡུན་ཏུ་འཚོ་གཞེས་ཀྱི་བདེན་ཚིག་འདིའང་གང་གི་རིམ་གྲོ་བ་པདྨ་ཁྱབ་བརྡལ་རྡོ་རྗེས་བཀྲ་ཤིས་པའི་ལྷ་རྫས་བཅས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆུ་འབྲུག་རྒྱལ་ཟླའི་ཡར་ངོའི་ཚེས་བཅུ་ལ་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈    །   རབ་འབྱམས་རྩ་གསུམ་འཁོར་ལོའི་མཐུ་བྱིན་དང་།   །བདེན་གཉིས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས།   །རིག་འཛིན་འཇིགས་མེད་ཀུན་ཁྱབ་རྡོ་རྗེ་ཡི།   །ཞབས་པད་ [9b] རྟག་བརྟན་མཛད་ཕྲིན་རབ་རྒྱས་ཤོག    །ཅེས་པའང་རྣལ་འབྱོར་པ་ཡེ་ཤེས་ཕུན་ཚོགས་ནས་ལྷ་རྫས་བཟང་པོའི་སྐྱེས་དང་བཅས་ཏེ་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། 
༈     །ཁྱབ་བདག་རིགས་འདུས་པ༵དྨའི་མཐུ་བྱིན་གྱིས།   །རྒྱལ་བའི་མྱུ་གུ་སྔ་འགྱུར་བསྟན༵་འཛི༵ན་མཆོག    །འགྲོ་འདུལ་ཕྲི༵ན་ལ༵ས་རྣམ་པར་རྒྱལ་བའི་སྡེའི།   །ཞབས་པད་རབ་བརྟན་དོན་གཉིས་ལྷུན་འགྲུབ་ཤོག    །ཅེས་པའང་རྦ་སྤྲུལ་བཅུ་པའི་ཞབས་བརྟན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བཀྲ་ཤིས་ཟླ་བའི་ཡར་ཚེས་བཟང་པོར་བྲིས་པ་སིདྡྷི་རསྟུ།།   །། 
༈     །སྐྱབས་གནས་བསླུ་མེད་བདེན་པའི་མཐུ་བྱིན་གྱིས།   དཔལ་ལྡན་རིགས་ཀུན་ཁྱབ་བདག་འཁོར་ལོའི་མགོན།   །དགེ་འདུན་རྒྱ་མཚོའི་ཞབས་པད་རྟག་བརྟན་ཅིང་།   །གདུལ་བྱ་སྨིན་གྲོལ་ཕྲིན་ལས་མཐར་ཕྱིན་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཌཱ་ཀི་འདུ་བའི་དུས་ཚེས་བཟང་པོར་འདུན་སྨོན་དུ་བྲིས་ཏེ་གསོལ་བ་བཏབ་པ་དགེ།   །། 
༈     །ཨོ༵་རྒྱན༵་སངས་རྒྱས་གཉིས་པའི་བྱིན་རླབས་ཀྱིས།   །འགྲོ་འདུལ་གས༵ང་སྔ༵གས་བསྟན༵་པའི་སྒྲོན་མེ་མཆོག    །རིག་འཛི༵ན་བླ་མའི་ཞབས་པད་རྟག་བརྟན་ཅིང་།   །ཕྲིན་ལས་སྣང་བ་ས་གསུམ་ཀུན་ [10a] ཁྱབ་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་སིདྡྷི་རསྟུ།།   །། 
༈     །རྒྱལ༵་ཀུན་སྙིང་རྗེའི་དབ༵ང་ཕྱུག་པད་དཀར་འཆང་།   །རྒྱལ་བསྟ༵ན་འཛིན༵་མའི་ཁྱོན་ལ་དབང་བསྒྱུར་བཞིན།   །རྒྱལ་མཆོག་ཚེ་ལྷའི་ངོ་བོར་འཚོ་གཞེས་ཏེ།   །རྒྱལ་བ་རྒྱ༵་མཚོ༵འི་རྣམ་ཐར་ཡོངས་འགྲུབ་ཤོག    །ཐུབ་བསྟན་ལུང་རྟོགས་ཡིད་བཞིན་དབང་གི་རྒྱལ།   །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་ཡོངས་མཆོད་ལས།   །ཕན་བདེ་འདོད་རྒུར་འཇོ་བའི་ལེགས་བྱས་ཀྱིས།   །ས་གསུམ་རྫོགས་ལྡན་དཔལ་ལ་སྤྱོད་གྱུར་ཅིག    །ཅེས་པའང་དགེ་བའི་བཤེས་གཉེན་དབྱངས་ཡིག་དང་པོའི་མཚན་ཅན་གྱིས་བཀྲ་ཤིས་ལྷ་གོས་དང་བཅས་ཏེ་བསྐུལ་བའི་ངོར།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོ༵་རྒྱ༵ན་སངས་རྒྱས་གཉིས་པའི་བྱིན་རླབས་མཐུས།   །ཆེ༵་མཆོག་གྲུབ་པའི་རིག་འཛིན་དཔའ་བོ་ཡི།   །ཞབས་པད་བསྐལ་པ་རྒྱ་མཚོར་རབ་བརྟན་ནས།   །རླབས་ཆེན་ཕྲིན་ལས་མཁའ་མཐར་རྟག་ཁྱབ་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །བསླུ་མེད་སྐྱབས་གནས་རྒྱ་མཚོའི་བྱིན་མཐུ་ཡིས།   །ཀརྨ་བསྟན་འཛིན་ཕྲིན་ལས་ [10b] ཀུན་ཁྱབ་ཀྱི།   །གསང་གསུམ་རྡོ་རྗེའི་ངོ་བོར་འཚོ་གཞེས་ཏེ།   །བསྟན་འགྲོའི་དན་ཆེན་མཛད་པ་མཐར་ཕྱིན་ཤོག    །ཅེས་པའང་གནས་མདི་ཀརྨ་ཆགས་མེད་སྐུ་ཕྲེང་བདུན་པའི་ཞབས་བརྟན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་དགེ།   །།   
༈     །རིགས་བདག་བླ་མའི་ཞབས་བརྟན་གསོལ་འདེབས་དྲང་སྲོང་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།   ། ཨོཾ་སྭསྟི།   རིགས་ཀུན་ཁྱབ་བདག་ཟིལ་གནོན་པདྨ་ཡིས།   །རང་གི་རྒྱལ་ཚབ་ཉིད་དུ་དབང་བསྐུར་བས།   །དུས་འདིར་གསང་ཆེན་ཆོས་ཀྱི་འཁོར་ལོས་ [11a] སྒྱུར།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཞབས་བརྟན་གསོལ།   །བཀོད་པའི་རྩ་ཁམས་ཅིར་སྣང་ལྷའི་ཕྱག་རྒྱར།   །ཡོངས་ཤར་ལྷུན་གྲུབ་ལུས་ཀྱི་མཎྜ་ལ།   །གོས་དཀར་ལྕང་ལོས་ཉེར་སྤུད་རབ་བརྗིད་སྐུ།   །རྒུད་མེད་ལང་ཚོས་སྒེག་བཞིན་འཚོ་གཞེས་གསོལ།   །སྲོག་རྩོལ་ཉི་ཟླའི་རྒྱུ་བ་དྷུ་ཏིའི་སྦུབས།   །ལེགས་བཅིངས་བརྟན་གཡོའི་སྒྲ་སྐད་སྔགས་ཀྱི་གདངས།   །མི་ཤིགས་ན་དཱའི་དབྱངས་སུ་འཕོས་པའི་གསུང་།   །རྟག་ཁྱབ་རྒྱུན་དུ་སྒྲོགས་བཞིན་འཚོ་གཞེས་གསོལ།   །འཕོ་བཅས་ཐིག་ལེར་བརྟེན་པ་བྱང་སེམས་རྒྱུན།   །འཛག་མེད་བདེ་ཆེན་རྡོ་རྗེའི་བཅུད་ལེན་དུ།   །ཡོངས་བསྒྲུབས་རྟོག་བྲལ་བསམ་མི་ཁྱབ་པའི་ཐུགས།   །འཆི་མེད་གཉུག་མའི་ངོ་བོར་འཚོ་གཞེས་གསོལ།   །ཇི་སྙེད་ཆོས་ཚུལ་རྒྱ་མཚོའི་འཇུགས་ངོགས་གསེང་།   །གཅིག་ཤེས་ཀུན་གྲོལ་ལམ་གྱིས་བརྒལ་བའི་ཕུལ།   །སྐལ་བཟང་ཕན་བདེའི་རེ་སྐོང་ཡོན་ཏན་གཏེར།   །འབད་མེད་འདོད་རྒུར་འཇོ་བཞིན་འཚོ་གཞེས་གསོལ།   །རྡོ་རྗེའི་ལུང་གིས་བསྒྲགས་པའི་བདེན་དོན་བཞིན།   །གྲོལ་བ་དྲུག་ལྡན་སྒྱུར་མའི་རོལ་རྩེད་ཀྱིས།   །འབྲེལ་ཚད་དོན་དང་ལྡན་པའི་ [11b] ཕྲིན་ལས་དཔལ།   །རྩོལ་མེད་ཁོར་ཡུག་བརྡལ་བཞིན་འཚོ་གཞེས་གསོལ།   །མི་འཇི༵གས་འོད་གསལ་སྙིང་དབུས་གེ་སར་རྩེར།   །འཕོ་བྲ༵ལ་རྟག་པ་དམ་པའི་ཡེ༵་ཤེ༵ས་སེམས།   །ནམ་ཡང་འདུ་འབྲལ་སྤངས་པ་རྡོ༵་རྗེ༵འི་སྐུར།   །དབྱེར་མེད་རོ་གཅིག་ཆེན་པོར་འཚོ་གཞེས་གསོལ།   །རྣམ་དག་ལྷག་བསམ་དགེ་བའི་ཞིང་ས་རུ།   །ཡོངས་སྨིན་སྨོན་པའི་འབྲས་བཟང་གཡུར་ཟ་བས།   །ས་གསུམ་རྫོགས་ལྡན་གསར་པའི་དགའ་སྟོན་ལ།   །རང་དབང་སྤྱོད་པའི་བཀྲ་ཤིས་དཔལ་འབར་ཤོག    །།ཅེས་རིང་པོར་འཚོ་བའི་སྨོན་ཚིག་ཤླཽ་ཀ་འཕགས་ལམ་གྲངས་ལྡན་འདིའང་།   །མྱོས་བྱེད་ཤིང་ལུག་འབྲས་བུ་བཅུད་དུ་སྨིན་པའི་དབུས་ཀྱི་ཆར།   དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ།   སྔ་འགྱུར་བསྟན་པའི་སྲོག་ཤིང་རྡོ་བྲག་རིག་འཛིན་མཆོག་གི་སྤྲུལ་སྐུ་རིན་པོ་ཆེའི་དབུས་བསྟན་འཛིན་གྱི་སྐྱེས་བུ་དུ་མ་དང་།   རིག་པ་འཛིན་པའི་འདུས་པ་ཕོ་མོ་བརྒྱ་ཕྲག་ལྔ་བརྒལ་བ་ལ།   རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་སྨིན་གྲོལ་བདུད་རྩིའི་དགའ་སྟོན་མཆོད་སྤྲིན་དུ་སྤྲོས་པའི་ཚེ།   །ཞྭ་དེའུ་འཁྲུལ་ཞིག་ཆེན་པོའི་ཡང་སྤྲུལ་ངག་དབང་མདོ་སྔགས་བསྟན་འཛིན་ནོར་བུ་མཆོག་གི་ཞལ་སྔ་ནས་ལྷ་རྫས་རིན་པོ་ཆེའི་མེ་ཏོག་དང་བཅས་ཏེ་གསུང་བསྐུལ་ནན་ཆགས་སུ་གནང་བའི་བཞེད་སྐོང་དུ་རྒྱལ་ཁམས་པ་རང་ཉིད་ཀྱིས་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   རྒྱལ་བ་ཀུན་ [12a] གྱི་སོར་རྟོག་ཡེ་ཤེས་གསུང་།   །འཆི་མེད་རིག་པ་འཛིན་པའི་གར་བསྒྱུར་བ།   །སྣང་སྲིད་ཟིལ་གྱིས་གནོན་པའི་མགོན་པོ་དེས།   །དེང་འདིར་ཤིས་པའི་མེ་ཏོག་ཆར་དུ་བསྙིལ།   །ཐུབ༵་བསྟ༵ན་དྲི་མེད་ཐེག་མཆོག་ཡིད་བཞིན་ནོར།   །བཤད་སྒྲུབ་གསེར་གྱི་ཡུ་བར་ལེགས་བརྟེན་ནས།   བྱམ༵ས་ཆེན་ཕན་བདེའི་འདོད་རྒུ་སྟེར་མཁས་པ༵།   །ཆོ༵ས་ཀྱི༵་རྒྱལ་མཚན་གང་ཁྱོད་ཞབས་བརྟན་གསོལ།   །འཁོར་ལོ་གསུམ་གྱི་ཕྲིན་ལས་ཉི༵་མ༵འི་འཛུམ།   །རྣམ་མང་གདུལ་བྱའི་པད་ཚལ་ལ་འཕོས་པས།   །སྐལ་བཟང་ཀུན་དགའི་གེ་སར་སྤྲོ་བའི་གཉེན།   །དགེ༵་ལེག༵ས་ཕྱོགས་ལས་རྣ༵མ་རྒྱལ༵་ཞབས་བརྟན་གསོལ།   །གསང་བསྟན་འོད་སྟོང་འགྱེད་པའི་ཉིན་མོར་བྱེད།   །སྙིགས་མའི་རྒུད་མུན་བཅིལ་བའི་བྱེད་པ་མཆོག    །ཞིང་འདིར་མི་ནུབ་རྟག་པའི་དགེ་མཚན་གྱིས།   །ས་གསུམ་བཀྲ་ཤིས་སྣང་བས་མཛེས་གྱུར་ཅིག    །ཅེས་མདོ་ཁམས་ཀཿཐོག་རྡོ་རྗེ་གདན་གྱི་བསྟན་པའི་རྒྱལ་མཚན་ཆེན་པོ་སི་ཏུ་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་འདིའང་།   བློ་གསལ་ཤེས་རབ་རྒྱ་མཚོ་དང་།   བླ་མ་རིག་འཛིན་ཕུན་ཚོགས་གཉིས་ཀྱིས་བསྐུལ་བ་བཞིན།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དཔལ་བསམ་ཡས་མི་ [12b] འགྱུར་ལྷུན་གྱིས་གྲུབ་པའི་ཆོས་གྲྭར་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཆོས་དབྱིང༵ས་ངོ་བོ་གདོད་ནས་རྣམ་དག་ཅིང་།   །ཆོས་ཅན་རྟེན་འབྲེལ་བསླུ་མེད་བདེན་པའི་མཐུས།   །འགྲོ་འདུལ་རི༵ན་འཛིན་བྱང༵་ཆུབ༵་དབ༵ང་པོ༵་ཡི།   །ཞབས་པད་རྟག་བརྟན་མཛད་ཕྲིན་མཐར་ཕྱིན་ཤོག    །ཅེས་པའང་གཟིམ་བཤད་སྒྲ་བའི་ལྡེ་འཆང་རྡོ་རྗེ་ཚེ་དབང་ལགས་ནས་བཀྲ་ཤིས་པའི་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །དཔལ་ [13a] ལྡན་ཐུབ༷་བསྟན༷་བཤད་སྒྲུབ་སྣང་བ་ཡི།   །སྐལ་བཟང་ཀུན༷་དག༷འི་པདྨོ་བཞད་མཛད་པ།   །ཆོས་ཀྱི་རྒྱལ༷་མཚ༷ན་རིག་འཛིན་བླ་མ་མཆོག    །ཞབས་པད་རྟག་བརྟན་མཛད་ཕྲིན་མཐར་ཕྱིན་ཤོག    །ཅེས་པའང་རོང་སོག་རྩེ་མཆོག་སྤྲུལ་ཀུན་བཟང་བསྟན་ཕྲིན་ལས་ཀྱི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཤུ་བྷཾ།།   །། 
༈     །ཨོཾ་སྭསྟི།   རྨད་བྱུང་ཐུགས་བསྐྱེད་དྲི་མེད་ཆུ་གཏེར་ལས།   །ལེགས་འཁྲུངས་རྒྱལ་ཡུམ་འཕགས་མའི་རྣམ་པར་འཕྲུལ།   །རྗེ་བཙུན་འཇམ་དབྱངས་ཚུལ་ཁྲིམས་དཔལ་མོ་ཞེས།   །འབྲེལ་ཚད་དོན་ལྡན་ཆེན་མོར་གསོལ་བ་འདེབས།   །བསྟན་འགྲོའི་མགོན་དུ་བསྐལ་བརྒྱར་ཞབས་བརྟན་ཏེ།   །མཐའ་ཡས་འགྲོ་ཀུན་འདྲེན་པའི་མཐུ་ཐོབ་ཤོག    །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་དགེ།   །།   
༈     །བརྟན་བཞུགས་གསོལ་འདེབས་གྲུབ་པའི་ངག་གི་རོལ་མོ་ཞེས་བྱ་བ་བཞུགས་སོ།   ། ཨོཾ་སྭསྟི།   མི་འགྱུར་བདེ་ཆེན་གཉུག་མའི་རྡོ་རྗེ་སེམས།   །དངོས་པོ་ཀུན་ཀྱི་ཁྱབ་བདག་ཧེ་རུ་ཀ   །ཚེ་དང་ཡེ་ཤེས་མཐའ་ཡས་སྟོན་པ་དེས།   །འཆི་མེད་གྲུབ་པའི་བྱིན་ཆེན་དེང་ཕོབ་ཅིག    [13b] ངེས་འབྱུང་སོ༷་ཐ༷ར་པདྨོའི་ནགས་ཀླུང་དུ།   །བརྟན་མཁས་ཡོན་ཏན་སྦྲང་རྩིའི་དོ་ཤལ་ཅན།   །ཚུལ་ཁྲིམས་དུར་སྨྲིག་རྒྱལ་མཚ་ན་འཛིནཔའི་མཆོག    །ཐུབ་བསྟན་མཛེས་པའི་རྒྱན་ཁྱོད་ཞབས་བརྟན་གསོལ།   །ངོ་མཚར་ཐུགས་བསྐྱེད་འཛིན་མའི་གཞིར་བརྟེན་པའི།   །རྨད་བྱུང་བྱ༷ང་སེམ༷ས་ཡོངས་འདུའི་རྐང་འཐུང་དབང་།   །རླབས་ཆེན་གཞན་ཕན་སྤྱོད་པའི་འབྲས་བཟང་དུད།   །དཀོ༵ན་མཆོ༵ག་རྒྱལ་བའི་སྲས་ཁྱོད་ཞབས་བརྟན་གསོལ།   །ཕུལ་བྱུང་གས༷ང་སྔ༷གས་རིམ་གཉིས་གདུགས་དཀར་པོ།   །ཐེག་མཆོག་དབང་གི་རྒྱལ་པོའི་ཏོག་མཛེས་གང་།   །བཤད་སྒྲུབ་ནོར་བུའི་ཡུ་བས་བསྒྲེངས་མཁས་པ།   །བསྟན༵་འཛི༵ན་གྲུབ་པའི་རྗེ་ཁྱོད་ཞབས་བརྟན་གསོལ།   །འཆད་པའི་ཆར་གྱིས་གདུལ་བྱའི་ཞིང་ས་བརླན།   །རྩོད་པའི་གནམ་ལྕགས་ལོག་སྨྲའི་ཀླད་པར་འབེབས།   །རྩོམ་པའི་གླུ་དབྱངས་བློ་ལྡན་རྣ་བར་སྙན།   །བསྟན་པའི་སྲོག་ཤིང་ཆེན་པོར་འཚོ་ཞེས་གསོལ།   །དངོས་ཀུན་འཇོ་བ་ནོར་བུའི་ཟ་མ་ཏོག    །གསང་གསུམ་རྟག་པ་དམ་པར་འཚོ་གཞེས་པའི།   །དགེ་མཚན་ཉི་མ་འཆར་ཀའི་འཛུམ་ཟེར་གྱིས།   །སྲིད་ཞིའི་ཕུན་ [14a] ཚོགས་སྣང་བ་བརྡལ་གྱུར་ཅིག    །ཅེས་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་ངེས་གངས་ཆོས་ཀྱི་རྒྱལ་ཐབས་ལ་མངའ་དབང་བསྒྱུར་བ་མཆོག་གི་སྤྲུལ་སྐུ་རིན་པོ་ཆེའི་ཞབས་པད་ཡུན་དུ་འཚོ་གཞེས་ཀྱི་བདེན་ཚིག་འདིའང་།   གང་གི་རིམ་གྲོ་བ་འོད་ཟེར་ལེགས་འཕེལ་ནས་ལྷ་རྫས་རིན་ཆེན་གཉིས་པའི་མེ་ཏོག་གི་སྐྱེས་དང་བཅས་ཏེ་དང་བའི་གསུང་གིས་བསྐུལ་བའི་བཞེད་སྐོད་དུ།   རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གྲོ་བཞིན་ཟླ་བའི་ཡར་ངོའི་རྒྱལ་བ་གསུམ་པའི་དུས་ཚོས་དགེ་བའི་སྙིང་ནས་གུས་པས་འདུན་སྨོན་དུ་སྤེལ་བ་སིདྡྷི་རསྟུ།།   །། 
