སྨོན་ལམ་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་རྣམ་དག་ཕན་བདེའི་གྲུ་ཆེན།

From Dudjom Wiki
DJYD-KABUM-25-AA-010
Wylie title smon lam gyi rim pa phyogs gcig tu bsdebs pa rnam dag phan bde'i gru chen DJYD-KABUM-25-AA-010.pdf
Location bdud 'joms rin po che bka' 'bum
Volume 25, Text 10, Pages 427-479 (Folios 1a1 to 27a4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Smon lam gyi rim pa phyogs gcig tu bsdebs pa rnam dag phan bde'i gru chen. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 25: 427-479. Kalimpong: Dupjung Lama, 1979-1985.
Side notes Recto: smon lam   Verso: sna tshogs skor
More details More details
Genre Prayers - smon lam
[edit]
༄༅། །སྨོན་ལམ་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་རྣམ་དག་ཕན་བདེའི་གྲུ་ཆེན་ཞེས་བྱ་བ་བཞུགས་སོ། །


༄༅། །ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་རིང་ལུགས་དར་ཞིང་རྒྱས་པའི་ཆེད་དུ་སྨོན་པ་དགེ་ལེགས་འཁྱིལ་བའི་སྒྲ་དབྱངས་ཞེས་བྱ་བ། ཨོཾ་སྭསྟི་བྷ་ཝནྟུ། རབ་འབྱམས་ཕྱོགས་དུས་རྒྱལ་བ་སྲས་བཅས་དང་། །རྩ་གསུམ་ཆོས་སྐྱོང་ལྷ་དང་རིག་པ་འཛིན། །བདེན་གྲུབ་མངའ་བའི་དྲང་སྲོང་ཚོགས་རྣམས་ཀྱིས། །མཐུན་འགྱུར་བྱིན་རླབས་གཡོ་མེད་སྩལ་དུ་གསོལ། །རྣམ་འདྲེན་དམ་པ་སྟོན་མཆོག་ཐུགས་རྗེ་ཅན། གང་དེས་མདོ་སྔགས་བཀའ་གཏེར་དུ་མ་ནས། །བསླུ་མེད་ཚངས་པའི་དབྱངས་ཀྱིས་རབ་བསྔགས་པ། །འཇམ་མགོན་བློ་གྲོས་ཕ་མཐའ་ཡས་ [2a] པའི་སྡེས། །མི་ཤིགས་དགོངས་པའི་ཀློང་ཆེན་བརྟོལ་བ་ལས། །གདམས་ཟབ་ཡིད་བཞིན་ནོར་བུའི་ཁྱད་ཆོས་ཅན། །ངོ་མཚར་མཛོད་ཆེན་རྣམ་ལྔའི་བཀའ་སྲོང་མཆོག །ནམ་མཁའ་ཇི་སྲིད་དར་ཞིང་རྒྱས་གྱུར་ཅིག །ཐེག་དགུའི་ཡང་རྩེ་འོད་གསལ་རྫོགས་པ་ཆེ། །སྡེ་གསུམ་དབྱེར་མེད་དགོངས་བཅུད་གཅིག་ཏུ་འདྲིལ། །གྲོལ་བ་བཞི་ལྡན་སྔ་འགྱུར་བསྟན་པའི་སྲོག ། འཇམ་མགོན་བླ་མའི་རིང་ལུགས་གྱུར་ཅིག །མར་མེ་མཛད་དཔལ་ཇོ་བོ་ཡབ་སྲས་ཀྱི། །བཞེད་སྲོལ་ལམ་བཟང་ལྷ་ཆོས་བདུན་དང་ལྡན། །[2b] བཀའ་གདམས་གསར་རྙིང་བསྟན་པའི་སྙིང་པོ་མཆོག །འཇམ་མགོན་བླ་མའི་རིང་ལུགས་རྒྱས་གྱུར་ཅིག །བིརྺའི་ཐུགས་ཐིག་བརྩེ་ཆེན་སྙིང་པོའི་སྲོལ། །སྙན་བརྒྱུད་གསང་བའི་དགོངས་ཉམས་མཐར་ཐུག་པ། །ལམ་དང་འབྲས་བུའི་མན་ངག་བཅུད་དུ་འཁྱིལ། །འཇམ་མགོན་བླ༴ ། བཀའ་བཞིའི་བརྒྱུད་ལྡན་འོད་གསལ་ཕྱག་རྒྱ་ཆེ། །ལུས་མེད་ཌཱ་ཀིའི་ཐུགས་ཁྲག་ཟབ་མོའི་ཆོས། །དྭགས་པོ་བཀའ་བརྒྱུད་གདམས་སྲོལ་ཡོངས་འདུས་པ། །འཇམ་མགོན་བླ༴ །མཁའ་འགྲོ་ནི་དྷི་རྣམ་གཉིས་ཐུགས་ཀྱི་བཅུད། །ཐུན་མིན་མཁས་གྲུབ་ཁྱུང་པོའི་མན་ངག་གཏེར། །ཤངས་པ་བཀའ་བརྒྱུད་ཁྱད་འཕགས་གསེར་གྱི་ཆོས། །འཇམ་མགོན༴ །སྙིང་རྗེ་ཆེ་དང་ཟབ་དོན་སྟོང་པ་ཉིད། །བར་ཆད་བདུད་བཞི་སྐྱེ་མེད་དབྱིངས་སུ་གཅོད། །སྡུག་བསྔལ་ཞི་བྱེད་ཤེས་རབ་ཕར་ཕྱིན་ལམ། །འཇམ་མགོན༴ །རིགས་གསུམ་སེམས་དཔའི་ཐུགས་ནོར་དུས་འཁོར་ལོའི་། །རྒྱུད་དོན་མཐར་ཐུག་སྟོང་ཆེན་སྒྱུ་མའི་གར། །སྦྱོར་བ་དྲུག་ལྡན་མན་ངག་སྙིང་པོའི་ཕུལ། །འཇམ་མགོན༴ ། གནས་གསུམ་ཡེ་ཤེས་མཁའ་འགྲོའི་ཐུགས་ཐིག་མཆོག །གྲུབ་བརྙེས་ཨོ་རྒྱན་པ་ཡི་ [3a] དགོངས་ཉམས་བཅུད། །རྡོ་རྗེ་གསུམ་བསྙེན་སྒྲུུབ་པའི་གསེང་ལམ་ཆེ། །འཇམ་མགོན༴ །སངས་རྒྱས་གཉིས་པ་གུ་རུའི་དགོངས་བཅུད་ཕུལ། །འགྲོ་འདུལ་གཏེར་འབྱིན་རྒྱ་མཚོའི་ཐུགས་ནོར་མཆོག ། ཉེ་བརྒྱུད་ཟབ་ཆོས་རིན་ཆེན་གཏེར་གྱི་མཛོད། །འཇམ་མགོན༴ །དགྱེས་མཛད་ཧེ་རུ་ཀ་དཔལ་ལྷོ་བྲག་པའི། །ཐུགས་དམ་མཐར་ཐུག་མཆོག་གསང་བླ་མེད་རྒྱུད། །མན་ངག་ཟབ་མོ་བཀའ་བརྒྱུད་སྔགས་ཀྱི་མཛོད། །འཇམ་མགོན༴ །སྣ་ཚོགས་བརྗོད་བྲལ་གསུང་གི་ཆ་ཤས་ཀུན། །གཅིག་ཏུ་འཁྱིལ་བ་འདོད་རྒུ་འབྱུང་བའི་དཔྱིད། །ངོ་མཚར་ཕུལ་བྱུང་རྒྱ་ཆེན་བཀའ་ཡི་མཛོད། །འཇམ་མགོན༴ །ཐུན་མོང་ཐུན་མིན་གཞུང་ལམ་མན་ངག་རྣམས། །མ་འདྲེས་ལེགས་པར་བཤད་པའི་བསྟན་བཅོས་མཆོག །ཇི་སྙེད་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད། །འཇམ་མགོན༴ །བདག་གཞན་དུས་གསུམ་བསགས་པའི་དགེ་ཚོགས་དང་། །ཆོས་ཅན་རྒྱུ་འབྲས་རྟེན་འབྱུང་མི་བསླུ་ཞིང་། །ཆོས་ཉིད་བསམ་བརྗོད་བྲལ་བའི་བདེན་སྟོབས་ཀྱིས། །འཇམ་མགོན་བླ་མའི་རིང་ལུགས་རྒྱས་གྱུར་ཅིག ། [3b] བསྟན་འཛིན་སྐྱེས་བུའི་ཞབས་པད་ཡུལ་དུ་བརླིང་། །ཆོས་སྲིད་མངའ་ཐང་མི་ནུབ་གོང་དུ་འཕེལ། །སྙིགས་འགྲོའི་བདེ་སྐྱིད་རྫོགས་ལྡན་དཔལ་ལ་འགྲན། །དགེ་ལེགས་ཉི་མས་ས་གསུམ་མཛེས་གྱུར་ཅིག །ཅེས་པའང་རྡོ་རྗེ་འཆང་དངོས་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་ཀྱི་ཞལ་སྔ་ནས་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་སྨིན་གྲོལ་བདུད་རྩིའི་ཉིང་ཁུ་སྐལ་པ་བཟང་པོའི་དཔཔྱིད་དུ་ཐོབ་པའི་ཚེ་འདི་ལྟར་དགོས་གནད་རྟེན་འབྲེལ་ཆེ་བའི་རྒྱུ་མཚན་དང་བཅས་གསུང་གསང་མནྡ་ར་བའི་ཅོད་པན་ལྷུག་པར་སྩལ་བ་དད་བརྒྱས་གཙུག་ཏུ་བཀོད་དེ། གཏེར་ཆེན་བདུད་འཇོམས་གླིང་པའི་མཚན་གྱི་བྱིན་རླབས་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་དགེ། །། ༈ ། རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བའི་སྨོན་ལམ་རིག་འཛིན་མཆོག་གི་བདེ་ལམ་ནི། ཨེ་མ་ཧོ། ཀུན་ཁྱབ་བརྡལ་བ་ཆེན་པོའི་ཆོས་ཀྱི་དབྱིངས། །ཚད་མེད་ཡེ་ཤེས་སྣང་བ་འབྱམས་ཀླས་པའི། །ཟུང་འཇུག་རྡོ་རྗེ་རོལ་མོའི་སྤྲིན་བཀོད་པ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །འདི་ནས་ལྷོ་ནུབ་རྔ་ཡབ་སྲིན་པོའི་གླིང་། །འཇིགས་རུང་གྲོང་ཁྱེར་དུ་མས་བསྐོར་བའི་དབུས། །པདྨ་རཱ་གའི་རི་དབང་ལྷུན་མཐོ་བརྗིད། །ཟངས་མདོག༴ རྩེ་མོ་ཡངས་ཤིང་རྒྱ་ཆེ་ཁོད་སྙོམས་ [4a] པར། །རང་བྱུང་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །ངོ་མཚར་དཔལ་གྱི་གཞལ་མེད་ཁང་ཆེན་མཛེས། །ཟངས་མདོག༴ ཟུར་བཞི་ལོགས་བརྒྱད་རབ་མཛེས་ལྕོགས་དང་བཅས། །ནོར་བུ་ཆུ་ཤེལ་དང་ནི་བཻ་ཌཱུརྻ། །པད་རག་ཨིནྡྲ་ནི་ལའི་མདངས་འོད་འཚེར། །ཟངས་མགོན༴ །སུམ་ཐོག་ཁ་བད་མཐོང་སྐར་ཡངས་པའི་སྒོ། །རྟ་བབ་བཞི་ལྡན་ཆོས་འཁོར་གདུགས་རི་དྭགས། །བྱེ་རུའི་སྒོ་གླེགས་གཟི་མཆོང་སྒོ་གཏན་སྤྲས། །ཟངས་མགོན༴ །དབུས་ཕྱུར་མར་གད་རཱ་ག་ཕ་ལམ་སོགས། །རྒྱ་ཕིབ་སུམ་བརྩེགས་མདའ་ཡབ་པུ་ཤུས་བརྒྱན། །ཀུན་སྣང་ནོར་བུའི་འཕྲུལ་ཏོག་ལྷམ་མེར་གསལ། །ཟངས་མདོག༴ །སྣ་ཚོགས་རིན་ཆེན་དྲྭ་ཕྱེད་འཕྱང་འཕྲུལ་བྲེས། །ཟླ་ཕྱེད་རྡོ་རྗེ་དར་དཔྱངས་རྔ་ཡབ་གཡོ། །རང་བྱུང་ཆོས་ཀྱི་སྒྲ་ལྡན་དྲིལ་གཡེར་འཁྲོལ། །ཟངས་མདོག༴ །བྱང་ཆུབ་སེམས་དཔའི་སྨོན་ལམ་ནོར་བུའི་སྤྲིན། །ཀུན་ནས་ཡོངས་གཏིབས་བར་སྣང་སྤྲིན་གསེབ་ཏུ། །ཡིད་འོང་ལྷ་ཡི་བུ་དང་བུ་མོས་གང་། །ཟངས་མགོན༴ །ཀུན་ཀྱང་གདུགས་བཟང་རྒྱལ་མཚན་བ་དན་བསྒྲེངས། །སྙན་སྒྲོག་རོལ་མོའི་སྒྲ་དང་བསྟོད་ [4b] དབྱངས་བཅས། །དྲི་མེད་ཤེལ་བུམ་སྤོས་ཆུའི་ཁྲུས་ཆབ་སྦྲེངས། །ཟངས་མདོག༴ །ཕྱོགས་མཚམས་འཇའ་འོད་ཟེར་ཕྲེང་འཁྲིགས་པའི་གུར། །རབ་མཛེས་མེ་ཏོག་ཆར་ཟིམ་ལྡིང་ཁང་འཁྱིལ། །བདེ་རླུང་དྲི་བཟང་སྤོས་ངད་ཀུན་ཏུ་འཐུལ། །ཟངས་མདོག༴ །འདོད་ཡོན་སྣམ་བུར་མཆོད་པའི་ལྷ་མོའི་ཚོགས། །སྒེག་བཞད་གླུ་གར་རྣམ་འགྱུར་མཐའ་ཡས་པས། །རབ་འབྱམས་མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤྲོ། །ཟངས་མདོག༴ །རང་སྣང་ཞིང་གཞན་ཀུན་ཏུ་བསྟི་བ་ཡི། །སངས་རྒྱས་བྱང་སེམས་རིག་འཛིན་མཁའ་འགྲོའི་ཚོགས། །ཞིང་དེར་ཉི་ཟེར་རྡུལ་འཁྲིགས་ལྟ་བུར་གཏིབས། །ཟངས་མདོག༴ །མཐའ་སྐོར་ཕྱི་ནས་རིམ་བཞིན་ཐོད་པ་དང་། །ལྕགས་ཟངས་དངུལ་གསེར་འོད་ལྔའི་ར་བ་སྟེ། །ཁོར་ས་རིམ་པ་བདུན་གྱིས་ཡོངས་སུ་བསྐོར། །ཟངས་མདོག༴ །ནང་ནས་རིམ་བཞིན་ཁྲུས་རྫིང་ངང་པས་བརྒྱན། །མེ་ཏོག་དོ་རར་རི་དྭགས་བག་ཕེབས་རྩེ། །སྨན་གྱི་སྤངས་ལྗོངས་བདུད་རྩིའི་ཆུ་ཀླུང་འབེབས། །ཟངས་མདོག༴ །ནོར་བུའི་གྲམ་ཐང་གསེར་གྱི་བྱེ་མས་ཁེངས། །རིན་ཆེན་ལྗོན་ཤིང་ལོ་འདབ་འབྲས་བུ་དུད། །སྤྲུལ་པའི་བྱ་ཚོགས་སྙན་པའི་ཆོས་སྒྲ་སྒྲོགས། [5a] ། ཟངས་མདོག༴ །ཁོར་ས་ཐ་མར་རཀྟའི་ཞམ་ཆུ་འབབས། །ཞིང་ཆེན་ལྷུ་དུམ་འཁྲུགས་པའི་རྦ་རླབས་འཕྱོ། །གཏུམ་རྔམ་བྱ་གཅན་སྣ་ཚོགས་རླུང་ལྟར་འཚུབས། །ཟངས་མདོག༴ །ཕྱི་རོལ་མུན་འོབས་སྲིན་པོའི་སྒོ་སྲུང་ཚོགས། །རྔམས་པའི་གད་རྒྱང་འཇིགས་པའི་མཚོན་ཆ་ཐོགས། །སྐལ་མེད་ཚོགས་རྣམས་རྒྱུ་བའི་གོ་སྐབས་བྲལ། །ཟངས་མདོག༴ །ཡོན་ཏན་ལྷུན་གྲུབ་ཕོ་བྲང་དབུས་ཀྱི་ཆར། །རིན་ཆེན་སེང་ཁྲི་འདབ་སྟོང་གེ་སར་ལ། །ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་འོད་དུ་བརྡལ། །ཟངས་མདོག༴ །དེ་ན་བདག་གི་འདྲེན་པ་ངོ་མཚར་ཅན། །སྐྱབས་གནས་ཀུན་འདུས་སངས་རྒྱས་སྤྲུལ་པའི་སྐུ། །སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་བཞུགས། །ཟངས་མདོག༴ བརྟུལ་ཞུགས་སྤྱོད་འཆང་འཇའ་ལུང་རྡོ་རྗེའི་སྐུ། །མཚན་དཔེའི་དཔལ་འབར་དགྱེས་འཛུམ་ཡེ་རེ་བ། །བརྩེ་བའི་སྤྱན་ཟླུམ་ལྟ་སྟངས་ཧྲིག་གེར་གཟིགས། །ཟངས་མདོག༴ །བརྗོད་བྲལ་འགག་མེད་གསུང་མཆོག་ཚངས་པའི་དབྱངས། །ཡན་ལག་དྲུག་ཅུ་རྫོགས་པ་སེང་གེའི་སྒྲ། །ཟབ་ཡངས་བདུད་རྩིའི་ཆོས་སྒྲ་ལྷངས་སེ་ལྷང་། །ཟངས་མདོག༴ །རྣམ་ [5b] པར་མི་རྟོག་སྤྲོས་པ་བྲལ་བའི་ཐུགས། །ཟབ་གསལ་གཉིས་མེད་ཡེ་ཤེས་སྙིང་པོ་ཅན། །མཁྱེན་བརྩེ་ནུས་པས་འགྲོ་ཀུན་བུ་ལྟར་སྐྱོང་། །ཟངས་མདོག༴ །གཙོ་བོའི་མཐའ་སྐོར་ཉི་དང་ཟེར་བཞིན་དུ། །ཐོད་ཕྲེང་སྡེ་ལྔ་མཚན་མཆོག་བརྒྱད་ལ་སོགས། །གང་འདུལ་སྒྱུ་འཕྲུལ་བཀོད་པ་ཅིར་ཡང་སྟོན། །ཟངས་མདོག༴ །མདུན་གྲལ་གཡས་སུ་རྒྱ་བོད་རིག་འཛིན་ཚོགས། །ཀློང་ཡངས་བྱ་རྩོལ་བྲལ་བའི་དགོངས་དབྱིངས་སུ། །རྡོ་རྗེའི་མགུར་གླུ་སྦྱོར་སྒྲོལ་བརྟུལ་ཞུགས་སྤྱོད། །ཟངས་མདོག༴ །མདུན་གྲལ་གཡོན་དུ་མཆོག་གཟིགས་ལོ་པཎ་རྣམས། །ཟབ་དོན་བསྒྲོ་གླེང་བསྒྱུར་བཤད་འཆད་ཉན་གྱི། །སོ་སོའི་གསུང་གདངས་མ་འདྲེས་ལྷང་ངེར་གསལ། །ཟངས་མདོག༴ །གཡས་གྲལ་གཡས་སུ་གཏེར་འབྱིན་གྲུབ་པའི་ཁྱུ། །དགོངས་བརྒྱུད་དོན་སྟོན་ཤོག་སེར་ཚིག་བརྒྱུད་ཀྱི། །བརྡ་འགྲོལ་ངོ་མཚར་འཕྲུལ་གྱི་ཟློས་གར་བསྒྱུར། །ཟངས་མདོག༴ །གཡས་གྲལ་གཡོན་དུ་རིག་སྔགས་འཆང་བའི་ཚོགས། །དམོད་པའི་གཡུལ་འགྱེད་ལས་ཀྱི་མདེའུ་ཁ་བསྒྱུར། །འགལ་བྱེད་བདུད་དགྲ་འབྱུང་པོ་ཕྱེ་མར་འཐག །ཟངས་མདོག༴ །གཡོན་གྲལ་གཡས་སུ་རྒྱ་བ་ལ་ཌཱ་ཀིའི་ཚོགས། །བདེ་ [6a] བའི་ཉམས་རྒྱས་ལང་ཚོའི་བཅུད་ཀྱིས་གང་། །གསང་མཆོག་བདེ་བ་ཆེན་པོའི་འདོད་ཡོན་སྟོབ། །ཟངས་མདོག༴ །གཡོན་གྲལ་གཡོན་དུ་མོན་བོད་དྷཱ་ཀིའི་ཚོགས། །རྣལ་འབྱོར་མ་དཔལ་རྡོ་རྗེའི་ཟློས་གར་གྱིས། །བདེ་སྟོང་ཚོགས་ཀྱི་འཁོར་ལོའི་འདུ་བར་སྤྱོད། །ཟངས་མདོག༴ །གཙོ་མཆོག་མདུན་དུ་དབྱིངས་ཕྱུག་མཚོ་རྒྱལ་ལྕམ། །གུས་པའི་ཉམས་རྫོགས་བདེ་ཆེན་མཆོད་སྤྲིན་སྤྲོ། །སྐལ་ལྡན་རྗེས་འཛིན་དབང་བཞིའི་བརྡ་ཆོས་སྟོན། །ཟངས་མདོག༴ །རྒྱབ་ཕྱོགས་འོད་ལྔའི་དྲྭ་བའི་འཁྲིགས་པའི་ནང་། །ཐེག་མཆོག་སྙིང་པོའི་ཀློང་སྒྲོམ་གླེགས་བམ་བརྩེགས། །མདོ་རྒྱུད་མན་ངག་ཆོས་ཀྱི་རང་སྒྲ་ལྡིར། །ཟངས་མདོག༴ ། ཁྱམ་ལ་དཔལ་གྱི་ཕོ་ཉ་གིང་ཀ་ར། །ལང་ཀ་འབར་མ་ཕྲ་མེན་གནས་ཉུལ་རྣམས། ཉམས་པ་སྤྲོད་ཅིང་དམ་ལྡན་བུ་ལྟར་སྐྱོང་། ཟངས་མདོག༴ སྒོ་བཞི་རྒྱལ་ཆེན་སྡེ་བཞི་བཀའ་སྡོད་བཅས། དཀར་ཕྱོགས་སྐྱོང་བའི་སྡེ་དཔུང་ཁྲོམ་སུ་ཚོགས། བར་ཆད་སྲུང་དང་མཆོད་པའི་སྤྲིན་ཕུང་སྤྲོ། །ཟངས་མདོག༴ །ཕྱི་རོལ་སྤྲུལ་པའི་སྲིན་རྒྱལ་ཆེན་པོ་བརྒྱད། །ལེགས་ཉེས་ཤན་འབྱེད་ཁྲིམས་ཀྱི་བརྡ་ཐབས་ཀྱིས། །ཤ་ཟ་སྲིན་ [6b] པོའི་ཚོགས་རྣམས་ཆོས་ལ་བཙུད། །ཟངས་མདོག༴ །བར་ཁང་འོད་ལྔ་འཁྲིགས་པའི་གུར་ཁྱིམ་དུ། །སྙིང་རྗེའི་དབང་ཕྱུག་ལོངས་སྐུ་པདྨའི་སྤྱན། །རབ་འབྱམས་རྩ་གསུམ་ཞིང་རྡུལ་འཁོར་དུ་གཏིབས། །ཟངས་མདོག༴ ། སྟེང་ཁང་སྟོང་གསལ་ཡེ་ཤེས་ཞིང་གི་དབུས། །གདོད་མའི་མགོན་པོ་ཆོས་སྐུ་འོད་མི་འགྱུར། །རང་རྩལ་རོལ་པའི་འཁོར་ཚོགས་རྒྱ་མཚོས་བསྐོར། །ཟངས་མདོག༴ །སྐུ་གསུམ་རྒྱལ་བའི་ཞིང་ཁམས་མ་ལུས་པའི། །ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པའི་དཔལ། །གཅིག་ཏུ་འཁྱིལ་བ་ངོ་མཚར་སྤྲུལ་པའི་ཞིང་། །ཟངས་མདོག༴ །བདག་ནི་ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །གནད་གཅོད་སྡུག་བསྔལ་ཕུང་པོའི་ཟུག་རྡུ་བྲལ། །བར་དོའི་འཁྲུལ་སྣང་འཇིགས་སྐྲག་མི་མཐོང་བར། །ཚད་མེད་བདེ་དགའ་སྤྲོ་བས་འཕོ་བར་ཤོག ། འཇའ་འོད་དར་ལམ་མེ་ཏོག་སིལ་མའི་ཆར། །འཕན་གདུགས་རྒྱལ་མཚན་སྣ་ཚོགས་རོལ་མོའི་སྒྲ། །འདོད་ཡོན་མཆོད་པའི་བྱེ་བྲག་རབ་ཐོགས་པའི། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུ་ཤོག །ཨ་མ་མཚོ་རྒྱལ་མཐིང་འོད་འབར་མ་ཡིས། །བུ་ཅིག་དཔལ་གྱི་རི་བོར་ད་འགྲོ་ཞེས། །མངོན་སུམ་ལག་པའི་མཁྲིག་མ་ནས་བཟུང་སྟེ། །པདྨ་ [7a] འོད་ཀྱི་ཞིང་དེར་འཁྲིད་པར་ཤོག །དེར་ཡང་འཇིགས་པའི་སྒོ་སྲུང་འཕྲང་སོགས་ལ། །ཐེ་ཚོམ་མེད་པར་དཔའ་བའི་གདིང་ཤུགས་ཀྱིས། །སྐད་ཅིག་མིག་འཕྲུལ་ལྟ་བུར་རབ་བགྲོད་ནས། །ཕ་ཅིག་གུ་རུའི་ཞལ་མཆོག་མཐོང་བར་ཤོག །སེམས་ཀྱི་རིན་ཆེན་ནམ་མཁའ་མཛོད་ཀྱི་གཏེར། །གང་འདོད་ཀུན་ཏུ་བཟང་པོའི་མཆོད་པའི་རྫས། །ཞིང་ཁམས་རྒྱས་པར་འགེངས་པའི་སྤྲིན་སྤྲོས་ཏེ། །ལྷ་ཚོགས་དགྱེས་པ་བསྐྱེད་པའི་མཐུ་ཐོབ་ཤོག །དཔའ་བོ་མཁའ་འགྲོའི་ཚོགས་གྲལ་ལྷན་ཅིག་ཏུ། །ཐེག་མཆོག་བདུད་རྩིའི་དགའ་སྟོན་ལོངས་སྤྱོད་ནས། །དཀའ་བ་མེད་པར་རིག་འཛཛིན་ས་བགྲོད་དེ། །པདྨའི་དགོངས་ཀློང་ཡངས་པར་བྱང་ཆུབ་ཤོག །དེ་ལས་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར། །རྣམ་མང་ཕྲིན་ལས་རབ་འབྱམས་ཐབས་དུ་མས། །མཁའ་མཐས་གཏུག་པའི་འགྲོ་བ་མ་ལུས་པ། །རྔ་ཡབ་དཔལ་རིའི་གྲོང་དེར་འདྲེན་པར་ཤོག །བདག་ཉིད་མཐོང་ཐོས་དྲན་རེག་སྐྱེ་འགྲོ་ཀུན། །དཔལ་ལྡན་སངས་རྒྱས་པདྨ་ཀ་ར་ཡིས། །ཐུན་མིན་གདུལ་བྱར་བརྩེ་བས་རྗེས་བཟུང་སྟེ། །སྨིན་ཅིང་གྲོལ་བའི་སྐལ་བཟང་མྱུར་ཐོབ་ཤོག །དཀོན་ [7b] མཆོག་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང་། །ཆོས་ཅན་ཆོས་ཉིད་བདེན་པ་མི་བསླུ་བས། །བདག་གི་ལྷག་བསམ་དག་པའི་སྨོན་ལམ་འདི། །གེགས་མེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་ཚེ་རབས་ཀུན་ཏུ་མཚོ་སྐྱེས་པདྨ་དགྱེས་པའི་བཀའ་འབངས་སུ་གྱུར་པའི་སྐལ་བ་བཟང་པོ་ཅན་རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དབོ་ཉ་བའི་ཡར་ངོའི་ཚེ་བཅུའི་དུས་ཀྱི་མཆོད་པའི་ཐོག་མོས་པའི་མཐོང་སྣང་ཕྱོགས་གཅིག་གི་རྗེས་སུ་འབྲང་ནས་འདོད་དོན་སྨོན་པའི་ཚིག་ཏུ་སྤེལ་བར་བྱས་པ་སྟེ། འདིས་ཀྱང་འབྲེལ་བཅས་འགྲོ་ཀུན་པདྨ་འོད་ཀྱི་གྲོང་དུ་དབུགས་ཆེན་འབྱིན་པའི་རྒྱུར་གྱུར་ཅིག། །། ༈ །ཟངས་མདོག་དཔལ་རིར་བགྲོད་པའི་སྨོན་ལམ་སྐལ་བཟང་དགའ་བའི་ཤིང་རྟ་ནི། རང་སྣང་དག་པ་བདེ་ཆེན་རྡོ་རྗེའི་དབྱིངས། །ལྷུན་གྲུབ་འོག་མིན་སྒྱུ་འཕྲུལ་དྲྭ་བའི་གར། །རབ་འབྱམས་རྒྱལ་བའི་ཞིང་ཁམས་རྒྱ་མཚོའི་ཕུལ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཡིད་འོང་པདྨ་རཱ་གའི་རི་དབང་རྩེར། །ནོར་བུའི་བ་གམ་བརྩེགས་པའི་ཕོ་བྲང་ནི། །ཕུལ་བྱུང་ངོ་མཚར་བཀོད་པས་མཛེས་པ་ཅན། །ཟངས་མདོག༴ །ཙནྡན་ནགས་ཚལ་དཀྲིགས་པའི་དོ་ར་རུ། །གཡུ་ཡི་སྤང་ལྗོངས་སྣ་ཚོགས་ཆུ་སྐྱེས་བཞིན། །གེ་སར་འཛུམ་ [8a] མདངས་དགོད་པའི་ལང་ཚོ་ངོམས། །ཟངས་མདོག༴ །ག་བུར་སྤོས་ཆུས་གཤེར་བའི་བདུད་རྩིའི་ཀླུང་། །ལྷུང་ལྷུང་ཉམས་དགར་འབབ་ཅིང་འཁོར་བའི་རྫིང་། །གཞོན་ནུའི་གར་མཁན་ཅི་ཡང་རྩེ་ཞིང་རྒྱུ། །ཟངས་མདོག༴ །དབང་གཞུའི་གུར་ཁྱིམ་འཁྲིགས་པའི་དྲྭ་མིག་ནས། །མེ་ཏོག་ཆར་ཟིམ་འབབ་པའི་རྡུལ་ཕྲེང་དང་། །གིང་ཆེན་བདེ་བའི་གར་གྱིས་རྣམ་པར་རྩེ། །ཟངས་མདོགཟ ། ཕུན་ཚོགས་འདོད་པའི་ཡོན་ཏན་རྣམ་མང་པོས། །ཀུན་ནས་མཛེས་རྒུར་བརྒྱན་བྱས་མཁའ་འགྲོའི་སྤྲིན། །མི་འཛད་ཕྱོགས་ཀྱི་འཁོར་ལོའི་བླར་བྲེས་པ། །ཟངས་མདོག༴ །རིག་འཛིན་འདུས་པའི་ཚོགས་ཀྱི་གྲལ་དབུས་ན། །པདྨ་འབྱུང་གནས་རྒྱལ་བའི་དབང་པོ་ཡིས། །ཟབ་གསང་སེང་གེའི་སྒྲ་ཆེན་ཀུན་ཏུ་སྒྲོགས། །ཟངས་མདོག༴ །སངས་རྒྱས་ཀུན་གྱི་ངོ་བོ་ང་ཡིན་ཞེས། །མཁྱེན་བརྩེའི་ཡེ་ཤེས་མཚུངས་པ་མེད་པའི་སྟོབས། །མུ་མེད་གདུལ་བྱའི་ཁམས་དང་མཉམ་པར་འཇུག །ཟངས་མདོག༴ །ཡོན་ཏན་རྒྱ་མཚོའི་ཕ་མཐའ་ཡས་པའ་གཏེར། །དྲན་པ་ཙམ་གྱིས་ཞིང་དེར་དབུགས་འབྱིན་པའི། །ངོ་མཚར་ཕྲིན་ལས་འཁོར་ལོའི་གཟི་བྱིན་ [8b] ཅན། །ཟངས་མདོག༴ །མཁའ་སྤྱོད་པདྨ་འོད་མཛེས་གྲོང་ཁྱེར་དུ། །ད་ལྟ་ཉིད་དུ་བཙན་ཐབས་བགྲོད་ནས་ཀྱང་། །དོན་གཉིས་ཡིད་བཞིན་འགྲུབ་པའི་རྣམ་ཐར་ཚུལ། །མཉམ་མེད་གུ་རུ་ཁྱོད་དང་མཚུངས་པར་ཤོག །ཅེས་པའང་རིགས་ཀྱི་བུ་མ་བདེ་སྐྱོང་ཡེ་ཤེས་དབང་མོ་པདྨ་འོད་དུ་བགྲོད་པའི་ཆ་རྐྱེན་དུ་ཕ་རྒན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་སྐྱོ་ཞིང་དུང་བའི་སེམས་ཀྱིས་སྨོན་ལམ་དུ་བཏབ་པ་དགེ། ། ༈ །གདམས་ངག་གནད་བསྡུས་ཀྱི་སྨོན་ལམ་དམ་པའི་སྙིང་བཅུད་ཅེས་བྱ་བ་བཞུགས། བསླུ་མེད་གཏན་གྱི་སྐྱབས་གཅིག་འཁོར་ལོའི་མགོན། །དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ། །འཆི་བ་མ་དྲན་ཚེ་འདི་སྒྲུབ་པ་ཡི། །དལ་འབྱོར་སྟོང་ཟད་བདག་ལ་ཐུགས་རྗེས་ཟུང་། །རྨི་ལམ་འདྲ་བའི་མི་ཚེ་ཡད་ཡུད་འདི། །སྐྱིད་ཀྱང་རུང་ལ་སྡུག་ཀྱང་རུང་བས་ན། །སྐྱིད་སྡུག་གནས་ལ་ཡིད་སྨོན་མི་བྱེད་པར། །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག ། རླུང་གསེབ་མར་མེ་འདྲ་བའི་མི་ཚེ་འདི། །རིང་ཡང་རུང་ལ་ཐུང་ཡང་རུང་བས་ན། །བདག་འཛིན་དམ་པོར་ཁ་བསྣོན་མི་འདེབས་པར། །དམ་པའི་ཆོས་ལ༴ །སླུ་བྱེད་སྒྱུ་མ་འདྲ་བའི་རྣམ་སྤྱོད་འདི། །འགྲིགས་ཀྱང་རུང་ལ་མ་འགྲིགས་ཀྱང་རུང་བས། །ཆོས་བརྒྱད་ཁྱེར་ཀ་རྩྭ་ལྟར་དོར་ནས་ [9a] སུ། །དམ་པའི༴ ། ཤིང་ཁའི་བྱ་ཚོགས་འདྲ་བའི་འཁོར་གཡོག་འདི། །འདུས་ཀྱང་རུང་ལ་འབྲལ་ཡང་རུང་བས་ན། །སྣ་ཐག་རང་གི་མགོ་ལ་དཀྲི་བ་ཡིས། །དམ་པའི༴ །ལོ་བརྒྱའི་ཁང་རུལ་འདྲ་བའི་སྒྱུ་ལུས་འདི། །འཚོ་ཡང་རུང་ལ་འགྱེལ་ཡང་རུང་བས་ན། །ཟས་གོས་སྨན་གྱི་རྩོལ་བས་མི་འཆིང་བར། །དམ་པའི༴ །བྱིས་པའི་རྩེད་མོ་འདྲ་བའི་ཆོས་ཚུགས་འདི། །ཟིན་ཡང་རུང་ལ་ཤོར་ཡང་རུང་བས་ན། །ཟང་ཟིར་མང་པོས་རང་མགོ་མི་བསྐོར་བར། །དམ་པའི༴ །མེ་ལོང་གཟུགས་བརྙན་འདྲ་བའི་ལྷ་འདྲེ་འདིས། །ཕན་ཡང་རུང་ལ་གནོད་ཀྱང་རུང་བས་ན། །རང་སྣང་འཁྲུལ་པ་དགྲ་རུ་མི་བལྟ་བར། །དམ་པའི༴ །རྗེས་མེད་བྲག་ཅ་འདྲ་བའི་འཁྲུལ་གཏམ་འདི། །སྙན་ཀྱང་རུང་ལ་མ་སྙན་ཀྱང་རུང་བས། །དཀོན་མཆོག་གསུམ་དང་རང་སེམས་དཔང་བཞག་ནས། །དམ་པའི༴ །ཤ་བའི་རྭ་འདྲ་དགོས་དུས་མི་ཕན་པ། །ཤེས་ཀྱང་རུང་ལ་མ་ཤེས་ཀྱང་རུང་བས། །རིག་གནས་ཙམ་ལ་བློ་གཏད་མི་འཆའ་བར། །དམ་པའི༴ །བཙན་དུག་ཧ་ལ་འདྲ་བའི་དཀོར་རྫས་འདི། །བྱུང་ཡང་རུང་ལ་མ་བྱུང་ཡང་རུང་ [9b] བས། །ལོག་འཚོའི་སྡིག་ལ་མི་ཚེ་མི་བསྐྱལ་བར། །དམ་པའི༴ །ཁྱི་ལུད་དར་བསྟུམས་འདྲ་བའི་ཆེ་གཟུགས་འདི། །ཐོབ་ཀྱང་རུང་ལ་མ་ཐོབ་ཀྱང་རུང་བས། །རང་མགོ་རུལ་པ་སྣ་ཡིའས་ཚོར་ནས་སུ། །དམ་པའི༴ །ཚོང་འདུས་མགྲོན་པོ་འདྲ་བའི་གཉེན་འབྲེལ་འདི། །མཛའ་ཡང་རུང་ལ་མཁོན་ཀྱང་རུང་བས་ན། །ཞེན་པའི་གདོས་ཐག་སྙིང་ནས་བཅད་པ་ཡིས། །དམ་པའི༴ །རྨི་ལམ་ནོར་རྙེད་འདྲ་བའི་ཟང་ཟིང་འདི། །ཡོད་ཀྱང་རུང་ལ་མེད་ཀྱང་རུང་བས་ན། །མཐུན་འཇུག་ངོ་དགས་གཞན་མགོ་མི་བསྐོར་བར། །དམ་པའི༴ །བྱེའུ་ཆུང་ཤིང་རྩེར་བབ་འདྲའི་གོ་ས་འདི། །མཐོ་ཡང་རུང་ལ་དམའ་ཡང་རུང་བས་ན། །རང་སྡུག་གནས་ལ་ཡིད་སྨོན་མི་བྱེད་པར། །དམ་པའི༴ །མཚོན་ཆ་འདྲ་བའི་ངན་སྔགས་ལས་སྦྱོར་འདི། །འགྲུབ་ཀྱང་རུང་ལ་མ་གྲུབ་ཀྱང་རུང་བས། །རང་སྲོག་གཅོད་པའི་སྤུ་གྲི་མི་ཉོ་བར། །དམ་པའི༴ །ནེ་ཚོའི་ཡིག་དྲུག་འདྲ་བའི་འདོན་བརྗོད་འདི། །བྱས་ཀྱང་རུང་ལ་མ་བྱས་ཀྱང་རུང་བས། །བྱས་བྱས་མང་པོའི་རྣམ་གྲངས་མི་བགྲང་བར། །དམ་པའི༴ །རི་བོའི་འབབ་ཆུ་འདྲ་བའི་བཤད་ཡམ་ཆོས། །མཁས་ཀྱང་རུང་ལ་མ་མཁས་ཀྱང་རུང་བས། །ཁ་ [10a] བཤད་མཁས་ལ་ཆོས་སུ་མི་བསྒོམ་པར། །དམ་པའི༴ །ཕག་པའི་སྣ་འདྲ་དཔྱད་པ་མྱུར་བའི་བློ། །རྣོ་ཡང་རུང་ལ་རྟུལ་ཡང་རུང་བས་ན། །དོན་མེད་ཆགས་སྡང་ཟེགས་མ་མི་སློང་བར། །དམ་པའི༴ །དབྱར་གྱི་རྐ་ཆུ་འདྲ་བའི་རྣལ་འབྱོར་ཉམས། །འཕེལ་ཡང་རུང་ལ་འགྲིབ་ཀྱང་རུང་བས་ན། །བྱིས་པ་འཇའ་ཚོན་རྗེས་སུ་མི་འདེད་པར། །དམ་པའི༴ །རི་འགོའི་ཆར་པ་འདྲ་བའི་དག་སྣང་འདི། །ཤར་ཡང་རུང་ལ་མ་ཤར་ཡང་རུང་བས། །འཁྲུལ་པའི་ཉམས་ལ་བདེན་པར་མི་བཟུང་བར། །དམ་པའི༴ །ཡིད་བཞིན་ནོར་བུ་ལྟ་བུའི་དལ་འབྱོར་འདི། །མ་ཐོབ་དམ་ཆོས་སྒྲུབ་ཐབས་མི་འདུག་པས། །རང་ལག་ཡོད་དུས་ཆུད་ཟོས་མི་གཏོང་བར། །དམ་པའི༴ །ཐར་ལམ་སྒྲོན་མེ་དཔལ་ལྡན་བླ་མ་འདི། །མ་མཇལ་གནས་ལུགས་རྟོགས་ཐབས་མི་འདུག་པས། །གར་འགྲོ་ཤེས་དུསགཡང་ལ་མི་མཆོང་བར། །དམ་པའི༴ །ནད་སེལ་སྨན་དང་འདྲ་བའི་དམ་ཆོས་འདི། །མ་ཐོས་སྤང་བླང་ཤེས་ཐབས་མི་འདུག་པས། །ཕན་གནོད་ཤེས་དུས་བཙན་དུག་མི་འགམ་པར། །དམ་པའི༴ །དབྱར་དགུན་རེས་འདྲའི་སྐྱིད་སྡུག་འགྱུར་ལྡོག་འདི། ། [10b] མ་མཐོང་ངེས་པར་འབྱུང་ཐབས་མི་གདའ་བས། །སྡུག་རེས་རང་ལ་འཁོར་བར་ཐག་ཆོད་ནས། །དམ་པའི༴ །ཆུ་རྡོ་ཆུ་གཏིང་བྱིང་འདྲའི་འཁོར་བ་འདི། །ད་རེས་མ་བསྐྱུར་ཕྱི་ནས་མི་ཐར་བས། །དཀོན་མཆོག་ཐུགས་རྗེའི་དཔྱང་ཐག་ལ་འཇུས་ནས། །དམ་པའི༴ །ནོར་བུའི་གླིང་འདྲ་ཐར་པའི་ཡོན་ཏན་འདི། །མ་ཤེས་བརྩོན་འགྲུས་རྩོམ་ཐབས་མི་འདུག་པས། །གཏན་དུ་རྒྱལ་བའི་ཁེ་གསང་མཐོང་ནས་སུ། །དམ་པའི༴ །བདུད་རྩིའི་བཅུད་འདྲ་དམ་པའི་རྣམ་ཐར་འདི། །མ་མཇལ་ཡིད་ཆེས་སྐྱེ་ཐབས་མི་འདུག་པས། །ཕམ་རྒྱལ་ཤེས་བུས་རང་སྡུག་མི་ཉོ་བར། །དམ་པའི༴ །ཞིང་ས་གཤིན་པོ་འདྲ་བའི་བྱང་སེམས་འདི། །མ་སྐྱེས་སངས་རྒྱས་ཐོབ་ཐབས་མི་འདུག་པས། །དོན་ཆེན་སྒྲུབ་ལ་བཏང་སྙོམས་མི་འཇོག་པར། །དམ་པའི༴ །ཅོལ་ཆུང་སྤྲེའུ་འདྲ་བའི་རང་སེམས་འདི། །མ་བསྲུང་ཉོན་མོངས་སྤང་ཐབས་མི་འདུག་པས། །སྨྱོན་པའི་ལད་མོ་ཅི་བདེར་མི་བྱེད་པར། །དམ་པའི༴ །ལྷན་སྐྱེས་གྲི་བ་མ་འདྲ་བའི་བདག་འཛིན་འདི། །མ་སྤངས་བདེ་སར་ཕྱིན་ཐབས་མི་འདུག་པས། །དགྲ་བོ་ཟིན་དུས་བཤེས་སུ་མི་བསྟེན་པར། །དམ་པའི༴ །ཐལ་གསེབ་མེ་ [11a] མདག་འདྲ་བའི་དུག་ལྔ་འདི། །མ་ཆོམ་སེམས་ཉིད་རྣལ་དུ་མི་གནས་པས། །དུག་སྦྲུལ་ཕྲུ་གུ་རུམ་དུ་མི་གསོ་བར། །དམ་པའི༴ །སྣུམ་ཀོག་གྱོང་པོ་འདྲ་བའི་རང་རྒྱུད་འདི། །འདུལ་ཆོས་དང་རང་སེམས་མི་འདྲི་བས། །རང་སྐྱེས་ཕྲུ་གུ་སྐྱག་ལང་མི་བཏང་བར། །དམ་པའི༴ ། ཆུ་ཀླུང་འབབ་འདྲ་བག་ཆགས་ངན་གོམས་འདི། །མ་བཅད་ཆོས་མིན་སྤྱོད་དང་མི་འབྲལ་བས། །མཚོན་ཆ་དགྲ་བོའ་ལག་ཏུ་མི་འཚོང་བར། །དམ་པའི༴ །ཟིན་མེད་ཆུ་གཉེར་ལྟ་བུའི་རྣམ་གཡེང་འདི། །མ་སྤངས་བརྟན་པ་ཐོབ་ཐབས་མི་གདའ་བས། །ཅི་བྱས་ཆོག་དུས་འཁོར་བ་མི་བསྒྲུབ་པར། །དམ་པའི༴ །ས་ཆུ་དྲོས་འདྲ་བླ་མའི་བྱིན་རླབས་འདི། །མ་ཞུགས་རང་ངོ་འཕྲོད་ཐབས་མི་གདའ་བས། །ཉེ་ལམ་སླེབ་དུས་ས་རྒྱ་མི་བསྐོར་བར། །དམ་པའི༴ །དབྱར་གྱི་སྨན་ལྗོངས་འདྲ་བའི་དབེན་ས་འདི། །མ་བསྟེན་ཡོན་ཏན་སྐྱེ་ཐབས་མི་གདའ་བས། །རི་ལ་གནས་དུས་གྲོང་ནག་མི་འགྲིམ་པར། །དམ་པའི༴ །བསེ་རག་ཕུགས་སུ་ཞུགས་འདྲའི་སྐྱིད་འདོད་འདི། །མ་ཕྲལ་སྡུག་བསྔལ་རྩོལ་སྒྲུབ་མི་ཆད་པས། །ལྟོག་འགོང་ཕུག་གི་ལྷ་རུ་མི་མཆོད་པར། ། [11b] དམ་པའི༴ །མཁར་གྱི་སྒོ་ལྕགས་འདྲ་བའི་དྲན་ཤེས་འདི། །མ་བསྟེན་འཁྲུལ་པའི་རྒྱུ་འགྲུལ་མི་ཆད་པས། །རྐུན་མ་ཡོང་དུས་སྒོ་ཆ་མི་ཀློད་པར། །དམ་པའི༴ །འགྱུར་མེད་ནམ་མཁའ་ལྟ་བུའི་གནས་ལུགས་འདི། །མ་རྟོགས་ལྟ་བའི་གཞི་རྩ་མི་ཆོད་པས། །རང་གིས་རང་ཉིད་ལྕགས་སུ་མི་བཅུག་པར། །དམ་པའི༴ །དྲི་མེད་ཤེལ་གོང་འདྲ་བའི་རིག་པ་འདི། །མ་མཐོང་སྒོམ་པའི་འཛིན་རྩོལ་མི་ཞིག་པས། །འབྲལ་མེད་འགྲོགས་དུས་གཞན་ལ་མི་ཚོལ་བར། །དམ་པའི༴ །སྔར་འདྲིས་གྲོགས་འདྲ་ཐ་མལ་ཤེས་པའི་ངོ་། །མ་འཕྲོད་བྱས་ཚད་བསླུ་བའི་ཆོས་ཡིན་པས། །མིག་བུ་བཙུམས་ནས་སྤར་ཚོད་མི་བྱེད་པར། །དམ་པའི༴ །མདོར་ན་ཚེ་འདིའི་བྱ་བ་མ་བཏང་ན། །ཕྱི་མའི་དམ་ཆོས་འགྲུབ་ཐབས་མི་གདའ་བས། །རང་དྲིན་རང་ལ་ཆེ་བའི་གྲོས་བཏབ་ནས། །བྱས་ཚད་དམ་པའི་ཆོས་སུ་འགྲོ་བར་ཤོག །ཆོས་བཞིན་གདམས་ན་བླ་མར་ལོག་ལྟ་དང་། །ལས་ངན་ལྷོངས་ཚེ་ལྷ་ལ་ཡི་ཆད་དང་། འགལ་རྐྱེན་བྱུང་ན་སྒྲུབ་པ་བཤོལ་བ་སོགས། །དངོས་གྲུབ་ཐོབ་ཀར་བར་ཆད་མ་གྱུར་ཅིག །བྱས་ཚད་ཐམས་ཅད་དོན་མེད་ས་སྟོང་བསྐོར། །འབད་ཚད་ཐམས་[12a] ཅད་རང་རྒྱུད་རེངས་པའི་རྒྱུ། །དྲན་ཚད་ཐམས་ཅད་འཁྲུལ་པའི་ཁ་སྣོན་བཏབ། །སོ་སྐྱེས་ཆོས་སུ་རློམ་ཀུན་རང་འཆིང་རྒྱུ། །བྱ་རྒྱུ་མང་ལ་གྲུབ་འབྲས་གཅིག་ཀྱང་མེད། །དྲན་རྒྱུ་མང་ལ་གཏད་སོ་ཅི་ཡང་མེད། །དགོས་དགོས་མང་ལ་འཛོམ་དུས་མེད་པ་ཡི། །བྱ་བ་བཏང་ནས་གདམས་ངག་བསྒོམ་ནུས་ཤོག །བྱའོ་བསམ་ན་རྒྱལ་གསུང་དཔང་པོར་ཚུགས། །བྱེད་དོ་བསམ་ན་རང་རྒྱུད་ཆོས་དང་སྲེས། །སྒྲུབ་བོ་བསམ་ན་གོང་མའི་རྣམ་ཐར་ལྟོས། །ལང་ཤོར་ཁྱོད་ལ་བྱ་བ་གཞན་གྱིས་ཅི། །དམན་ས་ཟིན་ཅིང་ཆོག་ཤེས་ནོར་གྱིས་ཕྱུག །ཆོས་བརྒྱད་འཆིང་གྲོལ་སྒྲུབ་ལ་སྙིང་རུས་སྲ། །བླ་མའི་བྱིན་ཞུགས་རྟོགས་པ་མཁའ་དང་མཉམ། །ཀུན་བཟང་རྒྱལ་རབས་ཟིན་པར་བྱིན་གྱིས་རློབས། །ཞེས་པའང་དམ་པ་གོང་མའི་ཞལ་གདམས་རྡོ་རྗེའི་གསུང་གི་དོན་བསྡུས་ནས་རང་གི་ངག་འདོན་དུ་བྲིས་པ་སྟེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།

༈     །ཕྱོགས་བཅུ་དུས་བཞིར་གཤེགས་ཤིང་བཞུགས་པ་ཡི།   །བླ་མ་མཆོག་གསུམ་རྒྱལ་བ་སྲས་དང་བཅས།   །རིག་འཛིན་དྲང་སྲོང་བདེན་གྲུབ་མངའ་བ་རྣམས།   །བདག་གི་སྨོན་ལམ་འགྲུབ་པའི་དཔང་ [12b] པོ་མཛོད།   །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར།   །ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ།   །ངན་སོང་གསུམ་སོགས་སྡུག་བསྔལ་ཡ་ངའི་གྲོང་།   །མི་ཁོམ་གནས་སུ་ནམ་ཡང་མི་སྐྱེ་ཤོག  །   དམ་པའི་ཆོས་དང་མཐུན་པའི་རིགས་བཟང་ཞིང་།   །དལ་འབྱོར་ཡོན་ཏན་ཀུན་ཚང་རྟེན་གྱི་མཆོག  །   ལྷ་བས་ལྷག་པའི་ལུས་སུ་སྐྱེས་ནས་ཀྱང་།   །སྔོན་གྱི་ལས་འཕྲོ་དགེ་ལ་སད་པར་ཤོག    །དད་དང་བརྩོན་འགྲུས་ཤེས་རབ་སྙིང་རྗེར་ལྡན།   །ང་རྒྱལ་མེད་ཅིང་བློ་བརྟན་ཞི་ཞིང་དུལ།   །ཁོངས་ཡངས་གཞུང་བཟང་གསང་ཐུབ་འགྲོགས་ན་བདེ།   །ཐེག་ཆེན་གསང་སྔགས་ལམ་གྱི་སྣོད་རུང་ཤོག    །ནད་དང་སྡུག་བསྔལ་དབུལ་ཕོང་ལ་སོགས་པ།   མི་མཐུན་གདུག་པས་ནམ་ཡང་མི་བརྫི་བར།   །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་སོགས།   །ཆོས་མཐུན་རྐྱེན་རྣམས་རང་དབང་འབྱོར་བར་ཤོག    །ལོག་ལམ་འཁྲིད་པའི་གྲོགས་དང་མི་འཕྲད་ཅིང་།   །རྒྱལ་བ་དགྱེས་པའི་ལམ་བཟང་ལེགས་སྟོན་པ།   །ཡང་དག་དགེ་བའི་བཤེས་དང་རབ་མཇལ་ཏེ།   །ཚུལ་བཞིན་བསྟེན་པའི་སྐལ་བཟང་ཐོབ་པར་ཤོག    །ཕྱོགས་ཞེན་ང་རྒྱལ་གདོན་གྱིས་ཟིན་པ་ལས།   །གཞན་གྱི་ཆོས་དང་ [13a] གང་ཟག་གང་ལ་ཡང་།   །སྐུར་འདེབས་ལ་སོགས་ཆོས་སྤོང་ལས་ངན་མེད།   །རང་རྒྱུད་ཐར་པའི་ས་བོན་མི་བསྲེག་ཤོག    །མོས་དང་དག་པའི་སྣང་བ་ཕྱོགས་མེད་རྒྱས།   །ཚུལ་གནས་ཐོས་བསམ་སྒོམ་པ་མཐའ་རུ་ཕྱིན།   །ལུང་རྟོགས་ཆོས་ཚུལ་བཤད་སྒྲུབ་ལ་བརྟེན་ནས།   །རྒྱལ་བསྟན་ཁ་ལོ་གྱོན་དུ་འདེགས་ནུས་ཤོག  །   བདག་ཉིད་མཐོང་ངམ་ཐོས་སམ་དྲན་པ་དང་།   །བསྟོད་དམ་གཤེའམ་སྡང་བར་གྱུར་ཀྱང་རུང་།   །བཟང་ངན་ལས་ཀྱིས་འབྲེལ་ཐོབ་སེམས་ཅན་ཀུན།   །ཐར་པའི་ལམ་ལས་ཕྱིར་མི་ལྡོག་པར་ཤོག  །   ཆོས་རྣམས་མཐའ་བྲལ་དབུ་མ་ཆེན་པོར་རྟོགས།   །བཅོས་མིན་བྱང་ཆུབ་སེམས་མཆོག་གཏིང་ནས་འབྱོངས།   །ཅི་བྱས་གཞན་ཕན་སྤྱོད་ལས་མི་འདའ་བར།   །འགྲོ་ཀུན་འདྲེན་པའི་ཁུར་ཆེན་འཁྱེར་ནུས་ཤོག    །ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པའི་ལམ།   །དཀྱིལ་འཁོར་རྣམ་བཞིར་དབང་བཞིས་རྒྱུད་སྨིན་ཅིང་།   །དམ་ཚིག་རྣམ་དག་བསྐྱེད་དང་རྫོགས་པའི་རིམ།   །མཐར་ཕྱིན་རིག་འཛིན་རྣམ་བཞིའི་ས་ནོན་ཤོག    །འཁོར་འདས་མཉམ་ཉིད་ཀུན་བཟང་གདོད་མའི་གཤིས།   །རང་བྱུང་རྩོལ་བྲལ་རིག་སྟོང་རྗེན་པའི་ [13b] བབ།   །བསམ་གྱིས་མི་ཁྱབ་བདེ་ཀློང་ཡངས་པར་འཁྱིལ།   །སྤངས་ཐོབ་བྲལ་བའི་དགོངས་པ་མངོན་གྱུར་ཤོག  །   རྟོག་པའི་གྲྭ་ཟུར་ཐིག་ལེ་ཆེན་པོར་ཞི།   །གདོས་བཅས་ཕུང་པོ་འཇའ་ལུས་འོད་སྐུར་སྨིན།   །ཕྱིར་གསལ་མ་འགགས་སྒྱུ་འཕྱུལ་དྲྭ་བའི་སྤྲིན།   །གྲོལ་བ་རྣམ་བཞིས་འགྲོ་ཁམས་དོང་སྤྲུག་ཤོག    །ཅེས་པའང་སྔ་འགྱུར་བསྟན་པའི་ཁ་ལོ་གྱེན་དུ་འདེགས་པ་ལ་མི་འཕྲོགས་པའི་ཐུགས་བརྩོན་ལྷུར་བཞེས་པ་ང་ཕོད་རྡོར་སློབ་ཨོ་རྒྱན་གསང་སྔགས་བསྟན་འཛིན་ནས་ལྷ་ལྡན་ཇོ་ཤཱཀ་རིན་པོ་ཆེའི་དྲུང་དུ་སྨོན་ལམ་གདབ་བྱ་འདོད་དོན་སྨོན་པའི་ཚིག་ཕྲེང་འདི་ལྟར་སྦྱོར་ཞེས་གསུང་བསྐུལ་ཆེད་དུ་གནང་བ་བཞིན་དུས་ཞབས་ཀྱི་གྲོང་སྔགས་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གང་དྲན་ཤར་མར་བྲིས་ཏེ་ཕུལ་བ་དོན་ལྡན་དུ་གྱུར་ཅིག།   །།   
༈    །   བར་དོའི་ལམ་ཁྱེར་དང་སྦྱར་བའི་སྨོན་ལམ་ནི། གཏན་གྱི་སྐྱབས་གཅིག་དྲིན་ཆེན་འཁོར་ལོའི་མགོན།   །དཔལ་ལྡན་བླ་མ་སངས་རྒྱས་ཀུན་དངོས་ཞབས།   །སྙིང་དབུས་པདྨོར་འབྲལ་མེད་རྟག་བཞུགས་ལ།   །བརྩེ་བས་རྗེས་བཟུང་དབུགས་དབྱུང་བྱིན་རླབས་སྩོལ།   །ལས་འཕྲོ་བཟང་པོས་རྫོགས་ཆེན་ལམ་དང་འཕྲད།   །མན་ངག་ཟབ་མོས་སྒྲོ་འདོགས་སེམས་ལ་ཆོད།   །ཡེངས་མེད་བརྩོན་པས་གདམ་ངག་ཉམས་འོག་ཆུད།   །མངོན་ [14a] སུམ་གནད་ལ་གོམས་པའི་ལག་རྗེས་སུ།   །འབྲས་བུ་ཕྱི་དུས་ཙམ་ལ་མི་རེ་བར།   །མ་དག་འཁྲུལ་པའི་དྲི་མ་བཙན་ཐབས་སྦྱང།   །སྣང་བཞིའི་ས་ལམ་མིག་འཕྲུལ་ལྟར་བགྲོད་ན།   །ཚེ་འདིར་འཕོ་ཆེན་འཇའ་ལུས་སྐུ་འགྲུབ་ཤོག    །གལ་ཏེ་ལམ་ལ་ཡིད་ཆེས་བློ་ཡོད་ཀྱང་།   །སྙིང་པོའི་ཉམས་ལེན་རྡོ་རུས་མ་འཕྲོད་པས།   །ཆོས་ཟད་གྲུབ་མཐའ་ཚེ་འདིར་མ་སྙོགས་པར།   །རྣམ་སྨིན་ལུས་དོར་འཆི་བའི་དུས་བབས་ན།   །ཆོས་ཀུན་སྒྱུ་མ་ལྟ་བུར་ངེས་རྙེད་དེ།   །འབྱུང་ལྔའི་ཕུང་པོ་ཆགས་གནས་འཇིག་པའི་ཚུལ།   །གནད་དོན་ཤེས་པའི་འཆི་ལ་མི་འཚེར་བར།   །འཆི་མེད་བཙན་ས་ཟིན་ལ་བྲོད་སྐྱེ་ཤོག    །ལས་རླུང་ལོག་པས་འཁོར་ལོ་ལྔ་མདུད་འཇིག    །མེ་མཉམ་རླུང་ལོག་དྲོད་ཉམས་ཟས་མི་ལེན།   །སྲོག་འཛིན་རླུང་ལོག་ཤེས་པ་ཡོངས་མི་གསལ།   །ཐུར་སེལ་རླུང་ལོག་རྩ་ཆུ་མི་སྡོམ་འཆོར།   །གྱེན་རྒྱུའི་རླུང་ལོག་ཁ་ཟས་ནང་མི་འཕུལ།   །ཁྱབ་བྱེད་རླུང་ལོག་ཡན་ལག་གྱོང་ཞིང་རེངས།   །དབུགས་ཐུང་རྩ་རྟུལ་མལ་གྱི་ཐ་མར་ལྷུང་།   །དེ་ཚེ་འདིར་སྣང་སྲེད་ཞེན་མི་སྐྱེ་ཤོག    །ས་ཁམས་ཆུར་ཐིམ་ལྟེ་བའི་རྩ་འཁོར་འཇིག    །ཕྱི་རྟགས་ལུས་ལྕི་ནང་[14b] རྟག་ཤེས་པ་བྱིངས།   །གསང་རྟགས་འོད་གསལ་སྨིག་སྒྱུ་འཆར་བའི་ཚེ།   །སྙིང་གར་བླ་མ་ཆོས་སྐུར་སེམས་ཟིན་ཤོག    །ཆུ་ཁམས་མེར་ཐིམ་སྙིང་གའི་རྩ་འཁོར་འཇིག    །ཕྱི་རྟགས་ཁ་སྣ་སྐམ་དང་ནང་རྟགས་སུ།   །ཤེས་པ་རབ་འཚུབས་གསང་རྟགས་དུ་བ་འཆར།   །ལྟེ་བར་བླ་མ་ཉིད་སྐུར་སེམས་ཟིན་ཤོག  །   མེ་ཁམས་རླུང་ཐིམ་མགྲིན་པའི་རྩ་འཁོར་འཇིག  །   ཕྱི་རྟགས་དྲོད་འཆོར་ནང་རྟགས་ཤེས་པ་འཁྲུལ།   །གཞན་ངོ་མི་ཤེས་གསང་རྟགས་མེ་ཁྱེར་འཆར།   །དཔྲལ་བར་བླ་མ་སྤྲུལ་སྐུར་སེམས་ཟིན་ཤོག    །རླུང་ཁམས་རྣམ་ཤེས་ལ་ཐིམ་གསང་འཁོར་འཇིགས།   །ཕྱི་རྟགས་དབུགས་བརྩེགས་ནང་རྟགས་མཐོང་སྣང་མང་།   །གསང་རྟགས་སྒྲོན་མེ་ལྟ་བུའི་འོད་གསལ་འཆར།   །གསང་གནས་བླ་མ་ལོངས་སྐུར་སེམས་ཟིན་ཤོག    །རྣམ་ཤེས་ནམ་མཁར་ཐིམ་པས་དབང་ལྔ་འགག  །   སྲོག་རྩར་ཁྲག་འདུས་སྙིང་ཐེབས་ཕྱི་དབུགས་ཆད།   །དཀར་ཆ་དམར་ཆའི་ཁམས་ཀྱི་གནས་འཕོས་ཏེ།   །དབུ་མར་བརྒྱུད་པས་དཀར་ལམ་དམར་ལམ་འཆར།   །བྱང་སེམས་གཉིས་འཕྲད་བར་དུ་རྣམ་ཤེས་འཐུམ།   །ནམ་ལམ་འཆར་ཞིང་རང་བཞིན་བརྒྱད་ཅུ་འགག    །ནམ་མཁའི་འོད་ [15a] གསལ་ལ་ཐིམ་གཞིའི་འོད་གསལ།   །སྤྲིན་བྲལ་སྟོན་ཀའི་ནམ་མཁའ་ལྟར་འཆར་བ།   །སྐད་ཅིག་ཉིད་ལ་ངོ་ཤེས་རང་ས་ཟིན།   །ཀ་དག་ཆོས་སྐུའི་ཀློང་དུ་གྲོལ་བར་ཤོག  །   གལ་ཏེ་ངང་དེར་གྲོལ་བར་མ་ནུས་ན།   །ནང་དབུགས་ཆད་ཚེ་འདའ་ཀའི་མན་ངག་གིས།   །རིག་པ་དྭངས་མའི་ཐིག་ལེ་སྐར་མདའ་ལྟར།   །ཚངས་པའི་ལམ་བརྒྱུད་བླ་མའི་ཐུགས་ཀར་འཕོས།   །རྨི་ལམ་སད་བཞིན་མཁའ་སྤྱོད་ཞིང་བགྲོད་དེ།   །ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ཤོག  །   འདའ་ཀས་མ་སྟོངས་འོད་གསལ་ངོས་མ་ཟིན།   །ཅི་སྟེ་ཆོས་ཉིད་བར་དོ་མཐོང་བ་ན།   །འོད་གསལ་ཟུང་འཇུག་ལ་ཐིམ་སྒྲ་འོད་ཟེར།   །ཞི་དང་ཁྲོ་ཚོགས་སྟོང་གསུམ་ཁམས་གང་ཞིང་།   །སྣང་སྲིད་འོད་སྐུར་འཆར་བའི་དུས་ཀྱི་ཚེ།   །རང་བཞིན་བསམ་གཏན་གནས་ལ་འཇུག་པའི་གནད།   །རང་སྣང་ཉིད་དུ་ངོ་ཤེས་གདིང་ཐོབ་སྟེ།   །ལྷུན་གྲུབ་ལོངས་སྐུའི་ཞིང་དུ་གྲོལ་བར་ཤོག  །   ཐ་མ་བག་ཆགས་འཁྲུལ་བ་སྟོབས་ཆེ་བས།   །ཆོས་ཉིད་ངོས་མ་ཟིན་པས་རང་ཡལ་ཏེ།   །སྲིད་པ་བར་དོའི་གནས་སུ་ཁ་འཕྱལ་ན།   །འཇིགས་པའི་སྒྲ་དང་ཡ་ངའི་གཡང་ས་སོགས།   །འཁྲུལ་སྣང་བར་ [15 དོའི་སྡུག་བསྔལ་མི་མཐོང་ཞིང་།   །སྐྱེས་གནས་གཞན་དུ་ཉིང་མཚམས་མི་སྦྱོར་བར།   །པདྨ་འོད་དུ་སྐད་ཅིག་བགྲོད་ནས་ཀྱང་།   །གུ་རུ་རྗེ་ལས་དབང་བསྐུར་ལུང་བསྟན་ཐོབ།   །ལམ་གྱི་ལྷག་མ་མ་ལུས་དེར་སྦྱངས་ཏེ།   །དོན་གཉིས་ལྷུན་གྱིས་འགྲུབ་པའི་དཔལ་ཐོབ་ཤོག  །   རབ་འབྱམས་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་དང་།   །བདེན་གཉིས་རང་བཞིན་བསླུ་བ་མེད་པའི་སྟོབས།   །བདག་གི་ལྷག་བསམ་དག་པའི་བདེན་པ་ཡིས།   །སྨོན་ལམ་འདི་བཏབ་ངེས་པར་ཡོངས་འགྲུབ་ཤོག    །ཅེས་བར་དོའི་ལམ་ཁྱེར་དང་སྦྱར་བའི་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་སྔགས་བན་བློ་གྲོས་བཟང་པོས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།  ༈     །ན་མོ་རཏྣ་ཏྲ་ཡ་ཡཱ།   །མཁའ་ཁྱབ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི།   །སྐུ་དང་ཡེ་ཤེས་རྒྱ་མཚོའི་ངོ་བོ་ཉིད།   །གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ།   །གསོལ་བ་འདེབས་སོ་སྨོན་ལམ་ཡོངས་འགྲུབ་མཛོད།   །འགྲོ་དྲུག་གྲོང་ཁྱེར་ཟོ་ཆུའི་ཁྱུད་མོ་བཞིན།   །མཐའ་མེད་ཁ་བརྒྱུད་སྡུག་བསྔལ་གླིང་འདི་ལ།   །སྲིན་མོའི་གྲོང་དང་སྤུ་གྲིའི་ཚལ་ལྟ་བུར།   །མཐོང་ནས་ངེས་འབྱུང་སྙིང་ནས་སྐྱེ་བར་ཤོག    །རྨི་ལམ་ལྟ་བུའི་འཁོར་བའི་དཔལ་འབྱོར་ཀུན།   །མི་ [16a] བདེན་གསོབ་དང་སྒྱུ་མ་ལྟར་ཤེས་ནས།   །ཟིན་མེད་ནམ་མཁའི་འཇའ་ཚོན་ལྟ་བུ་ཡི།   །བྱ་བྱེད་འདི་ལ་ནམ་ཡང་མི་འཇུག་ཤོག    །བཀའ་དྲིན་གསུམ་ལྡན་དཔལ་ལྡན་བླ་ལ།   །མཉམ་འགྲོགས་ལོག་ལྟ་སྤུ་ཙམ་མི་སྐྱེ་ཞིང་།   །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས།   །ཡེངས་མེད་རྒྱུན་དུ་གསོལ་བ་འདེབས་པར་ཤོག  །   རང་དོན་ཡིད་བྱེད་བློ་ངན་མ་ཡིན་པར།   །མཁའ་ཁྱབ་མ་གྱུར་སེམས་ཅན་ཐམས་ཅད་ལ།   །དམིགས་པའི་བྱང་ཆུབ་སེམས་མཆོག་རིན་པོ་ཆེ།   །རྒྱུད་ལ་སྐྱེས་ནས་འགྲོ་ཕན་དོན་གཉེར་ཤོག    །གསང་སྔགས་ཐེག་པ་མཆོག་གི་སྒོར་བཞུགས་ནས།   །ལམ་གྱི་མི་མཐུན་གེགས་ཆེན་རྔམས་པོ་ཆེ།   །དམ་ཚིག་ཉམས་འགལ་འདས་པའི་སྒྲིབ་པ་ཀུན།   །བཤགས་སྟོབས་དྲག་པོས་རང་རྒྱུད་དག་པར་ཤོག    །བྱིན་རླབས་དབང་གི་ཀློང་མཛོད་བླ་མ་ཉིད།   །མི་འབྲལ་སྤྱི་བོའི་གཙུག་ཏུ་བསྒོམ་ནས་སུ།   །གསོལ་བ་བཏབ་མཐུས་ཐུགས་ཡིད་གཅིག་འདྲེས་ཏེ།   །རྟོགས་པའི་ཉི་མ་ཁོངས་ནས་འཆར་བར་ཤོག །   འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན།   །རང་སྣང་སྣང་ཙམ་ཉིད་ནས་སྐྱེ་བ་མེད།   །སྤྲོས་བྲལ་རིག་པ་སྐུ་བཞི་ [16b] ཡེ་ཤེས་ལྔའི།   །རང་ངོ་ཤེས་པ་ལྟ་བའི་གདིང་ཐོབ་ཤོག    །དམིགས་གཏད་མཚན་མའི་སྒྲོགས་ཀྱིས་མི་འཆིང་བར།   །ད་ལྟའི་རིག་པ་སྟོང་གསལ་བཟོ་མེད་དང་།   །མི་ཡེངས་མི་འཛིན་རང་བབས་སྐྱོང་བ་ཡི།   །གནས་ལུགས་སྒོམ་པའི་རྩལ་ཆེན་རྫོགས་པར་ཤོག  །   ལྟ་སྤྱོད་གཉིས་པོ་ཕྱོགས་རེར་མ་གྱུར་ཅིང་།   །སྒོ་གསུམ་ཡང་དག་ཆོས་དང་མཐུན་པ་དང་།   །སྒྱུ་མའི་རྣལ་འབྱོར་བྱར་མེད་ཡེངས་མེད་ངང་།   །ཉིན་མཚན་འོད་གསལ་ཁོར་ཡུག་འདའ་བར་ཤོག  །   ནམ་ཞིག་འཆི་བའི་དུས་སུ་བབ་པ་ན།   །ཚེ་འདིའི་ཡུལ་ལ་ཞེན་པ་བྲལ་བ་དང་།   །གནད་གཅོད་དྲག་པོའི་སྡུག་བསྔལ་མི་མྱོང་ཞིང་།   །སྣང་མཆེད་ཐོབ་པའི་ཉམས་ཀུན་ངོ་ཤེས་ཤོག  །   འཆི་ཁའི་བར་དོར་སྒེག་མོས་བརྙན་བལྟ་བཞིན།   །བླ་མའི་གདམས་ངག་སེམས་ལ་གསལ་བ་དང་།   །གཞི་ཡི་འོད་གསལ་མངོན་དུ་གྱུར་ནས་སུ།   ཀ་དག་ཆོས་སྐུའི་ཀློང་དུ་གྲོལ་བར་ཤོག  །   གལ་ཏེ་གཞི་ཡི་འོད་གསལ་མ་ཟིན་ན།   །བར་དོའི་ཞི་ཁྲོའི་ལྷ་ཚོགས་འཆར་མ་ཐག    །རང་སྣང་ངོ་ཤེས་མ་པང་བུ་འཇུག་ལྟར།   །ལྷུན་གྲུབ་ལོངས་སྐུའི་དབྱིངས་སུ་གྲོལ་བར་ཤོག    །དེ་ཡང་ཉམས་ལེན་གོམས་འདྲིས་ཆུང་ [17a] སྟབས་ཀྱིས།   །ཆོས་ཉིད་བར་དོའི་གྲོལ་བར་མ་གྱུར་ན།   །ལས་ཀྱི་འཕྲོ་མཐུད་ཡུར་བར་ཝ་འཛུག་ལྟར།   །ངན་པའི་སྒོ་ཁེགས་བཟང་པོའི་རྟེན་འཚོལ་ཤོག  །   རྟེན་བཟང་དལ་འབྱོར་ཚང་ཞིང་རང་དབང་ཅན།   །མཚན་ལྡན་བླ་མ་དང་ནི་གསང་སྔགས་ཀྱི།   །ཆོས་དང་འཕྲད་ཅིང་ཉམས་སུ་ལེན་པ་ཡི།   །སྐལ་བར་ལྡན་པའི་ལུས་མཆོག་ཐོབ་པར་ཤོག  །   ཚེ་རབས་ཀུན་ཏུ་དམ་ཚིག་རྣམ་པར་དག  །   རིམ་གཉིས་མཐར་ཕྱིན་རང་གཞན་དོན་གཉིས་འགྲུབ།   །ཀུན་བཟང་ཆོས་སྐུའི་རྒྱལ་ས་མྱུར་ཐོབ་ནས།   །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག    ཅེས་པའང་ལྷ་རྗེ་རྒྱ་མཚོ་དང་ཡེ་ཤེས་ཆོས་སྒྲོན་ཟུང་གིས་བསྐུལ་བ་ལྟར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱེུ་ཅིག།   །།    ༈     །སྦས་ཡུལ་བདེ་བའི་སྨོན་ལམ་དྲང་སྲོང་བདེན་ཚིག་ཅེས་བྱ་བ་བཞུགས་སོ།   ། སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ།   །དམ་སྲི་ཚར་གཅོད་རྡོ་རྗེ་གྲོ་བོ་ལོད།   །མཐུ་རྩལ་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་ཚོགས།   །ཐུགས་དམ་མ་གཡེལ་སྔོན་གྱི་ཞལ་བཞེས་དགོངས།   །ད་ལྟ་དུས་ངན་སྙིགས་མའི་མར་གཤམ་འདིར།   །ཕྱི་རོལ་མཐའ་དམག་སྐྱོབ་པའི་ [17b] བཙན་རྫོང་ཆེ།   །སྦས་ཡུལ་པདྨ་བཀོད་དུ་སོང་ཞིག་ཅེས།   །རྡོ་རྗེའི་ལུང་གིས་བསྔགས་བཞིན་བདོགས་ལགས་ཀྱང་།   །མ་རུངས་དམ་སྲི་འབྱུང་པོས་རྒྱུད་དཀྲུགས་པས།   །མི་དང་མི་མིན་བསམ་སྦྱོར་ལོག་པའི་རྐྱེན།   །གནས་ཀྱི་དགེ་མཚན་འགྲིབ་ཅིང་བར་ཆད་ལྡང་།   །ནད་མུག་མཚོན་གྱི་བསྐལ་ངན་དར་ལགས་ན།   ཀྱེ་མ་ཀྱི་ཧུད་ཡེ་ཤེས་སྤྱན་ལྡན་རྣམས།   །ཡལ་ཡོལ་བཏང་སྙོམས་བཞུགས་པ་ཅང་བདེན་རྣམས།   །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་གང་དུ་ཐལ།   །ཐུགས་རྗེ་ནུས་པའི་སྟོབས་རྩལ་ཕྱུང་རེ་རན།   །ས་གཡོ་མེ་དགྲ་རླུང་ཐན་ཆུ་ལོག་དང་།   །ལོ་ཉེས་མུ་གེ་སད་སེར་བཙའ་ཐན་རིགས།   །འབུ་སྦྲང་འདབ་ཆགས་གཅན་གཟན་མ་རུངས་པ།   །དགྲ་འདྲེ་བྱུར་གསུམ་འགོང་པོ་སྤུན་དགུའི་སྡེ།   །དམ་སྲི་ཕུང་སེལ་སྨོན་ལོག་བསྟན་བཤིག་དུས།   །མཐའ་དམག་ཀླ་ཀློའི་རྒོལ་ངན་འཁྲུགས་རྩོད་དང་།   །གཟའ་ཀླུ་རྒྱལ་བསེན་བརྟན་མ་མ་ཡམ་གྱི།   །གནོད་གདུག་བསམ་སྦྱོར་ངན་པའི་ཁ་རླངས་ལས།   །མི་ཕྱུགས་ནད་རིམས་གདོན་རྒོད་ལ་སོགས་བ།   །མདོར་ན་དངོས་དང་དངོས་མེད་གནོད་འཚེའི་རིགས།   །ད་ལྟ་ཉིད་དུ་བཟློག་ཅིག་ཐུགས་རྗེ་ཅན།   །ཐུགས་དམ་གནད་ནས་ [18a] བསྐུལ་ལོ་གུ་རུ་རྗེ།   །དམ་སྲིའི་སྲོག་སྙིང་དྲོངས་ཤིག་གྲོ་བོ་ལོད།   །ནག་ཕྱོགས་དམ་ལ་གཟིར་ཤིག་ཐོད་ཕྲེང་རྩལ།   །དཀར་ཕྱོགས་དབུ་འཕང་བསྟོད་ཅིག་མཁའ་འགྲོའི་ཚོགས།   །སྦས་ཡུལ་སོ་ཁ་སྲུངས་ཤིག་དམ་ཅན་སྡེ།   །ངོ་མཚར་གནས་ཀྱི་དགེ་མཚན་མངོན་དུ་གསོལ།   །ཟས་ནོར་ལོངས་སྤྱོད་འདོད་རྒུའི་གཏེར་སྒོ་འབྱེད།   །མི་རྣམས་རྒྱུད་ལ་བྱང་སེམས་ངང་གིས་སྐྱེ།   །བསྟན་འཛིན་མཆོག་རྣམས་བར་ཆད་གཡུལ་ལས་རྒྱལ།   །མདོ་སྔགས་བཤད་སྒྲུབ་བསྟན་པ་ཡུན་དུ་གནས།   །མི་མཐུན་དུས་ཀྱི་རྒུད་པ་ཡོངས་ཞི་ནས།   །གངས་ལྗོངས་བདེ་སྐྱིད་རྫོགས་ལྡན་གསར་འཆར་བས།   །ཕན་བདེའི་དགའ་སྟོན་རྒྱས་པར་བྱིན་གྱིས་རློབས།   །བླ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང་།   །བདེན་གཉིས་རང་བཞི་བསླུ་བ་མེད་པ་དང་།   །བདག་གི་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས།   །སྨོན་ལམ་འདི་ལྟར་ངེས་པར་འགྲུབ་གྱུར་ཅིག  །   ཅེས་པའང་རང་ལོ་ཉེར་གསུམ་དོ་སོན་པ་ཟད་པ་མེ་སྟག་གི་ལོ་རྩུབ་འགྱུར་དུས་ཀྱི་ཡོ་ལང་ཅུང་ཟད་སྟོན་པའི་ཚེ།   སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གནས་ཆེན་བུདྡྷ་ཚེ་ཕུག་གི་རི་བོའི་མགུལ་འཆི་མེད་རྡོ་རྗེའི་བྲག་གི་ཀེའུ་ཚང་དུ་སྙིང་ནས་སྨོན་ལམ་དུ་བཏབ་པ་སིདྡྷི་རསྟུ།།   །། [18b]  ༈     །སྟོབས་བཅུའི་བདག་ཉིད་རྒྱལ་བ་ཤཱཀྱའི་སྲས།   །རྒྱལ་སྲས་བྱང་སེམས་དགེ་འདུན་འཕགས་པའི་ཚོགས།   །ཇི་སྙེད་སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་དགོངས།   །བདག་གི་སྨོན་ལམ་འགྲུབ་པའི་དཔང་མཛོད་ཅིག    །ཕན་བདེའི་འབྱུང་གནས་བསྟན་པ་དར་ཞིང་རྒྱས།   །བསྟན་འཛིན་ཚོགས་རྣམས་ཞབས་པད་ཡུན་དུ་བརྟན།   །དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང་།   །འཁོར་ལོ་གསུམ་གྱི་མཛད་ཕྲིན་བླར་འཕེལ་ཤོག  །   ཆོས་སྐྱོང་རྒྱལ་པོའི་དབུ་འཕང་དགུང་དུ་བདོ།   །ཆོས་ལྡན་ཆབ་སྲིད་མངའ་ཐང་འཕེལ་ཞིང་རྒྱས།   །སྙིགས་མའི་རང་མདངས་སྣོད་བཅུད་རྒུད་པ་ཞི།   །བདེ་སྐྱིད་རྫོགས་ལྡན་དཔལ་གྱིས་འཚོ་བར་ཤོག  །   བདག་དང་བདག་ལ་བཟང་ངན་འབྲེལ་བཅས་འགྲོ།   །ཚེ་རིང་ནད་མེད་ཆོས་མཐུན་བསམ་པ་འགྲུབ།   །བདེ་བའི་ལམ་ནས་གཏན་བདེའི་གོ་འཕང་ཐོབ།   །མཁའ་མཉམ་འགྲོ་བའི་དེད་དཔོན་མངོན་འགྱུར་ཤོག    །ཅེས་པའང་བྱང་ཆུབ་ཆོས་འཕེལ་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ན་མོ།   དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་ཀྱིས།   །བདག་སོགས་འདི་ནས་གང་དང་གར་སྐྱེས་ [19a] ཀྱང་།   །དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་ཞིང་།   །མཉེས་པ་གསུམ་གྱི་ཞབས་ཏོག་འགྲུབ་པ་དང་།   །ལྷོད་པ་མེད་པའི་བརྩོན་འགྲུས་དྲག་པོ་ཡིས།   །ཟབ་མོའི་ཆོས་རྣམས་ཉམས་སུ་ལོན་པར་ཤོག  །   དེར་ཡང་བར་ཆད་ལམ་ལས་ཕྱིར་ལྡོག་ཅིང་།   །ཉོན་མོངས་སྡིག་སྒྲིབ་བག་ཆགས་ཀུན་བྱང་སྟེ།   །ཚེ་འདིར་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ནས།   །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག    །ཅེས་པའང་བསོད་ནམས་ཆོས་འཕེལ་གྱི་ངོར་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།   །། 
༈     །ཨོཾ་ཨཱཿཧཱུྃ།   ཡིད་འོང་དབྱིབས་མཛེས་རིན་ཆེན་ཀོང་བུ་རུ།   །གཙང་སྦྱར་རྩི་བཅུད་མར་ཁུ་ལེགས་གཏམས་ཤིང་།   །དྲང་འཇམ་ལྷ་རྫས་སྡོང་བུར་ཡོངས་སྤར་བའི།   །མུན་སེལ་སྣང་གསལ་སྒྲོན་མེའི་མཆོད་པ་འདི།   །ཁྱབ་བདག་བླ་མ་མཆོག་གསུམ་རྩ་བ་གསུམ།   །རབ་འབྱམས་སྐྱབས་གནས་རྒྱ་མཚོའ་ཚོགས་ལ་འབུལ།   །ཡེ་ཤེས་སྤྱན་ལ་གསལ་འགྲིབ་མི་མངའ་ཡང་།   བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི།   །མ་རིག་སྒྲིབ་གཉིས་མུན་པ་རབ་སེལ་ནས།   །ཡང་དག་ཤེས་རབ་མཆོག་གི་མིག་ [19b] ཐོབ་ཤོག  །   ཅེས་པའམང་བཙུན་མ་རྣམ་གྲོལ་དབང་མོས་དོན་དུ་གཉེར་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།
༈     །ཟབ་གཏེར་བསྟན་པ་རྒྱས་པའི་སྨོན་ལམ་དྲང་སྲོང་བདེན་པའི་ཚིག་གི་དབྱངས་སྙན་ནི། ས་བཅུའི་དབང་ཕྱུག་བདུད་འདུལ་ནུས་ལྡན་རྩལ།   །གྲུབ་པའི་འཁོར་བསྒྱུར་ཁྲག་འཐུང་བདུད་འཇོམས་གླིང་།   །གསང་ཆེན་སྙིང་པོའི་ཤིང་རྟ་གོང་འོག་གི   །   ཟབ་གཏེར་རིང་ལུགས་ཕྱོགས་དུས་ཀུན་ཁྱབ་ཤོག    །དགོངས་པ་ཡོངས་འདུས་ཟབ་ལམ་བླ་སྒྲུབ་ཕུལ།   །གནམ་ལྕགས་སྤུ་གྲི་དཔལ་ཆེན་ཐུགས་སྒྲུབ་བཅུད།   །མཁའ་འགྲོའི་སྙིང་ཐིག་ཨ་ཏི་རྫོགས་པ་ཆེའི།   །བསྟན་པའི་རྒྱལ་མཚན་མི་ནུབ་རྟག་བསྒྲེང་ཤོག  །   བསྟན་འཛིན་སྐྱེས་བུའི་ཞབས་པད་བསྐལ་བརྒྱར་བརྟན།   །བརྟན་འགྲོར་སྨན་པའི་བཞེད་རྒུ་ལྷུན་གྱིས་འགྲུབ།   །དགེ་འདུན་སྡེ་གཉིས་བཤད་སྒྲུབ་མངའ་ཐང་འཕེལ།   །ཡངས་པའི་རྒྱལ་ཁམས་ཕན་བདེས་རབ་འཚོ་ཤོག    །ཅེས་པའང་སྔོན་གྱི་རྣམ་པར་དགེ་བའི་ལས་འཕྲོ་དུས་སུ་སད་པ་མཁྱེན་བརྩེའི་བདག་ཉིད་ཆོས་མཛད་བླ་མ་འགྱུར་མེད་བསྟན་འཛིན་རྡོ་རྗེ་ནས་ཕུལ་དུ་བྱུང་བའི་མཆོད་རྫས་ཀྱི་དངོས་པོ་གྱ་ནོམ་པའི་སྐྱེས་དང་བཅས་ཏེ་དང་བའི་གསུང་གིས་ཡང་ཡང་བསྐུལ་བའི་ཐོག་ཉེ་ཆར་རང་ལ་མཆོག་ཏུ་གུས་པའི་སྲི་ཞུ་ལྷུར་ [20a] ལེན་པ་བློ་གྲོས་ཉི་མའི་ཀྱང་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་དྲན་པས་གསོས་བཏབ་པ་ལ་བརྟེན་ནས་རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱལ་ཟླའི་ཡར་ཚེས་བརྒྱད་ཀྱི་ཉི་མ་འཆར་ཁའི་དུས་ཀྱི་ཆར་ཤིན་ཏུ་རྟེན་འབྱུང་བཟང་པོས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈    །   རིག་འཛིན་སྡེ་སྣོད་བྱེ་བའི་དགོངས་པའི་བཅུད།   །ཀུན་བཟང་ཐུགས་ཀྱི་གཏེར་མཛོད་མངོན་སྣང་།   །འགྲོ་འདུལ་བདུད་འཇོམས་དཔའ་བའི་རིང་ལུགས་མཆོག  །   འཛམ་གླིང་ཀུན་ཁྱབ་མི་ནུབ་གསལ་བར་ཤོག  །   ཅེས་པའང་ལྷག་པའི་བསམ་པ་པདྨ་དཀར་པོ་ལྟར་འཛུམ་པ་བླ་མ་ཡེ་ཤེས་རབ་གསལ་གྱིས་བསྐུར་བ་དོན་ཡོད་པར་བྱ་བའི་ཕྱིར་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱིས་ཆེད་དུ་བརྗོད་པ་ཛ་ཡནྟུ།།   །། 
༈    །   གྲུབ་བརྙེས་རིག་འཛིན་ཌཱ་ཀིའི་འཁོར་ལོས་སྒྱུར།   །སྔོན་མེད་གདམས་ཟབ་མཁའ་འགྲོའི་གསང་མཛོད་བདག  །   མཁའ་སྤྱོད་དབང་མོ་བདེ་བའི་རྡོ་རྗེ་ཡི།   །རིང་ལུགས་ཕྱོགས་མཐར་འཕེལ་རྒྱས་རྟག་ཁྱབ་ཤོག  །   ཅེས་ཡེ་ཤེས་ཌཱ་ཀིའི་གཙོ་མོ་འདི་ཉིད་ཀྱི་རྣམ་ཐར་ལ་རྒྱུ་མཚན་ཤེས་པའི་དད་པ་བརྟན་པོ་ཐོབ་སྟེ་གང་གི་ཐུགས་ཀྱི་སྲས་མཆོག་བྱར་མེད་རང་གྲོལ་གྱི་རྣལ་འབྱོར་པ་ཁྲོ་རྒྱལ་རྡོ་རྗེ་ལས་ཟབ་ཆོས་ཡོངས་རྫོགས་ཀྱི་སྨིན་གྲོལ་རྒྱབ་བརྟེན་བུམ་པ་གང་བྱོས་སུ་ནོས་པའི་ཚེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཁའ་ [20b] འགྲོ་འདུ་བའི་དུས་བཟང་པོར་སྙིང་ནས་འདུན་པ་དྲག་པོས་སྨོན་ཚིག་ཏུ་སྤེལ་བ་སིདྡྷི་རསྟུ།།   །། 
༈     །བཀྲ་ཤིས་ངོ་མཚར་བས༷མ་ཡས༷་ཆོས་ཀྱི་མཛོད།   །།   ཐུགས་བསྐྱེད་མི༷་འགྱུར༷་ཟན་ཡངས་རྡོ་རྗེ་གདན།   །ལྷུན༷་གྲུབ༷་འཛམ་གླིང་མཛེས་པའི་མཆོད་སྡོང་འདི།   །ནམ་ཡང་མི་ཉམས་རྟག་བརྟན་དར་རྒྱས་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་ཤུབྷཾ།།   །། 
༈    །   བྱང་བན་སྒྱུ་འཕྲུལ་པདྨ་འོད་འབར་དངོས།   །གཏེར་བྱིན་གྲུབ་པའི་ཚོགས་རྗེ་འཇའ་ཚོན་སྙིང་།   །གང་གི་ཟབ་གཏེར་རིང་ལུགས་རྨད་བྱུང་མཆོག    །སྲིད་མཐའི་བར་དུ་མི་ཉམས་རྟག་ཁྱབ་ཤོག    །གྲུབ་པའི་བསྟི་གནས་བང་རི་འཇོག་པོའི་གླིང་།   །རིག་འཛིན་འདུས་པའི་ཚོམ་བུས་ཡོངས་གང་སྟེ།   །བཤད་སྒྲུབ་ཕྲིན་ལས་མངའ་ཐང་འོད་པོ་ཆེས།   །གངས་ལྗོངས་ཕན་བདེའི་པད་ཚལ་བཞད་གྱུར་ཅིག    །ཅེས་པའང་བང་རི་བཀྲ་ཤིས་འོད་འབར་གྱི་བསྟན་པ་རྒྱས་པའི་སྨོན་ཚིག་འདི་ནི་གདན་ས་དེ་ཉིད་ཀྱི་སྤྲུལ་པའི་སྐུ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དབོ་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པར་སྤེལ་བ་སིདྡྷི་རསྟུ།།   །། 
