ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ སྒྲུབ་པ་ཡེ་ཤེས་ཉི་མ༔

From Dudjom Wiki
DUDJOM-THROMA-014
Wylie title chos nyid nam mkha'i klong mdzod las: ma cig khros ma nag mo yi: sgrub pa ye shes nyi ma: DUDJOM-THROMA-014.pdf
Location khros ma'i sgrub skor
Volume 1, Text 14, Pages 143-157 (Folios 1a1 to 8a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las ma cig khros ma nag mo yi sgrub pa ye shes nyi ma. In Khros ma'i sgrub skor: 143-157. Kalimpong: Mani Dorji, 1979.
Side notes Recto: las byang   Verso: khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang  ·  Sadhanas - Evocation Ritual - sgrub thabs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

རིག་འཛིན་ཆོས་ཉིད་ཀློང་བརྡོལ་གྱིས། །མི་འགྱུར་རིག་པའི་སྒྲོམ་ལས་བཤུས། །རྡོ་རྗེ་བཟང་པོས་བསྐུལ་བའི་ངོར། །སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ། །དག་པར་ཕབ་པའི་ཡི་གེ་པ། །རྣལ་འབྱོར་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

rig 'dzin chos nyid klong brdol gyis/_/mi 'gyur rig pa'i sgrom las bshus/_/rdo rje bzang pos bskul ba'i ngor/_/smar mdo bkra shis dga' 'khyil du/_/dag par phab pa'i yi ge pa/_/rnal 'byor phun tshogs bkra shis so/_/dge'o/_/legs so/_/sarba mang+ga laM//

[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ སྒྲུབ་པ་ཡེ་ཤེས་ཉི་མ་བཞུགས་སོ༔


ཕྚ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་ཅིག་ཁྲོས་མ་ནག་མོ་ཡི༔ སྒྲུབ་པ་ཡེ་ཤེས་ཉི་མ་འདི༔ ཉམས་སུ་ལེན་པའི་རིམ་པ་ལ༔ དཀྱིལ་འཁོར་བཀོད་ལེགས་ཟླ་གམ་སྟེང་༔ མེ་ཏོག་ཚོམ་བུ་མ་འདྲེས་བཀོད༔ འབྱོར་ཚོགས་འདོད་ཡོན་སྣ་ཚོགས་བཤམ༔ སྒྲུབ་གནས་ཤིན་ཏུ་དབེན་པའི་ཚལ༔ གྲོགས་མེད་རྣལ་འབྱོར་གཅིག་པུར་གནས༔ གནས་དང་ས་ཡི་བདག་པོ་ལ༔ དཀར་གསུམ་གཏོར་མ་ཕུལ་ནས་སུ༔ སྒྲུབ་པའི་གྲོགས་སུ་ཕྲིན་ལས་བཅོལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ལ༔ ཕཊ༔ གཞི་སྣང་ལྷུན་གྲུབ་རྫོགས་པ་ཆེར༔ འཁྲུལ་འཁོར་གཞིག་ཕྱིར་སྐྱབས་སུ་མཆི༔ རྣམ་པར་འཁྲུལ་པའི་སྣང་ཆའི་འགྲོ༔ ངོ་བོར་སད་ཕྱིར་བྱང་སེམས་བསྐྱེད༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཕཊ༔ ཀ་དག་སྤྲོས་བྲལ་ཆོས་སྐུའི་མཁར༔ ལྷུན་གྲུབ་རང་གདངས་ཡུམ་ཆེན་ལྔ༔ ཐུགས་རྗེའི་རྩལ་ཤུགས་སྤྲུལ་འཁོར་བཅས༔ ཐུགས་རྒྱུད་བསྐུལ་ལོ་དབང་བྱིན་ཕོབ༔ འཇའ་ལུས་ཆེན་པོར་བྱིན་གྱིས་རློབས༔ གཞོན་ནུ་བུམ་སྐུའི་དགོངས་པར་རོལ༔ ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཀཱ་ཡ་པཉྩ་ཛྙཱ་ན་པཉྩ་བཛྲ་ས་མ་ཡ་ཛ་ཛཿ ཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཕཊ༔ སྣང་བ་མཐའ་བྲལ་དུར་ཁྲོད་དུ༔ སྲིད་པ་དངོས་འཛིན་རཱུ་དྲའི་བམ༔ བདག་མེད་རོལ་པའི་ཤུགས་ཀྱིས་བསྒྲལ༔ འདོད་འཇོའི་དཔལ་ཡོན་མཆོད་པའི་སྤྲིན༔ ཨོཾ་ཨཱཿཧཱུྃ་མ་ཧཱ་མཱཾ་ས་པཉྩ་ཨ་མྲྀ་ཏ་པཉྩ་སརྦ་པཱུ་ཛ་ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ༔ དེ་ནས་དཀྱིལ་འཁོར་ལྷ་བསྐྱེད་ནི༔ ཕཊ་ཕཊ་ཕཊ༔ ཡེ་གཞི་ཀ་དག་བུམ་སྐུའི་ཀློང་༔ ལྷུན་གྲུབ་འགགས་མེད་ཞིང་ཁམས་སུ༔ ཐུགས་རྗེའི་རང་རྩལ་ཁྲོས་མ་མཐིང་༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་པ༔ རལ་པ་དམར་སེར་གྱེན་དུ་འཁྱྀལ༔ སྤྱི་བོར་ཕག་ཞལ་ནག་པོ་ངུར༔ ཞབས་གཉིས་གར་སྟབས་ཁ་ཊྭཱྃ་བསྟེན༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར༔ ནུབ་ཏུ་པདྨ་མཁའ་འགྲོ་དམར༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་༔ ཀུན་ཀྱང་གྲི་ཐོད་ཁ་ཊྭཱྃ་ཀ༔ གར་སྟབས་རུས་རྒྱན་མེ་དཔུང་འབར༔ མཚམས་བཞིར་ལས་བཞིའི་མཁའ་འགྲོ་མ༔ དཀར་སེར་དམར་ལྗང་འདོར་སྟབས་ཅན༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཡོན་རྣམས་ཐོད་པ་ཁྲག་བཀང་བསྣམས༔ ཕྱི་རིམ་ཁྲག་འཐུང་ཆེན་མོ་བཞི༔ ཤར་དུ་སྦྲུལ་གདོང་སྤྱང་ཞོན་དཀར༔ ལག་ན་ལྕགས་ཀྱུ་གྲི་གུག་བསྣམས༔ ལྷོ་རུ་སེང་གདོང་བོང་ཞོན་སེར༔ ལག་ན་ཐོ་བ་ནོར་བུ་ཐོགས༔ ནུབ་ཏུ་བྱ་གདོང་བྱ་རྒོད་ཞོན༔ དམར་མོ་ཟངས་འདྲེན་པདྨ་བསྣམས༔ བྱང་དུ་དྲེད་གདོང་འཕར་ཞོན་ལྗང་༔ ལག་ན་རྒྱ་གྲམ་སྦྲུལ་ཞགས་ཐོགས༔ རང་རང་ལས་མདོག་ཆས་མཐུན་པའི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོར༔ དེ་མཐར་དབང་ཕྱུག་ཉེར་བརྒྱད་དང་༔ གནས་ཡུལ་དུར་ཁྲོད་ཧེ་རུའི་ཞིང་༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས༔ ཕྱི་རིམ་དཔལ་མགོན་དྲེགས་ཆེན་དང་༔ སྡེ་དཔོན་སུམ་ཅུ་བརྟན་མ་སྐྱོང་༔ ལྷ་སྲིན་སྡེ་བརྒྱད་ལྷ་འདྲེ་དང་༔ སྒོ་བཞིའི་བསྟན་སྲུང་དང་བཅས་པ༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྐྱེད༔ སྐུ་དང་ཡེ་ཤེས་འོད་ཟེར་གྱིས༔ ཁམས་གསུམ་སེམས་ཅན་ལྷ་འདྲེ་རྣམས༔ འོད་གསལ་ཆེན་པོའི་དགོངས་པར་འདྲེས༔ རྫོགས་པ་ཆེན་པོའི་ངང་དུ་ཞིག༔ དེ་ལྟར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་ནས༔ སྐུ་དང་ཡེ་ཤེས་ཞིང་དང་བཀོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས་ནས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་ཐིམ་པར་གྱུར༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་བཛྲ་ས་མ་ཡ་ཛ་ཛཿ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཕཊ༔ སྐྱེ་འགགས་འགྱུར་མེད་གདོད་མའི་གཞི༔ གཉིས་མེད་དོན་གྱི་ཡུམ་ཆེན་ལྔ༔ སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་ལྷ༔ མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་སརྦ་བཛྲ་ས་མ་ཡ་ཛ་ཛ༔ སྟྭཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཕཊ༔ མ་བཅོས་ལྷུན་གྲུབ་ཡེ་ཤེས་ལྷ༔ གཤེགས་བྱོན་བཞུགས་པའི་ཡུལ་ལས་འདས༔ འཁྲུལ་པའི་འཁོར་ལོ་ཆོས་སྐུར་བཤིག༔ མཉམ་པ་ཉིད་དུ་བརྡལ་བར་བཞུགས༔ ས་མ་ཡ་ཛྙཱ་ན་སྟྭཾ་ཏིཥྛ་བཛྲ༔ དེ་ནས་ཕྱག་འཚལ་བ་ནི༔ ཕཊ༔ འཁོར་འདས་ཐམས་ཅད་མཉམ་པ་ཉིད༔ བཟང་ངན་བླང་དོར་མ་མཆིས་པས༔ རང་སྣང་ལྷུན་གྲུབ་རྫོགས་པ་ཆེར༔ ངོ་མཚར་ཆེན་པོས་ཕྱག་འཚལ་ལོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཕཊ༔ སྣང་སྲིད་གཟུང་འཛིན་རཱུ་དྲ་ཀུན༔ བདག་མེད་བརྟུལ་ཞུགས་ཆེན་པོས་བསྒྲལ༔ ནམ་མཁའ་མཛོད་ཀྱི་དགོངས་རྒྱས་གདབ༔ ཕྱི་ནང་གསང་མཆོད་འདོད་ཡོན་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི༔ སྒྱུ་འཕྲུལ་རོལ་པའི་ཚོགས་ལ་འབུལ༔ མཆོག་གི་དངོས་གྲུབ་འབད་མེད་སྩོལ༔ མ་ཧཱ་སརྦ་པཉྩ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿ ཧཱུྃ༔ ཕཊ་ཕཊ་ཕཊ༔ དེ་ནས་བསྟོད་པ་ནི༔ ཕཊ༔ མ་ཐིག་ལེ་ཉག་གཅིག་དགོངས་ཀློང་དུ༔ སྐྱོན་ཀུན་བྱང་སྟེ་ཡོན་ཏན་ཆུབ༔ མ་ཁྱབ་བརྡལ་སྤྲོས་མེད་དགོངས་ཀློང་དུ༔ འཁོར་འདས་དག་མཉམ་ཆེན་པོར་རྫོགས༔ མ་ཀློང་ཆེན་ཆོས་སྐུའི་བྷ་ག་རུ༔ བཟང་ངན་རོ་སྙོམས་འུབ་ཆུབ་རོལ༔ མ་རྣམ་ཐར་གསུམ་ལྡན་དགོངས་པའི་སྦུབས༔ སྐུ་དང་ཡེ་ཤེས་བུམ་སྐུར་རྫོགས༔ མ་སྐུ་གསུམ་ལྷུན་གྲུབ་མཁའ་འགྲོ་མ༔ སྒྱུ་འཕྲུལ་རོལ་པའི་ཆོ་འཕྲུལ་ངོམས༔ མ་ཡུམ་ཆེན་ལྔ་ལ་ཕྱག་འཚལ་བསྟོད༔ མཉམ་ཉིད་བདེ་ཆེན་དགོངས་པར་རློབས༔ མ་མཁའ་འགྲོའི་ཐུགས་དང་འགལ་བའི་ལས༔ འཁོར་བར་འཁྱོལ་ཞིང་འཕྱན་པ་བཤགས༔ ཁམས་གསུམ་འཁོར་བ་སྐུ་གསུམ་དུ༔ བཤིག་ནས་མངོན་གྱུར་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ དེ་ནས་འཛབ་དགོངས་ཟབ་མོ་ནི༔ ཧཱུྃ༔ རང་ཉིད་ཁྲོས་མའི་ཐུགས་ཀ་རུ༔ ཕག་མོ་དམར་གསལ་གྲི་ཐོད་ཅན༔ དེ་ཡི་ཐུགས་ཀར་ཟླ་གདན་ལ༔ ཀུན་ཏུ་བཟང་མོ་དཀར་གསལ་མཛེས༔ མཉམ་བཞག་སྐྱིལ་ཀྲུང་མཚན་དཔེས་སྤྲས༔ དེ་ཡི་ཐུགས་ཀར་ཧཱུྃ་མཐིང་མཐར༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་འཕྲོས་སྣང་སྲིད་འཁོར་འདས་ཀྱི༔ སྲོག་སྙིང་ནུས་མཐུ་མ་ལུས་པ༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ འཁོར་འདས་སྲོག་སྙིང་ཡོངས་འདུས་བསམ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཧཱུྃ་ཕཊ༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ འོད་ཀྱིས་མཆོད་ཅིང་དབང་བྱིན་བསྡུས༔ ཚུར་འདུས་སྲོག་གི་སྙིང་པོར་ཐིམ༔ གཙོ་འཁོར་སྲོག་སྔགས་རོ་གཅིག་གྱུར༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ མེ་དཔུང་མཚོན་ཐུན་འོད་འཕྲོས་པས༔ དགྲ་བགེགས་ལོག་འདྲེན་ཐམས་ཅད་ཀུན༔ ཚར་བཅད་རྡུལ་དུ་བརླག་ནས་ཀྱང་༔ རྣམ་པར་ཤེས་པ་ཆོས་སྐུར་བསྒྲལ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ནཿ ཡཿ ཙཿ མཿ ས་མ་ཡ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ནས་བམ་གྱི་ཚོགས་འཁོར་ནི༔ སྣོད་གཙང་ཆག་གས་མེད་པའི་ནང་༔ སྤོད་དང་ཟས་སྣ་ཤ་ཁྲག་གི༔ བམ་ཆེན་གན་རྐྱལ་བཞག་ནས་སུ༔ རང་གི་རྣམ་ཤེས་ཁྲོས་མར་གྱུར༔ སྟེང་གི་ནམ་མཁར་ཕཊ་ཀྱིས་སྤར༔ བེམ་པོ་མདུན་གྱི་ཚོགས་སུ་བསྲེ༔ དཔའ་བོ་མཁའ་འགྲོར་ཚོགས་འཁོར་ཕུལ༔ ཕཊ༔ རང་རིག་ཡེ་ཤེས་ཁྲོས་མར་འཕོས༔ བདེ་ཆེན་ཚངས་པའི་སྒོ་ནས་སྤར༔ དཀྱིལ་འཁོར་ཡོངས་རྫོགས་ཆེན་པོར་སྤྲུལ༔ སྣང་སྲིད་མཁའ་འགྲོའི་དལ་དུ་རྫོགས༔ ཕཊ་ཕཊ་ཕཊ༔ བེམ་པོ་ཚོགས་དང་དབྱེར་མེད་གྱུར༔ སྣང་སྲིད་ཐམས་ཅད་ཐམ་གྱིས་གང་༔ ཆེ་ཚོ་མྱོང་གྲོལ་བཅུད་ལྡན་ཅིང་༔ འདོད་རྒུའི་དཔལ་ཡོན་རྫོགས་པར་གྱུར༔ ཕཊ་ཕཊ་ཕཊ༔ དེ་ནས་བམ་གྱི་སྙིང་གར་ཁྲམ་རིས་བྱས་ནས༔ ཕཊ༔ རང་སྣང་དོན་གྱི་འོག་མིན་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ དུར་ཁྲོད་བམ་གྱི་ཚོགས་ལ་བྱོན༔ དབྱིངས་ལས་སྐུར་བཞེངས་དུས་ལ་བབ༔ ཕཊ་ཕཊ་ཕཊ༔ རྣམ་པར་ཤེས་པ་ཚོགས་བརྒྱད་དང་༔ འབྲེལ་བའི་དུར་ཁྲོད་གནས་བརྒྱད་དུ༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ དུར་ཁྲོད་བམ་གྱི་ཚོགས་ལ་བྱོན༔ ཕཊ་ཕཊ་ཕཊ༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དང་༔ འབྲེལ་བའི་གནས་མཆོག་ཉེར་བཞི་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ དུར་ཁྲོད་བམ་གྱི་ཚོགས་ལ་བྱོན༔ ཕཊ་ཕཊ་ཕཊ༔ ཕྱི་ནང་སྣང་བ་སྒྱུ་འཕྲུལ་དུ༔ འབྲེལ་བའི་ཡུལ་ཆེན་སོ་གཉིས་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ དུར་ཁྲོད་བམ་གྱི་ཚོགས་ལ་བྱོན༔ ཕཊ་ཕཊ་ཕཊ༔ ཀུན་བྱེད་རྒྱལ་པོའི་གཡོ་རྩལ་དང་༔ འབྲེལ་བ་ཧེ་རུའི་གནས་བཅུ་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ དུར་ཁྲོད་བམ་གྱི་ཚོགས་ལ་བྱོན༔ ཕཊ་ཕཊ་ཕཊ༔ ཞིང་སྐྱོང་ཕོ་མོ་ཚོགས་ལ་བྱོན༔ གནས་སྲུང་ཕོ་མོ་ཚོགས་ལ་བྱོན༔ བཀའ་སྲུང་ཕོ་མོ་ཚོགས་ལ་བྱོན༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཚོགས་ཀྱི་དཀྱིལ་འཁོར་དྭངས་རེ་སྤྲོ༔ མགྲོན་གྱི་འདུ་བ་བག་རེ་དྲོ༔ སྒྲུབ་པའི་ཚོམ་བུ་དམ་རེ་གཙང་༔ དབྱངས་ཀྱི་འགྱུར་ཁུག་གདངས་རེ་སྙན༔ མཆོད་པའི་ཡོ་བྱད་ལྷུན་རེ་འཐུག༔ མོས་གུས་དྲག་པོས་ཐུགས་རྒྱུད་བསྐུལ༔ གནས་དང་སྒྲུབ་ཁང་སྒྲུབ་མཆོག་རྫས༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷ༔ མྱོང་གྲོལ་རྣམས་སུ་བྱིན་གྱིས་རློབས༔ སེམས་དང་སེམས་བྱུང་ཀུན་རྟོག་དང་༔ འབྲེལ་བའི་ལྷ་འདྲེ་ཁམས་གསུམ་འགྲོ༔ མ་ལུས་ལུས་པ་མེད་པ་ཀུན༔ དུར་ཁྲོད་བམ་གྱི་ཚོགས་ལ་བྱོན༔ དབྱིངས་ལས་སྐུར་བཞེངས་དུས་ལ་བབ༔ ཕཊ་ཕཊ་ཕཊ༔ དེ་ནས་བམ་རོ་གྲི་གུག་གིས་གཏུབ་ནས༔ ཕཊ་ཕཊ་ཕཊ༔ བཀའ་བརྒྱུད་བླ་མ་ཚོགས་ལ་རོལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཡི་དམ་ལྷ་ཚོགས་ཚོགས་ལ་རོལ༔ དངོས་གྲུབ་རྣམ་གཉིས་མྱུར་དུ་སྩོལ༔ མ་དང་མཁའ་འགྲོ་ཚོགས་ལ་རོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་མཛོད༔ བཀའ་སྲུང་དམ་ཅན་ཚོགས་ལ་རོལ༔ ཕྱི་ནང་བར་ཆད་དབྱིངས་སུ་ཟློག༔ དཔའ་བོ་དཔའ་མོ་ཚོགས་ལ་རོལ༔ དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད༔ རྣལ་འབྱོར་ཕོ་མོ་ཚོགས་ལ་རོལ༔ ཚེ་འདིར་རིག་འཛིན་ས་རུ་སྐྱོལ༔ ཞིང་སྐྱོང་ཚོགས་བདག་ཚོགས་ལ་རོལ༔ བདུད་བཞིའི་གཡུལ་ལས་རྒྱལ་བར་མཛོད༔ ལྷ་སྲིན་སྡེ་བརྒྱད་ཚོགས་ལ་རོལ༔ ཕྱི་ནང་རྐྱེན་ངན་རྡུལ་དུ་རློག༔ ཕཊ་ཕཊ་ཕཊ༔ སྣང་སྲིད་ལྷ་འདྲེ་ཚོགས་ལ་རོལ༔ ལན་ཆགས་ཤ་མཁོན་བྱང་གྱུར་ཅིག༔ ཁམས་གསུམ་སེམས་ཅན་ཚོགས་ལ་རོལ༔ སྐུ་གསུམ་འབྲས་བུའི་ས་ཐོབ་ཤོག༔ ཁས་ཞན་དབང་ཆུང་ཚོགས་ལ་རོལ༔ མྱ་ངན་འདས་པའི་ས་ཐོབ་ཤོག༔ ལ་ལ་ཕྱི་ཡི་ཚོགས་ལ་རོལ༔ ལ་ལ་ནང་གི་ཚོགས་ལ་རོལ༔ ལ་ལ་གསང་བའི་ཚོགས་ལ་རོལ༔ ལ་ལ་དེ་ཉིད་ཚོགས་ལ་རོལ༔ རོལ་ཅིག་རོལ་ཅིག་ཚོགས་ལ་རོལ༔ སྤྱོད་ཅིག་མཐུན་པའི་རྫས་ལ་སྤྱོད༔ ལྷག་མ་མེད་པར་བཞེས་སུ་གསོལ༔ མཁོ་རྒུའི་ལོངས་སྤྱོད་ཧབ་ཐོབ་གྱིས༔ དགའ་མགུ་ཡི་རང་ཚིམ་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ དཔང་གྱུར་དཀོན་མཆོག་དགོངས་སུ་གསོལ༔ མ་དང་མཁའ་འགྲོ་དགོངས་སུ་གསོལ༔ ཞིང་སྐྱོང་ཌཱ་ཀི་དགོངས་སུ་གསོལ༔ བདག་གི་སྒོ་གསུམ་བག་མེད་པས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཉམས་ཀུན༔ ཚེ་རབས་སྡིག་དང་བསྡོམས་ཏེ་བཤགས༔ མི་འཆབ་མི་སྦེད་སླན་ཆད་སྡོམ༔ དག་ཚངས་སོར་ཆུད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཚང་བར་བརྗོད༔ ཕཊ་ཕཊ་ཕཊ༔ ཡེ་ཤེས་ལྔ་ཡི་བརྟུལ་ཞུགས་ཀྱིས༔ དུག་ལྔའི་རྒྱུད་འཁྲུལ་དགྲ་བགེགས་བསྒྲལ༔ སྐུ་གསུམ་གདིང་ལྡན་བརྟུལ་ཞུགས་ཀྱིས༔ དུག་གསུམ་འཁྲུལ་པའི་དགྲ་བགེགས་བསྒྲལ༔ མ་རིག་འཁྲུལ་པའི་འཁོར་ལོ་བཤིག༔ སྐྱེ་མེད་ཀ་དག་ས་ལ་སྦྱོར༔ ཕཊ་ཕཊ་ཕཊ༔ དུག་གསུམ་ཉོན་འཁྲུལ་དགྲ་བགེགས་རྣམས༔ སྐུ་གསུམ་མཁའ་འགྲོའི་ཞལ་དུ་བསྟབས༔ ལྷག་མ་རྗེས་ཤུལ་མ་ལུས་པར༔ བཞེས་ཤིག་རོལ་ཅིག་ཁཱ་ཧི་སྟོབ༔ ཕཊ་ཕཊ་ཕཊ༔ ལྷག་མ་མྱོང་གྲོལ་བདུད་རྩི་ལ༔ དགྲ་བགེགས་བཀུག་བསྒྲལ་གཉིས་མེད་གྱུར༔ ཕཊ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མས༔ ཞེ་སྡང་ལས་གྱུར་ལྷ་འདྲེ་སྡུས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མས༔ ང་རྒྱལ་ལས་གྱུར་ལྷ་འདྲེ་སྡུས༔ པདྨ་རིགས་ཀྱི་མཁའ་འགྲོ་མས༔ འདོད་ཆགས་ལས་གྱུར་ལྷ་འདྲེ་སྡུས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མས༔ ཕྲག་དོག་ལས་གྱུར་ལྷ་འདྲེ་སྡུས༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་མས༔ གཏི་མུག་ལས་གྱུར་ལྷ་འདྲེ་སྡུས༔ འཁོར་བཅས་འདིར་གཤེགས་ལྷག་ལ་རོལ༔ འདོད་ཡོན་རྒྱན་གྱི་ཚོགས་ལྷག་རོལ༔ དམ་རྫས་རྒྱན་གྱི་ཚོགས་ལྷག་རོལ༔ ཤ་ཁྲག་དམར་གྱི་ཚོགས་ལྷག་རོལ༔ ནད་དང་རིམས་དང་སྡུག་བསྔལ་རྣམས༔ བཞེས་ཤིག་རོལ་ཅིག་ལྷག་མེད་མཛོད༔ དགྲ་བགེགས་གནོད་བྱེད་ཚར་ཆོད་ཅིག༔ ཟ་ཁ་སྡང་བའི་དགྲ་ལ་སྟོན༔ བཛྲ་ས་མ་ཡ་བརྣག་པ་དེ་ཁོ་ནའོ༔ ཁས་ཞན་དབང་ཆུང་ཀུན་ལ་སྦྱིན༔ ཚིམ་ནས་བདེ་བའི་དཔལ་ཐོབ་ཤོག༔ ཨུ་ཙྪིཥྟ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ བ་ལིང་དམར་གཏོར་སྐྱེམས་ཕུད་བཤམས༔ ཕཊ༔ དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ དྲེགས་ཆེན་བཅོ་བརྒྱད་སྡེ་བརྒྱད་དང་༔ དགེ་བསྙེན་ཉི་ཤུ་རྩ་གཅིག་དང་༔ སྲིད་པ་ཆགས་པའི་ལྷ་དགུ་དང་༔ རྗེ་ཡི་མགུར་ལྷ་བཅུ་གསུམ་དང་༔ འཛམ་གླིང་བརྟན་མ་བཅུ་གཉིས་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ མ་ལུས་འཁོར་བཅས་འདིར་གཤེགས་ཤིག༔ གཙང་མ་བདུད་རྩིའི་གཏོར་མ་བཞེས༔ དམ་རྫས་རྒྱན་གྱི་གཏོར་མ་ལོངས༔ འདོད་ཡོན་རྒྱན་གྱི་གཏོར་མ་ལོངས༔ ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ ལྷག་མ་མེད་པར་བཞེས་སུ་གསོལ༔ དམ་ཚིག་གཉན་པོའི་ཁྲིམས་ཡིན་ནོ༔ མ་འདའ་བཛྲ་ས་མ་ཡ༔ སྡང་བའི་དགྲ་ལ་ཟ་ཁ་སྟོན༔ གནོད་པའི་བགེགས་ལ་དྲག་ལས་མཛོད༔ བཀའ་འདིའི་བསྟན་དང་བསྟན་འཛིན་སྐྱོངས༔ མ་གཡེལ་མ་འགྱངས་དམ་ཚིག་གོ༔ དེ་ནས་བྲོ་མནན་ལ༔ ཕཊ༔ ཡེ་ཤེས་ལྔ་ཡི་འོད་ཀློང་ནས༔ རིགས་ལྔའི་མཁའ་འགྲོས་བྲོ་བརྡུང་ངོ་༔ དུག་ལྔའི་དགྲ་བགེགས་མགོ་པོ་འགེམ༔ རིམ་དགུ་ས་ཡི་འོག་ཏུ་མནན༔ མ་ཤོར་སྐུ་གསུམ་དམ་རྒྱའོ༔ མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཕཊ༔ སྐུ་གསུམ་སྒྱུ་འཕྲུལ་མཁའ་འགྲོའི་ཚོགས༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔ འཇའ་ལུས་ཆེན་པོའི་དངོས་གྲུབ་སྩོལ༔ རྩ་སྔགས་དང་༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བཤགས་པ་བྱ་བ་ནི༔ ཕཊ༔ བདག་གི་ཚེ་རབས་སྡིག་ལྟུང་ཀུན༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་བཤགས༔ དག་ཅིང་ཚངས་པར་མཛད་ནས་ཀྱང་༔ ཚེ་འདིར་རིག་འཛིན་ས་རུ་སྐྱོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཕཊ༔ བདག་གི་དུས་གསུམ་དགེ་རྩ་ཀུན༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ ཕྱམ་ཅིག་རྫོགས་སངས་རྒྱས་གྱུར་ཅིག༔ དེ་ནས་བསྡུ་བའི་རིམ་པ་ནི༔ ཕཊ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཆོས་སྐུ་སྐྱེ་འགགས་འགྱུར་མེད་ངང་༔ མ་བཅོས་མཉམ་པ་ཉིད་དུ་བརྡལ༔ ལྷར་ལྡང་བ་ནི༔ ཕཊ༔ སླར་ཡང་མཁའ་ལས་གློག་འཁྱུགས་ལྟར༔ མཁའ་འགྲོའི་དཀྱིལ་འཁོར་ཆེན་པོར་སྤྱོད༔ ཕཊ་ཕཊ་ཕཊ༔ དེ་ནས་བཀྲ་ཤིས་ནི༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ སྐུ་གསུམ་མཁའ་འགྲོའི་བྱིན་རླབས་ཀྱིས༔ བདག་ཅག་འཁོར་དང་བཅས་པ་ལ༔ དཔལ་ཡོན་ཕུན་ཚོགས་བཀྲ་ཤིས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་ཚུལ་བཞིན་ཉམས་ལེན་པའི༔ སྐལ་ལྡན་སྐྱེས་བུ་དམ་པ་རྣམས༔ ཚེ་འདིར་སྒྲུབ་པ་ལྷུར་ལེན་ཅིང་༔ དབེན་པའི་རི་བྲག་ནགས་ཁྱོད་སོགས༔ ངེས་མེད་གནས་སུ་གཏན་ཕུག་ཟུངས༔ ཚུལ་བཞིན་ཉམས་ལེན་སྐལ་ལྡན་ཀུན༔ ཚེ་འདིར་གྲོལ་བ་ཐོབ་གྱུར་ནས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོར་འགྱུར༔ འབྲེལ་ཚད་དོན་ལྡན་གདུལ་བྱ་འདུལ༔ ལྷ་འདྲེ་མི་གསུམ་བྲན་ཁོལ་འགྱུར༔ སྒོ་འདིས་གྲུབ་བརྙེས་འབུམ་ཕྲག་འབྱུང་༔ མ་འོངས་སྐལ་ལྡན་ལས་ཅན་ལ༔ ས་ར་ཧ་པས་སྲོག་ཐིག་བཞག༔ བཀའ་སྲུང་གཟའ་བཙན་མ་མོས་སྲུངས༔ དམ་ཉམས་ལྟ་ལོག་སྙིང་ཁྲག་རོལ༔ ཉམས་སུ་ལེན་པའི་བརྒྱུད་འཛིན་སྐྱོང་༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ རིག་འཛིན་ཆོས་ཉིད་ཀློང་བརྡོལ་གྱིས། །མི་འགྱུར་རིག་པའི་སྒྲོམ་ལས་བཤུས། །རྡོ་རྗེ་བཟང་པོས་བསྐུལ་བའི་ངོར། །སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ། །དག་པར་ཕབ་པའི་ཡི་གེ་པ། །རྣལ་འབྱོར་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།