༈     །དཔལ་ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་རིན་ཆེན་གྱི་ཞབས་བརྟན་གསོལ་འདེབས་བཞུགས། ཨོཾ་སྭསྟི།   ཀུན་ཁྱབ་སེམས་ཀྱི་རྡོ་རྗེ་གཉུག་མའི་གཤིས།   །མི་འགྱུར་རྟག་པ་དམ་པའི་མཆོག་གྲུབ་པ།   །ཚེ་དང་ཡེ་ཤེས་དཔག་མེད་མགོན་པོ་དེས།   །དེང་འདིར་ཤིས་པའི་མེ་ཏོག་ཆར་དུ་བསྙིལ།   །ངོ་མཚར་ཟབ་རྒྱའི་ཆོས་ཚུལ་རབ་འབྱམས་ཀུན།   །ལེགས་བཤད་ད༵ག་གིས་རྗེས་སུ་ཉེར་འདོམས་པར།   །མཚོ་བྱུང་མགྲིན་པར་རྩེན་པའི་སྒྱུ་ཐབས་ཅན།   །འཁོན་སྟོན་སྨྲ་བའི་དབ༵ང་ཕྱུག་ཞབས་བརྟན་གསོལ།   །མ་སྨད་མཁས་དང་གྲུབ་པའི་རྣམ་པར་སྤྲིན།   །བསིལ་ལྗོངས་མཁའ་ལམ་ཀུན༵་ཏུ་བྲེས་པ་ལས།   ། [14b] སྐལ་བཟང་ཕན་བདེའི་གྲུ་ཆར་ཅི་དག༵འ་རུ།   །འབེབས་མཁས་རྒྱལ་བའི་མྱུ་གུ་ཞབས་བརྟན་གསོལ།   །རྨད་བྱུང་གསང་ཆེན་མཆོག་གི་རྒྱལ་ཐབས་ཆེ།   །རང་དབང་བསྒྱུར་ལས་གྲུབ་གཉིས་རི༵ན་ཆེ༵ན་གཏེར།   །རིག་འཛིན་འདུས་པའི་ཚོམ་བུར་འཇོ་བའི་དཔྱོད།   །རྡོ་རྗེ་འཛིན་དབང་ཆེན་པོ་ཞབས་བརྟན་གསོལ།   །ཁྱོད་ཞབས་བཀྲ་ཤིས་འཁོར་ལོའི་རེ་ཁཱ་གང་།   །མི་ཤིགས་རྡོ་རྗེའི་སྟན་ལས་མི་གཡོ་བར།   །ཕུལ་བྱུང་མཛད་ཕྲིན་ཉིན་མོར་བྱེད་པའི་གཟིས།   །བསྟན་འགྲོའི་དགེ་མཚན་པད་ཚལ་བཞད་གྱུར་ཅིག    །ཅེས་དཔལ་ས་སྐྱ་པའི་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞབས་པད་བསྐལ་བརྒྱར་འཚོ་ཞིང་གཞེས་པའི་རྟེན་འབྱུང་གི་བདེན་ཚིག་འདིའང་དགེ་སློང་ཡོན་ཏན་ཆོས་འཕེལ་གྱི་གསུང་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱལ་ཟླའི་ཡར་ངོའི་རྒྱལ་བ་གཉིས་པའི་དུས་ཚེས་དགེ་བར་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །།
༈     །སྨིན་གླིང་ཁྲི་ཆེན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་དབྱངས་སྙན་ཅེས་བྱ་བ། ཨོཾ་སྭསྟི།   འཆི་མེད་ལང་ཚོས་སྒེག་པའི་རྡོ་རྗེའི་སྐུ།   །འཁོར་བ་ཇི་སྲིད་འཕོ་འཇིགས་མི་མངའ་བ།   །དཔལ་ལྡན་སངས་རྒྱས་པདྨ་ལས་སྐྱེས་པས།   །དེང་འདིར་དགེ་ལེགས་བྱིན་ཆེན་ཆར་ [15a] དུ་ཕོ་བ།   །མི་འགྱུར༵་བདེ་བ་ཆེན་པོའི་ཡེ་ཤེས་ཆེ།   །རྣམ་ཀུན་མཆོག་ལྡན་སྟོང་པར་སྙོམས་ཞུགས་པས།   །འགྲོ་ལ་སྙིང་རྗེའི་གཟིགས་པ་མི་གཡེལ་བ།   །འཁྲུལ་མེ༵ད་ཐུགས་ཀྱི་རྡོ་རྗེ་ཞབས་བརྟན་གསོལ།   །དྲང་ངེས་དབྱངས་ཀྱི་ཡན་ལག་ཀུན་རྫོགས་པའི།   །མཐིང་ན་མི་མཐུན་མེད་པ་མཚན་དཔེའི་སྐུ།   །གང་དང་འབྲེལ་བ་དོན་ཆེ་བསྟེན་འོས་པ།   །གདུལ་བྱའི་རེ་སྐོར་ཡིད་བཞིན་དབ༵ང་གི་རྒྱལ༵།   །འགྱུར་མེད་སྐུ་ཡི་རྡོ་རྗེ་ཞབས་བརྟན་གསལ།   །གསང་ཆེན་སྨིན༷་གྲོ༷ལ་བྱེ་བའི་བདུད་རྩིའི་ཀླུང་།   །འཛམ་གླིང༷་གདུལ་བྱའི་ཡིད་མཚོར་བསྐྱིལ་བ་ལས།   །སྲིད་པ༷འི་མཐར་ཡང་རིང་ལུགས་སླར་འཕེལ་བའི།   །ཡོན་ཏན་འཁོར་ལོས་སྒྱུར་བཞིན་ཞབས་བརྟན་གསོལ།   །དཔག་ཡས་མཐུ་སྟོབས་ནུས་པའི་འཐོར་རླུང་གིས།   །བདུད་སྡེའི་རུ་མཚོན་དུས་གཅིག་ཡོངས་བསྙིལ་ཏེ།   །ཕྲིན་ལས་ཕྱོགས་ལས་རྒྱལ་བའི་མཚན་མ་གང་།   །མི་ནུབ་རྟག་ཏུ་བསྒྲེངས་བཞིན་ཞབས་ [15b] བརྟན་གསོལ།   །འགྲོ་འདུལ་རིག་པ་འཛིན་པའི་ཞབས་པདྨོ།   །ལེགས་བྱས་བསོད་ནམས་ཁྲི་ལས་མི་གཡོ་བར།   །བསྐལ་པ་རྒྱ་མཚོར་བརྟན་པའི་དགེ་མཚན་གྱིས།   །ས་གསུམ་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག    །ཅེས་པའང་འཇམ་མགོན་མཁྱེན་བརྩེའི་ཟློས་གར་སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་བློ་གྲོས་རབ་གསལ་ཟླ་བའི་ཞལ་སྔ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བཀས་བསྐུལ་བ་བཞིན།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆུ་ཡོས་སྣྲོན་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   རབ་འབྱམས་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་གཟུགས།   །མ་ལུས་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན།   །འཆི་མེད་རིག་འཛིན་པདྨ་སམྦྷ་ཝས།   །དེང་འདིར་རྟག་པ་དམ་པའི་བྱིན་ཆེན་ཕོབ།   །པདྨ་འོད་ཞིང་ཌཱ་ཀིའི་ཚོགས་གྲལ་ནས།   །བདེ་ཆེན་སྒྱུ་མའི་གར་མཁན་པདྨ་གསལ།   །ཞིང་འདིར་ཕན་བདེའི་མགྲོན་དུ་ཁུག་པའི་དཔྱིད།   །འཇིགས་མེད་ཕྲིན་ལས་རྣམ་རྒྱལ་ཞབས་བརྟན་གསོལ།   །ཚེ༵་དབང་རི༵ང་འཚོའི་བདུད་རྩིས་ལེགས་གཏམ་པའི།   །ཁྱོད་སྐུ་རིན་ཆེན་གཏེར་གྱི་བུམ་བཟང་ལས།   །།   དཔ༵ལ་ལྡན་སྐལ་བཟང་འདོད་རྒུའི་འབྱོར༵་ [16a] པའི་རྒྱུན།   །ཀུན་ཏུ་འཇོ་བས་ལྗོངས་འདི་ཤིས་གྱུར་ཅིག    །ཅེས་པའང་སྤ་གྲོ་མི་དབང་རིག་འཛིན་ཆེན་པོའི་ཞབས་པད་བཀྲ་ཤིས་འཁོར་ལོའི་རེ་ཁཱ་མི་ཤིགས་རྡོ་རྗེའི་སྟན་ལས་ནམ་ཡང་གཡོ་བ་མེད་པའི་བདེན་ཚིག་ཏུ།   ཆོས་ཚུལ་སྨྲ་བའི་དྲང་སྲོང་གཞོན་ནུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རབ་ཚེས་ས་སྟག་གནམ་ལོ་གསར་དུ་བཞད་པའི་དགའ་བ་དང་པོའི་དུས་སྟོན་དགེ་བའི་ཉི་ཤར་ལ་ཤར་མར་བྲིས་ཏེ་ཕུལ་བ་སིདྡྷི་རསྟུ།།   །། 
༈      །ཨོཾ་སྭསྟི།   རྟག་བརྟན་ཡོངས་སུ་གྲུབ་པའི་ཡེ་ཤེས་ནི།   །མི་ཤིགས་བདེ་ཆེན་རྡོ་རྗེའི་སྐུར་སྣང་བ།   །འཆི་བ་མེད་པའི་དཔལ་སྟེར་མགོན་པོ་དེས།   །མི་འགྱུར་ཚེ་དབང་བྱིན་ཆེན་དེང་འདིར་ཕོབ།   །སྲིད་ན་ཆེས་དཀོན༵་མཆོ༵ག་གྱུར་ཐུ༵བ་པའི་བསྟན༵།   །མདོ་སྔགས་བསྟན༵་པ་ཡོངས་རྫོགས་ཡིད་བཞིན་ནོར།   །བཤད་དང་སྒྲུབ་པ༵འི་ཕྲིན་ལས་རྒྱལ༵་མཚ༵ན་རྩེར།   །འགོད་མཛད་འགྲོ་བའི་མགོན་ཁྱོད་ཞབས་བརྟན་གསོལ།   །ངེས་དོན་སྙིང་པོའི་རིང་ལུགས་བདུད་རྩིའི་ཀླུང་།   །སྐལ་བཟང་ཞིང་སར་བསྐྱིལ་ལས་བསྟན་དང་འགྲོར།   །ཕན་བདེའི་འབྲས་བཟང་ཅི་འགར་གཡུར་ཟ་བས།   །ལུས་ཅན་གདུང་བ་སེལ་བཞིན་འཚོ་གཞེས་གསོལ།   །མཁྱེན་བརྩེའི་གང་བ་རྒྱས་པའི་ཟླ་གཞོན་གང་།   ། [16b] བསྟན་འཛིན་རྒྱུ་སྐར་བྱེ་བའི་དེད་དཔོན་དུ།   །ཕུལ་བྱུང་ནུས་སྟོབས་འོད་དཀར་འབུམ་བརྡལ་བཞིན།   །ས་གསུམ་བཀྲ་ཤིས་སྣང་བས་སྐྱོངས་གྱུར་ཅིག    །ཞེས་ལ་དྭགས་རྟོགས་ལྡན་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་སྨོན་ཚིག་འདིའང་བཤེས་གཉེན་སྡེ་སྣོད་འཛིན་པ་དཀོན་མཆོག་རྟོགས་གྲོལ་དང་ཡོངས་འཛིན་དཀོན་མཆོག་བསོད་ནམས་ལྷན་རྒྱས་པའི་གསུང་གིས་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈    །   པ༵དྨ༵འི་རྒྱལ་ཚབ་འགྲོ་འདུལ་བླ་མ་ཡི།   །རིག་ལུགས་ལུ༵ང་རྟོག༵ས་བསྟན་པའི་མངའ་བདག་མཆོག    །འཁོར་ལོའི་མགོན་པོ་རིག་པ་འཛིན་དབང་གི  །   ཞབས་པད་བསྐལ་པ་རྒྱ་མཚོར་རྟག་བརྟན་ཤོག    །ཅེས་པའང་འགྱུར་མེད་ཚུལ་ཁྲིམས་ཀྱི་ངོར་ཛྙཱ་ནས་སོ།།   །། 
༈     །ཨོཾ་སྭསྟི།   གདོད་ནས་རྟག་བརྟན་མི་ཤིགས་རྡོ་རྗེའི་སྐུ།   །འཆི་བདག་བདུད་ཀྱི་དཔུང་ཚོགས་ཕམ་བྱས་ཏེ།   །ཚེ་དང་ཡེ་ཤེས་མཆོག་སྩོལ་ལྷག་པའི་ལྷས།   །དེང་འདིར་འགྱུར་མེད་ཚེ་དབང་བྱིན་ཆེན་ཕོབ།   །འཇིགས་བྲལ་ད༵ག་གི་དབ༵ང་ཕྱུག་གྲུབ་པའི་རྗེས།   །པདྨའི་སྒྲུབ་བརྒྱུད་པད་ཚལ་བཞད་པའི་གཉེན།   །ངེས་དོན་བཤད་སྒྲུབ་ཆོ༵ས་ཀྱི༵་འོད་སྟོང་ཅན།   སྨྲ་བའི་ཉི༵་མ༵་ [17a] ཆེན་པོར་ཞབས་བརྟན་གསོལ།   །གང་ཞབས་རྡོ་རྗེའི་ཁྲི་ལས་མི་གཡོ་ཞིང་།   །ཕས་རྒོལ་ཡིད་སྲུབས་དཔུང་ལས་རྣམ་རྒྱལ་ཏེ།   །ངོ་མཚར་ཕྲིན་ལས་ཆོས་རྔ་རྟག་སྒྲོགས་པས།   །ས་གསུམ་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག    །ཅེས་ལ་དྭགས་སྟག་ཚང་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་རང་གི་རིམ་གྲོ་པ་ཆོས་མཛད་ངག་དབང་ནོར་བུའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་དགེ་ཞིང་བཀྲ་ཤིས།།   །།
༈     །གྲུབ་དབང་པདྨ་ནོར་བུའི་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་འཆི་མེད་རྡོ་རྗེའི་དབྱངས་སྙན་ཞེས་བྱ་བ་བཞུགས། ཨོཾ་སྭསྟི་སིདྡྷཾ།   འཇི༵གས་མེ༵ད་སྲས་བཅས་རྒྱལ་བའི་མཁྱེན་བརྩེ་ནུས།   །གཅིག་བསྡུས་རྒྱལ་དབང་པདྨ་སམྦྷ་ཝའི།   །རིང་ལུགས་བཀའ་གཏེར་བཤ༵ད་སྒྲུ༵བ་སྤེལ་བའི་གཉེན།   །མཆོག་གི་སྤྲུལ་སྐུའི་ཞབ་པད་རྟག་བརྟན་གསོལ།   །བསྔགས་འོས་དམ་པའི་རྣམ་ཐར་ཐུབ༵་བསྟན༵་ཉི།   །ཚུལ་གནས་ཐོས་བསམ་སྒོམ་པའི་རྒྱན་མཛེས་པས།   །ལུང་རྟོགས་ཆོས་ཀྱི་སྒྲ་དབྱངས་རྟག་སྒྲོགས་བཞིན།   །འགྲོ་ཀུན་ཉེར་འཚོའི་གཞིར་གྱུར་ཞབས་བརྟན་གསོལ།   །མཆོག་བསྟན་ཉིན་བྱེད་བླ་མའི་སྐུ་ཚེ་བརྟན།   །སྐལ་བཟང་ལྷ་མའི་རྣམ་དཀར་ཕྲིན་ [17b] ལས་སྤེལ།   །བཀྲ་ཤིས་དགེ་མཚན་སྣང་བ་རབ་རྒྱས་པས།   །ཕན་བདེའི་དཔལ་འབྱོར་རྟག་ཁྱབ་ལྷུན་གྲུབ་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གནས་དུས་རྟེན་འབྱུང་དགེ་བར་སྙིང་ནས་འདུན་སྨོན་དུ་བྲིས་ཏེ་ཕུལ་བ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   །མཆོག་གསུམ་སྲས་བཅས་རྒྱལ་བའི་བྱིན་མཐུ་དང་།   །བདག་ཅག་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས།   །འགྲོ་མགོན་ཀུན་བཟང་རང་གྲོལ་རྡོ་རྗེ་ཡི།   །སྐུ་ཚེ་མི་ཤིགས་བསྐལ་བརྒྱར་འཚོ་གཞེས་ཤིང་།   །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་གྱི།   །རྣམ་ཐར་ཕྲིན་ལས་རྒྱ་མཚོ་མཐར་ཕྱིན་ཤོག    །ཅེས་པའང་ཡེ་ཤེས་བསྟན་འཛིན་ནས་ལྷ་རྫས་རན་པོ་ཆེའི་སྐྱེས་དང་བཅས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྲི།   བརྟན་གཡོའི་སྲོག་རྩ་བདེ་ཆེན་རྡོ་རྗེ་རུ།   །བསྒྲུབ་མཛད་འཆི་མེད་གཉུག་མའི་ཡེ་ཤེས་སེམས།   །བདུད་འདུལ་པདྨ་ཐོད་ཕྲེང་ཧེ་རུ་ཀས།   །སྣང་སྲིད་ཟིལ་གནོན་ཚེ་དབང་བྱིན་ཆེན་ཕོབ།   །འཇི༵གས་མེ༵ད་ངག་གི་དབང་ཕྱུག་མཁྱེན༵་བརྩེ༵འི་གཏེར།   །ཟབ་གསང་ནོ༵ར་བུའི༵་མཛོད་འཆང་རྡོ་རྗེ་འཛིན།   །ཐོ༷གས་མེ༷ད་ཕྲི༷ན་ལ༷ས་རྣ༷མ་པར་རྒྱལ༷་ [18a] བའི་སྡེའི།   །གསང་གསུམ་མི་ཤིགས་རྟག་པར་འཚོ་གཞེས་གསོལ།   །བི་མ་ལ་དང་མངའ་བདག་ཁྲི་ལྡེ་ཡི།   །ཐུགས་རྗེ་འགོག་མེད་ཐུགས་བསྐྱེད་དམ་བཅས་ལྟར།   །སྙིགས་དུས་བསྟན་དང་འགྲོ་བའི་དཔུང་གཉེན་དུ།   །གཡོ་མེད་རྡོ་རྗེའི་ངོ་བོར་བརྟན་བཞུགས་གསོལ།   །མོས་དང་ལྷག་བསམ་དགེ་བའི་ས་བོན་གང་།   །བདེན་གཉིས་བསླུ་མེད་དྲོད་གཤེར་གྱིས་བསྐྱེད་དེ།   །ཇི་ལྟར་སྨོན་པའི་འབྲས་བཟང་གཡུར་ཟ་བས།   །ས་གསུམ་བཀྲ་ཤིས་དཔལ་གྱིས་མཛེས་གྱུར་ཅིག    །ཅེས་འཇམ་མགོན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་མཆོག་གི་སྤྲུལ་སྐུའི་ཞབས་བརྟན་སྨོན་ཚིག་འདིའང་ངེས་དོན་བསྟན་པའི་སྣང་བྱེད་འབྲུག་ཆེན་གདུང་སྲས་རིན་པོ་ཆེ་མི་ཕམ་ངག་དབང་བདེ་ཆེན་འགྱུར་མེད་དང་།   