ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཨོ་རྒྱན་ཆེ་མཆོག་པདྨ་རྒྱལ་པོ་ལ་གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ༔

From Dudjom Wiki
TTDL-ZABTER-01-KA-004
Wylie title zab gsang mkha' 'gro'i snying thig las: o rgyan che mchog pad+ma rgyal po la gsol 'debs thugs dam rgyud bskul: TTDL-ZABTER-01-KA-004.pdf
Location bdud 'joms gling pa zab gter
Volume 1, Text 4, Pages 101-104 (Folios 1a1 to 2b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las o rgyan che mchog pad+ma rgyal po la gsol 'debs thugs dam rgyud bskul. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 101-104. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol 'debs   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Supplications - gsol 'debs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ། དད་ལྡན་ཕོ་མོ་འགས་བསྐུལ་བ་དོན་ཡོད་པའི་ཕྱིར་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te/__dad ldan pho mo 'gas bskul ba don yod pa'i phyir dag par phab pa'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཨོ་རྒྱན་ཆེ་མཆོག་པདྨ་རྒྱལ་པོ་ལ་གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་བཞུགས་སོ༔ ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བསམ་ཡས་མཆིམས་ཕུ་དཔལ་གྱི་དབེན་གནས་སུ༔ རྗེ་འབངས་ཞལ་འཛོམས་ཚོགས་འཁོར་བསྐོར་བའི་ཚེ༔ མ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༔ སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ལ༔ གསེར་གྱི་མཎྜལ་ཕུལ་ནས་འདི་སྐད་ཞུས༔ དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་ཞལ༔ འགྲོ་བའི་དཔལ་མགོན་ཆེན་པོ་དགོངས་སུ་གསོལ༔ བདག་ཅག་རྗེ་འབངས་གྲོགས་དང་བཅས་པ་ཡི༔ རྒྱུད་ལ་ཁྱོད་ཀྱི་དགོངས་པ་འཕོ་བ་དང་༔ མ་འོངས་བརྒྱུད་འཛིན་རྗེས་སུ་བཟུང་བའི་ཕྱིར༔ གསོལ་འདེབས་ཟབ་མོ་བྱིན་ལྡན་བསྟན་དུ་གསོལ༔ ཞེས་ཞུས་ཨོ་རྒྱན་ཆེན་པོའི་ཞལ་སྔ་ནས༔ ད་ལྟར་བཞུགས་དང་མ་འོངས་འབྱོན་འགྱུར་གྱི༔ སྐལ་བཟང་ལས་ཅན་ང་ལ་མོས་པ་རྣམས༔ དུས་གསུམ་རྒྱུན་ཆད་མེད་པའི་མོས་གུས་ཀྱིས༔ ང་ཉིད་མདུན་མཁར་བསྒོམ་ལ་འདི་བརྗོད་མཛོད༔ ཨེ་མ་ཧོཿ དུས་གསུམ་རྒྱལ་བ་ཡོངས་འདུས་བདག་ཉིད་མཆོག༔ འགྲོ་བའི་དཔལ་མགོན་ཨོ་རྒྱན་རིན་པོ་ཆེ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ སྐད་ཅིག་ཉིད་དུ་བདག་རྒྱུད་བྱིན་གྱིས་རློབས༔ དལ་འབྱོར་མི་ལུས་ཡིད་བཞིན་ནོར་བུ་ལྟར༔ རྙེད་དཀའ་དྲན་ནས་དོན་ལྡན་བྱེད་པ་རུ༔ གཏན་གྱི་མགོན་པོ་པདྨ་འབྱུང་གནས་མཁྱེན༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ ཚེ་འདིའི་སྣང་བ་རྨི་ལམ་སྒྱུ་མ་ལྟར༔ མི་རྟག་འཆི་བ་སྙིང་ནས་དྲན་པ་རུ༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ ཁམས་གསུམ་འཁོར་བ་སྡུག་བསྔལ་རྒྱ་མཚོ་རུ༔ ཤེས་ནས་ཐར་པའི་ལམ་སྣ་ཟིན་པ་རུ༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ ཆོས་ཚུལ་བཞིན་དུ་རྒྱུ་འབྲས་སྤང་བླང་གི༔ གནད་ལ་མཁས་ཤིང་ལག་ལེན་ཐེབས་པ་རུ༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ དུས་རྣམ་ཀུན་ཏུ་ངེས་འབྱུང་སྐྱོ་ཤས་དང་༔ དད་མོས་བྱམས་དང་སྙིང་རྗེས་རྒྱུད་བརླན་པར༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ བདག་དང་བདག་ལ་འབྲེལ་ཐོགས་སྐྱེ་འགྲོ་ཡི༔ བློ་སྣ་དམ་པའི་ཆོས་སུ་འགྱུར་བ་རུ༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ མི་འདོད་སྡུག་བསྔལ་ནད་ཀྱིས་གདུང་བའི་ཚེ༔ ཐུགས་རྗེ་བྱིན་རླབས་ནུས་པས་སེལ་བ་རུ༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ རྒྱ་སོག་མཐའ་ཧོར་དམག་གིས་ཡུལ་འཇིགས་ཚེ༔ མཐུ་རྩལ་དྲག་པོས་གཞོམ་ཞིང་ཐུལ་བ་རུ༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ དབུལ་ཕོངས་འབྱོར་རྒུད་མུ་གེས་གདུང་གྱུར་ན༔ འཛད་མེད་དངོས་གྲུབ་རྒྱུན་གྱིས་སྐྱོབ་པ་རུ༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ མི་བཟད་འཇིགས་པ་བཅུ་དྲུག་ཐོག་འབབ་ཚེ༔ མཐུ་སྟོབས་དྲག་པོས་བཟློག་བསྒྱུར་ཕྲིན་ལས་མཛོད༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ མི་ཕྱུགས་ནད་རིམས་གོད་ཡམས་ཁ་དར་ཚེ༔ ཞི་བཟློག་གཞོམ་པའི་ལས་ཀྱིས་དབྱིངས་སུ་སོལ༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ སྣང་དང་སྣང་མིན་དགྲ་འདྲེའི་རྒོལ་ངན་ཀུན༔ མངོན་སྤྱོད་ལས་ཀྱིས་ཐལ་བའི་རྡུལ་དུ་རློག༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ ལས་རྐྱེན་ངན་པའི་དབང་གིས་ཁས་ཉན་ཚེ༔ མཁྱེན་བརྩེ་ནུས་པས་དབུགས་ཆེན་འབྱིན་པ་རུ༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ བསམ་པའི་དོན་ཀུན་འབད་མེད་ཡིད་བཞིན་དུ༔ གེགས་མེད་འགྲུབ་པར་བྱིན་གྱིས་རློབ་མཛོད་ཅིག༔ གཏན་གྱི་མགོན་པོ་པདྨ༴ ད་ལྟ་ཉིད་དུ་བྱིན་གྱིས༴ ནམ་ཞིག་ཚེ་ཡི་འདུ་བྱེད་བསྟུང་བའི་ཚེ༔ མགོན་པོ་ཁྱོད་ཀྱི་ཕྲིན་ལས་ཕོ་ཉ་ཡིས༔ མངོན་སུམ་ལག་པའི་མཛུབ་མོ་ནས་བཟུང་སྟེ༔ དཔལ་རི་པདྨ་འོད་དུ་ལམ་སྣ་དྲོངས༔ གཏན་གྱི་མགོན་པོ་པདྨ་འབྱུང་གནས་མཁྱེན༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ ས་མ་ཡ༔ པདྨའི་བརྒྱུད་འཛིན་སྐལ་ལྡན་ཕོ་མོ་རྣམས༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཉིན་མཚན་དུས་དྲུག་ཀུན་ཏུ་གསོལ་བ་ཐོབ༔ ང་དང་སྐད་ཅིག་མི་འབྲལ་གཏན་ཚིག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ། དད་ལྡན་ཕོ་མོ་འགས་བསྐུལ་བ་དོན་ཡོད་པའི་ཕྱིར་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།། །།