༈ །སྨོན་པའི་རྒྱས་འདེབས་དྲང་སྲོང་བདེན་ཚིག་དགེ ། རྒྱལ༵་ཀུན་སྙིང་རྗེའི་དབ༵ང་ཕུག་གྲུ་འཛིན་མགོན། ། [21a] རྒྱལ་བསྟ༵ན་འཛི༵ན་མའི་ཁྱོན་ལ་མངའ་བསྒྱུར་བཞིན། །རྒྱལ་མཆོག་ཚེ་ལྷའི་ངོ་བོར་འཚོ་གཞེས་ཏེ། །རྒྱལ་བ་རྒྱ་མ༵ཚོ༵འི་རྣམ་ཐར་ཡོངས་འགྲུབ་ཤོག ། སྟོན་པའི་ཞལ་སྐྱིན་མཐོང་གྲོལ་ཡིད་བཞིན་ནོར། །གདེངས་ཅན་འདྲེན་པའི་མཛད་པ་རྒྱང་བསྲིངས་ནས། །ཆོས་ཚིགས་ཡུལ་དབུས་གངས་ཅན་གནྡྷོ་ལར། །སྐྱེ་རྒུའི་བསོད་ནམས་ཞིང་དུ་ཡུན་གནས་ཤོག །ཕུན་ཚོགས་དག༵འ་བ་སྟོང་ལྡན༵་ལྷའི་ཕོ༵་བྲ༵ང་། །ཐེག་མཆོག་ཆོས་ཀྱིས་འཁོར་ལོས་སྒྱུར་བའི་སྟོབས། །དགེ་མཚན་ཕྱོག༵ས་ལ༵ས་རྣམ༵་རྒྱལ༵་ལྷུུན་པོའི་དཔལ། །ས་གསུམ་འགྲོ་བའི་ཉེར་འཚོར་རྟག་བརྟན་ཤོག ། འཛ༷མ་བུའི་སྒྲས་བསྔགས་གླིང་འདིའི་སྐྱེ་འགྲོ་ཀུན། །ལྔ་བདོའི་ཁྲི་མུན་འཆིང་ཞགས་ལས་གྲོལ་ཏེ། །ཞི༷་བསིལ་མཆོག་གསུམ་ཐུགས་རྗེའི་འོད་སྣང་དང་། །མི་འབྲལ་བདེ༷་སྐྱིད་རྫོགས་ལྡན་དཔལ་ཐོབ་ཤོག །ཅེས་པའང་སྒྱུར་བྱེད་རྒྱལ་ཟླའི་ཡར་ཚེས་དགའ་བ་དང་པོའི་ཉི་མ་དགེ་བར་ཤཱཀྱའི་དགེ་བསྙེན་རིག་སྔགས་སྨྲ་བའི་དྲང་སྲོང་ཀུན་ཏུ་རྒྱུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་ལྷག་བསམ་དག་པའི་བདེན་ཚིག་ཏུ་བརྗོད་པ་དོན་དང་ལྡན་པར་གྱུར་ཅིག། །། ༈ །བ༵དུད་འ༵དུལ་པདྨ་རྒྱལ་པོའི་རིང་ལུགས་མཆོག །སྔ་འགྱུར་རིག་འཛིན་ཚོམ་ [21b] བུ་འབུམ་སྡེ་ཡིས། །ཡངས་པའི་ཁྱོན་གང་ནུབ་མེད་ར༵བ་བརྟན༵་ཅིང་། །ཕྲིན་ལས་འཛམ་གླིང༵་ཀུན་ཁྱབ་བཀྲ་ཤིས་ཤོག ། ཅེས་པའང་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་གྱིས་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྕགས་ཕག་ས་ཟླའི་ཡར་ཚེས་བཅུའི་སྔ་ཆར་བྲིས་པ་དོན་ལྡན་དུ་གྱུར་ཅིག། །། ༈ །མཆོག་གསང་ཐེག་རྩེ་ངེ༵ས་དོ༵ན་ལམ་བཟང་ཕུལ། །བསྐྱེད་རྫོགས་ཟུ༵ང་འཇུ༵ག་རྡོ་རྗེའི་ཟློས་གར་རྒྱས། །གྲུབ༵་པའི་རྒྱལ་ཐབས་རང་དབང་བསྒྱུར་བའི་གླིང་། །ཕན་བདེའི་དག༵འ་ཚལ༵་ཡུན་གནས་དར་རྒྱས་ཤོག ། ཅེས་རྟ་མགོན་ཆོས་དབྱིངས་རྫོང་གི་སྒྲུབ་སྡེའི་བསྟན་རྒྱས་སྨོན་ཚིག་འདིའང་སློབ་དཔོན་ངེས་དོན་བསྟན་འཛིན་དཔལ་ལྡན་བཟང་པོའི་གསུང་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །། ༈ །སྔ་འགྱུར་ངེ༵ས་གསང་ཟབ་དོ༵ན་བདུད་རྩིའི་རྒྱུན། །བཤད་སྒྲུབ་བུམ་བཟང་བཅུད་དུ་འཛིན་པའི་སྡེ། །ལྷུན་གྲུབ་དག༵འ་བའི་ཚ༵ལ་འདི་འཛམ་གླིང་གི། །མཛེས་རྒྱན་ཉིད་དུ་རྟག་བརྟན་དར་རྒྱས་ཤོག །ཅེས་པའང་ཆོས་སྡེ་གང་དེའི་འདུས་ཚོགས་སྤྱི་མགྲིན་ནས་བཀྲ་ཤིས་པའི་རྟེན་དང་བཅས་ཏེ་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་ཟླའི་ཡར་ངོ་དགའ་བ་དང་པོའི་ཚེས་ཀྱི་སྔ་ཆར་འདུན་སྨོན་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །། ༈ ། ཨོ༵་རྒྱན༵་ཆོས༵་ཀྱི་རྒྱལ་པོའི་རིང་ལུགས་ [22a] མཆོག །གསང་ཆེན་རྡོ་རྗེའི་རྫོང༵་མཁར་ལྷུན་པོའི་དཔལ། །སྲིད་པའི་མཐར་ཡང་མི་ཉམས་རབ་བརྟན་ཅིང་། །ཕྲིན་ལས་མངའ་ཐང་ཕྱོགས་ལས་རྣམ་རྒྱལ་ཤོག །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨོན་པ་དགེ། །། ༈ །དཀོན་མཆོག་རྩ་གསུམ་སྐྱབས་ཀུན་འདུས་པའི་སྐུ། །སྣང་སྲིད་ཟིལ་གནོན་ཨོ་རྒྱན་རིན་པོ་ཆེ། །གསོལ་འདེབས་བུ་ལ་ཐུགས་རྗེས་བརྩེར་དགོངས་ནས། །བསམ་དོན་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །སྙིགས་དུས་རང་རྟགས་མི་ཐུབ་ལྔ་བདོ་ཞིང་། །མི་རྣམས་ཤེས་རྒྱུད་བསམ་སྦྱོར་ལོག་པའི་མཐུས། །བསོད་ནམས་སྟོབས་ཟད་ལས་ངན་མཚོ་ཆེན་བརྡོལ། །སྡུག་བསྔལ་ཉམ་ཐག་འདི་ལས་ད་སྐྱོབས་ཤིག ། ལྷོ་ལྗོངས་འདིས་མཚོན་ཡངས་པའི་རྒྱལ་ཁམས་སུ། །བཙའ་སད་ཐོག་སེར་ཤྭ་འུད་ཆུ་ལོག་དང་། །ས་གཡོས་རི་ཉིལ་རླུང་ཐན་མེ་དགྲ་སོགས། །སྣོད་ཀྱི་ཉེས་ཚོགས་ཞི་བར་བྱིན་གྱིས་རློབས། །མི་ཕྱུག་ནད་ཡམས་འགོ་བའི་ནད་ཀྱི་རིགས། །ཟ་འདྲེ་ཤི་གཤེད་གསོན་འདྲེ་འབྱུང་པོས་འཚེ། །དུས་མིན་འཆི་རྐྱེན་གློ་བུར་ཐན་ལྟས་སོགས། །བཅུད་ཀྱི་ཉེས་ཚོགས་ཞི་བར་བྱིན་གྱིས་རློབས། །ཆར་ཆུ་དུས་འབེབས་ལོ་ཕྱུགས་ [22b] རྟག་ཏུ་ལེགས། །ཚེ་རིང་ནད་མེད་འབྲུ་ནོར་ལོངས་སྤྱོད་འཕེལ། །དབུལ་ཕོངས་འཐབ་རྩོད་མིང་ཡང་མི་གྲགས་པར། །བདེ་སྐྱིད་དཔལ་གྱིས་འཚོ་བར་བྱིན་གྱིས་རློབས། །ཁྱད་པར་དུས་ངན་ཡོ་ལང་རྩུབ་འགྱུར་འཕྲུལ། །རྒྱ་འདྲེ་དམ་སྲི་འགོང་པོའི་གནོད་གདུག་དབལ། །མཐའ་དམག་ཀླ་ཀློའི་རྒོལ་ངན་འཁྲུགས་རྩོད་དཔུང་། །ཕྱིར་ཟློག་རྩད་ནས་ཆོད་པར་བྱིན་གྱིས་རློབངས། །མི་དང་མི་མིན་ལྷ་འདྲེ་སུ་ཡང་རུང་། །ནག་ཕྱོགས་དཔུང་ཉམས་དཀར་ཕྱོགས་དབུ་འཕང་མཐོ། །ཆོས་ལྡན་རྒྱལ་སྲིད་མངའ་ཐང་མཐའ་ནས་རྒྱས། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །རྒྱལ་བསྟན་མདོ་སྔགས་ཆོས་ཚུལ་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་རྟག་འགོད་པའི། །བསྟན་འཛིན་ཚོགས་རྣམས་དབྱར་མཚོ་ལྟར་འཕེལ་བས། །ཕན་བདེའི་འདོད་རྒུ་འཇོ་བར་བྱིན་གྱིས་རློབས། །མདོར་ན་བདག་སོགས་ཁྱོད་ཀྱི་གདུལ་བྱ་རྣམས། །ལས་རྐྱེན་ངན་པའི་དབང་དུ་མི་བཏང་བར། །ནམ་ཡང་མི་འབྲལ་བརྩེ་བས་རྗེས་བཟུང་ནས། །དོན་གཉིས་བསམ་པ་ལྷུན་གྲུབ་བཀྲ་ཤིས་སྩོལ། །ཅེས་པའང་མཁྱེན་རྟོགས་ཐུགས་རྗེའི་བདག་ཉིད་སློབ་དཔོན་བསོད་ནམས་བཟང་པོ་ནས་ལྷ་གོས་ཉིན་མོ་བདེ་ལེགས་དང་བཅས་ནན་ [23a] ཏན་ཆེན་པོའི་གསུང་གིས་བསྐུལ་བ་བཞིན། ཨོ་རྒྱན་བླ་མ་དགྱེས་པའི་བཀའ་འབངས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྕགས་ཁྱི་ས་ཟླའི་ཡར་ཚེས་བཅོ་ལྔའི་དུས་ཆེན་ཉིན་ཤར་མར་བྲིས་པ་དོན་དུ་གྱུར་ཅིག། །། ༈ །རྒྱལ་བསྟན་སྙིང་པོ་སྔ་འགྱུར་པདྨའི་སྲོལ། །ཟབ་གསང་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི། །བཤད་སྒྲུབ་སྣང་བས་ས་སྟེང་ཀུན་ཁྱབ་སྟེ། །ཕུན་ཚོགས་བཀྲ་ཤིས་འཕེལ་རྒྱས་བརྟན་གྱུར་ཅིག །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨོན་པ་ཤུ་བྷཾ།། །། ༈ །དཀྱིལ་འཁོར་ཀུན་བདག་བླ་མ་རྡོ་རྗེ་སེམས། །རང་རིག་ངོ་བོར་རྟོགས་པའི་གདིང་ཚད་ཀྱིས། །འདའ་ཁའི་དུས་བབ་ཅིར་སྣང་བདེ་སྟོང་ངང་། །དག་པ་རབ་འབྱམས་དབྱིངས་སུ་འཕོ་བར་ཤོག །ཐོག་མའི་གཞི་ལ་འོད་གསལ་མ་བུ་འདྲེས། །རྩལ་སྣང་ཆོས་ཉིད་རང་སྣང་རང་ངོ་ཤེས། །སྲིད་པའི་ལམ་དགག་མཁའ་སྤྱོད་ཞིང་མཆོག་བགྲོད། །འཁོར་བར་མི་ལྡོག་བཙན་ས་ཟིན་པར་ཤོག ། རྡོ་རྗེ་ཐེག་པའི་མྱུར་ལམ་ལ་བརྟེན་ནས། །དཀའ་བ་མེད་པ་རིག་འཛིན་ས་བགྲོད་དེ། །རང་དོན་ཆོས་སྐུའི་གོ་འཕང་མངོན་དུ་གྱུར། །གཞན་དོན་གཟུགས་སྐུས་འགྲོ་ཁམས་དོང་སྤྲུགས་ཤོག ། ཅེས་པའང་གར་ཞྭ་བླ་མ་ཀུན་ [23b] དགའ་རིན་པོ་ཆེའི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། ༈ །བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་དགོངས་པའི་བཅུད། །ཐུན་མིན་མན་ངག་མཁའ་འགྲོའི་སྙིང་གི་ཁྲག ། གསང་སྔགས་སྙིང་པོ་དགོངས་པ་འདུས་ཆེན་གྱི། །བསྟན་པ་མི་ནུབ་ཕྱོགས་བརྒྱར་འཕེལ་རྒྱས་ཤོག །ཅེས་པའང་བླ་མ་དགོངས་པ་འདུས་པའི་སྨིན་གྲོལ་རྫོགས་པར་སྤེལ་བའི་སྐབས་སུ་ཛྙཱ་ནས་སྨོན་པའོ།། །། ༈ ། འོ༵ག་མི༵ན་ས་ལ་སྤྱོད་པ་དཔལ་གྱི་ཞིང་། །པ༵དྨ༵་དགྱེས་པ་འོ༵ད་གསལ་རྡོ་རྗེའི་མཛོད། །རི༷ག་འཛི༷ན་ཌཱ་ཀིའི་འདུ་གླི༵ང་དག༷འ་བའི་ཚ༷ལ། །སྲིད་པའི་རྒྱན་གྱུར་རྟག་ཁྱབ་བདེ་ལེགས་ཤོག །ཅེས་པའང་ཁམས་ཁྱུ་མཆོག་གི་ལོ་དབང་ཆེན་སྤྲལ་ཟླའི་ཚེས་བཅུ་ལ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་སྤེལ་བ་ཛ་ཡནྟུ།། །། ༈ ། ཐེག་མཆོག་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན། །ཐུབ་བསྟན་གླིང་བཞིའི་མཁའ་ལ་ཡོངས་འཕགས་ཏེ། །འཇིགས་བྲལ་ཆོས་ཀྱི་རྒྱལ་སྲིད་འབྱོར་པའི་དཔུང་། །ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་དཔལ་འབར་ཤོག །ཅེས་པའང་ས་གླང་སྣྲོན་ཟླའི་ཡར་ངོ་རྒྱལ་བ་གསུམ་པའི་དུས་ཚེས་དགེ་བར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆེད་དུ་བརྗོད་པ་སིདྡྷི་རསྟུ།། །། [24a] ༈ །སྨོན་ལམ་དྲང་སྲོང་བདེན་ཚིག་བཞུགས། བླ་མ་མཆོག་གསུམ་རྒྱལ་བ་སྲས་དང་བཅས། །རྩ་གསུམ་དཔའ་བོ་མཁའ་འགྲོ་དམ་ཅན་ཚོགས། །དྲང་སྲོང་བདེན་གྲུབ་མངའ་བའི་མཐུ་བྱིན་གྱིས། །བདག་ཅག་སྨོན་པའི་དོན་འདི་ངེས་འགྲུབ་ཤོག །ཆོས་སྐྱོང་རྒྱལ་པོའི་དབུ་འཕང་དགུང་དུ་བསྙེགས། །ཆོས་ལྡན་ཆབ་སྲིད་དར་རྒྱས་ཡུན་དུ་བརླིང་། །ཆོས་མཐུན་ཁྲིམས་ཀྱི་སྐྱེ་འགྲོ་བདེ་ལ་སྦྱོར། །ཆོས་སྲིད་མངའ་ཐང་ཕྱོགས་ལས་རྣམ་རྒྱལ་ཤོག ། ཉེ་བའི་ཚནྡྷོ་བལ་ལྗོངས་རྒྱལ་ཁམས་འདིར། །ནད་མུག་འཁྲུག་རྩོད་འབྱུང་ཞི་གཡོ་འཁྲུགས་སོགས། །མི་མཐུན་རྒུད་པའི་མིང་ཡང་མི་གྲགས་པར། །སྣོད་བཅུད་དཔལ་འབྱོར་ལེགས་ཚོགས་གོང་འཕེལ་ཤོག །འབངས་ཀྱིས་རྗེ་ལ་བྱམས་པའི་ཕ་མ་དང་། །རྗེ་ཡིས་འབངས་ལ་གཅེས་པའི་བུ་སྡུག་བཞིན། །ཀུན་ནས་མཛའ་བརྩེའི་མཐོང་ཚུལ་མ་ལོག་པས། །ཞི་བདེའི་རང་ནོར་རང་གིས་སྤྱོད་ནུས་ཤོག ། ཀུན་ཕན་བྱང་ཆུབ་སེམས་ཀྱི་མདའ་བོ་ཆེས། །ལོག་འདྲེན་དྲེགས་ལྡན་དཔུང་ཚོགས་སྙིང་རྨས་ཏེ། །མོས་པ་རྣམ་བཞིའི་རླུང་གིས་ཡིད་བཏེགས་ནས། །ལུས་དབང་ [24b] གུས་པའི་ཕྱག་གིས་ཡོངས་འདུད་ཤོག །ཁྲིམས་སྲོལ་དྲང་པོའི་ཚངས་ཐིག་གཞུང་བསྲང་ཚེ། །གཡོན་ཅན་གྱ་གྱུའི་འཕྲང་ལ་གཟན་སྲིད་ཀྱང་། །བདེན་པའི་རྒྱབ་སྐྱོར་དྲང་པོའི་དཔུང་བསྒྲིགས་ཏེ། །ཆབ་སྲིད་མི་འགྱུར་རྩ་བ་བརྟན་ཚུགས་ཤོག །སྟེང་ནས་ལྷ་རྣམས་མེ་ཏོག་ཆར་དུ་འབེབས། །འོག་ནས་ཀླུ་རྣམས་ནོར་བུའི་གྲམ་ཐང་བརྡལ། །བར་དུ་མི་རྣམས་བདེ་སྐྱིད་རྒྱ་མཚོར་འཁྱིལ། །བསམ་དོན་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག ། ཅེས་པའང་ཤར་ཁུམ་སྟེང་པོ་ཆེའི་མཆོག་སྤྲུལ་ངག་དབང་བསྟན་འཛིན་བཟང་པོའི་གསུང་གིས་བསྐུལ་བ་ལས། སློབ་དཔོན་སངས་རྒྱས་གཉིས་པའི་གདམས་ངག་སྨྲ་བའི་དྲང་སྲོང་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཛ་ཡནྟུ།། །། ༈ །རྒྱལ་དབང་པདྨའི་རྒྱལ་ཚབ་རིག་པ་འཛིན། །འགྲོ་འདུལ་གླིང་པའི་འགྲོ་དོན་བཞེད་པ་ཀུན། །གེགས་མེད་ལྷུན་འགྲུབ་འགལ་རྐྱེན་གཡུལ་ལས་རྒྱལ། །བསྟན་འཛིན་མཐའ་རྒྱས་བསྟན་པ་ཡུན་གནས་ཤོག །ཅེས་པའང་ཐེག་མཆོག་རྡོ་རྗེའི་ངོར་ཛྙཱ་ནས་སོ།། །། ༈ །རབ་འབྱམས་སྐྱབས་གནས་རྒྱ་མཚོ་འདུས་པའི་སྐུ། །དྲན་པས་གདུང་སེལ་བླ་མ་ཡིད་བཞིན་ནོར། །གསོལ་ [25a] འདེབས་བུ་ལ་བརྩེ་བས་འདིར་དགོངས་ཏེ། །སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །འཇིག་རྟེན་ཕན་བདེའི་གཞིར་གྱུར་རྒྱལ་བའི་བསྟན། །མདོ་སྔགས་ཟབ་རྒྱའི་ཆོས་ཚུལ་རྒྱ་མཚོའི་རྒྱུན། །བཤད་དང་སྒྲུབ་པའི་ཕྲིན་ལས་ལ་བརྟེན་ནས། །ནམ་ཡང་མི་ཉམས་གོང་ནས་གོང་འཕེལ་ཤོག །བསྟན་འཛིན་སྐྱེས་བུ་འདུས་པའི་དགེ་འདུན་བཅས། །གང་ན་སུ་བཞུགས་ལུས་ཅན་མགོན་གྱུར་རྣམས། །ཞབས་པད་མི་ཤིགས་རྡོ་རྗེར་རྟག་བརྟན་ནས། །འཁོར་ལོ་གསུམ་གྱི་མཛད་ཕྲིན་རབ་རྒྱས་ཤོག །ཡུལ་ཕྱོགས་འདིས་མཚོན་འཛམ་གླིང་ཁྱོན་རྣམས་སུ། །ནད་མུག་མཚོན་དབལ་འབྱུང་བཞིའི་གཡོ་འཁྲུགས་སོགས། །མི་འདོད་སྡུག་བསྔལ་མིང་ཡང་མི་གྲགས་པར། །ཕུན་ཚོགས་བདེ་སྐྱིད་སྣང་བས་འཚོ་བར་ཤོག །སྐྱེ་འགྲོ་མ་ལུས་སྡིག་ཏོའི་ལྟ་ངན་བྲལ། །ཡང་དག་དད་དང་ཤེས་རབ་སྣང་བ་རྒྱས། །རྒྱུད་ལ་བྱང་ཆུབ་སེམས་མཆོག་ངང་གིས་སྐྱེས། །གཏན་གྱི་བདེ་བའི་འདུན་མ་ཟིན་པར་ཤོག ། བདག་ཅག་ལྷག་བསམ་དག་པའི་སྨོན་ལམ་འདི། །རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཉིད་གྱུར་ནས། །ཐུགས་རྗེ་རྟེན་འབྲེལ་བསླུ་མེད་བདེན་ [25a] པའི་མཐུས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་སྨོན་པའི་ཚིགས་བཅད་ཕར་ཕྱིན་གྲངས་ལྡན་འདི་ཉིད་མོན་གྱི་སྔགས་བན་ཀུན་བཟང་སྟོབས་རྒྱལ་ནས་ལྷ་གོས་ཉིན་མོ་བདེ་ལེགས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་དགེ། །། ༈ །འཛམ་གླིང་སྤྱི་དང་ཡུལ་ཁམས་འདི་དག་ཏུ། །ནད་མུག་མཚོན་སོགས་སྡུག་བསྔལ་མིང་མི་གྲགས། །ཆོས་ལྡན་བསོད་ནམས་དཔལ་འབྱོར་གོང་དུ་འཕེལ། །རྟག་ཏུ་བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག ། ཛྙཱ་ནས་སོ།། །། ༈ །མཁན་སློབ་ཆོས་གསུམ༷་རིང་ལུགས་ཆེ། །འཛམ་གླིང་ས་གསུམ༷་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ༷་སྣང་བ་དང་། །མི་འབྲལ་དུས་གསུམ༷་དགེ་ལེགས་ཤོག ། ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། ༈ །པད་འབྱུང་གནུབས་ཆེན་ཡེ་ཤེས་སྒྱུ་མའི་གར། །འགྲོ་འདུལ་རིག་འཛིན་པད་རྒྱལ་གླིང་པ་ཡི། །རིང་ལུགས་ཕྱོགས་དུས་ཀུན་ཏུ་ཁྱབ་པ་དང་། །བསྟན་འགྲོའི་ཕན་བདེའི་ལེགས་ཚོགས་རབ་འཕེལ་ཤོག ། ཡེ་ཤེས་རྡོ་རྗེས་སོ།། །། ༈ །ཉེས་རྒུད་མུན་པའི་གཡུལ་ལས་རྣམ༵་རྒྱལ༵་བའི། །བསོད་ [26a] ནམས་ཟླ༵་བ༵་གཞོན་ནུའི་འཛུམ་ཟེར་གྱིས། །ཕན་བདེའི་ཀུ་མུད་དགའ་ཚལ་བསྐྱེད་བསྲིང་བཞིན། །ས་སྟེང་མཛེས་པའི་དཔལ་དུ་ཁྱོད་གྱུར་ཅིག །ཅེས་པའང་ཛྙཱ་ནས་སོ།། །། ༈ ། ཨོ་རྒྱན་ཀརྨ་པ་ཡི་ཐུགས་བསྐྱེད་བཞིན། །བཀའ་བབ་བརྒྱུད་ལྡན་བཀ༵འ་གཏེར་གསར་རྙིང༵་བཅུད། །བཤ༵ད་སྒྲུབ༵་ཟུང༵་འཇུ༵ག་ཆོས་འཁོར་ལྷུན་པོ་འདི། །འཛམ་གླི༵ང་མཛེས་པའི་རྒྱན་དུ་ཡུན་གནས་ཤོག །བདུད་འཇོམས་པས་སོ།། །། ༈ །དད་སོགས་འཕགས་ནོར་གྱིས་ཕྱུག་སྐལ་བཟང་ཚོགས། །པད་མཚོར་ངང་པ་ཇི་བཞིན་འདིར་འདུས་ནས། །ཐོས་བསམ་སྒོམ་པའི་རྒྱལ་བསྟན་སྲོག་བཟུང་སྟེ། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག ། ཅེས་པའང་ཛྙཱ་ནས་སོ།། །། ༈ །ཚེ༷་དབ༷ང་རིག་འཛིན་པདྨའི་བྱིན་རླབས་ཀྱིས། དོ༷ན་གཉིས་བསྒྲུབ་པའི་ལྷག་བསམ་ནོར་ལྡན་ལ། །བཤད་སྒྲུབ་འཁོར་ལོ་གསུམ་གྱི་དཔལ་འབྱོར་ཏེ། །གསང་ཆེན་མངའ་ཐང་ཕྱོགས་ལས་རྣམ་རྒྱལ༵་ཤོག །ཅེས་པའང་ཤཱཀྱའི་དགེ་སྦྱོང་ཚེ་དབང་དོན་རྒྱལ་ཉིད་སྔ་འགྱུར་རིགས་གཞུང་བཤད་གྲྭའི་ཆོས་འཆད་མཁན་པོར་དབང་བསྐུར་ [26b] བའི་ཚེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།། །། ༈ །འབྲས་ལྗོངས་སྒང་ཏོག་བཤད་གྲའི་མཁན་པོ་ལ། ངོ་མཚར་ཕན་བདེ༵་མ་ལུས་འབྱུང་བའི་གཞི། །རྒྱལ་བསྟན་རིན་ཆེ༵ན་མཛོད་འདི་བཤད་སྒྲུབ་ཀྱིས། །བཟུང་ནས་རྡོ༵་རྗེ༵་ཐེག་པའི་དགའ་སྟོན་ལ། །སྐལ་བཟང་མགྲོན་དུ་འབོད་པའི་གཉེར་ལོངས་ཤོག །ཇི་སྙེད་མང་ཐོས་ནོར་གྱིས་ཕྱུག་པས་མཁ༷ས། །བསམ་བྱུང་བློ་ཡིས་སྒོ་གསུམ་དུལ་བས་བཙུན༵། །སྒོམ་བྱུང་ཤེས་རབ་གཏེར་གྲོལ་བཟ༷ང་པོའི་ཕུལ། །དམ་པའི་རྣམ་ཐར་གཙང་མ་བདག་གིར་བྱོས། །སྙིགས་མའི་མཐར་ཡང་ཨོ་རྒྱན་མཁན་པོ་ཡི། །རིང་ལུགས་དྲི་མེད་མདོ་སྔགས་གཞུང་རབ་འབྱམས། །འཆད་སྤེལ་ཕྲིན་ལས་ཁ་ལོ་ཕྱོགས་བརྒྱ་རུ། །བསྒྱུར་སྙམ་བརྩོན་པའི་སྙིང་སྟོབས་ཆེར་བསྐྱེད་མཛོད། །ལྷག་བསམ་ཉིན་བྱེད་འཛུམ་གྱིས་བསྐྱེད་བསྲིངས་པའི། །སྨོན་ཚིགས་པད་དཀར་བཞད་པའི་འདབ་སྟོང་ཆར། །བདུད་འཇོམས་བདག་གིས་ཁྱོད་ལ་དེང་འདིར་འཐོར། །ཀུན་ཏུ་དགེ་མཚན་འགྲིབ་མེད་གསལ་གྱུར་ཅིག །ཛྙཱ་ནས་སོ།། །། ༈ མཁན་པོ་པདྨ་ཤེས་རབ་ལ། སངས་རྒྱས་གཉིས་པ་པ༵དྨ༵་ [27a] སམྦྷ་ཝའི། །རིང་ལུགས་དྲི་མེད་མདོ་སྔགས་གཞུང་རབ་འབྱམས། །ཚུལ་གནས་ཐོས་དང་བསམ་པའི་ཉེར་ལེན་གྱིས། །སྒོམ་བྱུང་ཤེས༵་ར༵བ་སྤེལ་ལ་རིང་པ་བཞིན། །ལེགས་གསུངས་དོན་གྱི་གཏིང་དཔོག་མཁ༷ས་པའི་གྲོལ། །འགྲིམ་བཞི་བསླབ་གསུམ་ནོར་ལྡན་བཙུན༷་པའི་ཁྱུར། །སྐྱེས་བཟ༷ང་བཤད་སྒྲུབ་བདུད་རྩིའི་དགའ་སྟོན་ཉིད། །ཅི་དགར་སྤྲོས་ཤིག་བསྟན་འགྲོའི་གསོས་སུ་སྨན། །ཀུན་ཏུ་གཡོ་མེད་ལྷག་བསམ་རྩ་བ་བརྟན། །ནམ་ཡང་མི་ལྷོད་བརྩོན་པའི་ཡལ་འདབ་ཕྱུག །འབད་པ་དོན་ལྡན་ཕན་བདེའི་འབྲས་བཟང་སྨིན། །བཀྲ་ཤིས་གྲིབ་བསིལ་སྣུམ་པོས་ཁྱོད་འཚོ་ཤོག ཛྙཱ་ནས་སོ།། །།