འོད་གསལ་སྙིང་པོའི་ཤིང་རྟ་སངས་རྒྱས་རྡོ་རྗེ་ལྷན་རྒྱས་པའི་ཞལ་སྔ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་དང་བའི་གསུང་གིས་བསྐུལ་བར་མཛད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དབང་ཆེན་སྤྲེལ་ཟླའི་ཡར་ངོའི་ཚེས་བཅུའི་དུས་སྟོན་བཟང་པོར་རྡོར་གླིང་དགུང་དགོན་ཡིད་དགའ་ཆོས་གླིང་གི་གནྡྷོ་ལར་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །དཔལ་ཡུལ་རྫོང་ནང་སྤྲུལ་སྐུའི་ཞབས་བརྟན། ཨོཾ་སྭསྟི།   རྣམ་པར་འདྲེན་ཀུན་གསུང་གི་གསང་བ་འཛིན།   །མི་ཤིགས་རྡོ་རྗེ་གཟུགས་སྐུའི་གར་བསྒྱུར་བ།   ཚེ་ [18b] ཡི་དབང་ཕྱུག་པདྨ་བདེ་བ་ཆེས།   །དེང་འདིར་འཆི་མེད་རྟག་པའི་བྱིན་ཆེན་ཕོབ།   །རྒྱལ་བསྟན་སྙིང་པོ་ནང་རྒྱུད་སྡེ་གསུམ་གྱི།   །རིང་ལུགས་དྲི་མེད་བཤ༵ད་དང་སྒྲུབ༵་པའི་སྲོལ།   །ཀུན་བཟང་ཐུགས་ཀྱི་བསྟན༵་པ༵འི་སྲོག་འཛིན་པ།   །མཚུངས་མེད་སྨྲ་བའི་ཉི༵་མ༵་ཞབས་བརྟན་གསོལ།   །པདྨའི་ཕྲི༵ན་ལ༵ས་རྩིབས་སྟོང་མུ་ཁྱུད་ཅན།   །ས་གསུམ་ཀུན༵་ཁྱབ༵་ཁ་ལོ་སྒྱུར་བའི་དཔལ༵།   །མཁས་བཙུན་བཟ༵ང་པོ༵འི་ཁྱུ་མཆོག་རིག་པ་འཛིན།   །འགྲོ་འདུལ་སྐྱེས་བུ་བསྐལ་བརྒྱར་འཚོ་གཞེས་གསོལ།   །ཕྱི་ནང་ཡིད་སྲུབས་དཔུང་ལས་རྣམ་པར་རྒྱལ།   །བསྟན་འགྲོའི་དོན་ཆེན་བཞེད་རྒུ་ལྷུན་གྱིས་འགྲུབ།   །ཀུན་ཏུ་ཕན་བདེ་བྱང་ཆུབ་སེམས་སྤྲིན་ལས།   །འདོད་རྒུའི་གྲུ་ཆར་འཛད་མེད་འཇོ་གྱུར་ཅིག    །ཅེས་པའང་ངེས་དོན་དགའ་ཚལ་གླིང་གི་འདུས་པའི་སྡེ་མགྲིན་གཅིག་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་ཟླའི་ཡར་ངོ་བཟང་པོ་དང་པོའི་ཚེས་ཀྱི་སྔ་ཆར་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈    །   ཨོཾ་སྭསྟི།   མཁའ་ཁྱབ་རྒྱལ་བའི་ཡེ་ཤེས་སེམས་དཔའ་ནི།   །འོད་མི་འགྱུར་ངའི་མགོན་པོ་ཡོངས་གྲགས་པ།   །རྗེས་ཆགས་སྙིང་རྗེས་རྣམ་རོལ་གར་གྱི་དབང་།   །འཆི་མེད་མཚོ་སྐྱེས་བླ་མས་དགེ་ལེགས་ [19a] སྩོལ།   །མཚན་མའི་འཇིགས་ཚོགས་ཀུན་བྲལ་བདེ་བ་ཆེ།   །ཀུན༵་བཟ༵ང་རིག་འཛིན་པདྨའི་ཐུགས་ཀྱི་སྲས།   །གྲུབ་པ་རྒྱ་མཚོའི་དེད་དཔོན་པད་གླིང་གི   །   རྣམ་འཕྲུལ་མཆོག་གི་སྤྲུལ་སྐུ་ཞབས་བརྟན་གསོལ།   །པདྨ་གསལ་མཛེས་པ༵དྨ༵འི་གླིང་པ་ཡི།   །སྐྱེས་རབས་རི༵ན་ཆེ༵ན་མཚར་དུ་དངར་བའི་ཕུལ།   །འགྲོ་འདུལ་པདྨའི་མྱུ་གུ་གཞོན་ནུ་ཡི།   །གསང་གསུམ་རྡོ་རྗེ་ངོ་བོར་འཚོ་གཞེས་གསོལ།   །རང་དོན་གསལ་སྒོམ་རིམ་གཉིས་རྩལ་ཆེན་རྫོགས།   གཞན་ཕན་ཕྲིན་ལས་འབྲེལ་ཚད་དོན་དང་ལྡན།   །བཀའ་གཏེར་མདོ་སྔགས་བསྟན་པའི་སྲོག་བཟུང་སྟེ།   །བསྟན་འགྲོའི་དོན་ཆེན་ལྷུན་གྲུབ་བཀྲ་ཤིས་ཤོག    །ཅེས་པའང་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་གསུང་སྤྲལ་སྐུ་ཕྲེང་བཅུ་གཅིག་པའི་ཞབས་བརྟན་བདེན་ཚིག་ཏུ་ལྷ་ལུང་དགོན་གྱི་བླ་གྲྭ་སྤྱི་མགྲིན་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་གསུང་བསྐུལ་ཆེད་དུ་གནང་བ་བཞིན།   སྙོམས་ལས་པ་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྕགས་ཕག་གྲོ་བཞིན་ཟླ་བའི་ཡར་ངོ་རྒྱལ་བ་གསུམ་པའི་ཚེས་བཟང་པོར་འདུན་སྨོན་དུ་བྲིས་པ་དགེ་ཞིང་བཀྲ་ཤིས།།   །།
༈     །འབྲུག་ཞབས་དྲུང་སྤྲུལ་སྐུའི་ཞབས་བརྟན། བསླུ་མེད་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་གྱིས།   །སྙིགས་དུས་ [19b] བསྟན་འགྲོའི་དཔུང་གཉེན་ཆོས་ཀྱི་རྗེ།   །འཇིགས་མེད་ངག་དབང་རྣམ་པར་རྒྱལ་བའི་སྡེའི།   །ཞབས་པད་རྟག་བརྟན་མཛད་ཕྲིན་མཐར་རྒྱས་ཤོག    །ཅེས་པའང་གསོལ་དཔོན་དགེ་བཤེས་བློ་བཟང་ནོར་བུའི་གསུང་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། 
༈     །ཨོཾ་སྭསྟི།   ཀུན་ཁྱབ་རྟག་བརྟན་འགྱུར་མེད་རྡོ་རྗེའི་ཁམས།   །ཡོངས་གྲུབ་ཚེ་དང་ཡེ་ཤེས་འོད་མཐའ་ཡས།   །བདེ་བ་ཆེན་པོ་པདྨ་སམྦྷ་ཝས།   །དེང་འདིར་འཆི་མེད་ཚེ་དབང་བྱིན་ཆེན་ཕོབ།   །བདུད་བཞིའི་འཇི༵གས་ཚོགས་དང་བྲལ་དྲི་མེ༵ད་ཀྱི།   །ཕུལ་བྱུང་བློ༵་གྲོས་ཉིན་མོར་བྱེད་པའི་གཟིས།   །སྐལ་བཟང་ཕན་བདེའི་ཤིང་རྟ་གས༵ལ་མཛད་པ།   །འགྲོ་འདུལ་གྲུབ་པའི་དབ༵ང་པོ༵་ཞབས་བརྟན་གསོལ།   །རྒྱལ་དབང་པ༵དྨ༵འི་རིང་ལུགས་ཡིད་བཞིན་ནོར།   །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་ཡོངས་བཟུང་སྟེ།   །གྲུབ་གཉིས་འདོད་འཇོའི་དགའ་སྟོན་སྤེལ་མཁས་པ།   །རི༵ག་འཛི༵ན་རྒྱ་མཚོའི་དེད་དཔོན་འཚོ་གཞེས་གསོལ།   །སྐུ་ཚེ་གཞོམ་བྲལ་རྡོ་རྗེའི་ངོ་བོར་བརྟན།   །ངོ་མཚར་མཛད་ཕྲིན་འོད་སྣང་མཁའ་ཁྱབ་བརྡལ།   ཆེར་སྙིགས་དུས་ཀྱི་རྒུད་མུན་མཐར་བྱས་ཏེ།   བསྟན་འགྲོའི་དགེ་མཚན་པད་ཚལ་ [20a] བཞད་གྱུར་ཅིག    །ཅེས་སྔ་འགྱུར་བསྟན་པའི་མངའ་བདག་རྫོགས་ཆེན་པདྨ་རིག་འཛིན་གྱི་མཆོག་གི་སྤྲུལ་སྐུའི་ཞབས་བརྟན་བདེན་ཚིག་འདིའང་ལུང་རྟོགས་ཡོན་ཏན་གྱི་བདག་ཉིད་མཁན་བླ་མ་ཟླ་ཟེར་ནས་བཀྲ་ཤིས་པའི་རྟེན་དང་བཅས་ཏེ་གསུང་གིས་བསྐུལ་བ་ལས།   །སངས་རྒྱས་གཉིས་པ་ཨཽ་ཌི་ཡ་ནའི་གདམས་ངག་སྨྲ་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རབ་རྒྱལ་གྱི་ལོ་ནག་པ་ཉ་པའི་ཡར་ངོ་རྒྱལ་བ་གསུམ་པའི་དུས་ཚེས་བཟང་པོར་འདུན་སྨོན་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག    །སརྦ་དཱ་མངྒ་ལཾ།།   །། 
༈     །བསླུ་མེད་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་གྱིས།   །པདྨ་རིག་འཛིན་རྒྱལ་བའི་མྱུ་གུ་མཆོག    །འཇིགས་མེད་བློ་གསལ་གྲུབ་པའི་དབང་པོ་ཡི།   །ཞབས་པད་རྟག་བརྟན་མཛད་ཕྲིན་མཐར་རྒྱས་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་སྤེལ་བ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   འཆི་མེད་བདུད་རྩིའི་ཟིལ་དངར་འབུམ་འཇོ་བས།   །སྐལ་བཟང་རིང་འཚོའི་དགའ་སྟོན་མཆོག་སྟེར་བ།   །ཚེ་དང་ཡེ་ཤེས་དཔག་མེད་མགོན་པོ་དེས།   །དེང་འདིར་མི་ཤིགས་རྡོ་རྗེའི་བྱིན་དབང་སྩོལ།   །པ༵དྨ༵་དགྱེས་པ་འགྱུར༵་མེ༵ད་རྒྱལ་བའི་སྲས།   །ཆོ༵ས་ཀྱི༵་དབང་ཕྱུག་ཟབ་དོན་སེ༵ང་གེ༵་སྒྲ།   ། [20b] ཀུན་ནས་མི༵་འཇི༵གས་སྤོབས་པའི་ང་རོ་ཅན།   །ཐུགས་བསྐྱེད་གོ༵་ཆ༵་མཚུངས་མེད་ཞབས་བརྟན་གསོལ།   །ཚུལ་གནས་ཐོབ་བསམ་སྒོམ་པའི་ལང་ཚོ་རྒྱས།   །རིམ་གཉིས་ལམ་གྱི་མངོན་རྟོགས་རྩལ་ཆེན་རྫོགས།   །འཆད་རྩོམ་ཕྲི༵ན་ལ༵ས་བསྟན་འགྲོའི་གསོས་སུ་སྨིན།   །ངོ་མཚར་རྣམ་ཐར་ས་ཆེན༵་ཀུན་ཁྱ༵བ་ཤོག    །ཅེས་སྔ་འགྱུར་བསྟན་པའི་ཤིང་རྟ་ཞེ་ཆེན་རབ་འབྱམས་བདུན་པ་མཆོག་གི་ཞབས་བརྟན་འདིའང་གང་གི་སློབ་བརྒྱུད་དུ་གཏོགས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རིན་ཆེན་བཞི་པའི་ཁམས་འཛིན་ནོར་སྐྱོང་གི་ལོ་གྲོ་བཞིན་ཉ་པའི་ཡར་ཚེས་བཟང་པོར་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །།
༈     །རྒྱལ་མཆོག་ཕྱག་ན་པདྨོ་བཅུ་བཞི་པའི་བརྟན་བཞུགས་གསོལ་འདེབས་བདེན་ཚིག་གྲུབ་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།   ། ཨོཾ་སྭསྟི།   །འཆི་མེད་ཡེ་ཤེས་སྣང་བའི་འཛུམ་ཟེར་གྱིས།   །འཆི་བདག་མུན་པ་གཡུལ་ངོ་མཐར་བྱས་ཏེ།   ཚེ་དབང་རྟག་པའི་གེ་སར་རྒྱས་མཛད་ལྷས།   །དེང་འདིར་དགེ་ལེགས་མེ་ཏོག་ཆར་དུ་བསྙིལ།   །བདུད་སྡེའི་འཇི༵གས་ཚོགས་ཀུན་བྲལ༵་ང༵ག་གི་དབ༵ང་།   །བློ༵་གྲོས་སྐལ་བཟ༵ང་ཐུབ་བསྟན༵་ནོར་བུའི་སྒྲོམ།   །འཛི༵ན་མཁས་ལུས་ཅན་ཕན་བདེའི་རྒྱ༵་མཚོ༵འི་གཏེར།   །རྒྱལ་མཆོག་རིགས་ཀྱི་བདག་པོ་ཞབས་ [21a] བརྟན་གསོལ།   །སྲིད་ཞིའི་དགེ་མཚན་གཅིག་ཏུ་བསྡུས་པའི་སྐུ།   །ས་གསུམ་རང་དབང་བསྒྱུར་བའི་ངོ་མཚར་སྟོབས།   །མཚུངས་ཟླ་སྤངས་པ་གཟི་བརྗིད་དཔག་མེད་པའི།   །སྡེ་བཞིའི་དཔལ་གྱིས་མཐོ་བཞིན་འཚོ་གཞེས་གསོལ།   །གྲུ་འཛིན་མགོན་དུ་སྒྲོགས་པའི་དབྱར་གྱི་རྔ་།   །འཛམ་གླིང་ཁྱབ་པར་ལྡིར་དང་ལྷན་ཅིག་ཏུ།   །བསིལ་ལྗོངས་མདོང་ཅན་བྱེ་བའི་ཡིད་དབང་ལ།   །རབ་དགའི་བདུད་རྩིའི་འཇོ་བཞིན་འཚོ་གཞེས་གསོལ།   །ཀུན་དུ་དག༵འ་བ་མཆོག་ལྡ༵ན་ལྷའི་འདུན་ས།   །ལུགས་བརྒྱའི་བ་གམ་བཀྲ་བའི་ཕོ༵་བྲ༵ང་ཆེར།   །འཇིག་རྟེན་དབང་ཕྱུག་གྲགས་པ་དོན་ལྡན་པའི།   །རྣམ་ཐར་རྟག་ཏུ་སྐྱོང་བཞིན་འཚོ་གཞེས་གསོལ།   །ལྷག་བསམ་ཡིད་ཀྱི་ཆུ་མཚོ་ལས་སྐྱེས་པའི།   །སྨོན་ཚིག་པད་དཀར་བཞད་པའི་འབབ་སྟེགས་སུ།   །མགོན་མཆོག་ཞབས་སེན་དྲི་མེད་ནོར་བུའི་རྡུལ།   །གཡོ་མེད་འགོད་པའི་བཀྲ་ཤིས་དཔལ་ཐོབ་ཤོག    །ཅེས་པའང་ཡར་འབྲོག་སྟག་ལུང་གསང་སྔགས་ཆོས་གླིང་གི་སློབ་དཔོན་ཉི་མ་བཟང་པོ་ནས་བཀྲ་ཤིས་པའི་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་དང་བའི་གསུང་གིས་བསྐུལ་བ་ལས།   །རིགས་སྔགས་སྨྲ་བའི་དྲང་སྲོང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྕགས་མོ་གླང་གི་ལོ་རྒྱུ་དང་མི་རྒྱུའི་འགྲོ་ [21b] རྣམས་དབྱར་གྱི་དགའ་སྟོན་ལ་སྤྱོད་པ་རྫོགས་ལྡན་གཉིས་པའི་དུས་ཚེས་བཟང་པོར་གསོལ་བ་བཏབ་པ་སིདྡྷི་རསྟུ།།   །།
༈     །རྣམ་འདྲེན་རྒྱལ་མཆོག་ཕྱག་ན་པདྨོ་བཅུ་བཞི་པའི་བརྟན་བཞུགས་གསོལ་འདེབས་བདེན་ཚིག་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།   ། ཨོཾ་སྭསྟི།   མི་འགྱུར་རྟག་པ་དམ་པའི་ཡེ་ཤེས་ནི།   །འཕོ་བྲལ་རྡོ་རྗེའི་སྲོག་ཏུ་ཡོངས་གྲུབ་པ།   །གཉུག་མ་མི་ཤིགས་ཐིག་ལེར་འཁྱིལ་བའི་དཔྱིད།   །འཆི་མེད་རྔ་སྒྲའི་རྒྱལ་པོས་དགེ་ལེགས་སྩོལ།   །རིགས་ཀུན་ཁྱབ་བདག་རྗེ་བཙུན་མཁྱེན་པའི་གཏེར།   །ད༵ག་གི་དབ༵ང་ཕྱུག་དུར་སྨྲིག་གར་གྱིས་རོལ།   །བསྒྲེས་རྒུད་ཡོངས་བྲལ་འཇམ་དཔལ་གཞོན་ནུའི་སྐུ།   །འགྱུར་མེད་རྡོ་རྗེའི་ངོ་བོར་ཞབས་བརྟན་གསོལ།   །བརྩེ་ཆེན་ཡེ་ཤེས་སྣང་བས་འཇིག་རྟེན་ཁྱོན།   །ཡོངས་འགེངས་ཐུབ་བསྟན༵་འཛི༵ན་སྐྱོང་སྤེལ་བའི་གཉེན།   །རྒྱལ་བ་རྒྱ༵་མཚོ༵འི་གསུང་མཆོག་སྤྱན་རས་གཟིགས།   །འགའག་མེད་རྡོ་རྗེའི་ངོ་བོར་ཞབས་བརྟན་གསོལ།   །མཐུ་སྟོབས་ཞོ་འཐུང་རྡོ་ རྗེའི་ངོ་བོར་ཞབས་བརྟན་གསོལ།   །གསང་གསུམ་ཡོན་ཏན་མཚུངས་པ་མེད་པའི་སྡེ།   །སྐུ་ [22a] གསུམ་ཞིང་ཁམས་ཀུན་ཏུ་རབ་བཀོད་དེ།   །རྒྱུད་གསུམ་གདུལ་བྱའི་རེ་སྐོང་ཡིད་བཞིན་ནོར།   །དུས་གསུམ་མི་གཡོ་བསྐལ་བརྒྱར་ཞབས་བརྟན་གསོལ།   །འཛམ་གླིང་སྤྱི་དང་ཁྱད་པར་གངས་ཅན་གྱི།   །བསྟན་འགྲོའི་བདེ་སྐྱིད་མི་ནུབ་སླར་སྤེལ་བའི།   །ཕྲིན་ལས་རྩིབས་སྟོང་བཀྲ་བའི་མུ་ཁྱུད་ཅན།   །མི་འགྱུར་གཡུང་དྲུང་ངོ་བོར་ཞབས་བརྟན་གསོལ།   །གྲུ་འཛིན་རི་ལ་དགྱེས་པའི་ཞབས་བཀོད་དེ།   །ཡིད་དགའ་ཆོས་འཛིན་མཐོ་རིས་དཔལ་ལྡན་པའི།   །ལྟ་ན་སྡུག་གི་ཕོ་བྲང་རང་དབང་དུ།   །མཛད་པའི་སྐལ་བཟང་ངོམས་བཞིན་ཞབས་བརྟན་གསོལ།   ཆོས་སྲིད་མངའ་ཐང་ཉི་ཟླའི་འོད་སྣང་གིས།   །ལྔ་བདོའི་མུན་པ་མཐར་བྱས་སྣོད་བཅུད་ཀྱི།   །དགེ་མཚན་ཕུན་ཚོགས་དཔལ་ཡོན་ཕྱོགས་ཀུན་ལས།   །རྣམ་པར་ཡོངས་སུ་རྒྱལ་བཞིན་འཚོ་གཞེས་གསོལ།   །བླ་མེད་སྐྱབས་གནས་རྒྱ་མཚོའི་བྱིན་རླབས་དང་།   །བདེན་གཉིས་རྟེན་འབྲེལ་བསླུ་བ་མེད་པའི་མཐུས།   །བདག་གི་ལྷག་བསམ་དག་པས་སྨོན་པའི་འབྲས།   །མྱུར་སྨིན་རྟག་ཁྱབ་བཀྲ་ཤིས་དཔལ་འབར་ཤོག    །ཅེས་ཁམས་གསུམ་གྱི་གཙུག་གི་ནོར་བུ་རྣམ་འདྲེན་རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་བརྟན་བཞུགས་གསོལ་ [22b] འདེབས་བདེན་ཚིགས་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་འདི་ཡང་།   མགོན་པོ་གང་གི་བཀའ་འབངས་ཀྱི་གྲལ་མཐར་འཁོད་པའི་སྐལ་པ་དགེ་བ་ཅན།   ཨོ་རྒྱན་སངས་རྒྱས་གཉིས་པའི་གདམས་ངག་སྨྲ་བའི་དྲང་སྲོང་རྒན་པོ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས།   རིན་ཆེན་བཞི་པའི་ཁམས་འཛིན་ལོའི་སྣ་ཅན་གྱི་དགུང་ཞལ་གསར་དུ་ངོམས་པར་ཉེ་བ་རྒྱལ་གྱི་ཉ་བ་གང་བའི་དུས་བཟང་ལྷའི་ཉིན་མོར་སྙིང་ནས་གུས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།།   །། 
