ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས༔

From Dudjom Wiki
TTDL-ZABTER-01-KA-005
Wylie title zab gsang mkha' 'gro'i snying thig las: bla ma brgyud pa'i gsol 'debs byin rlabs char 'bebs: TTDL-ZABTER-01-KA-005.pdf
Location bdud 'joms gling pa zab gter
Volume 1, Text 5, Pages 105-106 (Folios 1a1 to 1b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bla ma brgyud pa'i gsol 'debs byin rlabs char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 105-106. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: brgyud 'debs   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Lineage Supplications - brgyud 'debs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ནི་རང་སློབ་དམ་པ་གྲོལ་མཆོག་གིས་བསྐུལ་ངོར། ཁྲག་འཐུང་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ།།

zhes pa 'di ni rang slob dam pa grol mchog gis bskul ngor/__khrag 'thung rdo rje gro lod rtsal gyis shog ser las zhal bshus te dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ༔ ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་པདྨའི་བརྒྱུད་འཛིན་རྣམས༔ ཕྱི་ནང་བར་ཆད་ངེས་གྲོལ་ཞིང་༔ དངོས་གྲུབ་མྱུར་དུ་འཐོབ་པའི་ཕྱིར༔ དུས་གསུམ་ཀུན་ཏུ་མོས་གུས་ཀྱིས༔ གསོལ་འདེབས་འདི་ལ་འབད་པར་གྱིས༔ ཨེ་མ་ཧོཿ ཁྱབ་བདག་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔ རིགས་བརྒྱའི་ཁྱབ་བདག་བཅོམ་ལྡན་རྡོ་རྗེ་སེམས༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་དང་༔ སྐུ་གཉིས་མངོན་གྱུར་མཁས་པ་ཤྲཱི་སེངྷ༔ འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ ཟག་ཕུང་འོད་སྐུར་གྲོལ་བ་མཚོ་རྒྱལ་ཡུམ༔ དོན་གཉིས་མཐར་ཕྱིན་རྗེ་འབངས་ཉེར་ལྔ་དང་༔ ཆོས་ཉིད་ཀློང་རྡོལ་དོན་གྱི་རིག་འཛིན་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ དགོངས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེའི་རང་གཟུགས་ཆུ་ཟླའི་རོལ་གར་གྱིས༔ དབང་སྐུར་ལུང་སྟོན་བློ་སྣ་ཆོས་ལ་སྒྱུར༔ ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་དུ་གསོལ༔ རིམ་གཉིས་ཟབ་མོའི་ལམ་ལ་ཞུགས་པའི་ཚེ༔ ཕྱི་ནང་གསང་བའི་བར་ཆད་ཀུན་བསལ་ནས༔ ས་ལམ་ཡོན་ཏན་གོང་ནས་གོང་འཕེལ་ཞིང་༔ ཆོས་དབྱིངས་གདོད་མའི་མགོན་པོའི་ས་ལ་སྐྱོལ༔ དུས་དང་རྣམ་པ་ཐམས་ཅད་དུ༔ བླ་མ་བརྒྱུད་པའི་གསོལ་འདེབས་འདི༔ མོས་གུས་དྲག་པོས་བརྗོད་གྱུར་ན༔ བསམ་པའི་དོན་ཀུན་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་རང་སློབ་དམ་པ་གྲོལ་མཆོག་གིས་བསྐུལ་ངོར། ཁྲག་འཐུང་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ།། །།