༈     །བསླུ་མེད་སྐྱབས་གནས་རྒྱ་མཚོའི་བྱིན་མཐུ་ཡིས།   །འཇིགས་མེད་ཐུབ་བསྟན་ཕྲིན་ལས་དཔལ་འབར་གྱི།   །ཞབས་པད་མི་ཤིགས་བསྐལ་བརྒྱར་རབ་བརྟན་ནས།   །རླབས་ཆེན་བསྟན་འགྲོའི་བཞེད་དོན་མཐར་ཕྱིན་ཤོག    །ཅེས་རྡོ་གྲུབ་རིན་པོ་ཆེའི་ཞབས་བརྟན་དུ་བྱ་བྲལ་བླ་མ་བྱང་ཆུབ་རྡོ་རྗེས་ལྷ་རྫས་རིན་པོ་ཆེའི་རྟེན་བཅས་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །བརྟན་མཁས་ཡོན་ཏན་ཀུན་རྫོགས་སྡེ་སྣོད་འཆང་།   །འཇ༵མ་དབྱང༵ས་བླ་མའི་བྱིན་ཐོབ་རིག་པ་འཛིན།   །ངེས་གསང་རྡོ༵་རྗེ༵་ཐེག་པའི་ཤིང་རྟ་མཆོག    །ཁྱེད་ཞབས་ཡུན་བརྟན་མཛད་ཕྲིན་མཐར་རྒྱས་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་དགེ།   །། 
༈     །བསླུ་མེད་སྐྱབས་གནས་ [23a] རྒྱ་མཚོའི་མཐུ་བྱིན་དང་།   །བདེན་གཉིས་རང་བཞིན་བསླུ་བ་མེད་པའི་མཐུས།   །ལུང་རྟོགས་བསྟན་འཛིན་འཇ༵མ་དབྱང༵ས་རྡོ༵་རྗེ༵་ཡི།   །ཞབས་པད་ཡུན་བརྟན་མཛད་ཕྲིན་མཐར་རྒྱས་ཤོག    །ཅེས་པའང་དགེ་སྦྱོང་བསོད་ནམས་སྟོབས་རྒྱལ་གྱིས་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨོན་པ་དགེ།   །། 
༈     །འཁྲུལ༵་ཞིག༵་རྡོ༵་རྗེ༵་སྒྱུ་མའི་རྣལ་འབྱོར་པས།   །སྒྱུ་མའི་རོལ་རྩེད་གསར་དུ་བསྒྱུར་འདི་ལ།   །གནས་གསུམ་རིག་འཛིན་མཁའ་འགྲོའི་ཚོགས་བཅས་ཀྱིས།   དབང་མཆོག་རྒྱལ་པོར་བྱིན་རླབས་ཤིས་པ་སྩོལ།   །ཞེས་འཁྲུལ་ཞིག་རྡོ་རྗེའི་སྐྱེ་སྲིད་དུ།   རྒྱལ་སྲས་རྡོ་རྗེ་རིག་འཛིན་དབང་རྒྱལ་ངོས་བཟུང་བདེན་ཚིགས་སུ་བདུད་འཇོམས་པས་བྲིས་པ་དགེ།   །། 
༈     །རབ་འབྱམས་རྩ་གསུམ་རྒྱ་མཚོའི་བདེན་སྟོབས་ཀྱིས།   །འགྲོ་འདུལ་ཀློང་གསལ་ནམ་མཁའི་རྣལ་འབྱོར་གྱི།   །སྐུ་ཚེ་མི་ཤིགས་རྡོ་རྗེ་རབ་བརྟན་ནས།   །འབྲེལ་ཚད་དོན་ལྡན་ཕྲིན་ལས་མཐར་ཕྱིན་ཤོག    །ཅེས་བདུད་འཇོམས་པས་སོ།།   །།
༈    །   ས་སྐྱ་སྒྲོལ་མ་ཕོ་བྲང་བའི་བདག་ཁྲི་རིན་པོ་ཆེའི་བརྟན་བཞུགས། ཨོཾ་སྭསྟི།   །ཚེ་དབང་བདུད་རྩིའི་དོ་ཤལ་འབུམ་འཛག་ [23b] པས།   །སྐ་བཟང་སྲོག་གི་ལྗོན་ཤིང་བསྐྱེད་བསྲིང་སྟེ།   །ཕན་བདེའི་འབྲས་བཟང་གཡུར་དུ་སྨིན་མཛད་པ།   །སྐུ་ཚེ་དཔག་མེད་མགོན་དེས་ཤིས་པ་སྩོལ།   །མཚུངས་མེད་ད༵ག་གི་དབ༵ང་ཕྱུག་གྲུབ་པའི་ལྷ།   །ངེས་གསང་ཐེ༵ག་མཆོ༵ག་ཆོས་ཀྱི་ཤིང་རྟ་ཆེ།   །འཁོན་སྟོན་རྡོ༵་རྗེ༵་འཛིན་གང་མཐུ་སྟོབས་བྱིན།   །གཟི་བརྗིད་དཔ༵ལ་དུ་འབ༵ར་བཞིན་ཞབས་བརྟན་གསོལ།   །ཕྱི་ནང་བར་ཆད་གཡུལ་ལས་རྣམ་པར་རྒྱལ།   །རླབས་ཆེན་བཞེད་དོན་འབད་མེད་ལྷུན་གྱིས་འགྲུབ།   །ཆོས་སྲིད་མི་ནུབ་བཀྲ་ཤིས་དཔལ་གྱི་ཉི།   །ཡངས་པའི་ཞིང་ཀུན་རྟག་ཁྱབ་འཆར་གྱུར་ཅིག    །ཅེས་པའང་མདོ་ཁམས་སྡེ་དགེ་བ་ཆོས་མཛད་ཚེ་དབང་བསོད་ནམས་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བ་བཞིན་རིགས་སྔགས་སྨྲ་བའི་དྲང་སྲོང་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟ་ཧོར་མཚོ་པདྨ་ཅན་དུ་ཆུ་ཡོས་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་དུས་དགེ་བར་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོྃ་སྭསྟི།   ཚེ་དང་ཡེ་ཤེས་སྣང་བ་འབུམ་གྱི་གཟིས།   །འཆི་བདག་མུན་པའི་གཡུལ་ངོ་ཕམ་མཛད་པ།   །མི་ཤིགས་རྡོ་རྗེའི་སྐུར་བཞེངས་བདེ་བ་ཆེ།   །རང་བྱུང་མཚོ་སྐྱེས་བླ་མས་དགེ་ལེགས་སྩོལ།   །ཀུན༵་བཟ༵ང་ཐུགས་ཀྱི་བསྟན་པ་ཡིད་ [24a] བཞིན་ནོར།   །པ༵དྨ༵་འབྱུང་གནས་རྒྱལ་བའི་གདུང་འཛིན་མཆོག    །རྣ༵མ་མང་གདུལ་བྱའི་མགོན་དང་དཔུང་གཉེན་དུ།   །སྐུ་ཚེ་མི་ནུབ་རྒྱལ༵་མཚན་ཡུན་བརྟན་གསོལ།   །ངོ་མཚར་མཁྱེན་བརྩེ་ནུས་པའི་སྟོབས་རྩལ་གྱིས།   །ཚར་གཅོད་རྗེས་འཛིན་ཕྲི༵ན་ལ༵ས་རང་དབང་བསྒྱུར།   །གསང་ཆེན་བསྟན་པའི་དཔ༵ལ་གྱུར་པད་གླིང་པའི།   །རིང་ལུགས་མཆོག་ཏུ་འབ༵ར་བཞིན་འཚོ་གཞེས་གསོལ།   །བསྟན་འཛིན་སྐྱེས་བུའི་ཞབས་པད་བསྐལ་བརྒྱར་བསྟན།   །བསྟན་འགྲོར་སྨན་པའི་མཛད་ཕྲིན་མཐའ་རུ་རྒྱས།   །སྙིགས་མའི་རྒུད་པ་ཀུན་ཞི་བདེ་ལེགས་ཀྱི།   །རྫོགས་ལྡན་གསར་དུ་འཆར་བའི་བཀྲ་ཤིས་ཤོག    །ཅེས་གཏེར་ཆེན་པད་གླིང་གཉིས་པའི་གདུང་བརྒྱུད་རྒྱལ་སྲས་པདྨ་ཕྲིན་ལས་ཀྱི་ཡང་སྲིད་སྐུ་ཕྲེང་དགུ་པ་གང་ཉིད་གདན་ས་སྔན་ལུང་སྒང་སྟེང་གསང་སྔགས་ཆོས་གླིང་གི་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་སྐབས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་ཏེ་ཕུལ་བ་སིདྡྷི་རསྟུ།།   །།
༈     །དཔལ་འབྲས་ལྗོངས་ཆོས་རྒྱལ་ཆེན་པོའི་ཞབས་བརྟན་སྨོན་ཚིག་བཀྲ་ཤིས་སྙན་པའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ།   ། ཨོཾ་སྭསྟི།   རབ་འབྱམས་རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ།   །འཆི་མེད་ཡེ་ཤེས་རང་གཟུགས་པདྨ་འབྱུང་།   ། [24b] དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀས།   །དེང་འདིར་རྟག་པ་དམ་པའི་བྱིན་ཆེན་ཕོབ།   །འཇི༵གས་མེ༵ད་བསོད་ནམས་ཉིན་མོར་བྱེད་པའི་གཟིགས།   །བཀྲ༵་ཤི༵ས་ཕན་བདེའི་པད་ཚལ་བཞད་མཛད་པ།   །དགེ་ལེགས་ཕྱོགས་ལས་རྣ༵མ་པར་རྒྱལ༵་བའི་སྡེའི།   །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་བཞུགས་ཤོག    །ཚེ་དབང་རིང་འཚོའི་བཅུད་ཀྱིས་ལེགས་གཏམས་པའི།   །གང་སྐུ་ལང་ཚོ་རྒྱས་པའི་བུམ༵་པ༵་བཟང་།   །སྐལ་ལྡན་གདུང་སེལ་ཕྲིན་ལས་བདུད་རྩིའི་རྒྱུན།   །ངོ་མཚར་འདོད་རྒུར་འཇོ་བཞིན་ཞབས་བརྟན་ཤོག    །དོན་བཟང་རེ་ཁཱ་གཡས་སུ་འཁྱིལ་བ་ཡི།   །བཀའ་ལུང་གསུང་དབྱངས་ཆོས་ཀྱི་དུང༵་དཀ༵ར་པོ།   །ས་གསུམ་སྐྱེ་རྒུའི་ཐོས་འཛིན་བཅུད་ལེན་དུ།   །རྟག་ཁྱབ་སྙན་པར་སྒྲོགས་བཞིན་ཞབས་བརྟན་ཤོག    །བློ་གྲོས་གཏིང་མཐའ་མི་མངོན་སྤོབས་པའི་གཏེར།   །ཕུལ་བྱུང་མཁྱེན་རབ་ཐུགས་ཀྱི་དཔལ༵་བེ༵འུ།   །ཟག་མེད་ཡེ་ཤེས་སྣང་བའི་འཛུམ་ཟེར་གྱིས།   །རྨོངས་པའི་མུན་པ་གསལ་བཞིན་ཞབས་བརྟན་ཤོག    །ཆོས་དང་སྲིད་ཀྱི་འདབ་སྟོང་ཡོངས་གྲོལ་བའི།   །ཕུན་ཚོགས་གེ་སར་ངོམས་པའི་པ༵དྨ༵་གང་།   །ཞེགས་བྱས་སྦྲང་རྩི་ [25a] གསར་པའི་དོ་ཤལ་གྱིས།   །ཆབ་འབངས་རྐང་དྲུག་སྐྱོང་བཞིན་ཞབས་བརྟན་ཤོག    །མཚར་སྡུག་བསོད་ནམས་ལང་ཚོས་སྒེག་པ་ཡི།   །རྣམ་དཔྱོད་སྒྱུ་རྩལ་སྤྲོ་བ་གསེ༵ར་གྱི་ཉ༵།   །མཐོ་རིས་དཔལ་ཡོན་རི་དྭགས་མིག་ཅན་ཚོགས།   །ཕན་བདེའི་མགྲོན་དུ་འགུགས་བཞིན་ཞབས་བརྟན་ཤོག    །རླབས་ཆེན་ཐུགས་བསྐྱེད་ལྟེ་བར་ལེགས་བརྟན་པའི།   །ཆོས་ཚུལ་རྩིབས་སྟོང་བཀྲ་བའི་འཁོ༵ར་ལོ༵་ཆེ།   །གཞན་ཕན་བཟང་པོ་སྤྱོད་པའི་མུ་ཁྱུད་ཅན།   །རྟག་པ་རྒྱུན་དུ་བསྐོར་བཞིན་ཞབས་བརྟན་ཤོག    །སྡེ་བཞིའི་གོས་བཟང་འཕུར་ལྡིང་གཡོ་བ་ཡི།   །ཡིད་འོང་འདོད་འབྱུང་ནོར་བུའི་རྒྱལ༵་མཚན༵་མཆོག    །མི་མཐུན་གཡུལ་ལས་རྒྱལ་བའི་ཆེ་རྟགས་སུ།   །ནམ་ཡང་གཡོ་མེད་བསྒྲེངས་བཞིན་ཞབས་བརྟན་ཤོག    །མཐའ་ཐང་གསེར་གྱི་ཡུ་བ་ལ་བསྟེན་པའི།   །སྙན་གྲགས་བཀྲ་ཤིས་འཁྱིལ་བའི་གདུ༵གས་དཀར་པོ།   །ནོར་འཛིན་ཕྱོགས་ཀྱི་ཡིད་ཅན་འདོད་འཇོ་རུ།   །རབ་མཛེས་ལྡིང་ཁང་དབུབ་བཞིན་ཞབས་བརྟན་ཤོག    །སྐུ་ཚེའི་འདུ་བྱེད་ལྷུན་པོའི་དཔལ་ལྟར་བརྟན།   །མཛད་པའི་ཕྲིན་ལས་ལྷ་ལམ་ཕ་མཐར་བསྙེགས།   །གསང་བསྟན་རིང་ལུགས་དབྱར་ [25b] གྱི་མཚོ་བཞིན་རྒྱས།   །སྙིགས་མའི་རྒུད་པ་མིང་གི་མཐར་བྱེད་ཤོག    །སྣོད་ཀྱི་དགེ་མཚན་བདེ་ལྡན་ཞིང་ལ་འགྲན།   །བཅུད་ཀྱི་དཔལ་འབྱོར་སུམ་རྩེན་གྲོང་ལས་བརྒལ།   །བདེ་སྐྱིད་རྫོགས་ལྡན་དང་པོའི་དགའ་སྟོན་གང་།   །ས་སྤྱོད་ལྗོངས་འདིའི་དཔྱིད་དུ་གསར་འཆར་ཤོག    །ཆོས་དབྱིངས་རྣམ་དག་ཀུན་གསལ་སྒེག་མོའི་མཁར།   །ཆོས་ཅན་ལྷུན་གྲུབ་ཉི་ཟླའི་འཛུམ་ཕྲེང་གཡོ།   །ཟུང་འཇུག་ཕན་བདེའི་སྣང་བ་འོད་པོ་ཆེས།   །སྲིད་ཞིའི་ཁམས་ཀུན་རབ་ཏུ་མཛེས་གྱུར་ཅིག    །ཅེས་པའང་འོག་མིན་པདྨ་འོད་ཞིང་གཉིས་པ་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་ཞིང་ཁམས་ཆོས་བཞིན་དུ་སྐྱོང་བ་དཔལ་ལྡན་༧ལྷ་སྲས་མིའི་དབང་པོ་མཆོག་གི་༧ཞབས་པད་གཡུང་དྲུང་གི་རེ་ཁཱ་མི་ཤིགས་རྡོ་རྗེའི་སྟན་ལས་ནམ་ཡང་གཡོ་བ་མེད་པའི་རྟེན་འབྱུང་བདེན་ཚིག་ཏུ།   རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རབ་བྱུང་བཅུ་དྲུག་པའི་དབང་ཕྱུག་མེ་གླང་གནམ་ལོ་གསར་ཚེས་ཀྱི་དགའ་བ་དང་པོའི་དུས་སྟོན་དགེ་བའི་སྔ་ཆར་བྲིས་ཏེ་ཕུལ་བ་སིདྡྷི་རསྟུ།།   །། 
༈     །པད་འབྱུང་གནུབས་ཆེན་ཟུང་འཇུག་རྣམ་པར་འཕྲུལ།   །འགྲོ་འདུལ་སྐྱེས་བུ་པད་རྒྱལ་གླིང་པ་ཡི།   །ཞབས་པད་བསྐལ་པ་རྒྱ་མཚོར་རྟག་བརྟན་ཅིང་།   །མཛད་ཕྲིན་རྟེན་འབྲེལ་ལེགས་ཚོགས་གོང་འཕེལ་ཤོག  །    [26a] ཅེས་པའང་ཡོན་ཏན་ཆོས་འཕེལ་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཨོཾ་སྭསྟི།   བདེ་བ་མཆོག་ལྡན་རྡོ་རྗེའི་གྲོང་ཁྱེར་ནས།   །བདེ་སྟེར་གསང་འཛིན་ཌཱ་ཀིའི་སྤྲིན་ཕུང་དབུས།   །བདེ་ཆེན་སྒྱུ་མའི་གར་མཁན་མཚོ་སྐྱེས་རྗེས།   །བདེ་སྟོང་ཡེ་ཤེས་ཚེ་དབང་བྱིན་ཆེན་ཕོབ།   །ལོག་འདྲེན་བདུད༵ ་སྡེ་དཔུང་འཇོ༵མས་ཧེ་རུ་ཀ   །ཟིལ་གནོན་པདྨ་དྲག་པོའི་ཡེ༵་ཤེ༷ས་གར།   །གསང་ཆེན་ཆོས་ཀྱི་འཁོར་སྒྱུར་རྡོ༵་རྗེ༵་འཛིན།   །བསྟན་འགྲོའི་དཔུང་གཉེན་མཆོག་ཏུ་ཞབས་བརྟན་ཤོག    །འགྲོ་འདུལ་འཇི༵གས་མེ༵ད་དཔའ་བོའི་མྱུ་གུ་ནི།   །པདྨའི་ཕྲི༵ན་ལ༵ས་ཕྱོགས་བརྒྱར་སྤེལ་བ་ལ།   །གཞོན་ནུ་ནོ༵ར་གཞོམ་མེད་ནམ་མཁའི་ཁམས་སུ་བརྟན།   མཛད་ཕྲིན་མི་ཐུབ་ཉི་ཟླའི་སྣང་བ་བརྡལ།   །གདུལ་བྱ་ཕན་བདེའི་རྒྱ་མཚོ་འཕེལ་འགྲིབ་བྲལ།   །རྟག་ཁྱབ་བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་ཤོག    །ཅེས་པའང་མི་འཕྲོག་པའི་དད་དམ་གྱི་ནོར་ལྡན་རྣམ་སྲས་ཚེ་དབང་བསོད་ནམས་ནས་ལྷ་གོས་ཉིན་མོ་བདེ་ལེགས་ཀྱིས་དྲངས་པའི་མཎྜལ་རྟེན་གསུམ་དང་བཅས་ཏེ་བསྐུལ་བ་ཡིད་ལ་བཅག་ [26b] པའི་ཐོག་ཉེ་བར་གམ་དུ་འཁོད་པ་སྐལ་བཟང་ཨོ་རྒྱན་ནས་ཀྱང་དྲན་པའི་གསོས་བཏབ་པ་ལ་བརྟེན་ནས།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གནས་མཆོག་པདྨ་བཀོད་ཀྱི་ཡང་གསང་ཀཱི་ལ་ཡང་རྫོང་གི་འདབ་འབྲེལ་དབང་དྲག་བདེ་ཆེན་འབར་བའི་གྲོང་ཁྱེར་དུ་རྒྱལ་གྱི་བཀྲ་ཤིས་ཟླ་བ་ཉ་གང་བའི་དུས་སུ་བྲིས་པ་ཛ་ཡནྟུ།།   །།
༈     །བརྟན་བཞུགས་གསོལ་སྨོན་འཆི་མེད་རྡོ་རྗེའི་དབྱངས་སྙན་ཞེས་བྱ་བ་བཞུགས། ཨོཾ་སྭསྟི།   རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་གཅིག་བསྡུས་པ།   །རིགས་བརྒྱའི་ཁྱབ་བདག་འཆི་མེད་ཐོད་ཕྲེང་རྩལ།   །རྩ་གསུམ་སྲུང་མར་བཅས་པའི་བདེན་བྱིན་མཐུས།   །ངོ་མཚར་ཤིས་པའི་མེ་ཏོག་ཆར་དུ་ཕོབ།   །ད༵ག་གི་དབ༵ང་ཕྱུག་ཡེ་ཤེས་གཞོན་ནུའི་གར།   །གསང་ཆེན་ཆོས༵་ཀྱི༵་མཛོད་ལ་མངའ་བསྒྱུར་བའི།   །འཇིགས་མེད་སྤོབས་པའི་བློ༵་གྲོ༵ས་གཏེར་འཆང་བ།   །གསུམ་ལྡན་རྡོ་རྗེ་འཛིན་མཁས་ཞབས་བརྟན་གསོལ།   །སྔ་འགྱུར་བཀའ་གཏེར་རྒྱུད་ལུང་མན་ངག་གི   །   གདམས་སྲོལ་བདུད་རྩིའི་བཅུད་རྒྱུན་རབ་འཛིན་པ།   །གང་སྐུའི་བུམ་བཟང་མི་ཤིགས་རྡོ་རྗེའི་དངོས།   །སྐལ་བཟང་གདུང་སེལ་དབྱིག་ཏུ་འཚོ་གཞེས་གསོལ།   །ཐུབ༵་བསྟན༵་མདོ་སྔགས་ཆོས༵་ཚུལ་ཡིད་བཞིན་ནོར།   །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་བཀོད་ལས་འདིར།   །གླི༵ང་འདིས་ཉེར་མཚོན་ས་གསུམ་ཡིད་ཅན་ལ།   ། [27a] ཕན་བདེའི་འདོད་རྒུ་འཇོ་བའི་དཔལ་གྱུར་ཅིག    །ཅེས་ཞྭ་དེའུ་འཁྲུལ་ཞིག་ཡང་སྲིད་རིན་པོ་ཆེ་ལ་བཀའ་བབས་བརྒྱུད་འཛིན་གྱི་རྡོ་རྗེ་སློབ་དཔོན་མཆོག་ཏུ་གཟེངས་བསྟོད་པ་དང་འབྲེལ་རྟེན་འབྱུང་གི་ཞབས་བརྟན་སྨོན་པའི་ཚིག་ཕྲེང་འདིའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་ལྷག་བསམ་དག་པས་བྲིས་ཏེ་ཕུལ་བ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   ཀུན་ཁྱབ་བདེ་བ་ཆེན་པོ་གཉུག་མའི་གཤིས།   །འཕོ་འགྱུར་སྤྲོས་པའི་མཚན་མས་མི་ཕྱེད་པ།   །ཆོས་ཉིད་བསམ་མི་ཁྱབ་པའི་བདེན་པ་ཡིས།   །མཚུངས་མེད་རིགས་ཀྱི་བདག་པོ་ཞབས་བརྟན་གསོལ།   །རྩལ་སྣང་མ་འགག་ཡེ་ཤེས་སྒྱུ་མའི་གར།   །ལྷུན་གྲུབ་བཀོད་པ་ངོ་མཚར་འབྱམས་སུ་ཀླས།   །ཆོས་ཅན་རྟེན་འབྱུང་བསླུ་མེད་བདེན་པ་ཡིས།   །འདྲེན་མཆོག་རིགས་ཀྱི་བདག་པོ་ཞབས་བརྟན་གསོལ།   །འཇི༵གས་མེ༵ད་མཁྱེན༵་བརྩེའི༵་ཆ་ཤས་ཡོངས་གང་བའི།   །འོ༵ད་དཀར་འཛུམ་ཟེར༵་དྲི་མེད་རབ༵་གསལ༵་ཐུགས།   །ཀུན་ཕན་ཟླ༵་བ༵་གཞོན་ནུའི་ངང་ཚུལ་ཅན།   །མཚུངས་མེད་བཤེས་གཉེན་ཆེ་ཁྱོད་ཞབས་བརྟན་གསོལ།   །བཅོས་མིན་ངེས་འབྱུང་དགོངས་པས་ཐུགས་ཕྱུངས་ཏེ།   །གཞན་ལ་གནོད་པ་གཞིར་བཅས་ཡོངས་སྤོང་བ།   །ཉེས་སྤྱོད་ཀུན་སྡོམ་ཚུལ་ [27b] ཁྲིམས་རྒྱལ་མཚན་སྒྲེང་།   །དོན་གྱི་དགེ་སྦྱོང་མཆོག་ཁྱོད་ཞབས་བརྟན་གསོལ།   །རླབས་ཆེན་སྙིང་རྗེ་ཆེན་པོས་གདུལ་བྱའི་འགྲོེ།   །ཕན་པ་འབའ་ཞིག་སྒྲུབ་ལ་ཉེར་བརྩོན་ཏེ།   །མངོན་མཐོའི་ལམ་ལས་ངེས་ལེགས་གཏན་བདེའི་སར།   །དཀྲི་མཁས་སེམས་དཔའ་ཆེ་ཁྱོད་ཞབས་བརྟན་གསོལ།   །རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་གོམས་པས།   །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་དུ་གྲུབ།   །སྔགས་རྒྱུད་རྒྱ་མཚོར་དབང་སྒྱུར་དཔའ་བོ་ཆེ།   །རྡོ་རྗེ་འཛིན་རྒྱལ་མཆོག་ཁྱོད་ཞབས་བརྟན་གསོལ།   །ཤིན་ཏུ་རྣལ་འབྱོར་འོད་གསལ་རྫོགས་པ་ཆེ།   །ཆོས་ཉིད་བྱ་རྩོལ་བྲལ་བའི་དགོངས་ཀློང་དུ།   །གནས་ལུགས་གདོད་མའི་རང་ཞལ་མངོན་དུ་གཟིགས།   །ནམ་མཁའི་རྣལ་འབྱོར་ཆེ་ཁྱོད་ཞབས་བརྟན་གསོལ།   །མི་ཤིགས་ཀློང་ཆེན་མཛོད་སྒོ་ཕྱེས་ལས་འདིར།   །ཟབ་གསང་གདམས་བཅུད་བདུད་རྩིའི་སྐྱེས་བཟང་པོ།   །སྐལ་བཟང་སྲོག་གི་ཟུངས་སུ་སྨིན་མཛད་པ།   །གཏེར་འབྱིན་དབང་ཕྱུག་མཆོག་ཁྱོད་ཞབས་བརྟན་གསོལ།   །རིགས་འདུས་པདྨ་ཀ་རའི་སྒྱུ་འཕྲུལ་གར།   །སྙིགས་མའི་འགྲོ་འདུལ་དབང་ཕྱུག་དཔའ་བོ་ཆེ།   །མདོ༵་སྔག༵ས་ཆོས་ཚུལ་རྒྱ་མཚོས་གདུལ་བྱ་རྣམས།   ། [28a] ཐར་གླིང༵་དམ་པ༵ར་འཁྲིད་མཁས་ཞབས་བརྟན་གསོལ།   །དཔལ་ལྡན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན།   །འགྲོ་འདུལ་ཕྲིན་ལས་ཕྱོགས་ཀྱི་ཐ་གྲུར་ཁྱབ།   །ཆེར་སྙིགས་དུས་ཀྱི་རྒུད་པ་རབ་ཏུ་ཞི།   །བདེ་སྐྱིད་རྫོགས་ལྡན་སྣང་བས་ཁྱབ་གྱུར་ཅིག    །ཅེས་པའང་འཚོ་བྱེད་ཚེ་རིགས་འཛིན་པ་ཁྲོ་དགའ་སྤྲུལ་སྐུ་བསམ་འཕེལ་ནོར་བུ་མཆོག་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་དང་བའི་གསུང་གིས་བསྐུལ་བར་མཛད་པ་བཞིན།   རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཞུགས་ཀྱི་ཁམས་ལྡན་དབྱར་རྔའི་སྒྲ་སྒྲོགས་ཀྱི་ལོ་ཆོ་འཕྲུལ་ཟླ་བའི་ཡར་ངོའི་རྒྱལ་བ་གསུམ་པའི་དུས་བཟང་པོ་ལ་སྨོན་ལམ་ཡོངས་སུ་གྲུབ་པའི་རྟེན་མཆོག་བྱ་རུང་ཁ་ཤོར་དང་ཉེ་བའི་བསྟི་གནས་སུ་སྙིང་ནས་གུས་པས་སྨོན་འདུན་དུ་སྦྱར་བའི་ཡི་གེ་པ་ནི་རིགས་ཀྱི་བུ་ཕྲིན་ལས་ནོར་བུས་བགྱིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   རྒྱལ་ཀུན་རིགས་ཀྱི་ཅོད་པན་འོད་མཐའ་ཡས།   །ཞིང་འདིར་འཆི་མེད་རིག་འཛིན་གཞོན་ནུའི་ཚུལ།   །རང་བྱུང་མཚོ་ལས་སྐྱེས་པའི་རྒྱལ་བ་དེས།   །བྱིན་ཆེན་ཤིས་པའི་མེ་ཏོག་ཆར་དུ་ཕོབ།   །འདྲེན་མཆོ༵ག་རྔ་ཡབ་གླིང༵་པའི་རྒྱ་ཚབ་ཆེ།   བ།   །འགྱུར༵་མེད་ [28b] ངག་གི་དབང་ཕྱུག་ཞབས་བརྟན་གསོལ།   །བདེ༵་ཆེན་ཡེ་ཤེས་ཕྱག་རྒྱའི་སྒྱུ་གར་གྱིས།   །རང་གི་གདུལ་བྱར་འབྲེལ་བ༵འི་སྐལ་བཟང་ཚོགས།   །ཟུང་འཇུག་རྡོ༵་རྗེ༵འི་ས་ལ་དབུགས་དབྱུང་བ།   །གྲུབ་པའི་དེད་དཔོན་མཆོག་གི་ཞབས་བརྟན་གསོལ།   །རླབས་ཆེན་ཕྲི༵ན་ལ༵ས་འོད་སྣང་འབུམ་བརྡལ་བས།   །ཆེར་སྙིགས་དུས་ཀྱི་མུན་རུམ་མཐར་བྱས་ཏེ།   །བླ་མེད་ངོ་མཚར་ཕན་བདེའི་དགའ་སྟོན་དཔལ།   །ཕྱོགས་དུས་ཀུན༵་ཁྱབ༵་བརྡལ་བཞིན་ཞབས་བརྟན་གསོལ།   །འགྲོ་འདུལ་སྐྱེས་བུའི་ཞབས་པད་བསྐལ་བརྒྱར་བརྟན།   །ཟབ་གསང་ཆོས་རྔ་ས་གསུམ་ཁྱབ་པར་སྒྲོགས།   །སྔ་འགྱུར་རིང་ལུགས་དབྱར་གྱི་མཚོ་ལྟར་རྒྱས།   །ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་ཤོག    །ཅེས་གཏེར་ཆེན་མཆོག་གླིང་སྐུ་ཕྲེང་བཞི་པའི་བརྟན་བཞུགས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཀུན་དགའི་ལོ་སྨིན་ཟླའི་ཡར་ཚེས་རྒྱལ་བ་གསུམ་པའི་དུས་ཚེས་བཟང་པོར་འདུན་སྨོན་དུ་སྤེལ་བ་སིདྡྷི་རསྟུ།།   །། 
༈    །   ཨོཾ་སྭསྟི།   །འཕོ་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ནི།   །མི་ཤིགས་རྡོ་རྗེའི་ལང་ཚོས་སྒེག་པའི་སྐུར།   །ཡོངས་ཤར་འཕགས་མ་ཡིད་བཞིན་འཁོར་ལོ་ཡིས།   །དེང་འདིར་འཆི་མེད་རྟག་པའི་བྱིན་ [29a] ཆེན་ཕོབ།   །འཇིག་རྟེན་དབང་ཕྱུག་དཔལ་ལྡན་ཀ༵རྨ༵་པའི།   །རྨད་བྱུང་ཐུགས་བསྐྱེད་བསམ༵་གཏན༵་ལྗོན་པའི་ཀླུང་།   །མཛེས་བྱེད་གཞན་ཕན་དཔག་བསམ་ཡོང༵ས་འདུ༵འི་དབང་།   །མཚུངས་མེད་རྒྱལ་བའི་མྱུ་གུ་ཞབས་བརྟན་གསོལ།   །ལུང་རྟོགས་མདོ་སྔགས་ཆོས༵་ཚུལ་པདྨའི་ཚལ།   །བཤད་སྒྲུབ་འོད་ཀྱི༵་སྣང་བས་འབྱེད་མཛད་པ།   །མཆོག་གསང་ངེས་དོན་བསྟན་པའི་ཉི༵་མ༵་ཆེ།   །ལྟ་ངན་མུན་པའི་གཤེད་དུ་ཞབས་བརྟན་གསོལ།   །འབྲེལ་བཅས་ཐར་ལམ་འདྲེན་པའི་ཕྲི༵ན་ལ༵ས་རྒྱུན།   །ནམ་ཡང་མི་ཉམས་ཡངས་པའི་ས་ཀུན༵་ཁྱབ༵།   །རིས་སུ་མ་ཆད་བསྟན་དང་འགྲོ་བ་ཡི།   །དཔུང་གཉེན་དམ་པ་ཉིད་དུ་ཞབས་བརྟན་གསོལ།   །འདྲེན་མཆོག་སྐྱེས་བུའི་ཞབས་པད་བསྐལ་བརྒྱར་བརྟན།   །ངེས་དོན་ཆོས་ཀྱི་དབྱངས་སྙན་ཕྱོགས་མཐར་སྒྲོགས།   །སྒྲུབ་བརྒྱུད་རིང་ལུགས་སྟོན་གྱི་འབྲས་བཞིན་སྨིན།   །དགེ་ལེགས་རྫོགས་ལྡན་བཞད་པའི་བཀྲ་ཤིས་ཤོག    །ཅེས་སྒར་བླ་སྐུ་ཕྲེང་བདུན་པའི་བརྟན་བཞུགས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཀུན་དགའི་ལོ་སྨིན་ཟླའི་ཡར་ངོ་བཟང་པོ་གསུམ་པའི་དུས་དགེ་བར་འདུན་སྨོན་དུ་སྤེལ་བ་སིདྡྷི་རསྟུ།།   །། 
༈    །   ཨོཾ་སྭསྟི།   བླ་མ་མཆོག་ [29b] གསུམ་རྒྱལ་བ་སྲས་དང་བཅས།   །ཚེ་དཔག་མེད་མགོན་ཡིད་བཞིན་འཁོར་ལོ་ཡུམ།   །རྣམ་པར་རྒྱལ་མ་དབང་ཆེན་རྟ་མཆོག་དཔལ།   །དྲང་སྲོང་བདེན་གྲུབ་མངའ་བའི་མཐུ་བྱིན་གྱིས།   །ངག་གི་དབང་ཕྱུག་འགྱུར་མེད་རྣམ་གྲོལ་གྱི།   །ཞབས་པད་རྡོ་རྗེའི་ཁྲི་ལས་མི་གཡོ་བར།   །སྙིགས་དུས་བསྟན་འགྲོའི་དཔུང་གཉེན་དམ་པ་རུ།   །བསྐལ་བརྒྱར་འཚོ་གཞེས་སྐལ་བཟང་རྟག་ཐོབ་ཤོག    །འགལ་རྐྱེན་བར་ཆད་ཉེས་པའི་དཔུང་ལས་རྒྱལ།   །མཐུན་རྐྱེན་བཞེད་རྒུ་འབད་མེད་ལྷུན་གྱིས་གྲུབ།   །བསྟན་འགྲོའི་དོན་ཆེན་མཛད་པ་མཐའ་རུ་ཕྱིན།   །དགེ་ལེགས་སྣང་བས་ས་གསུམ་མཛེས་གྱུར་ཅིག    །ཅེས་སེང་གེ་བྲག་གི་སྤྲུལ་པའི་སྐུའི་ཞབས་བརྟན་དུ་དགེ་སློང་བློ་བཟང་ཤེས་རབ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤིང་ཡོས་དཔྱིད་ཟླ་འབྲིང་པོའི་ཡར་ངོ་རྒྱལ་བ་དང་པོའི་ཚེས་བཟང་པོར་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈    །   ཨོཾ་སྭསྟི།   ཚེ་དབང་ཡེ་ཤེས་ཉི་མའི་གཟི་འོད་ཀྱིས།   །འཆི་བདག་མུན་པའི་གཡུལ་ངོ་ཕམ་མཛད་པ།   །བླ་མ་འཆི་མེད་པདྨ་བདེ་བ་ཆེས།   །དེང་འདིར་དགེ་ལེགས་མེ་ཏོག་ཆར་དུ་ཕོབ།   །པད་འབྱུང་ཐུགས་ཀྱི་སྲས་དགུའི་ཡ་གྱལ་མཆོག    །ཡང་དག་གྲུབ་ [30a] བརྙེས་མཁའ་ལམ་ཉི་ཟེར་ཆིབས།   །འགྲོ་འདུལ་ནམ་མཁའི་སྙིང་པོའི་སྤྲུལ་པའི་གར།   །འདྲེན་པ་རྒྱལ་བའི་མྱུ་གུ་ཞབས་བརྟན་གསོལ།   །གསང་ཆེན་རྒྱུད་ལུང་མན་ངག་བསྟན༵་པའི་སྲོག  །   མི་ཉམས་འཛི༵ན་སྤེལ་ཕྲིན་ལས་འཁོར་ལོས་སྒྱུར།   །སྙིགས་མའི་གདུལ་བྱའི་མགོན་དང་དཔུང་གཉེན་ཁྱོད།   །མི་ནུབ་རྒྱལ༵་མཚན༵་ཆེན་པོར་བརྟན་བཞུགས་གསོལ།   ཕྱི་ནང་བར་ཆད་བདུད་སྡེའི་གཡུལ་ལས་རྒྱལ།   །བསྟན་འགྲོའི་དོན་ཆེན་བཞེད་རྒུ་ལྷུན་གྱིས་གྲུབ།   །སྨིན་གྲོལ་ཆོས་ཆར་འཛམ་གླིང་ཁྱབ་པར་འབེབས།   །ཞིང་ཀུན་བཀྲ་ཤིས་སྣང་བས་མཛེས་གྱུར་ཅིག    །ཅེས་ལྷོ་བྲག་མཁར་ཆུ་ནམ་སྙིང་མཆོག་གི་སྤྲུལ་སྐུའི་བརྟན་བཞུགས་འདི་ཉིད་གང་གི་རིམ་གྲོ་བ་རིག་འཛིན་འདུས་པའི་སྡེས་ལྷ་རྫས་རིན་པོ་ཆེའི་སྐྱེས་བཅས་བསྐུལ་བར་མཛད་པ་བཞིན།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཀུན་དགའི་ལོ་མགོ་ཉ་བའི་ཡར་ངོའི་ཚེས་བཅོ་ལྔ་ལ།   སློབ་དཔོན་ཆེན་པོ་འཆི་མེད་རྡོ་རྗེའི་སྐུར་བཞེངས་པའི་གནས་མཆོག་བལ་ཡུལ་བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་དུ་ལྷག་བསམ་དག་པ་འདུན་སྨོན་དུ་སྤེལ་བ་སིདྡྷི་རསྟུ།།   །། 
༈    །   རྒྱལ་ཀུན་མཁྱེན་བརྩེ་ནུས་གཟུགས་ཀརྨ་པའི།   །གསང་གསུམ་མི་ཤིགས་རྡོ་རྗེའི་ངོ་བོར་བརྟན།   །མཛད་ཕྲིན་ཉིན་སྣང་འཛམ་གླིང་ཁྱབ་པར་ [30b] བརྡལ།   །སྐལ་བཟང་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག    །ཅེས་གུས་ལྡན་བདུད་འཇོམས་རྒན་བུས་ཕྱག་བཅས་ཕུལ།།   །། 
༈     །བསླུ་མེད་པད་འབྱུང་ཡབ་ཡུམ་མཐུ་བྱིན་གྱིས།   །རིག་འཛིན་ཨོ་རྒྱན་ཚེ་དབང་མཆོག་གྲུབ་ཀྱི།   །ཞབས་པད་ཡུན་བརྟན་བསྟན་དང་འགྲོ་བའི་དོན།   །རླབས་ཆེན་ཆེད་དགོངས་ཕྲིན་ལས་མཐར་ཕྱིན་ཤོག    །ཅེས་མགོན་པོ་གང་གི་སློབ་བུའི་གྲལ་གཏོགས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་སྨོན་པ་དོན་ལྡན་དུ་གྱུར་ཅིག།   །། 
༈    །   ངག་དབང་བློ་གྲོས་བཟང་པོའི་རིགས་སད་པས།   །གསང་ཆེན་བསྟན་པ་རིན་ཆེན་བཤད་སྒྲུབ་ཀྱིས།   །འཛིན་མཛད་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན།   །ཡུན་དུ་འཚོ་གཞེས་དོན་གཉིས་ལྷུན་གྲུབ་ཤོག    །ཅེས་པའང་པདྨ་ཆོས་དབང་གི་ངོར་ཛྙཱ་ནས་སོ།།   །། 
༈      །བསླུ་མེད་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་གྱིས།   །པདྨའི་གདུང་འཛིན་བཤད་སྒྲུབ་སྣང་བ་ཡི།   །ཞབས་པད་མི་ཤིགས་བསྐལ་བརྒྱར་རྟག་བརྟན་ཅིང་།   །བསྟན་འགྲོའི་དོན་ཆེན་མཛད་ཕྲིན་མཐར་ཕྱིན་ཤོག    །ཅེས་ན་བཀྲ་མཆོག་སྦྲུལ་རིན་པོ་ཆེའི་ཞབས་བརྟན་དུ་དགེ་སྦྱོང་ངག་དབང་རྒྱ་མཚོས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨོན་པ་དགེ།   །།   

[31a] ༈ །གནས་ནང་དཔའ་བོ་རིན་པོ་ཆེའི་ཞབས་བརྟན། བསླུ་མེད་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་གྱིས། །དཔའ་བོ་གཙུག་ལག་སྨྲ་བའི་དབང་ཕྱུག་གི ། ཞབས་པད་མི་ཤི་གས་རྡོ་རྗེར་རྟག་བརྟན་ནས། །རླབས་ཆེན་ཕྲིན་ལས་མཐའ་རུ་ཕྱིན་པར་ཤོག ། ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་སྨོན་པ་སིདྡྷི་རསྟུ།། །།

༈    །   ཨོཾ་སྭསྟི།   རྒྱལ་ཀུན་གསང་གསུམ་ཡེ་ཤེས་སེམས་དཔའ་དངོས།   །རྡོ་རྗེའི་རིག་འཛིན་གར་གྱིས་རྣམ་རོལ་པ།   །འཆི་མེད་བླ་མ་པདྨ་སམྦྷ་ཝས།   །།   དེང་འདིར་དབང་བྱིན་དངོས་གྲུབ་ཆར་དུ་ཕོབ།   །ཨོ༵་རྒྱ༵ན་མཁན་པོའི་རིང་ལུགས་ནང་རྒྱུད་བསྟན།   །འཇི༵གས་མེ༵ད་སྤོབས་པའི་བརྒྱུད་ཀྱིས་ལེགས་བཟུང་ནས།   །ཕྲི༵ན་ལ༵ས་འོད་སྣང་མཁའ་མཐར་བརྡལ་བའི་གཉེན།   ཀུ༵ན་ཁྱབ༵་རྒྱལ་བའི་མྱུ་གུ་ཞབས་བརྟན་གསོལ།   །ཐོས་བསམ་སྒོམ་པའི་ལང་ཚོ་དར་བའི་སྐུ།   མཁས་བཙུན་བཟང་པོའི་རྣམ་ཐར་རྒྱན་གྱིས་མཛེས།   །འཆད་རྩོམ་ཕྲིན་ལས་འདོད་འཇོས་སྐལ་བཟང་ཚོགས།   །ཕན་བདེའི་མགྲོན་དུ་འགུགས་བཞིན་འཚོ་གཞེས་གསོལ།   འགྲོ་འདུལ་སྐྱེས་བུའི་ཞབས་པད་ཡུན་བརྟན་ཅིང་།   ། [31b] བསྟན་འགྲོར་སྨན་པའི་བཞེད་རྒུ་རྩོལ་མེད་འགྲུབ།   །ཆེར་སྙིགས་དུས་ཀྱི་རྒུད་པ་རྒྱང་བསྲིངས་ཏེ།   །སྣོད་བཅུད་ཕན་བདེའི་དགེ་མཚན་རྒྱས་གྱུར་ཅིག    །ཅེས་གཙང་གཏིང་སྐྱེས་དགོན་པ་བྱང་གི་བསྟན་བདག་སྤྲུལ་པའི་སྐུའི་ཞབས་བརྟན་དུ་གང་གི་རིམ་གྲོ་བ་མཐའ་གྲོལ་རྡོ་རྗེས་ལྷ་རྫས་རིན་པོ་ཆེའི་མེ་ཏོག་བཅས་བསྐུལ་བ་བཞིན།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བལ་ཡུལ་ཨེའི་གཙུག་ལག་ཁང་དང་འདབས་འབྲེལ་བ།   །ཨ་སུ་རཏྣའི་ལྗོངས་ཀྱི་དགའ་ཚལ་དུ་ཤིང་ཡོས་སྤྲེལ་ཟླའི་ཚེས་བཅུའི་སྔ་ཆར་བྲིས་པ་སིདྡྷི་རསྟུ།།   །། 
༈     །རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་།   །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་གྱིས།   འགྱུར་མེད་ངེས་དོན་ཆོས་དབྱིངས་རང་གྲོལ་གྱི།   །ཞབས་པད་ཡུན་བརྟན་ཕྲིན་ལས་ཀུན་ཁྱབ་ཤོག    །ཅེས་པའང་འབྲུག་སྒྲ་རྡོ་རྗེས་བསྐུལ་བ་ལས།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། 
༈     །རིགས་གསུམ་འཕགས་པའི་སྒྱུ་འཕྲུལ་སེང་ཆེན་རྗེའི།   །དོན་བརྒྱུད་དགོངས་པའི་གཏེར་མཛོད་རང་དབང་བསྒྱུར།   །འགྲོ་འདུལ་དཔའ་བོ་རྡོ་རྗེ་གཟི་བརྗིད་རྩལ།   །ནམ་མཁའ་དྲི་མེད་རབ་འབྱམས་ལ་གསོལ་བ་འདེབས།   །ཁྱོད་ཞབས་བསྐལ་པ་རྒྱ་མཚོར་རབ་བརྟན་ཅིང་།   །རླབས་ཆེན་ཕྲིན་ལས་ [32a] ཕྱོགས་མཐར་ཡོངས་བརྡལ་བས།   །སྙིགས་དུས་བསྟན་འགྲོའི་རྒུད་མུན་དྲུང་ཕྱུངས་ཏེ།   །ཕན་བདེའི་དགེ་མཚན་སྣང་བས་རྟག་ཁྱབ་ཤོག    །ཅེས་པའམ་སྔགས་སྟོན་རྡོ་རྗེ་རྣམ་རྒྱལ་གྱིས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་པདྨ་གླིང་།   །འཇིགས་བྲལ་ཆོས་ཀྱི་ཁྲི་ལས་གཡོ་མེད་པར།   །ཟབ་གསང་ཆོས་ཀྱི་འཁོར་ལོ་བསྒྱུར་བའི་དཔལ།   །སྔ་འགྱུར་ཆོས་ཀྱི་རྒྱལ་མཚན་རྟག་བསྒྲེང་ཤོག    །ཅེས་ལྷ་ལུང་གསུམ་སྤྲུལ་བཅུ་གཅིག་པའི་མཚན་གྱི་རྒྱལ་རྔ་ཐོག་མར་བརྡུངས་ཤིང་འཇིགས་བྲལ་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་ཚེ་འདོད་དོན་ཤིས་པའི་སྨོན་ཚིག་གི་མེ་ཏོག་འཐོར་བ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཨོཾ་སྭསྟི།   བླ་མ་མཆོག་གསུམ་རྒྱལ་བ་སྲས་དང་བཅས།   །ཁྱད་པར་འཆི་མེད་ཚེ་ལྷའི་དཀྱིལ་འཁོར་པ།   །དྲང་སྲོང་བདེན་གྲུབ་མངའ་བའི་མཐུ་བྱིན་དང་།   །བདག་ཅག་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས།   །རྒྱལ་བསྟན༵་སྙིང་པོ་བཤད་སྒྲུབ་ཕྲིན་ལས་ཀྱིས།   །མི་ནུབ་འཛི༵ན་སྤེལ་སྨོན་ལམ་དབང་འབྱོར་བས།   །སྐལ་བཟང་དོ༵ན་གཉིས་གྲུབ༵་པའི་གནས་ལ་འབྱོར།   །མཚུངས་མེད་བཤེས་གཉེན་ཁྱོད་ཞབས་རྟག་བརྟན་ཤོག    ། [32b] ཚུལ་ཁྲིམས་ཡོ༵ན་ཏ༵ན་ཆུ་གཏེར་ལས་ཐོན་པའི།   །གཞན་ཕན་བྱང་སེམས་ཉ་རྒྱས་དཀྱིལ་འཁོར་ནི།   །ཐབས་ཆེན་རིམ་གཉིས་འོ༵ད་སྣང་འཕྲོ་བ་ཅན།   །འདྲེན་པ་ཀུནྡའི་གཉེན་ཁྱོད་འཚོ་གཞེས་གསོལ།   །བླ་མའི་སྐུ་ཚེ་མི་ཤིགས་ཡུན་དུ་འཚོ།   །བླ་མའི་བརྒྱུད་འཛིན་འདུ་བ་རབ་ཏུ་རྒྱས།   །བླ་མའི་གདན་ས་མི་ཉམས་གོང་དུ་འཕེལ།   །བླ་མའི་འདུལ་ཞིང་འགྲོ་རྣམས་བདེ་ལེགས་ཤོག    །ཅེས་པའང་སྡོམ་བརྩོན་སྒྲུབ་ལ་གཞོལ་བ་མཁྱེན་རབ་རྒྱ་མཚོ་དང་ངག་དབང་ཤེས་རབ་སོགས་འབྲུག་རྟ་མགོའི་སྒྲུབ་སྡེའི་ཆོས་གྲོགས་ཐུན་མོང་ནས་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མེ་སྦྲུལ་གྲོ་བཞིན་ཟླ་བའི་ཡར་ཚེས་བཟང་པོར་འདུན་སྨོན་དུ་བྲིས་པ་དགེ་ཞིང་བཀྲ་ཤིས།།   །། 
༈     །ཨོཾ་སྭསྟི།   འཕོ་བྲལ་གདོད་མའི་ཡེ་ཤེས་བདེ་བ་ཆེ།   །རྣམ་འགྱུར་འཆི་མེད་རྡོ་རྗེ་རྟག་པའི་སྐུར།   །ཡོངས་བཞེངས་པདྨ་རྒྱལ་པོའི་བྱིན་རླབས་ཀྱིས།   །བདེན་གྲུབ་ཤིས་པའི་མེ་ཏོག་ཆར་དུ་ཕོབ།   །སངས་རྒྱས་གཉིས་པའི་རིང་ལུགས་ཡིད་བཞིན་ནོར།   །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་འདེགས་བཟོད་པ།   །འགྲོ་འདུལ་རི༵ག་པ་འཛི༵ན་པའི་ཁྱུ་མཆོག་གི   །   ཞབས་པད་མི་ཤིགས་ཡུན་དུ་བརྟན་བཞུགས་གསོལ།   ། [33a] ཆེ་བ་དྲུག་དང་ལྡན་པ་སྔ་འགྱུར་བའི།   །གསང་ཆེན་ཆོ༵ས་ཀྱི་རྒྱལ༵་ཐབས་རང་དབང་དུ།   །བསྒྱུར་ནས་འགྲོ་འདུལ་ཕྲིན་ལས་མཁའ་ཁྱབ་ཏུ།   །བརྡལ་བཞིན་རྟག་པ་དམ་པར་འཚོ་གྱི་མཚོ་བཞིན་རྒྱས།   །ཆོས་མཆོག་གདུལ་ཞིང་རྡོ་རྗེའི་ལུང་དོན་ལྟར།   །ཆོས་བཞིན་འགྲུབ་པའི་བདེན་དོན་མངོན་གྱུར་ཅིག    །ཅེས་པའང་མོས་ལྡན་ཚེ་དབང་འགྱུར་མེད་ནས་བཀྲ་ཤིས་པའི་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བ་བཞིན།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དམར་སེར་ཅན་གྱི་རྒྱལ་ཟླའི་ཡར་ཚེས་བཅུའི་སྔ་དྲོའི་ཆར་བསམ་སྦྱོར་དག་པས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   རིགས་གསུམ་གཅིག་བསྡུས་ཨོ་རྒྱན་ཐོད་ཕྲེང་རྩལ།   །དབྱེར་མེད་སེང་ཆེན་ནོར་བུ་དགྲ་འདུལ་གྱི།   །དགོངས་བརྒྱུད་བྱིན་ཐོབ་འགྲོ་འདུལ་བཀའ་བབས་མཆོག  །   ནམ་མཁའི་དྲི་མེད་ཁྱོད་ཞབས་ཡུན་བརྟན་ཤོག  །   མཁྱེན་བརྩེའི་ཕྲིན་ལས་འོད་སྟོང་འབར་བ་ཡིས།   །ཆེར་སྙིགས་དུས་ཀྱི་མུན་རུམ་མཐར་བསྐྲད་དེ།   །གསང་ཆེན་བསྟན་པའི་དགའ་ཚལ་བསྐྱེད་བསྲིངས་པའི།   །རྡོ་རྗེའི་ལུང་དོན་བསླུ་ [33b] བ་མེད་འགྲུབ་ཤོག    །ཅེས་རིགས་གསུམ་ཐུགས་ཀྱི་གོངས་མཛོད་ཀྱི་ཆོས་སྡེ་འདི་ཉིད་དུས་བབས་ཀྱི་ཟབ་ཆོས་སུ་ངེས་པ་རྙེད་དེ་གཏེར་འབྱིན་རིག་འཛིན་གང་གི་བརྟན་བཞུགས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱལ་ཟླའི་ཡར་ཚེས་བཅུ་ལ་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །།
༈     །སྨུགས་སངས་སྤྲུལ་སྐུའི་མཚན་དང་སྨོན་ཚིག   །   འཇིགས་མེད་ཀུན་བཟང་བསྟན་པའི་ཉི་མ།   །འཇི༵གས་མེ༵ད་ཟབ་དོན་དབྱར་རྔ་སྒྲོགས་བཞིན་དུ།   །ཀུན༵་བཟ༵ང་ཐུགས་ཀྱི་བསྟན༵་པ༵འི་པད་ཚལ་ཀླུང་།   །སྐྱོང་མཁས་མཆོག་སྐུ་ཉི༵་མ༵་གཞོན་ནུའི་འཛུམ།   །གདུལ་བྱའི་བསོད་ནམས་གུང་ལས་གཡོ་མེད་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཨོཾ་སྭསྟི།   མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་ནི།   །འཆི་མེད་རིག་པ་འཛིན་པའི་སྐུར་སྣང་བ།   །པདྨ་ལས་འཁྲུངས་རྒྱལ་བའི་དབང་པོ་དེས།   །བྱིན་རླབས་ཤིས་པའི་མེ་ཏོག་ཆར་དུ་ཕོབ།   །སྡེ་གསུམ་གངས་ཀྱི་རི་བོར་གནས་བཅས་པའི།   །རིམ་གཉིས་རྩལ་རྫོགས་འཇི༵གས་མེ༵ད་སེངྒེའི་སྒྲས།   །ལོག་སྨྲའི་རི་དྭགས་ཚོགས་རྣམས་དཔའ་བཀོང་བ།   །མཚུངས་མེད་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་གསོལ།   །རྡོ་རྗེ་ཐེག་པའི་ཟབ་བཅུད་ནོ༵ར་བུ༵འི་མཛོད།   །སྐལ་བཟང་གདུལ་བྱའི་དཔྱིད་ [34a] དུ་ཕྱེས་པ་ལས།   །འབྲེལ་ཚད་དོན་ལྡན་ཕྲི༵ན་ལ༵ས་དཔལ༵་འབ༵ར་བ།   །བསྟན་པའི་རྩ་ལག་གཅིག་ཏུ་འཚོ་གཞེས་ཤོག  །   འགྲོ་མགོན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན།   །བསྟན་འགྲོའི་རྒུད་པ་མིང་གི་ལྷག་མར་གྱུར།   །ཡངས་པའི་རྒྱལ་ཁམས་ཕན་བདེའི་སྣང་བས་འཚོ།   །ཀུན་ཁྱབ་བཀྲ་ཤིས་བདེ་ལེགས་དཔལ་འབར་ཤོག    །ཅེས་པའང་དཔལ་རིའི་མཆོག་སྤྲུལ་འཇིགས་མེད་ནོར་བུའི་ཞབས་བརྟན་དུ་གང་གི་རིམ་གྲོ་བ་ཆོས་མཛད་བཀྲ་ཤིས་རྒྱལ་མཚན་གྱིས་བསྐུལ་བ་བཞིན་འཇིགས་བྲལལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།།   །། 
༈     །རབ་འབྱམས་རྣམ་འདྲེན་སྟོང་གི་ཕྲིན་ལས་པ།   །མཁའ་ཁྱབ་རང་བྱུང་རིག་པའི་རྡོ་རྗེ་ཡི།   །ཞབས་པད་བསྐལ་པ་རྒྱ་མཚོར་རྟག་བརྟན་ནས།   །རླབས་ཆེན་འགྲོ་དོན་རྒྱ་མཚོ་མཐར་ཕྱིན་ཤོག    །ཛྙཱ་ནས་ཕུལ།།   །། 
༈      །ཨོཾ་སྭསྟི།   རབ་འབྱམས་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་དང་།   བདག་ཅག་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས།   ཐར་ལམ་དེད་དཔོན་དགེ་བའི་བཤེས་གཉེན་མཆོག    །སྐུ་ཚེའི་ལྗོན་རྩ་མི་གཡོ་ཡུན་བརྟན་ཤོག  །   མཁ༷ས་པའི་རྣམ་དཔྱོད་ཤེས་བྱའི་སྒྲོ་འདོགས་ཆོད།   ། [34b] བཙུ༷ན་པའི་མངོན་རྟགས་གཞན་ཕན་བྱང་སེམས་འབྱོངས།   །བཟ༷ང་པོའི་བག་ཆགས་ཐེག་མཆོག་རིགས་སུ་སད།   །དམ་པའི་སྐྱེས་བུ་ཁྱོད་སྐུ་ཡུན་འཚོ་ཤོག    །ཐོ༵ས་མང་ནོར་གྱིས་ཐར་འདོད་སྡུད་ལ་མཁ༷ས།   །བས༵མ་བྱུང་སྒྲོན་མེས་རྨོངས་མུན་གསལ་ལ་བཙུན༷།   །སྒོ༵མ་ཉམས་རྟོགས་པའི་ཡེ་ཤེས་མཆོག་ཏུ་བཟང༷་།   །རྣལ་འབྱོར་དཔའ་བོ་ཁྱོད་སྐུ་ཡུན་འཚོ་ཤོག    །ཀུན་ཁྱབ་སེམས་ཉིད་མ་བཅོས་སྟོང་དབྱིངས་མཁར།   །སྣང་བ་མ་འགགས་རིག་པའི་རྒྱན་དུ་ཤར།   །ཟུང་འཇུག་མཉམ་ཉིད་འོད་གསལ་རྡོ་རྗེའི་སྲོག  །   ཡེ་ཤེས་སྙིང་པོའི་ངོ་བོར་རྟག་གྱུར་ཅིག    །ཅེས་པའང་སྔ་འགྱུར་བཤད་སྒྲུབ་འདོད་འཇོ་གླིང་གི་སློབ་ཚོགས་ཐུན་མོང་ནས་བསྐུལ་བ་དོན་ཡོད་པའི་ཕྱིར་དམར་སེར་ཅན་གྱི་དབྱུག་ཟླའི་ཡར་ཚེས་༡ཤར་བ་ན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པས་བྲིས་པ་ཛ་ཡནྟུ།།   །། 
༈    །   མཆོག་གསུམ་རྩ་གསུམ་རྒྱ་མཚོའི་མཐུ་བྱིན་གྱིས།   བསྟན་འགྲོའི་དཔུང་གཉེན་འགྲོ་འདུལ་རིག་པ་འཛིན།   །རྣམ་རྒྱལ་བདུད་འཇོམས་རྡོ་རྗེའི་ཞབས་པདྨོ།   །མི་འགྱུར་རྟག་བརྟན་མཛད་ཕྲིན་མཐར་རྒྱས་ཤོག  །   ཅེས་མཁའ་སྤྱོད་རིག་འཛིན་མཆོག་གི་ཞབས་བརྟན་དུ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་ [35a] རྡོ་རྗེས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   འཆི་མེད་རྡོ་རྗེའི་སྐུར་བཞེངས་པདྨ་འབྱུང་།   །འཆི་མེད་དགྱེས་ཡུམ་མནྡྷ་ར་བ་སོགས།   །འཆི་མེད་གྲུབ་པའི་རིག་འཛིན་ཚོགས་རྣམས་ཀྱིས།   །འཆི་མེད་ཚེ་ཡི་བྱིན་ཆེན་དུས་འདིར་ཕོབ།   །འཇིགས་མེད་ང༵ག་གི་དབ༵ང་ཕྱུག་མཁྱེན་བརྩེའི་གཏེར།   །གསང་མཆོག་འོད་གསལ་ཆོ༵ས་ཀྱི༵་གཏེར་མཛོད་འཛིན།   །བློ༵་གྲོ༵ས་དྲི་མེད་ཡེ་ཤེས་རྡོ་རྗེའི་སྐུ།   །སྐལ་བཟང་ཀུན་དགའི་དཔྱིད་དུ་ཞབས་བརྟན་གསོལ།   །ངོ་མཚར་མཛད་ཕྲིན་ཉིན་མོར་བྱེད་པའི་གཟིས།   །སྙིགས་དུས་རྒུད་པའི་མུན་པ་དྲུང་ནས་ཕྱུངས།   །བསྟན་འགྲོར་ཕན་བདེའི་པད་ཚལ་བཞད་ཏེ།   །ས་གསུམ་བཀྲ་ཤིས་དཔལ་གྱིས་མཛེས་གྱུར་ཅིག    །ཅེས་པའང་ཞྭ་དེའུ་འཁྲུལ་ཞིག་མཆོག་གི་སྤྲུལ་སྐུའི་ཞབས་བརྟན་དུ་ཚེ་རིག་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆུ་ཁམས་འཁོར་ལོའི་སྣ་ཅན་གྱི་ལོ་སྨིན་དྲུག་ཟླ་བ་སྔ་མའི་ཡར་ཚེས་བཟང་པོར་འདུན་སྨོན་དུ་བྲིས་ཏེ་ཕུལ་བ་སིདྡྷི་རསྟུ།།   །། 
༈    །   ཨོཾ་སྭསྟི།   གདོད་ནས་འཕོ་འགྱུར་ཡོངས་བྲལ་རྡོ་རྗེ་ཞབས།   །འཆི་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཆེ།   །རྣམ་འགྱུར་ [35b] ཚེ་མཐའ་ཡས་པའི་སྐུར་སྣང་བས།   །དེང་འདིར་ཤིས་པའི་མེ་ཏོག་ཆར་དུ་ཕོབ།   །སྨྲ་བ་ང༵ག་གི་དབ༵ང་པོ་ཀུན༵་དག༵འི་དཔལ།   །མཚུངས་མེད་བློ༵་གྲོ༵ས་གཏེར་གྱི་དབ༵ང་ཕྱུག༵་ཆེ།   །ཇི་སྙེད་ཤེས་བྱ་རི༵ན་ཆེ༵ན་ནོར་བུའི་སྐྱེས།   །འགྲོ་ལ་ཅི་དགར་འབྱེད་ཁྱོད་ཞབས་བརྟན་གསོལ།   །ཐེག་མཆོག་ཟབ་དོན་འཇི༵གས་མེ༵ད་སེངྒེའི་སྒྲས།   །ལྟ་དམན་རི་དྭགས་ཚོགས་རྣམས་དཔའ་བཀོང་ཞིང་།   །ངེདས་གསང་ལམ་བཟང་རྣམ་གྲོལ་འབྲས་བཅུད་དུ།   །ཡོངས་སྨིན་ཕྲི༵ན་ལ༵ས་གྲུབ་མཆོག་ཞབས་བརྟན་གསོལ།   །སྐུ་ཚེའི་འདུ་བྱེད་བསྐལ་པ་རྒྱ་མཚོར་བརྟན།   །ངོ་མཚར་མཛད་ཕྲིན་འཛམ་གླིང་ཁྱབ་པར་བརྡལ།   །དོན་གཉིས་ལྷུན་གྲུབ་ཕྱོགས་ལས་རྣམ་པར་རྒྱལ།   །ས་གསུམ་དགེ་ལེགས་སྣང་བས་མཛེས་གྱུར་ཅིག  །   ཅེས་པའམ་དཔལ་ལྡན་ས་སྐྱ་འཁོན་རིགས་སྒྲོལ་མ་ཕོ་བྲང་བའི་གདུང་སྲས་སྐུ་བགྲེས་མཆོག་གི་བརྟན་བཞུགས་རྟེན་འབྱུང་དུ་ཡབ་རྗེ་བདག་ཁྲི་རིན་པོ་ཆེའི་དགོངས་བཞེད་བཞིན།   རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤས་རྡོ་རྗེས་ཆུ་ཁམས་འཁོར་ལོའི་སྣ་ཅན་གྱི་ལོ་སྨིན་དྲུག་ཟླ་བ་སྔ་མའི་ཡར་ཚེས་བཟང་པོ་ལ་ལྷག་བསམ་དག་པས་སྨོན་འདུན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈    །   ཨོཾ་སྭསྟི།   འཕོ་བྲལ་རྟག་པ་དམ་པ་གཉུག་མའི་ [36a] གཤིས།   །ཡོངས་གྲུབ་བདེ་བ་ཆེན་པོའི་ཟློས་གར་མཁན།   །འགྲོ་ལ་འཆི་མེད་དཔལ་སྟེར་ཚེ་སྦྱིན་མས།   །དེང་འདིེར་མི་ཤིགས་རྡོ་རྗེའི་སྲོག་རྩ་ཚུགས།   །མི་འགྱུར་ཀུན༵་ཏུ་དག༵འ་བའི་ཡེ་ཤེས་ནི།   །ངོ་མཚར་རི༵ན་ཆེ༵ན་སྙིང་པོ་གཞོན་ནུའི་གར།   །མཁྱེ༵ན་བརྩེ་ནུས་པའི་གཟི་བརྗིད་དཔལ་འབར་བ།   །གང་ཁྱོད་རྡོ༵་རྗེ༵འི་ངོ་བོར་རྟག་བརྟན་གསོལ།   །ཐོས་བསམ་སྒོམ་པས་ཐར་པའི་ལང་ཚོ་རྫོགས།   །མཁས་བཙུན་བཟང་པོས་བསྟན་པའི་སྲོག་ཤིང་འཛིན།   །རིམ་གཉིས་ལམ་གྱིས་གྲུབ་པའི་རྒྱལ་རབས་བསྐྲུན།   །འཆད་རྩོམ་ཕྲིན་ལས་གདུལ་བྱའི་དཔལ་དུ་ཤོག  །   སྔོན་སྨོན་ཐུགས་བསྐྱེད་བཟང་པོའི་ཉེར་ལེན་དང་།   །བདེན་གཉིས་རང་བཞིན་བསླུ་མེད་རྟེན་འབྲེལ་ལས།   །མི་མཐུན་ཉེས་པའི་གཡུལ་ལས་རྣམ་རྒྱལ་ཏེ།   །ཕན་བདེའི་དགའ་སྟོན་རྟག་ཏུ་རྒྱས་གྱུར་ཅིག  །   ཅེས་པའང་དཔལ་ལྡན་ས་སྐྱ་འཁོན་རིགས་སྒྲོལ་མ་ཕོ་བྲང་བའི་གདུང་སྲས་སྐུ་གཞོན་མཆོག་གི་བརྟན་བཞུགས་རྟེན་འབྱུང་དུ་ཡབ་རྗེ་བདག་ཁྲི་རིན་པོ་ཆེའི་དགོངས་བཞེད་བཞིན།   རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆུ་ཁམས་འཁོར་ལོའི་སྣ་ཅན་གྱི་ལོ་སྨིན་དྲུག་ཟླ་བ་སྔ་མའི་ཡར་ཚེས་བཟང་པོ་ལ་ལྷག་བསམ་དག་པས་སྨོན་འདུན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །རབ་ [36b] འབྱམས་རྩ་གསུམ་འཁོར་ལོའི་མཐུ་བྱིན་གྱིས།   །འགྲོ་འདུལ་རིག་འཛིན་ཆོས་ཀྱི་རྒྱ་མཚོ་ཡི།   །སྐུ་ཚེ་མི་ཤིགས་རྡོ་རྗེར་འཚོ་གཞེས་ནས།   །རླབས་ཆེན་ཕྲིན་ལས་ཕྱོགས་རྣམས་ཀུན་ཁྱབ་ཤོག    །ཞེས་པའང་དྲུང་པ་མཆོག་སྤྲུལ་རིན་པོ་ཆེ་ཡུན་དུ་བརྟན་བཞུགས་ཀྱི་འདུན་སྨོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི་ཛ་ཡནྟུ།   འཇིགས་མེད་ལོག་འདྲེན་སྒྲོལ་བའི་དཔའ་བོ་ཆེ།   །པད་མ༷་འོད་ཞིང་དཔལ་རིའི་ཕོ༷་བྲ༷ང་ནས།   །འཆི་མེད་རྡོ་རྗེའི་སྐུར་བཞེངས་མཚོ་སྐྱེས་རྗེས།   །དེང་འདིར་རིག་འཛིན་ཚེ་ཡི་དབང་བྱིན་ཕོབ།   །མཚུངས་མེད་ང༵ག་གི་དབ༵ང་ཕྱུག་གྲུབ་པའི་གདུང་།   །འཁོན་སྟོན་ཐེ༵ག་མཆོ༵ག་བསྟན་པའི་ཤིང་རྟ་ཆེ།   །ངོ་མཚར་གྲུབ་གཉིས་གཟི་བརྗིད་དཔ༵ལ་འབ༵ར་བ།   །ཁྱོད་ཞབས་རྡོ་རྗེའི་ཁྲི་ལས་མི་གཡོ་ཤོག    །དུས་ཀྱི་རྩུབ་འགྱུར་མིང་གི་ལྷག་མར་གཞིལ།   །འགྲོ་བའི་བདེ་སྐྱོད་རྫོགས་ལྡན་མགྲོན་དུ་འགུག    །བསྟན་པའི་མངའ་ཐང་དགུང་ལ་འདེགས་བཞིན་དུ།   །ཁྱོད་ཞབས་བཀྲ་ཤིས་གཡང་དུ་རྟག་འཁྱིལ་ཤོག  །   ཅེས་བདག་ཁྲི་ཡིད་བཞིན་དབང་གི་རྒྱལ་པོ་གང་གི་ཞབས་པད་ཡུན་བརྟན་གྱི་རྟེན་འབྱུང་སྨོན་ཚིག་ཏུ།   སྔ་འགྱུར་བའི་རིང་ལུགས་འཛིན་པའི་གདོལ་པ་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆུ་ཁམས་འཁོར་ལོའི་སྣ་ཅན་གྱི་ལོ་སྨིན་དྲུག་ཟླ་བ་ [37a] སྔ་མའི་ཡར་ཚེས་བཟང་པོར་སྙིང་ནས་ལྷག་བསམ་དག་པས་བྲིས་ཏེ་ཕུལ་བ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   ཚེ་དཔག་མེད་མགོན་ཡིད་བཞིན་འཁོར་ལོ་འཆང་།   །མཚོ་སྐྱེས་རྡོ་རྗེ་མནྡྷ་ར་བ་སོགས།   །ཚེ་ལྷ་དཀྱིལ་འཁོར་རབ་འབྱམས་མཐུ་བྱིན་གྱིས།   །རྒྱལ་ཀུན་ཐུ་དམ་པར་བརྟན་བཞུགས་ནས།   །ཐུགས་བསྐྱེད་ཇི་བཞིན་བསྟན་འགྲོའི་དོན་ཆེན་གྱི།   །ངོ་མཚར་མཛད་ཕྲིན་འཛམ་གླིང་ཁྱབ་པར་བརྡལ།   །སྙིགས་མའི་རྒུད་པ་ཀུན་ཞི་བདེ་ལེགས་དཔལ།   །ཕུན་ཚོགས་བཀྲ་ཤིས་གཡང་དུ་འཁྱིལ་བར་ཤོག    །ཅེས་པའང་མགོན་པོ་གང་ལ་མཆོག་ཏུ་གུས་པའི་བློས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་འདུན་སྨོན་དུ་གསལ་བ་བཏབ་པ་སིདྡྷི་རསྟུ།།   །། 
༈     །ངོ་མཚར་ཐུབ༵་བསྟན༵་བཤད་སྒྲུབ་ཕྲི༵ན་ལས༵་ཀྱིས།   །ཀུན་ནས་ཡོངས་སྤེལ་སྙན༵་གྲ༵གས་མཐར་ཁྱབ་པ།   །སྟོན་པའི་རྒྱལ་ཚབ་མཆོག་ཁྱོད་སྲིད་མཐའི་བར།   །ཞབངས་པད་རབ་བརྟན་བཀྲ་ཤིས་དཔལ་འབར་ཤོག  །   ཅེས་པའང་དད་པ་ཅན་གྱི་སློབ་མ་ཚུལ་ཁྲིམས་ལྷ་དགའ་དང་།   བསམ་འཕེལ་ནོར་བུ་ཟུང་ནས་བཀྲ་ཤིས་པའི་རྟེན་བཅས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། [37b]  ༈     །འཆི་མེད་མགོན་པོ་པདྨ་ཐོད་ཕྲེང་རྩལ།   །དགོངས་ཤིག་གཟིགས་ཤིག་ཁྱོད་སློབ་མཁར་ཆུ་པས།   །ཁྱོད་ཀྱི་སྒྲུབ་གནས་བཟང་པོར་ལྷག་བསམ་གྱིས།   །སྒྲུབ་གྲྭའི་ཉམས་ལེན་རྒྱུན་བཟང་བཙུག་ལགས་ན།   །ཚུལ་འདིར་འགལ་རྐྱེན་ཅི་མཆིས་ཞི་ནས་ཀྱང་།   །བསམ་རྒུ་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས།   །ཁྱད་པར་མཁར་ཆུ་པ་ཡི་སྒྱུ་གར་ཁྱོད།   །སྙིགས་དུས་མ་རུང་ལོག་ལྟའི་གཡུལ་ལས་རྒྱལ།   །འདོད་དོན་བསྟན་པའི་མངའ་ཐང་གོང་དུ་འཕེལ།   །དོན་གཉིས་ལྷུན་གྲུབ་དགེ་མཚན་འབར་བཞིན་དུ།   །སྐུ་ཚེའི་འདུ་བྱེད་ལོ་བརྒྱར་འཚོ་གཞེས་ནས།   །ཟབ་གསང་ཆོས་རྔས་ས་གསུམ་ཀུན་ཁྱབ་ཤོག   ཅེས་པ་འདིའང་སྔོན་སྨོན་ལས་ཀྱིས་འབྲེལ་བའི་ཆོས་གྲོགས་རྣམ་སྲས་ཚེ་དབང་བསོད་ནམས་ནས་བཀྲ་ཤིས་པའི་ལྷ་རྫས་རིན་པོ་ཆེའི་མེ་ཏོག་གི་སྐྱེས་དང་བཅས་ཡིག་ཐོག་ནས་བསྐུལ་བ་བཞིན་བདུད་འཇོམས་པས་འདུན་སྨོན་དུ་བྲིས་ཏེ་ཕུལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག།   །།   
༈    །གོང་ས་སྐྱབས་མགོན་ཆེན་པོའི་ཞབས་བརྟན། བསྟན༵་འཛི༵ན་རྒྱུ་སྐར་བྱེ་བའི་དབུས་ཉིད་ན།   །ཟླ་མེད་མཁྱེན་བརྩེའི་ཡེ་ཤེས་འོད་ཕྲེང་ཅན།   །གངས་ཅན་པས་མཚོན་སྲིད་པ་ལྷོ་གླིང་གི།   །ལུས་ཅན་རྒྱ༵་མཚོ༵འི་མགོན་ཁྱོད་ཞབས་ [38a] བརྟན་གསོལ།   །གུས་ལྡན་བདུད་འཇོམས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།།   །།   ༈     །རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་ཞབས་བརྟན། རྒྱལ་ཀུན་ཐུགས་རྗེའི་དབང་ཕྱུག་ཀརྨ་པ།   །རང་བྱུང་རི༵ག་པ༵འི་ཡེ་ཤེས་ཕྱག་རྒྱའི་གར།   །གདུལ་བྱའི་འདྲེན་པར་ཡོངས་སྣང་རྡོ༵་རྗེ༵་འཛིན།   །ཁྱོད་ཞབས་བསྐལ་པ་རྒྱ་མཚོར་བརྟན་བཞུགས་གསོལ།   །གུས་ལྡན་བདུད་འཇོམས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།།   །།
༈    །   ས་སྐྱ་སྒྲོལ་མ་ཕོ་བྲང་བདག་ཁྲི་རིན་པོ་ཆེའི་ཞབས་བརྟན། ངོ་མཚར་ཀུན༵་དག༵འི་གཟི་བརྗིད་དཔ༵ལ་འབ༵ར་བ།   །འཁོན་སྟོན་ཕྲི༵ན་ལ༵ས་གྲུབ་པའི་དཔའ་བོ་ཆེ།   །ཁྱོད་ཞབས་ཡིད་བཞིན་དབ༵ང་གི་རྒྱལ༵་པོ་གང་།   །བསྟན་པའི་རྒྱལ་མཚན་རྩེ་མོར་གཡོ་མེད་ཤོག    །གུས་ལྡན་བདུད་འཇོམས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།།   །།
༈     །ས་སྐྱ་ཕུན་ཚོགས་ཕོ་བྲང་བདག་ཆེན་རིན་པོ་ཆེའི་ཞབས་བརྟན། ཕུན་ཚོགས་ཀུན༵་ཏུ་དག༵འ་བའི་བསོ༵ད་ན༵མས་གཏེར།   །འཇིགས་བྲལ་འཁོན་སྟོན་རྡོ་རྗེ་འཛིན་དབང་ཆེ།   །ཁྱོད་ཞབས་བཀྲ་ཤིས་འཁོར་ལོ་ཕྱོ༵གས་ཀུན་ལས༵།   །རྣམ༵་རྒྱལ༵་མི་ཤིགས་རྡོ་རྗེར་བརྟན་བཞུགས་གསོལ།   །གུས་ལྡན་བདུད་ [38b] འཇོམས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།   །། 
༈     །ཨོཾ་སྭསྟི།   སྲས་བཅས་རྒྱལ་ཀུན་བསྐྱེད་ཡུམ་བཅོམ་ལྡན་མའི།   །མཛེས་སྐུ་ཟླ་གཞོན་གསར་པའི་འཛུམ་མདངས་གང་།   །དྲན་པའི་མོད་ལ་རིང་འཚོའི་དཔལ་སྟེར་བ།   །འཆི་མེད་ཡིད་བཞིན་འཁོར་ལོས་ཤིས་པ་སྩོལ།   །ཀ༵རྨ༵་པར་གྲགས་འཇིག་རྟེན་དབང་ཕྱུག་གི།   །ངོ་མཚར་ཕྲི༵ན་ལ༵ས་འཁོར་ལོས་སྒྱུར་བའི་དཔལ།   །འགྲོ་འདུལ་སེམས་དཔའ་མཆོག་གི་གསང་བ་གསུམ།   །འགྱུར་མེད་རྡོ་རྗེའི་ངོ་བོར་བརྟན་བཞུགས་གསོལ།   གསན་བསམ་སྒོམ་པས་ཁྱེན་རབ་ལང་ཚོ་རྒྱས།   །མཁས་བཙུན་བཟང་པོའི་རྣམ་ཐར་སྲིད་ན་སྙན།   །འཆད་རྩོད་རྩོམ་པས་བསྟན་པའི་རྒྱལ་མཚན་འཛིན།   །དོན་གཉིས་ལྷུན་གྲུབ་ཆེན་པོར་ཞབས་བརྟན་གསོལ།   །དད་པའི་ཞིང་སར་བཏབ་པའི་སྨོན་ཚིག་འབྲས།   །བདེན་གཉིས་བསླུ་མེད་ཆར་གྱིས་བསྐྱེད་བསྲིང་སྟེ།   །སྐལ་བཟང་འདོད་འཇོའི་དགའ་སྟོན་ཉིད་དུ་སྨིན།   །ས་གསུམ་ཕན་བདེའི་དཔལ་གྱིས་རབ་འཚོ་ཤོག    །ཅེས་པའང་སྒྲུབ་བརྒྱུད་བསྟན་པའི་སྣང་བྱེད་བསྟན་དགའ་མཆོག་སྤྲུལ་རིན་པོ་ཆེ་ནས་ཤངས་པ་གོང་མའི་ཡང་སྲིད་ཀྱི་ཞབས་བརྟན་འདི་ལྟ་བུ་ཞིག་དགོས་ཞེས་ལྷ་རྫས་རིན་ཆེན་གཉིས་པའི་སྐྱེས་དང་བཅས་ཏེ་གསུང་བསྐུལ་གནང་བ་བཞིན།    [39a] རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་རྟ་ཁྲུམས་སྟོད་ཉ་བའི་ཡར་ཚེས་བཅུ་ལ་བལ་ཡུལ་ཨེའི་ལྷ་ཁང་དང་ཉེ་བའི་གྲོང་ཁྱེར་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   འཕོ་བྲལ་རྟག་པ་དམ་པའི་ཡེ་ཤེས་སེམས།   །ཀུན་ཁྱབ་རྡོ་རྗེའི་སྲོག་ཏུ་ཡོངས་བཞུགས་པ།   །འཆི་མེད་མགོན་པོ་པདྨ་སམྦྷ་ཝས།   །དེང་འདིར་ཤིས་པའི་མེ་ཏོག་ཆར་དུ་ཕོབ།   །འཇི༵གས་མེ༵ད་གཞན་ཕན་མཐའ་ཡས་སྒྱུ་འཕྲུལ་གར།   །ཀུན༵་བཟ༵ང་ཐུགས་ཀྱི་བསྟན་པའི་སྣང་བྱེད་དུ།   །པ༵དྨ༵་འབྱུང་གནས་རྒྱལ་བས་བྱིན་བརླབས་པས།   །དབ༵ང་ཆེ༵ན་ནུས་ལྡན་རྩལ་ཁྱོད་ཞབས་བརྟན་གསོལ།   །ཐོས་བསམ་སྒོམ་པས་ཡོན་ཏན་ལང་ཚོ་རྫོགས།   །མཁས་བཙུན་བཟང་པོས་བསྟན་པའི་སྲོག་ཤིང་འཛིན།   །བསྐྱེད་རྫོགས་རྫོགས་ཆེན་དགོངས་སྤྱོད་རང་དབང་བསྒྱུར།   །ཕྲིན་ལས་ཕ་མཐར་བརྡལ་བཞིན་ཞབས་བརྟན་གསོལ།   །གཞ༷ན་ལ་ཕ༷ན་པ་ལྷུར་མཛད་བྱང་སེམས་མཆོག    །མཐ༷འ་ཡ༷ས་འགྲོ་བ་འདྲེན་པའི་དེད་དཔོན་དུ།   །བསྐལ་པ་རྒྱ་མཚོར་ཞབས་པད་རྟག་བརྟན་ནས།   །བཀྲ་ཤིས་སྣང་བས་ས་གསུམ་མཛེས་གྱུར་ཅིག    །ཅེས་པའང་དགེ་བའི་བཤེས་གཉེན་རིག་པ་འཛིན་པ་རྒྱལ་དབང་ཉི་མ་དང་།   ཡབ་རྗེ་འབར་དཔོན་ [39b] མཐུ་སྟོབས་རྣམ་རྒྱལ་ལྷན་རྒྱས་ནས་བཀྲ་ཤིས་པའི་ལྷ་གོས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་དང་བའི་གསུང་གིས་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བལ་ཡུལ་རམྦུའི་གྲོང་ཁྱེར་དུ་རྔ་ཆེན་གནམ་ལོ་གསར་ཚེས་ཀྱི་ཡར་ངོ་དགའ་བ་དང་པོར་རེས་གཟའ་པ་སངས་རྒྱུ་སྐར་ནམ་གྲུའི་དགའ་མ་དང་རྩེ་བའི་འགྲུབ་སྦྱོར་བཟང་པོ་ལ་སྙིང་ནས་སྤྲོ་བས་འདུན་སྨོན་དུ་བྲིས་པ་དགེ་ཞིང་བཀྲ་ཤིས།།   །། 
༈     །འཆི་མེད་རིག་འཛིན་པདྨའི་འབྱིན་རླབས་ཀྱིས།   །ངེས་དོན་ཤིང་རྟ་བསོད་ནམས་བཟང་པོ་ཡི།   །ཞབས་པད་རྡོ་རྗེའི་ཆོས་སུ་རྟག་བརྟན་ནས།   །བསྟན་འགྲོ་ཕན་བདེའི་རྫོགས་ལྡ་རབ་འཆར་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་འདུན་སྨོན་དུ་བྲིས་པ་དགེ།   །། 
༈    །འཆི་མེད་མཚོ་སྐྱེས་བླ་མའི་བྱིན་རླབས་ཀྱིས།   །རྡོ་རྗེ་སློབ་དཔོན་བསོད་ནམས་བཟང་པོ་ཡི།   །སྐུ་ཚེ་མི་ཤིགས་ལོ་བརྒྱར་འཚོ་གཞེས་ཤིང་།   །བསྟན་དང་འགྲོ་བའི་དོན་ཆེན་མཐར་ཕྱིན་ཤོག  །   ཅེས་པའང་མཁན་པོ་འཇམ་དཔལ་རྡོ་རྗེའི་གསུང་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་དགེ།   །། 
༈    །ཨོཾ་སྭསྟི།   འཕོ་འགྱུར་ཡོངས་བྲལ་ཀུན་ཁྱབ་གཉུག་མའི་གཤིས།   །མི་ཤིགས་རྟག་པ་དམ་པའི་ཡེ་ཤེས་གར།   །འཆི་མེད་རྡོ་རྗེའི་སྐུར་སྣང་པདྨ་འབྱུང་།   །དེང་ [40a] འདིར་ཤིས་པའི་མེ་ཏོག་ཆར་དབབ་གསོལ།   །ཐུབ༷་བསྟན༷་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་ཆེ།   །མཁ༷ས་བཙུ༷ན་བཟང་པོའི་རྩལ་གྱིས་ཡོངས་བཟུང་ནས།   །བསླབ༷་གསུམ༷་ནོར་བུའི་མཛོད་ལ་དབ༷ང་ཕྱུག༷་བཞིན།   །རྣམ་མང་གདུལ་བྱའི་མགོན་དུ་བརྟན་བཞུགས་གསོལ།   །ཞབས་པད་རྡོ་རྗེའི་སྟན་ལས་མི་གཡོ་བར།   །དུས་ཀྱི་མཐར་ཡང་གསང་བསྟན་སྙིང་པོའི་སྲོལ།   །འཛིན་པའི་ཐུགས་བསྐྱེད་ཕྲིན་ལས་རླབས་པོ་ཆེ།   །འཛམ་གླིང་ཀུན་ཁྱབ་བཀྲ་ཤིས་དཔལ་འབར་ཤོག    །ཅེས་སྔ་འགྱུར་བསྟན་པའི་ཕྱི་མོ་ཐུབ་བསྟན་རྡོ་རྗེ་བྲག་གི་བསྟན་འཛིན་ཆེན་པོ་ཆུ་བཟང་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   ཀུན་ཁྱབ་གདོད་མའི་གཤིས་ལུགས་བདེ་བ་ཆེ།   །མི་ཤིགས་རྟག་པ་དམ་པའི་ཡེ་ཤེས་སྐུ།   །འཆི་མེད་པདྨ་ཀཱ་རའི་གར་བསྒྱུར་བ།   །གང་དེས་ངོ་མཚར་བྱིན་ཆེན་དེང་འདིར་ཕོབ།   །ཐུབ༵་བསྟན༵་མདོ་སྔགས་ཟུངའཇུག་ལམ་གྱི་ཚུལ།   །ཡང་དག་ཤེ༵ས་ར༵བ་གསུམ་གྱིས་ལེགས་བཟུང་སྟེ།   གྲག༵ས་པ༵་ཕུལ་བྱུང་གྲུབ་གཉིས་རང་དབང་བསྒྱུར།   །མཚུངས་མེད་ [40b] འདྲེན་པ་མཆོག་ཁྱོད་ཞབས་བརྟན་གསོལ།   །བསྟན་འགྲོའི་དོན་དུ་ཞབས་པད་བསྐལ་བརྒྱར་བསྟན།   །སྨིན་གྲོལ་ཆོས་ཆར་འགྲོ་ཁམས་ཁྱབ་པར་འབེབས།   །སྙིགས་དུས་རྒུད་པ་མིང་གི་ལྷག་མར་བྱས།   །རྫོགས་ལྡན་སྣང་བས་ཞིང་ཀུན་མཛེས་གྱུར་ཅིག  །   ཅེས་པའང་ རྒྱལ་སྲས་ཨོ་རྒྱན་བདེ་ཆེན་གླིང་པའི་གདན་ས་པད་བཀོད་ལེགས་སྤུངས་དགོན་གྱི་དབུ་མཛད་བདུད་རྩི་རྡོ་རྗེ་ནས་བཀྲ་ཤིས་པའི་ལྷ་རྫས་བཅས་རྒྱལ་སྲས་རིག་འཛིན་ཆེན་པོ་ཉིད་ཀྱི་ཡང་སྲིད་སྐུ་ཕྲེང་བཞི་པ་འཁྲུལ་མེད་ངོས་འཛིན་མཚན་གསོལ་བཅས་སྔར་ནས་ཞུས་ཟིན་པ་ལྟར་ལ།   རྟེན་འབྱུང་བརྟན་བཞུགས་ཀྱི་སྨོན་ཚིག་ཅིག་བྲིས་ཞེས་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གྲུབ་པསི་སྟི་གནས་བལ་ཡུལ་ཡམྦུའི་གྲོང་ཁྱེར་དུ་ལྷག་བསམ་དག་པས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   ཀུན་ཁྱབ་བདེ་གཤེགས་སྙིང་པོ་གདོད་མའི་གཤིས།   །རྣམ་འགྱུར་མ་འགགས་སྒྱུ་འཕྲུལ་དྲྭ་བའི་གར།   །འཆི་མེད་རང་བྱུང་པདྨ་སམྦྷ་ཝས།   །དེང་འདིར་ཤིས་པསི་མེ་ཏོག་ཆར་དུ་ཕོབ།   །འཇི༵གས་མེད༵་རིག་སྔགས་གྲུབ་པའི་དཔའ་བོ་ནི།   །འགྲོ་འདུལ་པ༵དྨ༵་རྒྱལ་པོའི་བརྟུལ་ཞུགས་ཅན།   །དབ༵ང་ཆེ༵ན་འབར་བའི་མཐུ་སྟོབས་མངོན་རྫོགས་པ།   །མགོན་ཁྱོད་བསྟན་འགྲོའི་དཔལ་དུ་ཞབས་བརྟན་གསོལ།   །རང་དོན་ [41a] ཐོས་བསམ་བསྒོམ་པའི་རྩལ་ཆེན་རྫོགས།   །གཞན་དོན་འཆད་རྩོམ་ཕྲིན་ལས་མངའ་ཐང་རྒྱས།   །འབྲེལ་བཅས་རྣམ་གྲོལ་ལམ་ལ་འགོད་བཞིན་དུ།   །ཞབས་པད་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་སྩོལ།   །ཅེས་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་འབྲུག་ཆེན་ཡང་སྲིད་མཆོག་གི་ཞབས་བརྟན་འདི་ཉིད་སོག་སྤྲུལ་ཀུན་བཟང་བསྟན་འཛིན་རྒྱལ་མཚན་གྱིས་བཀྲ་ཤིས་པའི་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་གསུང་བསྐུལ་གནང་བའི་བཞེད་སྐོང་དུ་ལྷ་རིགས་ཀྱི་སྔགས་བན་སྙོམས་ལས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྔ་ཆེན་གྱི་ལོ་དབོ་ཟླའི་ཡར་ངོའི་དགའ་བ་དང་པོའི་ཉིན་རྟེན་འབྱུང་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །ཨོཾ་སྭསྟི།   །གདོད་ནས་འཕོ་འགྱུར་སྐྱེ་འཆི་ལས་འདས་པ།   །ཀུན་ཁྱབ་ཡེ་ཤེས་རྡོ་རྗེ་གཞོན་ནུའི་སྲོག    །ཡོངས་གྲུབ་པདྨ་ཚེ་དཔག་མེད་མགོན་གྱིས།   །གཞོམ་མེད་སྲོག་གི་ཀ་བ་དེང་ཚུགས་ཤིག    །ཀུན༵་བཟ༵ང་དགོངས་བཅུད་ཨ་ཏིའི་བསྟན༵་པ་མཆོག    །འཛི༵ན་སྐྱོང་སྤེལ་ལ་སྨོན་ལམ་ལས་འཕྲོ་སད།   །བཤད་དང་སྒྲུབ་པའི་རྒྱལ༵་མཚན༵་བསྒྲེང་མཛད་པ།   །འགྲོ་མགོན་ཁྱོད་ཞབས་བསྐལ་པར་འཚོ་གཞེས་གསོལ།   །གསང་ཆེན་མཆོག་གི་མྱུར་ལམ་ལ་བརྟེན་ནས།   །འབྲེལ་ཚད་དོན་ལྡན་ཕྲིན་ལས་རླབས་པོ་ཆེས།   ། [41b] གདུལ་བྱའི་ཁམས་ཀྱི་གདུང་བ་ཀུན་བསལ་ཏེ།   །ཕན་བདེའི་འདོད་རྒུ་འཇོ་བའི་བཀྲ་ཤིས་སྩོལ།   །ཅེས་སོགས་རྩེ་སྤྲུལ་པའི་སྐུའི་ཞབས་བརྟན་འདིའང་ལ་དྭགས་སྐྱིད་ངག་དབང་ཕུན་ཚོགས་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བའི་རེ་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྔ་ཆེན་དབོ་ཟླའི་ཡར་ངོའི་དགའ་བ་དང་པོའི་ཉིན་རྟེན་འབྱུང་དུ་སྤེལ་བ་དགེ།   །། 
༈     །བསླུ་མེད་རྒྱལ་ཀུན་ངོ་བོ་པདྨ་འབྱུང་།   །རྩ་གསུམ་དཔའ་བོ་མཁའ་འགྲོའི་བདེན་སྟོབས་ཀྱིས།   འགྲོ་འདུལ་པདྨ་འགྱུར་མེད་རྣམ་རྒྱལ་གྱི།   ཞབས་པད་རྟག་བརྟན་མཛད་ཕྲིན་མཁའ་ཁྱབ་ཤོག  །   ཅེས་པའང་ཞིང་སྒྲུབ་སྤྲུལ་སྐུའི་ཞབས་བརྟན་དུ་ཛྙཱ་ནས་སོ།།   །། 
༈    །   ཨོཾ་སནྭསྟི།   བདེ་ལྡན་ཞིང་མགོན་ཐུགས་རྗེའི་འོད་ཟེར་ལས།   །སིནྡྷུའི་མཚོར་འཁྲུངས་མཆོག་གི་སྐུ་བརྙེས་པ།   མགོན་དེའི་གསང་གསུམ་ཕྲིན་ལས་ཆུ་འཛིན་ལས།   །འཆི་མེད་བདུད་རྩིའི་སྦྲང་ཆར་དེང་འདིར་ཕོབ།   །ཐུབ་བསྟན༵་མདོ་དང་སྔགས་ཀྱི་ལམ་ཟབ་མོ།   །བཤད་དང་སྒྲུབ་པས་འཇི༵ན་པར་མཛད་པ་ལ།   །སྐྱོ་དུབ་མི་མངའ་སྙིང་སྟོངས་བཟ༵ང་པོའི་ཕུལ།   །ཡོངས་མངའ་མགོན་པོ༵་མཆོག་ཁྱོད་ཞབས་བརྟན་གསོལ།   །སྐུ་ཚེ་གཞོམ་མེད་རྡོ་རྗེའི་ཆོས་སུ་བརྟན།   །མཛད་ [42a]  ཕྲིན་མི་ནུབ་ཉི་ཟླའི་འོད་ལྟར་གསལ།   །གདུལ་བྱའི་འགྲོ་ཁམས་རྒྱ་མཚོ་དོང་སྤྲུགས་ནས།   །དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད་པར་ཤོག    །ཅེས་པའང་དགེ་སློང་ངག་དབང་བསྟན་འཛིན་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་བསྐུལ་བའི་ངོར་ཛྙཱ་ནས་སོ།།   །། 
༈ །ཨོཾ་སྭསྟི། མི་འགྱུར་རྟག་པ་དམ་པའི་ཡེ་ཤེས་སེམས། །རྡོ་རྗེའི་སྲོག་ཏུ་གྲུབ་པ་ཚེ་ཡི་བདག །འཆི་མེད་ལྷག་པའི་ལྷ་མཆོག་བདེ་བ་ཆེས། །དེང་འདིར་ཤིས་པའི་མེ་ཏོག་ཆར་དུ་ཕོབ། །རིགས་ཀུན༵་ཁྱབ་བདག་དག༵འ་ཆེན་རྡོ་རྗེའི་གར། །གསང་བསྟན་ཕྲི༵ན་ལས་མཁའ་ཁྱབ་སྤྲོ་བའི་གཉེན། །འདྲེན་མཆོག་འཁོན་སྟོན་ཡིད་བཞིན་དབ༵ང་གི་རྒྱལ༵། །ཁྱོད་ཞབས་བསྐལ་པ་རྒྱ་མཚོར་བརྟན་བཞུགས་གསོལ། །རྨད་བྱུང་ཐུགས་བསྐྱེད་ས་འཛིན་ལྷུན་པོའི་སྤོར། །ཚད་མེད་བསྡུ་དངོས་བང་རིམ་མངོན་བཀྲ་ཞིང་། །རླབས་ཆེན་ཕྲིན་ལས་ཉི་ཟླའི་འོད་སྣང་གིས། །སྙིགས་འགྲོའི་རྒུད་མུན་བཅོམ་བཞིན་བརྟན་བཞུགས་གསོལ། །ལྷག་བསམ་གདོང་ལྔའི་དབང་པོས་ཉེར་བཏེགས་པའི། །བསླུ་མེད་རྟེན་འབྱུང་རྡོ་རྗེའི་ཁྲི་འཕང་ཆེར། །ཞབས་པད་འཁོར་ལོའི་རེ་ཁཱ་རྟག་བཀོད་པའི། །བཀྲ་ཤིས་ས་ [42b] གསུམ་མཛེས་པའི་རྒྱན་གྱུར་ཅིག །ཅེས་དཔལ་ལྡན་ས་སྐྱ་སྒྲོལ་མ་ཕོ་བྲང་པའི་མི་འཇིགས་ཆོས་ཀྱི་ཁྲི་ལ་མངའ་དབང་བསྒྱུར་བ་འཁོན་སྟོན་རྡོ་རྗེ་རྒྱལ་པོ་གང་གི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་ཕྲིན་ཕྱོགས་མཐར་ཁྱབ་པའི་རྟེན་འབྱུང་དུ། །ཨཽ་ཌཱི་ཡ་ནའི་སློབ་དཔོན་ཆེན་པོའི་རིང་ལུགས་སྨྲ་བའི་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དོན་གྲུབ་ས་མོ་ལུག་ལོ་གསར་དུ་ཚེས་པ་ཆོ་འཕྲུལ་བཀྲ་ཤིས་ཟླ་བའི་ཡར་ངོ་འགྲུབ་པའི་སྦྱོར་བ་དང་ལྡན་པའི་དུས་བཟང་པོ་ལ་སྙིང་ནས་གུས་ཤིང་གདུང་བས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།། །།