ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་ཛཔ྄་དགོངས་ཡེ་ཤེས་དྲྭ་བ༔

From Dudjom Wiki
TTDL-ZABTER-02-KHA-006
Wylie title zab gsang mkha' 'gro'i snying thig las: 'jam dpal gsang ba 'dus pa'i dzap dgongs ye shes drwa ba: TTDL-ZABTER-02-KHA-006.pdf
Location bdud 'joms gling pa zab gter
Volume 2, Text 6, Pages 113-152 (Folios 1a1 to 20a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las 'jam dpal gsang ba 'dus pa'i dzap dgongs ye shes drwa ba. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 113-152. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: 'dzab dgongs   Verso: bdud 'joms 'jam dpal zhi ba
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mantra Repetition Preparatory Liturgies - dzab khang dbye ba - dzab bskul
Cycle འཇམ་དཔལ་གསང་བ་འདུས་པ་ ('jam dpal gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity 'jam dpal dbyangs
Colophon

ཞེས་པ་འདི་ནི་ས་མོ་ལུག་གི་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ཅེས་བྱ་བ་ནས་གདན་དྲངས་བའི་ཚེ་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ལ་འཇའ་ཚོན་འོད་ལྔས་ཁྱབ་ནས་དྲི་བཟང་གི་ན་བུན་ཐུལ། རི་དྭགས་རྙི་ལས་བཏོན། རོལ་མོའི་རང་སྒྲ་ལྡིར་བ་ལ་སོགས་པའི་དགེ་ལེགས་ཡ་མཚན་ཅན་གྱི་ལྟས་བཟང་དཔག་ཏུ་མེད་པ་བྱུང་ནས་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་པ་དང་། བརྒྱུད་འཛིན་གྱི་སྐྱེས་བུ་ཐམས་ཅད་རི་དྭགས་རྒྱ་ནང་ནས་བཏོན་པ་ལྟར་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འགྲོ་བའི་ལྟས་བཟང་མངོན་དུ་གྱུར་པ་འདི་ཉིད། ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གཏེར་གྱི་ཡང་བཅུད་དམ་པ་འབྲེལ་ཚད་རྣམ་པར་གྲོལ་བའི་དམ་ཆོས་མཆོག་གྱུར་འདི་ནི་མི་ལོ་སུམ་ཅུའི་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབས་ཚེ་ཆོས་ཀྱི་བདག་པོ་ཀུན་བཟང་ཆོས་ཀྱི་གྲགས་པ་དང་། རེ་སྐོང་ཕྱོགས་ཀྱི་སྐྱེས་བུ་དགེ་འདུན་རྒྱ་མཚོ་གཉིས་ཀྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་སྟེ་མཐར་ཆོས་ཀྱི་བདག་པོ་བཅུ་གསུམ་གྱིས་དང་དུ་བླངས་ཏེ་འཛིན་སྐྱོང་སྤེལ་གསུམ་བྱས་ནས་གདུལ་བྱ་མང་པོ་ཐར་བ་དང་རྣམ་མཁྱེན་གྱི་གོ་འཕང་དུ་འཕེན་པར་འགྱུར་བའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di ni sa mo lug gi lo hor zla bcu gcig pa'i tshes bcu'i nyin gser smad rnga la stag rtse'i g.yas logs rdo rje brag ces bya ba nas gdan drangs ba'i tshe nam mkha' bar snang sa gzhi thams cad la 'ja' tshon 'od lngas khyab nas dri bzang gi na bun thul/_ri dwags rnyi las bton/_rol mo'i rang sgra ldir ba la sogs pa'i dge legs ya mtshan can gyi ltas bzang dpag tu med pa byung nas rten 'brel khyad par can 'grigs pa dang /_brgyud 'dzin gyi skyes bu thams cad ri dwags rgya nang nas bton pa ltar srid pa sdug bsngal gyi rgya mtsho las 'gro ba'i ltas bzang mngon du gyur pa 'di nyid/_khrag 'thung bdud 'joms rdo rje'i gter gyi yang bcud dam pa 'brel tshad rnam par grol ba'i dam chos mchog gyur 'di ni mi lo sum cu'i bar du bka' rgya byas mthar rten 'brel dus la babs tshe chos kyi bdag po kun bzang chos kyi grags pa dang /_re skong phyogs kyi skyes bu dge 'dun rgya mtsho gnyis kyis nan du bskul ngor gtan la phab ste mthar chos kyi bdag po bcu gsum gyis dang du blangs te 'dzin skyong spel gsum byas nas gdul bya mang po thar ba dang rnam mkhyen gyi go 'phang du 'phen par 'gyur ba'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་ཛཔ྄་དགོངས་ཡེ་ཤེས་དྲྭ་བ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བསྒྲུབ་པའི་སྒོ་རུ་འཇུག་པའི་སྐྱེས་བུ་རྣམས༔ ཁ་དང་ལག་པའི་བྱ་བྱེད་ཙམ་མིན་པར༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་གྲོང་འཇུག་པའི༔ བསྐྱེད་རིམ་གནད་དང་ལྡན་པར་བྱ་བ་ནི༔ སྒྲུབ་པ་ཀུན་གྱི་གནད་དང་ཆིངས་གཅིག་ཡིན༔ དེ་ཕྱིར་རང་ཉིད་ཡེ་ཤེས་ལྷར་བསྐྱེད་དེ༔ ལྷ་ཡི་ང་རྒྱལ་བརྟན་པོ་རབ་ཏུ་བཟུང་༔ ཧཱུྃ༔ རང་ཉིད་འཇམ་དཔལ་ཡབ་ཡུམ་གྱི༔ སྤྲུལ་པ་སྒྱུ་འཕྲུལ་རོལ་པའི་ལྷ༔ ཉི་མའི་ཟེར་དང་འོད་ཇི་བཞིན༔ དོན་ལ་གཉིས་མེད་ཆེན་པོར་རིག༔ གསང་འདུས་ཐུགས་ཀར་པད་ཟླའི་སྟེང་༔ ཤེས་རབ་རལ་གྲིའི་ནང་ཁོངས་སུ༔ ཐུགས་སྲོག་ས་བོན་དྷཱིཿཡིག་སེར༔ དེ་མཐར་གསང་སྔགས་རིག་སྔགས་དང་༔ གཟུངས་སྔགས་སྙིང་པོ་གཅིག་དྲིལ་བའི༔ ངོ་བོ་ཡི་གེ་འབྲུ་བདུན་པོ༔ འཛམ་བུའི་ཆུ་གསེར་གྱིས་བྲིས་ལྟར༔ གཡས་སུ་བསྐོར་བའི་འོད་ཟེར་གྱིས༔ རབ་འབྱམས་རྒྱལ་བ་རྟེན་བརྟེན་པར༔ མ་ལུས་འཇམ་དཔལ་གསང་འདུས་ཀྱི༔ སྒྱུ་འཕྲུལ་འཁོར་ལོའི་རྣམ་རོལ་དུ༔ རྒྱུན་ཆད་མེད་པར་ཡང་ཡང་བསྟིམ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་འཕོས༔ གཏན་དུ་མི་འབྲལ་དམ་བཅའ་འོ༔ དེ་ནས་བསྐུལ་བ་ནི༔ ཧཱུྃ་༔ བསྐུལ་ལོ་ཐུགས་དམ་གནས་ནས་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ནམ་མཁའ་ཁྱབ་པར་གར་བསྒྱུར་ཅིང་༔ འབྲུག་སྟོང་ལྡིར་བཞིན་སྔགས་སྒྲ་སྒྲོགས༔ འཁོར་བ་ཡོངས་སྒྲོལ་ཡེ་ཤེས་བསྐྱེད༔ སྒྲུབ་མཆོག་རྣལ་འབྱོར་འཁོར་བཅས་ཀྱི༔ བསྒོམ་བཟླས་དམིགས་པའི་རྣོ་ནུས་བསྐྱེད༔ སྒོ་གསུམ་རྡོ་རྗེ་གསུམ་དང་ནི༔ འཁོར་བ་མྱང་འདས་ཆེན་པོར་སྒྲོལ༔ ཆོས་ཉིད་རོལ་པའི་སྔགས་སྒྲ་སྒྲོགས༔ ཡུམ་གྱི་ཐུགས་ཀར་པད་ཉིའི་སྟེང་༔ ཡི་གེ་ཧྲཱིཾཿཡིག་ལྗང་སྔོན་ལ༔ འོད་ཟེར་མགལ་མེ་ལྟ་བུས་བསྐོར༔ དབྱིངས་ལས་དབྱངས་ཅན་སྤྱན་དྲངས་བསྟིམས༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཾཿདེ་ལྟར་བསྙེན་པའི་དུས་སུ་རང་ཉིད་འཇམ་དཔལ་དམར་སེར་དུ་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བ་རྒྱས་པའི་ལྟེ་བར་གསེར་གྱི་རལ་གྲི་སོར་བཞི་བའི་ཡུ་བ་གདན་ལ་བརྟེན་ཅིང་རྩེ་ལ་ཡེ་ཤེས་ཀྱི་མེ་དཔུང་འབར་བ༔ སོ་གཅིག་སྔ་སོར་བསྟན་ཅིང་༔ སོ་གཅིག་རྒྱབ་ཏུ་བསྟན་པའི་ཡུ་བའི་སྟེང་རལ་གྲིའི་ནང་ཁོངས་སུ་དྷཱིཿཡིག་སེར་པོ་འཛམ་བུའི་ཆུ་གསེར་གྱིས་བྲིས་པ་ལྟ་བུའི་མཐར་སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར་བར་གསལ༔ ཡུམ་གྱི་ཐུགས་ཀར་པདྨ་འདབ་མ་བརྒྱད་དུ་གྱེས་པའི་ལྟེ་བར་ཉི་མའི་གདན་ལ་ཡི་གེ་ཧྲཱིཾཿལྗང་སྔོན་གྱི་མཐར་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་མགལ་མེའི་འཁོར་ལོ་བསྐོར་བ་ལྟར་ཀྱི་ལི་ལི་འཁོར་བར་བསམ་ལ༔ རིགས་བཞི་སྒོ་སྐྱོང་དང་བཅས་པ་གཙོ་བོའི་ཡེ་ཤེས་ཀྱི་རང་གདངས་ཉི་མ་དང་ཉི་ཟེར་ཉི་འོད་ལྟ་བུ་དོན་ལ་ལྷ་སྔགས་ཐ་མི་དད་པ་ལ༔ གཞན་གྱིས་བལྟ་སྣང་ལ་གཅིག་ལས་དུ་མ་སྣང་བ་རྒྱ་མཚོའི་གཟའ་སྐར་མང་དུ་སྣང་ཡང་དོན་ལ་ཆུ་ཉིད་ལས་གཞན་དུ་མ་གྲུབ་པ་ལྟར༔ དུ་མ་སོ་སོ་རུ་སྣང་ཡང་དོན་ལ་གཙོ་བོ་ཉིད་ཀྱི་དབྱིངས་སུ་རོ་གཅིག་པ་རུ་ཤེས་པར་བྱའོ༔ དེ་ནས་རང་ཉིད་ལྷའི་ང་རྒྱལ་དང་མ་བྲལ་བ་གཞིར་བཞག་སྟེ༔ འོད་དང་འོད་ཟེར་རབ་ཏུ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་མགོན་པོ་འཇམ་པའི་དབྱངས་ཀྱི་རྟེན་དང་བརྟེན་པའི་འཁོར་ལོའི་རྣམ་པར་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་ལྟར་བདག་མདུན་ལ་སིབ་སིབ་ཐིམ་པར་ཡང་ཡང་བར་སྐབས་རྣམས་སུ་གྲངས་མང་པོར་བསམ་པ་གནད་དུ་ཤེས་པར་བྱའོ༔ འདི་ནི་བསྙེན་པ་ཡིན་ཏེ་ལྷ་སྣང་དང་བྲལ་མི་རུང་བ་ཡིན་པས་ཤེས་པར་བྱའོ༔ འདི་ཡི་དུས་སུ་སྒོ་གསུམ་ལྷ་རུ་འཕོ་བ༔ ལྷ་ལ་ཡེ་ཤེས་པ་དབབ་པ༔ སྒྲ་གྲགས་གསུང་གི་འཁོར་ལོ༔ དྲན་རྟོག་ཐུགས་ཀྱི་རོལ་པ་རུ་ཤེས་པར་བྱའོ༔ བསྐུལ་བ་ཙམ་གྱིས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུ་འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་སྐུར་བཞེངས་ཏེ་སྣང་སྲིད་ཀྱི་ཁམས་ཐམས་ཅད་གང་ནས་གྲགས་སྟོང་སྔགས་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ལྟར་སྒྲོགས་པས་བདག་ཉིད་ལུས་ལྷ་རུ་བསྒྱུར་བ་དང་༔ ངག་སྔགས་ཀྱི་རོལ་པ་དང་༔ ཡིད་ཆོས་ཉིད་ཀྱི་རོལ་པར་སངས་རྒྱས་པར་བསམ་ལ༔ མི་ཚིག་གིས་བར་མ་ཆད༔ སྟན་གྱི་དྲོད་མི་ཡལ༔ ཤེས་པ་གཞན་དུ་མི་གཡེང་བར་བསྒྲུབ་པར་བྱའོ༔ རང་གི་སྒོ་གསུམ་ལྷར་གསལ་ཏེ༔ ཡ་སོ་ཐམས་ཅད་དཔའ་བོ༔ མ་སོ་ཐམས་ཅད་དཔའ་མོ༔ ལྕེ་འཇམ་དཔལ་སྨྲ་བའི་སེང་གེ༔ བ་སྤུ་ཐམས་ཅད་ཀྱང་དེ་བཞིན་བྱང་ཆུབ་སེམས་དཔའ་དང་སེམས་མའི་རང་བཞིན་དུ་གྱུར་བ་དང་༔ རང་ལུས་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཚོགས་པའི་ཕུང་པོར་བསྒོམ༔ དེ་དག་ཐམས་ཅད་ཀྱང་གསུང་གྲགས་སྟོང་སྔགས་ཀྱི་སྒྲ་དི་རི་རི་སྒྲོགས་པར་མོས་ལ་བསྙེན་པར་བྱའོ༔ རིལ་བུའི་སྐབས་སུ་ཡང་༔ ཧཱུྃ་༔ རང་ཉིད་ཡེ་ཤེས་སྒྱུ་འཕྲུལ་ལྷའི༔ ཐུགས་རྗེའི་རང་གདངས་རོལ་པ་ལས༔ བྱད་དང་མེ་ལོང་ཇི་བཞིན་དུ༔ མདུན་གྱི་དཀྱིལ་འཁོར་རྟེན་བརྟེན་པར༔ རང་བྱུང་རང་ཤར་ཆེན་པོར་བསྒོམ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཾཿསྐད་ཅིག་གིས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་གཟི་བྱིན་ནུས་པ་ཐམས་ཅད་བུམ་པ་ལ་ཐིམ་པས་འོད་དུ་མེར་གྱིས་ཞུ་ནས་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ལ་མཚན་ཉིད་བཀོད་པ་ལྷུན་གྱིས་གྲུབ་པའི་ནང་དུ་རིལ་བུ་རྣམས་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་རེ་རེར་གྱུར་པའི་གནས་གསུམ་རྡོ་རྗེ་གསུམ་གྱི་སྙིང་པོ་ལས་འོད་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་ལྟར་བསྐྱེད་པའི་ལྷ་རྣམས་ལ་སིབ་སིབ་ཏུ་ཐིམ་པར་བསམ་ལ༔ ན་མོ་མཉྫུ་ཤྲཱི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ས་མ་ཡ་ཧྲཱིཾཿཛཿཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་བུམ་པ་ལ་ཡང༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགསབུམ་པ་མི་དམིགས་པ་སྟོང་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་ལྔ་ལས་གྲུབ་པའི་རང་བཞིན་ཕྱི་བུམ་པའི་དབྱིབས་མཛེས་ཤིང་ཡིད་དུ་འོང་བ༔ ཁ་གཡེལ་བ༔ མགྲིན་པ་ཕྲ་བ༔ ལྟོ་བ་ལྡིར་བ༔ ཞབས་ཞུམ་པ༔ དཔག་བསམ་ཤིང་གི་ཁ་རྒྱན་བྱས་ཤིང་༔ ལྷའི་དར་པཉྩ་ལི་ཀའི་མགུལ་ཆིངས་བྱས་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་དྲྭ་བ་དང་དྲྭ་ཕྱེད་འཕྱང་བ༔ ཡེ་ཤེས་ཀྱི་རང་མདངས་འོད་ཀྱི་པ་ཏྲ་རིས་སུ་འཁྱིལ་བའི་བར་མཚམས་སུ་ཕྱག་མཚན་འཁོར་ལོ༔ རྡོ་རྗེ༔ རིན་ཆེན༔ པདྨ༔ རྒྱ་གྲམ་གྱི་གཟུགས་རང་བྱུང་ཤར་བའི་ནང་དུ་བུམ་ཆུ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་ཀློང་དུ་པཾ་ལས་པདྨའི་སྡོང་པོ་ཡན་ལག་རགས་ལ་ལོ་འདབ་རྒྱས་པའི་སྟེང་དུ་ཟླ་བའི་གདན་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་སེར་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་གཞོན་ནུ་བཅུ་དྲུག་ལོན་པའི་ངང་ཚུལ་ཅན་གཡས་ཤེས་རབ་ཀྱི་རལ་གྲི་དང་༔ གཡོན་པོ་ཏི་བསྣམས་ཤིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ ཡུམ་དབྱངས་ཅན་སྔོན་མོ་དང་འཁྲིལ་བ་འཇའ་ཚོན་འོད་ལྔའི་ཀློང་དུ་བཞུགས་པར་བསྒོམ༔ ཤར་དུ་ཐུགས་ཀྱི་སྤྲུལ་པ་འཇམ་དབྱངས་དཀར་པོ་ཡབ་ཡུམ༔ ལྷོ་རུ་ཡོན་ཏན་གྱི་སྤྲུལ་པ་འཇམ་དབྱངས་སེར་པོ་ཡབ་ཡུམ༔ ནུབ་ཏུ་གསུང་གི་སྤྲུལ་པ་འཇམ་དབྱངས་དམར་པོ་ཡབ་ཡུམ༔ བྱང་དུ་ཕྲིན་ལས་ཀྱི་སྤྲུལ་པ་འཇམ་དབྱངས་ནག་པོ་ཡབ་ཡུམ༔ མཚམས་བཞིར་ཚད་མེད་རྣམ་བཞིའི་རང་གཟུགས་གཤིན་རྗེ་གཤེད་ཆེན་རྣམ་བཞི༔ གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་མ་ལུས་ཤིང་ལུས་པ་མེད་པ་རྣམས་དམ་ཚིག་གི་དབང་གིས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་སྐད་ཅིག་ཉིད་དུ་སྤྱན་དྲངས་ཏེ་བསྟིམ་མོ༔ བཛྲ་ས་མ་ཡ་ཛཿཛ༔ ཞེས་སྤྱན་འདྲེན་བཞུགས་གསོལ་སོགས་གཞུང་བཞིན་བྱའོ༔ དེ་ནས་མདུན་བསྐྱེད་བྱ་བ་ལ༔ རང་ཉིད་ལྷའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་གསལ་བ་ལས་འོད་འཕྲོས་པས་འོད་ཕུང་ཡོངས་སུ་གྱུར་པ་ལས་བྱུང་བའི་མདུན་བསྐྱེད་དངོས་གྲུབ་འབྱུང་གནས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྐྱེད་ལ༔ ཧཱུྃ༔ རང་ཉིད་གསང་འདུས་སྒྱུ་འཕྲུལ་ལྷའི༔ ཡེ་ཤེས་རོལ་པའི་རང་གདངས་ལས༔ རྣམ་དག་བདེ་ཆེན་ཞིང་ཁམས་སུ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་པའི༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་དབུས༔ ཆགས་བྲལ་པདྨ་ཟླ་གདན་ལ༔ དྷཱིཿལས་མགོན་པོ་འཇམ་དཔལ་དབྱངས༔ དམར་སེར་ལོ་བརྒྱད་གཞོན་ནུའི་ཚུལ༔ མཚན་དང་དཔེ་བྱད་ཡོངས་སུ་རྫོགས༔ ཞི་འཛུམ་མཛེས་པའི་ལང་ཚོ་རྒྱས༔ ཕྱག་གཡས་ཤེས་རབ་རལ་གྲི་ཕྱར༔ གཡོན་པས་ཨུཏྤལ་གླེགས་བམ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན༔ ནམ་མཁའི་དབྱིངས་ཅན་སྔོན་མོས་འཁྱུད༔ ཕྱག་གཡས་རལ་གྲི་གཡོན་ཨུཏྤལ༔ མཛེས་སྡུག་བལྟ་བའི་ཆོག་མི་ཤེས༔ ཟུང་འཇུག་བདེ་བ་ཆེན་པོར་རོལ༔ ཤར་དུ་དྲི་མེད་རྡོ་རྗེ་དཀར༔ ཆུ་ཁམས་དབྱངས་ཅན་དཀར་མོ་སྦྱོར༔ ལྷོ་རུ་ཡོན་ཏན་འབྱུང་གནས་སེར༔ ས་ཁམས་དབྱངས་ཅན་སེར་མོས་འཁྱུད༔ ནུབ་ཏུ་སྨྲ་བའི་སེང་གེ་དམར༔ མེ་ཁམས་དབྱངས་ཅན་དམར་མོས་འཁྱུད༔ ཀུན་ཀྱང་མཚན་དང་དཔེ་བྱད་བརྒྱན༔ རལ་གྲི་གཡས་ལ་པོ་ཏི་གཡོན༔ ལོངས་སྐུའི་རྒྱན་རྫོགས་གཞོན་ནུའི་ཚུལ༔ ཡེ་ཤེས་འཇའ་གུར་ཀློང་དཀྱིལ་དུ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ བྱང་དུ་མངོན་སྤྱོད་དྲག་པོ་རྩལ༔ མཐིང་ནག་ཁྲོ་གཏུམ་རྔམས་པའི་སྐུ༔ རལ་གྲི་གཡས་ལ་པོ་ཏི་གཡོན༔ ཞབས་གཉིས་ཕྱེད་པའི་སྐྱིལ་ཀྲུང་བཞུགས༔ མེ་ཡི་རལ་པ་གནམ་དུ་གཟིང་༔ སྟག་ཤམ་གསོལ་ཞིང་ཐོད་སྦྲུལ་བརྒྱན༔ རླུང་ཁམས་ནོར་རྒྱུན་ལྗང་མོས་འཁྲིལ༔ ལྕགས་མདའ་གཡས་ལ་ནོར་བུ་གཡོན༔ གཅེར་བུ་རུས་པའི་རྒྱན་གྱིས་སྤྲས༔ ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད༔ ཤར་སྒོར་གཤིན་རྗེ་ཞི་བྱེད་དཀར༔ རལ་གྲི་གཡས་ལ་ལྕགས་ཀྱུ་གཡོན༔ ལྷོ་རུ་གཤིན་རྗེ་འཆིང་བྱེད་སེར༔ རལ་གྲི་གཡས་ལ་ཞགས་པ་གཡོན༔ ནུབ་ཏུ་གཤིན་རྗེ་རྨོངས་བྱེད་དམར༔ རལ་གྲི་གཡས་ལ་ལྕགས་སྒྲོག་གཡོན༔ བྱང་དུ་གཤིན་རྗེ་མྱོས་བྱེད་ནག༔ རལ་གྲི་གཡས་ལ་དྲིལ་བུ་གཡོན༔ ཀུན་ཀྱང་དུར་ཁྲོད་ཆས་རྫོགས་ཤིང་༔ ཁྲོ་གཏུམ་གྱད་ཀྱི་འདོར་སྟབས་བསྒྲད༔ ཡེ་ཤེས་མེ་དཔུང་ཀློང་དུ་འགྱིང་༔ དཀྱིལ་འཁོར་བར་ཁྱམས་ཁོར་ཡུག་ཏུ༔ རྩ་གསུམ་དམ་ཅན་སྲུང་མར་བཅས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམས༔ སྤྱན་འདྲེན་ནས་བཟུང་ལས་གཞུང་བསྲང་༔ དེ་ནས་བསྒྲུབ་ལ་འཇུག་པ་ལ༔ ཧཱུ༔ རང་ཉིད་ལྷ་ཡི་ཐུགས་ཀ་རུ༔ ཐུགས་སྲོག་མཐའ་མར་སྔགས་ཕྲེང་བ༔ གདན་ནས་འཕགས་ཏེ་གཡས་སུ་འཁོར༔ འོད་དང་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་༔ ལྷ་དང་དྲང་སྲོང་པཎ་གྲུབ་ཚོགས༔ མ་ལུས་ལུས་པ་མེད་པ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་བྱིན་དངོས་གྲུབ་ཐམས་ཅད་དང་༔ མཁྱེན་བརྩེ་ནུས་པ་མ་ལུས་ཀུན༔ འོད་ལྔའི་རྣམ་པར་སྤྱན་དྲངས་ཏེ༔ བདག་དང་བསྒྲུབ་པའི་རྫས་ལ་བསྟིམས༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཾཿམདུན་དུ་བུམ་པ་གཞལ་ཡས་ཁང་གི་ནང་དུ་རིལ་བུ་རྣམས་འཇམ་དཔལ་ཡབ་ཡུམ་རེ་རེ་བསྒོམ་པའི་གནས་གསུམ་དུ་ཡི་གེ་གསུམ་ལས་འོད་འཕྲོས་པས་སྐུ་གསུམ་དག་པའི་ཞིང་ཁམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་བཞིན་དུ་གཉིས་སུ་མེད་པར་ཐིམ་པར་བསྒོམས་ལ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཾཿདེ་ལྟར་སྤྲོ་བསྡུ་ལ་ནན་དུ་འབད་པར་བྱའོ༔ སླར་ཡང་བསྒྲུབ་པ་བྱ་བ་ལ༔ ཧཱུ༔ རང་གི་སྙིང་གའི་སྲོག་ཡིག་ལས༔ འོད་ཀྱི་ཟེར་ཐག་འཇའ་ལྟ་བུ༔ རལ་གྲིའི་ཁོངས་བརྒྱུད་རྩེ་ནས་ཐོན༔ ཡབ་ནས་ཡུམ་གྱི་ཞལ་དུ་བཞུགས༔ སྐུ་ཡི་དབྱིབས་བརྒྱུད་པདྨོ་ནས༔ རྡོ་རྗེའི་ཁོང་གསེང་ལམ་ཞུགས་ཏེ༔ ཐུགས་ཀའི་དྷཱིཿཡིག་ལ་ཐིམ་འཁོར༔ དགའ་བ་བཞི་ཡི་བྱེད་ལས་ཀྱིས༔ བདེ་ཆེན་ཡེ་ཤེས་འབར་བར་བསྒོམ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཾཿསླར་ཡང་བསྒྲུབ་པ་བྱ་བ་ལ༔ ཧཱུ༔ བདག་ཉིད་གསང་འདུས་ཡབ་ཡུམ་གྱི༔ བདེ་དང་སྟོང་པའི་ཆོ་འཕྲུལ་ལས༔ ཐུགས་སྲོག་སྔགས་ཀྱི་འོད་ཟེར་ཐིག༔ མདུན་བསྐྱེད་ལྷ་ཡི་ཞལ་དུ་ཞུགས༔ སྦྱོར་མཚམས་བརྒྱུད་དེ་ཡང་དེ་བཞིན༔ བདག་བསྐྱེད་ཟུང་འཇུག་སྦྱོར་མཚམས་བརྒྱུད༔ བདེ་སྟོང་ཡེ་ཤེས་རབ་འབར་བའི༔ སྟོབས་ཀྱིས་འོད་ཟེར་རབ་འཕྲོས་པས༔ ཁམས་གསུམ་བརྟན་གཡོ་ཐམས་ཅད་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷའི༔ རོལ་པ་ཆེན་པོར་དག་པར་སྦྱོར༔ སྣང་བ་སྐུ་དང་སྒྲ་གྲགས་གསུང་༔ དྲན་རྟོག་ཐུགས་ཀྱི་རོལ་པར་གསལ༔ ཨོཾ་ར་པ་ཙ་ན་དྷཱིཿཧྲཱིཾཿདེ་ལྟར་བཟླས་པའི་ཚེ་ན་བདག་བསྐྱེད་གསང་འདུས་ཡབ་ཡུམ་སྦྱོར་བའི་བདེ་སྟོང་ཡེ་ཤེས་ཆེན་པོའི་ཤུགས་འབྱུང་ལས་འོད་ཟེར་འཇའ་ཡི་ཐིག་པ་ལྟ་བུར་མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཞལ་དུ་ཞུགས་ཏེ་ཡབ་ཡུམ་གྱི་བདེ་སྟོང་བྱང་ཆུབ་སེམས་ཀྱི་རོལ་པའི་འོད་ཟེར་ཁ་དོག་དཀར་དམར་གྱི་རྣམ་པ་སྦྱོར་མཚམས་ནས་ཐོན་ཏེ་བདག་བསྐྱེད་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཞུགས་ཏེ་བར་མ་ཆད་པར་མགལ་མེའི་འཁོར་ལོ་བཞིན་དུ་འཁོར་བའི་རང་གདངས་འོད་ཀྱི་ཕུང་པོ་མཁའ་ལ་ཉི་གཞོན་ཤར་བ་བཞིན་དུ་འཕྲོས་ཤིང་འབར་ཏེ་ཁམས་གསུམ་ཐམས་ཅད་ཡོངས་སུ་ཁྱབ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འོག་མིན་རྣམ་མཛེས་ཆེན་པོ༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་ལྷ་ཚོགས༔ སྒྲ་རུ་གྲགས་པ་ཐམས་ཅད་གྲགས་སྟོང་སྔགས་ཀྱི་རོལ་པ༔ དྲན་རྟོགས་གང་ཤར་ཐམས་ཅད་ཐུགས་ཆོས་ཉིད་ཀྱི་རོལ་པར་བསྒོམ་ལ༔ རང་གིས་སྔགས་བཟླས་པ་ཙམ་གྱིས་ཚོགས་པས་རམ་བུ་བཏེགས་པ་ལྟར་སྣང་བ་ལྷ་རུ་གྱུར་པ་དེ་རྣམས་ཀྱི་གྲགས་སྟོང་སྔགས་ཀྱི་ཛཔྲ་དབྱངས་བུང་བའི་ཚང་ཞིག་པ་ལྟར་འུར་འུར་དིར་དིར་སྒྲོགས་པར་བསྒོམ་པ་དང་༔ མདུན་བསྐྱེད་བུམ་པའི་གཞལ་ཡས་ཁང་གི་རིལ་བུ་ལྷ་རུ་གསལ་བ་རྣམས་རེ་རེ་ལས་ཀྱང་བརྒྱ་སྟོང་ཁྲི་འབུམ་གྲངས་མེད་དུ་འཕྲོས་ཏེ་བུམ་པ་གཞལ་ཡས་ཁང་དུ་གསལ་བ་ཆེར་སོང་བས་ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར་པའི་ནང་སྟོང་ཁམས་ཐམས་ཅད་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རོལ་པར་གྱུར་ཏེ་ཀུན་གྱིས་སྔགས་ཀྱི་སྒྲ་དི་རི་རི་སྒྲོགས་པའི་སྟོབས་ཀྱིས་མཐུ་སྟོབས་ནུས་པ་དབང་བྱིན་ཡེ་ཤེས་རབ་ཏུ་བསྐྱེད་ཅིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བསྒོམ་ལ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཾཿཨ་ར་པ་ཙ་མི་དྷཱིཿཧྲཱི་ད་ཡེ་སྭཱ་ཧཱ༔ སརྦ་པྲཛྙཱ་ཛྙཱ་ན་སིདྡྷི་སིདྡྷི་ཡེ་སྭཱ་ཧཱ༔ དེ་ལྟར་བསྒྲུབ་པ་རྣམ་པ་གསུམ་གྱི་སྐབས་ཀུན་ཏུ་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་ལ་སོགས་པའི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་༔ པཎ་གྲུབ་རིག་འཛིན་སོ་སྐྱེ་རྣམས་ཀྱི་ཤེས་རབ་དང་ཡེ་ཤེས༔ འབྱུང་བ་བཞིའི་བཅུད་དང་དྭངས་མ་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པ་འོད་ཀྱི་རྣམ་པར་བསྡུས་ཏེ་རང་དང་བསྒྲུབ་རྫས་ལ་བསྟིམ་པས་ཤེས་རབ་དང་ཡེ་ཤེས་ཆེན་པོ་རབ་ཏུ་འབར་ཞིང་རྒྱས་པར་བསྒོམ་པ་གནད་དུ་ཤེས་པར་བྱའོ༔ སྔགས་བཟླས་པའི་མཐུ་བྱིན་གྱིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་བསྒྱུར་ཏེ་གཟི་བྱིན་རབ་ཏུ་འབར་བར་བསྒོམ་བའི་ངང་ནས་བཟླ་བར་བྱའོ༔ དེ་ནས་ལས་ལ་སྦྱོར་བ་ནི༔ སྔ་དྲོ་ཞི་བའི་དུས་སུ༔ རང་ཉིད་འཇམ་དཔལ་དཀར་པོ་ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་པ༔ གཡས་པས་རྡོ་རྗེས་ཡུ་བ་བྱས་པའི་རལ་གྲི་དང་༔ གཡོན་ཨུཏྤལ་དཀར་པོའི་སྟེང་དུ་བརྒྱད་སྟོང་པའི་གླེགས་བམ་བསྣམས་པའི་ཆོས་ཀྱི་འོད་ཟེར་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་བློའི་མ་རིག་པའི་མུན་པ་སེལ་བ༔ ཡུམ་དབྱངས་ཅན་དཀར་མོ་གཡས་རལ་གྲི་དང་༔ གཡོན་ཨུཏྤལ་བསྣམས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་དང་འཁྲིལ་བ་ཡབ་ཡུམ་གཉིས་ཀ་གཞོན་ནུ་ལོ་བརྒྱད་ལོན་པའི་ཆ་ལུགས་ཅན་ཞི་བ་བསིལ་བ༔ དྭངས་གསལ་རྙོགས་པ་དང་བྲལ་བ་མཐོང་ན་མི་མཐུན་པ་མེད་པ་ཞིག་ཏུ་བསྒོམ་པའི་སྐུའི་ཆ་ཐམས་ཅད་ནས་འོད་དང་འོད་ཟེར་རབ་ཏུ་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པས་མཆོད་ཅིང་དེ་དག་གི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་དཀར་གསལ་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་བདག་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་ཞི་བའི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམ༔ སླར་ཡང་འོད་ཟེར་རབ་ཏུ་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་ནས་ཐམས་ཅད་གཉིད་བཙན་ཐབས་ཀྱིས་དཀྲོག་པ་བཞིན་དུ་ཡེ་ཤེས་ལྷའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་ཏེ་ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་བསྒོམ་ལ༔ ཧཱུྃ་༔ རང་ཉིད་རྡོ་རྗེ་རྣོན་པོ་ནི༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་དབང་བྱིན་བསྡུས༔ བདག་གི་སྒྲིབ་གཉིས་དྲི་མ་སྦྱངས༔ མར་འཕྲོས་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ མ་རིག་འཁྲུལ་པའི་སྣང་སེམས་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་ལྟར༔ དོན་གྱི་འོག་མིན་ཆེན་པོར་འཕོས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་བའི་ལྷའི༔ རྟེན་དང་བརྟེན་པའི་རང་བཞིན་དུ༔ མངོན་གྱུར་ཆེན་པོར་རྫོགས་སངས་རྒྱས༔ ཨོཾཨ་ར་པ་ཙ་ན་དྷཱིཿཧྲཱིཾཿཨོཾ་ཝ་ཀྱཻ་དཾ་ན་མཿཞེས་བརྗོད་ཅིང་ཉིན་གུང་རྒྱས་པའི་ཕྲིན་ལས་བསྒྲུབ་པ་ལ༔ རང་ཉིད་འཇམ་དཔལ་སེར་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ གཡས་རིན་པོ་ཆེས་ཡུ་བ་བྱས་པའི་རལ་གྲི་དང་གཡོན་གོང་བཞིན་ཨུཏྤལ་དང་གླེགས་བམ་བསྣམས་པ༔ ཡུམ་དབྱངས་ཅན་སེར་མདོག་གཡས་རལ་གྲི་དང་གཡོན་ནོར་བུ་བསྣམས་པ་དང་མཉམ་པར་སྦྱོར་བ་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པར་བསྒོམ་ལ༔ སྐུའི་ཆ་ཐམས་ཅད་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་སེར་གསལ་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་བདག་ལ་ཐིམ་པ་དང་༔ གཞན་ཡང་ཉན་རང་བྱང་སེམས་རིག་འཛིན་དྲང་སྲོང་པཎ་གྲུབ་དང་སོ་སྐྱེ་རྣམས་ཀྱི་ཤེས་རབ་ཡོན་ཏན་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ༔ ཉི་ཟླ་ནོར་བུ་འབྱུང་ལྔའི་དྭངས་བཅུད་ཐམས་ཅད་ལྷག་མ་མ་ལུས་པར་བསྡུས་ཏེ་བདག་ལ་ཐིམ་པས་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་པར་བསྒོམ༔ འཁོར་འདས་ཡོངས་ཀྱི་གཟི་བྱིན་ཚེ་བསོད་ནུས་མཐུ་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པས་སྣང་སྲིད་ཐམས་ཅད་འོག་མིན་དཔལ་དང་ལྡན་པའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་ཏེ་རྒྱས་པའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྒོམ་ལ༔ ཧཱུྃ་༔ རང་ཉིད་མཁྱེན་རབ་དབང་པོ་ནི༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས༔ འགྲོ་བའི་རྒྱུད་སྦྱངས་དག་པར་སྦྱོར༔ འཁོར་འདས་གཟི་བྱིན་དབང་དངོས་གྲུབ༔ ནུས་བཅུད་དྭངས་མ་ཤེས་རབ་དང་༔ ཡེ་ཤེས་ཆེན་པོར་བཅུད་དུ་དྲིལ༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ རྒྱས་པའི་ཕྲིན་ལས་ཡོངས་གྲུབ་བསམ༔ ཨོཾ་ར་པ་ཙ་ན་དྷཱིཿཧྲཱིཾཿཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཞེས་བཟླས་ཤིང་དགོང་མོ་དབང་གི་ཕྲིན་ལས་བསྒྲུབ་པ་ལ་ཡང་༔ རང་ཉིད་འཇམ་དཔལ་དམར་པོ་གཡས་པདྨས་ཡུ་བ་བྱས་པའི་རལ་གྲི་དང་༔ གཡོན་ཨུཏྤལ་དང་པོ་ཏི་བསྣམས་པ༔ ཡུམ་དབྱངས་ཅན་དམར་མོ་རལ་གྲི་དང་ཨུཏྤལ་དམར་པོ་བསྣམས་པ་དང་འཁྲིལ་བ༔ ཡབ་ཡུམ་གཉིས་ཀ་གཞོན་ནུ་མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་སེང་ཁྲི་དང་པད་ཟླར་བཞུགས་པའི་སྐུ་ལས་འོད་དང་འོད་ཟེར་དམར་པོ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་རང་ལ་ཐིམ་པས་འཁོར་འདས་ཡོངས་ལ་དབང་བསྒྱུར་བའི་དབང་ཐོབ་པར་བསམ་ལ༔ ཡང་འོད་ཟེར་མར་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སྦྱངས༔ སྣང་སེམས་ཐམས་ཅད་ནམ་མཁའ་ལ་ཉི་མ་ཤར་བ་ལྟར་བདེ་ཆེན་དག་པ་མཁའ་སྤྱོད་ཀྱི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་ཏེ་བདག་གི་འཁོར་འབངས་མངའ་འོག་ཏུ་འདུས་ཤིང་བསྒོ་བའི་བཀའ་ཉན་ཅིང་ཕྲིན་ལས་རབ་འབྱམས་བསྒྲུབ་པའི་གཉེར་བླང་ཞིང་དམ་བཅས་ཏེ་བྱང་ཆུབ་སེམས་དཔས་འགྲོ་བའི་དོན་བསྒྲུབ་ཅིང་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱི་ཁུར་ཆེན་པོ་དང་དུ་ལེན་པར་བསྒོམ་ལ༔ ཧཱུྃ་༔ རང་ཉིད་སྨྲ་བའི་སེང་གེ་ནི༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ སྐུ་ལས་འོད་ཟེར་དཔག་མེད་འཕྲོས༔ རྒྱལ་དང་རྒྱལ་སྲས་མ་ལུས་མཆོད༔ དབང་དང་དགའ་བཞི་མཁྱེན་གཉིས་ཀུན༔ སྐུ་ལས་འོད་ཟེར་དཔག་མེད་འཕྲོས༔ རྒྱལ་དང་རྒྱལ་སྲས་མ་ལུས་མཆོད༔ དབང་དང་དགའ་བཞི་མཁྱེན་གཉིས་ཀུན༔ འོད་ཕུང་དམར་པོའི་རྣམ་པར་བསྡུས༔ རང་ཉིད་ལྷར་གསལ་ལ་ཐིམ་པས༔ དབང་དང་དངོས་གྲུབ་མ་ལུས་ཐོབ༔ མར་འཕྲོས་ཁམས་གསུམ་སེམས་ཅན་གྱི༔ སྒྲིབ་གཉིས་བག་ཆགས་ཀུན་སྦྱངས་ནས༔ ཀུན་ཀྱང་དཔའ་བོ་དཔའ་མོ་ཡི༔ རོལ་པར་གྲོལ་ནས་ཐམས་ཅད་ཀུན༔ བདག་གི་མངའ་འོག་དབང་དུ་འདུས༔ རབ་འབྱམས་ཕྲིན་ལས་མ་ལུས་པ༔ བསྒྲུབ་པའི་གཉེར་དང་ཁུར་བླངས་ནས༔ དབང་གི་ཕྲིན་ལས་ཡོངས་གྲུབ་བསམ༔ ཨོཾ་ར་པ་ཙ་ན་དྷཱིཿཧྲཱིཾཿཨོཾ་ཧྲཱི་དྷཱི་མ་མི་དྷཱི་བཾ་མཉྫུ་ཤྲི་མཱུཾ་ཧྲཱི་པྲཛྙཱ་ཝརྡྷཱ་ན་ཧྲཱིཿདྷཱིཿསྭཱ་ཧཱ༔ ཞེས་མི་ཚིག་གིས་བར་མ་ཆད་པར་སྔགས་བཟླས༔ སྟན་གྱི་དྲོད་མ་ཡལ་བར་སྡོད་ཚུགས་པར་གདན་བསྲུང་༔ ཤེས་པ་གཞན་དུ་མ་གཡེང་བར་ལྷའི་ང་རྒྱལ་བཟུང་ཞིང་འོད་ཟེར་སྤྲོ་བསྡུ་ལ་འབད་པར་བྱའོ༔ སྲོད་དྲག་པོའི་དུས་སུ་ཡང་༔ རང་ཉིད་འཇམ་དཔལ་མཐིང་ནག་ཁྲོས༔ ཤིང་གཏུམ་པ་ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པ་ཞལ་གདངས་ཤིང་ལྗགས་གློག་དམར་ལྟར་དུ་འཁྱུགས་པ༔ ཁྲོ་གཉེར་ཆུའི་གཉེར་མ་ལྟར་འཁྲིགས་ཤིང་ཚེམས་ཕྲེང་གངས་རི་ལྟར་དཀར་བ༔ མཆེ་བ་ཟླ་ཚེས་ལྟར་རྣོ་དཀར་མན་དུ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་སྤྱན་རྩ་གློག་དམར་ལྟར་གཡོ་བ༔ སྨ་ར་ལས་བསྐལ་པའི་མེ་དཔུང་འབར་ཞིང་སྨིན་མ་གློག་སྟོང་འཁྱུགས་པ༔ ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་མེ་འབར་བ་ཀླད་ལ་བསྐོར་ཐབས་སུ་འཛིན་ཅིང་གཡོན་པས་མེའི་ཞགས་པ་བསྣམས༔ སྐུ་ལ་སྦྲུལ་དང་མི་མགོའི་ཕྲེང་བས་བརྒྱན་པ༔ སྐུ་སྨད་ལ་སྟག་ལྤགས་རློན་པའི་ཤམ་ཐབས་གསོལ་བ༔ འོད་ཕུང་དུས་མཐའི་མེ་ལྟར་འབར་བའི་ཀློང་དུ་བཞུགས་པ༔ དེ་ཡི་ཐུགས་ཀར་པད་ཟླའི་གདན་ལ་རལ་གྲི་མེ་འབར་བའི་ཡུ་བ་གྱེས་མཚམས་ཀྱི་ནང་ཁྲོད་དུ་དྷཱིཿཡིག་ནག་པོ་མེ་འབར་བ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་མཐུ་སྟོབས་ནུས་པ་ཐམས་ཅད་རྫོགས་པར་བསྒོམ་པའི་མཐར་ནང་རིམ་དུ་རྩ་བའི་སྔགས་དང་༔ ཕྱི་རིམ་དུ་དྲག་སྔགས་རང་སྒྲ་དང་བཅས་པ་འཁོར་བ་ལས་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་འོད་ཀྱིས་མ་རིག་པའི་བག་ཆགས༔ མི་ཤེས་པའི་དྲི་མ༔ ནད་གཅོད་སྡིག་སྒྲིབ་ལས་ཉོན་དང་བཅས་པ་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་ཏེ་རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་བསྒོམ༔ དེ་ཡི་པང་དུ་ཡུམ་མཆོག་ནོར་རྒྱུན་མཐིང་ནག་ཁྲོ་གཏུམ་རབ་ཏུ་འཇིགས་པའི་ངང་ཚུལ་ཅན་གཡང་གཞི་དང་གཟིག་ཤམ་གསོལ་བ་ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྱུད་ཅིང་ཕྱག་གཡས་རལ་གྲི་དང་༔ གཡོན་པས་ནོར་བུ་བསྣམས་ནས་ཡབ་ཀྱི་མགུལ་དུ་འཁྲིལ་ཞིང་ཞལ་སྦྱོར་བའི་ཐུགས་ཀར་ཧྲཱིཾཿཡིག་དམར་པོ་ལ་འོད་ཀྱི་འཁོར་ལོ་དམར་སྒ་ར་ར་འཁོར་བར་བསམ༔ ཡབ་ཡུམ་གཉིས་ཀྱི་ཐུགས་ཀའི་སྔགས་འཁོར་ལས་མེ་དཔུང་དམར་ནག་རབ་ཏུ་འབར་བས་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་སྣོད་བཅུད་གཉིས་སྣང་བག་ཆགས་དང་བཅས་པ་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག་ནས་འཁོར་འདས་སྟོང་ཉིད་ཆེན་པོའི་རོལ་པར་ཞིག་སྟེ་འབྱམས་ཀླས་པར་གྱུར༔ མཁྱེན་གཉིས་ཡེ་ཤེས་ཆེན་པོའི་རྩལ་ལས་ཤེས་རབ་ཀྱི་མེ་ཆེན་རབ་ཏུ་འབར་བས་ས་བདག་ཀླུ་གཉན་ནད་རིམས་དང་བཅས་པ་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་ནས་རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་བསྒོམ་ལ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཾཿཨོཾ་པྲ་སོད༔ ཆུ་སོད༔ དུར་ཏ་སོད༔ དུར་མེ་སོད༔ གཉན་མགོ་ལ་ཆོད༔ ཁ་ལ་ཛཿཀང་ཤང་རྦད་ཕཊ་སྭཱ་ཧཱ༔ བར་མ་ཆད་པར་ཆུ་ཀླུང་དྲག་པོ་ལྟར་བཟླའོ༔ ལྷ་བསྒོམ་པའི་དུས་སུ་རིམ་བཞིན་ཆད་འཛོལ་དུ་མ་སོང་བར་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་བྱའོ༔ འཁོར་འདས་རང་སྣང་ལས་མི་གཞན་པར་ཤེས་པའི་ལྟ་བ་ཟབ་མོའི་གནད་ཤེས་ཤིང་སྒྱུ་མ་ལྟ་བུའི་ངང་ཚུལ་དང་མི་འབྲལ་བ་གཞི་རུ་ཆེ་ལ་འཁོར་འདས་ཡོངས་ཀྱི་སྲོག་ལ་དབང་བྱེད་པའི་གནད་ཡིན་ནོ༔ རང་མིར་འཛིན་གྱི་ཤེས་པ་ལས་ལྡོག་ཅིང་ལྷའི་གསལ་སྣང་མངོན་དུ་བྱེད་ཅིང་ལྷ་ཡིན་གྱི་ཤེས་པ་སྒོ་མ་འགགས་པ་དང་མི་འབྲལ་བའི་ང་རྒྱལ་བསྟན་པོར་བྱའོ༔ ལྷ་སྐུའི་དབུ་ཡི་ཐོར་གཙུག་མན་ཆད་ནས་གདན་པདྨ་ཡན་ཆད་ཡིད་ལ་མངོན་དུ་བྱས་སྟེ་བཟླ་བ་དང་༔ རེས་འགའ་གང་འདོད་ཐམས་ཅད་འོད་ཟེར་སྤྲོ་བསྡུས་གཅུན་ཏེ་དམིགས་པའི་ལྡེ་ཁ་བསྒྱུར་བར་བྱའོ༔ རང་ཉིད་ལྷར་གསལ་བའི་ཤེས་པ་རྒྱུན་ཆགས་ལ་བརྟན་པ་ཐོབ་པར་བྱ་བ་ནི་ལྷ་བསྒྲུབ་པའི་གནད་ཀྱི་ཡང་སྙིང་དམ་པ་ཡིན་ནོ༔ གནད་འདི་མེད་ན་ལོ་བརྒྱར་བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་བ་དང་༔ འབྲས་བུ་འབྱིན་པའི་གནད་མེད་ངེས་སོ༔ དེས་ན་གནད་དེ་བཟུང་ལ་བསྒྲུབ་པར་གྱིས་ཤིག༔ དེ་ལྟར་ཤེས་པ་གཞན་དུ་མི་གཡེང་བར་ལྷར་སྣང་དང་མ་བྲལ་བའི་གནད་དང་ལྡན་ན་ཟླ་བ་དྲུག་གིས་ངེས་པར་འགྲུབ་པའི་རྟགས་མངོན་དུ་འགྱུར་བ་ཡིན་པས་ཤེས་པར་གྱིས་ཤིག༔ མདུན་བསྐྱེད་གསལ་བ་ལ་ཡང་གསལ་སྣང་ཐོན་པའི་ངང་ནས་ཡིད་ཀློང་དུ་ཆུབ་ཅིང་༔ ཡུལ་དུ་འབྲལ་བ་མེད་པར་བསྟེན་པར་བྱའོ༔ རང་གདན་ལས་ལྡང་བའི་སྐབས་སུ་རང་གི་ཕྲེང་བ་རྣམས་གཤིན་རྗེའི་མགོ་བོ་ཁྲག་འཛག་པ་བསྟར་ལ་བརྒྱུས་པའི་རང་བཞིན་ཁ་ནས་སྔགས་ཀྱི་སྒྲ་འབྲུག་ལྟར་ལྡིར་བ་རུ་བསྐྱེད་ཅིང་གསལ་ནས་བཞག་གོ༔ རྣམ་པར་གཡེང་བ་དང་ལེ་ལོ་མེད་པར་བསྒྲུབ་པ་ལ་འབད་པར་བྱའོ༔ དྲི་ཆེན་དང་དྲི་ཆུ་འདོར་བའི་ཚེ་སྤྱི་བོར་བླ་མ་བསྒོམ་པའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་བབ་པས་རང་གི་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་ཐམས་ཅད་འོག་སྒོ་གཉིས་ནས་ནག་ནུ་རུ་རུ་ཐོན་ནས་འོག་གཞི་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་དབབ་པས་ས་གཞིའི་ཁམས་ཐམས་ཅད་གང་ནས་གནོད་བྱེད་གདོན་བགེགས་ཐམས་ཅད་ཀྱིས་ཧབ་ཐོབ་ཏུ་རོལ་པས་མགུ་ཞིང་ཚིམས་ཏེ་ལན་ཆགས་བྱང་༔ བུ་ལོན་སོད༔ ཤ་མཁོན་དག་ནས་གནོད་བྱེད་ཐམས་ཅད་གཏན་དུ་བདེ་བའི་གནས་ལ་འཁོད་པར་བསམ་པ་གནད་དུ་བཟུང་ངོ་༔ བསྙེན་བསྒྲུབ་ཀྱི་སྐབས་སུ་ཟས་སྐོམ་རོལ་པའི་དུས་སུ་དབྱིངས་ནས་ཡི་གེ་འབྲུ་གསུམ་ཆར་དུ་བབས་ཏེ་ཟས་ལ་ཐིམ་པས་བདེ་སྟོང་ཟག་པ་མེད་པའི་བདུད་རྩི་རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་ངོ་བོ་ལ་འདོད་ཡོན་ནམ་མཁའ་མཛོད་དུ་གྱུར་པར་དམིགས༔ ལུས་རྒྱལ་བའི་དཀྱིལ་འཁོར༔ ལག་སོར་མཆོད་ལྷ་རུ་བསྒོམ་སྟེ་ལྷ་རྣམས་ལ་ཚོགས་ཀྱི་འཁོར་ལོས་མཆོད་ཅིང་ཐུགས་བདེ་སྟོང་གི་རོས་ཚིམས་པར་བསམ་པའི་ངང་ནས་རོལ་བར་བྱའོ༔ ལས་སྦྱོར་གྱི་སྐབས་སུ་བཟའ་བཏུང་གོང་བཞིན་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོ་ལ་རྣམ་པ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་རུ་བསྒོམ་སྟེ༔ རང་ལུས་རྒྱལ་བའི་དཀྱིལ་འཁོར༔ ཁ་ཧོམ་ཁུང་༔ ལག་པ་དགང་གཟར་བླུགས་སུ་བསྐྱེད་དེ་ཕུལ་བས་ཐུགས་མཉེས་ཤིང་ཚིམ་ནས་ཕྲིན་ལས་རྣམ་བཞིའི་ལས་དུས་དང་བསྟུན་ཏེ་གྲུབ་པར་བསྒོམ་ལ་སྤྱོད་དོ༔ དེ་ནས་དྲག་དམིགས་འཁྲུལ་འཁོར་ལ༔ རང་ཉིད་གཤིན་རྗེའི་གཤེད་ནག་པོ༔ ཕྱག་གཡས་རལ་གྲི་གཡོན་མེ་ཞགས༔ མེ་ཡི་རལ་པ་གནམ་དུ་གཟིང་༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ སྟག་ཤམ་སྦྲུལ་དང་ཐོད་རྒྱན་སྤྲས༔ ཞབས་གཉིས་ཕྱེད་པའི་སྐྱིལ་ཀྲུང་བཞུགས༔ ཁྲོ་བོ་མི་བཟད་འཇིགས་པའི་ཞལ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་༔ ནོར་རྒྱུན་ཁྲོ་གཏུམ་ནག་མོས་འཁྱུད༔ རལ་གྲི་དང་ནི་ནོར་བུ་བསྣམས༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ ཐུགས་ཀའི་དྷཱིཿདང་ཧྲཱིཾཿཡིག་ལས༔ ཡེ་ཤེས་མེ་དཔུང་རབ་འབར་བས༔ སྒྲིབ་གཉིས་བག་ཆགས་ཐམས་ཅད་དང་༔ ནད་གདོན་སྡུག་བསྔལ་མ་ལུས་པ༔ སྦུར་མ་མེ་ལ་བསྲེག་བཞིན་བརླག༔ གཞན་ཡང་འོད་ཕུང་མེ་དཔུང་བཅས༔ སྣང་ཞིང་སྲིད་པ་ཁྱབ་པར་འཕྲོས༔ སྣོད་དང་བཅུད་དུ་འཛིན་པ་ཡི༔ གཟུང་དང་འཛིན་པའི་སྣང་སེམས་ཀུན༔ རྗེས་ལྷག་མེད་པར་བསྲེགས་ཤིང་སྦྱངས༔ འོག་མིན་རྣམ་མཛེས་ཆེན་པོའི་ཞིང་༔ མངོན་འགྱུར་ཆེན་པོར་སངས་རྒྱས་སོ༔ མ་རིག་རྒྱུད་འཁྲུལ་གནས་རིགས་དྲུག༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ འོག་མིན་རྣམ་མཛེས་ཆེན་པོར་འཕོས༔ ལས་ཉོན་བག་ཆགས་སྡུག་བསྔལ་ཀུན༔ ཆོས་ཉིད་ཀ་དག་དབྱིངས་སུ་བཤིག༔ ཐམས་ཅད་ཕྱམ་གཅིག་མངོན་སངས་རྒྱས༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཾཿཨོཾ་པྲ་སོད༔ ཆུ་སོད༔ དུར་ཏ་སོད༔ དུར་མེ་སོད༔ གཉན་མགོ་ལ་ཆོད༔ ཁ་ལ་ཛཿཀང་ཤང་རྦད་ཕཊ་སྭཱ་ཧཱ༔ དེ་ནས་དགྲ་བོ་བསྒྲལ་བའི་ལས་བསྒྲུབ་པར་འདོད་ན༔ རང་ཉིད་འཇིགས་བྱེད་གཏུམ་དྲག་ནག་པོར་གསལ་བའི་མདུན་མཁར་རཀྟའི་རྒྱ་མཚོ་འཁྱིལ་བའི་ཁྲག་ལྦུའི་ཀློང་དུ་མི་རོ་དང་རྟ་རོ་འཁྲིགས་པ༔ རྦ་རླབས་དང་རླངས་པ་འཕྱོ་བའི་ཀློང་ནས་གསོད་བྱེད་ཀྱི་ཤན་པ༔ བཤའ་གཅོད་ཀྱི་ལག་དམར༔ འཛིན་བྱེད་ཀྱི་ཕོ་ཉ༔ ལས་བྱེད་ཀྱི་དམག་ཚོགས་དཔག་ཏུ་མེད་པ་འཕྲོ་བར་བྱེད་པའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་གནམ་ལྕགས་ཀྱི་རྡོ་རྗེ་མེ་འབར་བ་ལས་གྲུབ་པའི་ལྕགས་ཀྱི་སྐུ་མཁར་ནག་པོ་རྩེ་མོ་བ་གམ་གཟུགས་མེད་པའི་ཁམས་སུ་སླེབ་པ༔ སྟོད་ཆ་གཟུགས་ཁམས་ན་ཡོད་པ༔ སྨད་ཆས་འདོད་ཁམས་ཁྱབ་པ༔ རྨིང་རི་དམྱལ་བའི་གནས་སུ་ཟུག་པ༔ ཕྱི་ནས་མེ་རླུང་ཐོགས་སེར་འཁྱུག་ཅིང་ནང་ན་སྡེ་བརྒྱད་ཀྱི་དམག་དཔུང་འཚོགས་པའི་དབུས་སུ་གནས་རིགས་དྲུག་གི་སེམས་ཅན་རྣམ་པ་སྣ་ཚོགས་པའི་རོ་ཕྱི་དབུགས་དང་བྲལ་ཞིང་༔ ནང་དབུགས་མ་ཆད་པ་ཙམ་གྱི་རོའི་ཁྲི་ཁར༔ བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཡཿཡིག་ནག་པོ་དང༔ ཙཿཡིག་མཐིང་ག་འོད་དང་བཅས་པ་འཕྲོས་པས་མ་ཧེ་སྔོ་ནག་མགོ་གཡས་ཕྱོགས་སུ་བསྟན་པ་དང་༔ ཆུ་གླང་ནག་པོ་མགོ་གཡོན་ཕྱོགས་སུ་བསྟན་པ༔ མ་ཧེ་སྔོན་དུ་འགྲོ་སྟེ་ཆུ་གླང་ཕྱི་འགྲོས་བྱེད་པ་བསྐལ་པའི་རླུང་དང་མེ་ཡི་ཤུགས་འཆང་བ་དེའི་སྒལ་སྟེང་དུ་ཡཿཙཿལས་འོད་འཕྲོས་པས་དཀོན་མཆོག་རྩ་གསུམ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པའི་མཐུ་སྟོབས་དང་ནུས་པ་ཐམས་ཅད་བསྡུས་ཏེ་ཡིག་འབྲུ་གཉིས་ལ་ཐིམ༔ མར་འཕྲོས་ཞིང་བཅུའི་བསྟན་དགྲ་གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཚུར་འདུས་པ་ལས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས་ཏེ་ཡིག་འབྲུ་གཉིས་ལ་ཐིམ་པས་ཡཿལས་གཤིན་རྗེ་ཡ་མ་ར་ཙ་མཐིང་ནག་ཤིན་ཏུ་ཁྲོས་ཤིང་ཨམ་གཙིགས་བསྡམས་པའི་མཆེ་བ་ཟླ་ཚེས་ལྟར་རྣོ་དཀར་མན་དུ་གཙིགས་པ་ཁྲོ་གཉེར་ཆུ་ཡི་གཉེར་མ་ལྟར་འཁྲིགས་ཤིང་སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་སྤྱན་རྩ་ལས་གློག་སྟོང་འཁྱུགས་པ༔ ཤངས་ནས་བསྐལ་པའི་རླུང་དམར་གཡོ་ཞིང་མེ་ཡི་སྨ་ར་དང་སྨིན་མ་དང་རལ་པ་གཡོ་བའི་ཀློང་ནས་ཐོག་དང་སྐྱིན་ཐང་དབབ་པ༔ ཕྱག་གཡས་སྲོག་གཅོད་ཀྱི་དགྲ་སྟྭ་ཕྱར་ཞིང་གཡོན་པས་འཛིན་བྱེད་ཀྱི་ལྕགས་ཀྱུ་བསྣམས་པ༔ སྐེད་པ་ལ་སྟག་རལ་དང་གཟིག་ཤུབ་དང་སྤུ་གྲི་ངར་མས་བརྒྱན་པ༔ སྟག་ལྤགས་རློན་པའི་འདུང་མ་གྱོན་ནས༔ མི་མགོ་ཁྲག་འཛག་པའི་ཕྲེང་བའི་སེ་རལ་ཁ་བྱས་པ༔ ཞབས་གཉིས་འདོར་སྟབས་སུ་བཞུགས་པའི་པང་དུ་ཙ༔ ལས་ཡུམ་མཆོག་ནག་མོ་ཁྲག་གི་རལ་པ་ཅན་གཡས་ན་སྤུ་གྲི་ངར་མ་དང་༔ གཡོན་པས་དགྲ་སྙིང་དྲོན་མོ་ཡབ་ལ་སྟོབ་པ༔ གཟིག་ལྤགས་ཀྱི་འདུང་མ་གྱོན་ནས་ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྱུད་པ༔ ཁྲོ་གཏུམ་རབ་འཇིགས་བལྟར་མི་བཟོད་པ་ལ་འཁོར་ལས་ཀྱི་ཕོ་ཉ་ནག་པོ་ཁྲི་དང་༔ སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ༔ ལྷ་མིའི་དམག་དང་དཔུང་ཆེན་པོ་གོ་སར་འདུས་པ་བཞིན་དུ་བསྐོར་ཞིང་ཚོགས་པར་བསྒོམས༔ ཟ་བྱེད་བྱ་དང་གཅན་གཟན་གྱི་ཚོགས་མང་པོས་དགྲ་བོའི་མིག་དཔྲལ་བ་ནས་འབྲུ་ཞིང་སྙིང་ཁོང་ནས་འབྱིན་ཏེ་སྙིང་ཁྲག་ཁ་ནས་འདྲེན་ཅིང་ཧུབ་ཀྱིས་འདེབས་པ༔ གླལ་བཟང་ཟང་བྱེད་ཅིང་གླལ་སྒྲ་ཏིར་ཏིར་སྒྲོགས་པར་བསྒོམ་ལ༔ ཧཱུྃ༔ རང་ཉིད་དྲག་པོའི་ཐུགས་ཀྱི་འོད་ཕུང་ལས༔ གྲུབ་པའི་མདུན་དུ་དུག་ཁྲག་འདྲེས་པ་ཡི༔ དམར་ནག་རྒྱ་མཚོ་རྒྱ་ཆེ་གཏིང་ཟབ་པའི༔ ཁྲག་ལྦུའི་ཀློང་ན་མི་རོ་རྟ་རོ་འཁྲིགས༔ རྦ་རླབས་རླངས་པ་གནམ་དུ་འཕྱོ་བ་ལས༔ ཕོ་ཉ་ལས་མཁན་སྐྱིན་ཐང་བཞིན་དུ་འཕྲོ༔ དབུས་སུ་ཡཾ་འཕྲོས་རླུང་གི་དཀྱིལ་འཁོར་སྟེང་༔ ཏྲཾ་འཕྲོས་གནམ་ལྕགས་ལས་གྲུབ་སྐུ་མཁར་ནི༔ རྒྱ་ཆེ་དཔངས་མཐོ་ཕྱི་ན་མེ་རླུང་འཚུབས༔ ནང་དུ་ལས་གཤིན་སྡེ་བརྒྱད་དམག་དཔུང་དབུས༔ ཏྲི་ལས་མ་ཧེ་ཆུ་གླང་སྔོ་ནག་ཟུང་༔ གཡས་དང་གཡོན་གྱི་ཕྱོགས་སུ་ཁ་བལྟས་པའི༔ སྒལ་སྟེང་མི་རོའི་སྒ་ཆ་བྱས་པ་ཡི༔ སྒ་གོང་པད་ཉི་རོ་ཡི་གདན་སྟེང་དུ༔ ཡཿདང་ཙཿཡིག་འོད་འབར་འཕྲོས་ཤིང་བབས༔ འོད་ཟེར་ཡར་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཐམས་ཅད་མ་ལུས་ཚུར་འདུས་ཡི་གེར་ཐིམ༔ མར་འཕྲོས་ཁམས་གསུམ་འགྲོ་བའི་སྒྲིབ་པ་སྦྱངས༔ དགྲ་བགེགས་གདུག་ཅན་མ་ལུས་ཚར་བཅད་དེ༔ སེམས་ཅན་ཀུན་གྱི་ཚེ་བསོད་མཐུ་ནུས་སྟོབས༔ སྣོད་བཅུད་འབྱུང་བའི་དྭངས་མ་བཅུད་དང་བཅས༔ ཚུར་འདུས་ཡིག་འབྲུ་གཉིས་ལ་ཐིམ་པ་ཡི༔ གནས་གྱུར་གཤིན་རྗེ་ཡ་མ་ར་ཙ་ནི༔ མཐིང་ནག་ཁྲོ་གཏུམ་ཨམ་གཙིགས་རབ་ཏུ་བསྡམས༔ སྨ་ར་ཨག་ཚོམ་སྨིན་མ་དམར་ནག་ལ༔ མེ་སྟག་ཐོག་མདའ་བུ་ཡུག་སྐར་ལྟར་འཁྲིགས༔ རལ་པའི་གསེབ་ནས་མཚོན་ཐུན་བུ་ཡུག་འཚུབས༔ ཕྱག་གཡས་དགྲ་སྟྭ་ངར་མ་ཀླད་ལ་བསྐོར༔ གཡོན་པས་ལྕགས་ཀྱུ་འབར་བས་ཁམས་གསུམ་འགུགས༔ ཞབས་གཉིས་བརྐྱང་བསྐུམ་སྟབས་སུ་བཞུགས་པ་ཡི༔ སྐུ་ལ་སྟག་ལྤགས་རློན་པའི་འདུང་མ་གསོལ༔ མི་མགོ་དང་ནི་སྦྲུལ་གྱི་ཆས་རྒྱན་འཆང་༔ དེ་ཡི་པང་དུ་ཡུམ་མཆོག་སྲོག་ལེན་ནག༔ ཕྱག་གཉིས་སྤུ་གྲི་དང་ནི་དགྲ་སྙིང་བསྣམས༔ གཟིག་ལྤགས་འདུང་གསོལ་སྙིང་དང་ཐོད་པས་བརྒྱན༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྱུད་ཅིང་སྦྱོར༔ ཡབ་ཡུམ་གཉིས་ཀྱི་གནས་གསུམ་འབྲུ་གསུམ་ལས༔ བར་མེད་འོད་དང་འོད་ཟེར་རབ་འཕྲོས་པས༔ ཁམས་གསུམ་བརྟན་གཡོ་འཁོར་འདས་ཁམས་ཀུན་ནས༔ བསྒོམ་པ་དེ་འདྲ་དཔག་མེད་སྤྱན་དྲངས་བསྟིམས༔ རྒྱལ་བ་སྲས་བཅས་མ་ལུས་ཐམས་ཅད་དང་༔ བཀའ་སྲུང་སྡེ་བརྒྱད་མ་ལུས་སྤྱན་དྲངས་བསྟིམས༔ ཞེས་བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་དང་འོད་ཟེར་རབ་ཏུ་འཕྲོས་པས་ནམ་མཁའི་གཤིན་རྗེ་མཐིང་ནག་དཔག་ཏུ་མེད་པ་བསྐྱེད་པའི་ལྷ་ལ་ཐིམ་པར་བསམ་པ་དང་༔ རེས་འགའ་ཆུ་ཡི་གཤིན་རྗེ་དཀར་པོ༔ རེས་འགའ་ས་ཡི་གཤིན་རྗེ་སེར་པོ༔ རེས་འགའ་མེ་ཡི་གཤིན་རྗེ་དམར་པོ༔ རེས་འགའ་རླུང་གི་གཤིན་རྗེ་ལྗང་ནག༔ རེས་འགའ་འདོད་པའི་ཁམས་ནས་གཤིན་རྗེ་ནག་པོ༔ གཟུགས་ཀྱི་ཁམས་ནས་སྔོན་པོ༔ གཟུགས་མེད་པའི་ཁམས་ནས་མཐིང་ནག་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་བསྐྱེད་པའི་ལྷ་ལ་བསྟིམ་མོ༔ རེས་འགའ་རྒྱལ་བའི་ཞིང་དང་མྱང་འདས་ཀྱི་ཁམས་ནས་གཤིན་རྗེའི་ཁ་དོག་མ་ངེས་པ་སྣ་ཚོགས་མཚོ་ལ་ཁ་ཆར་བབ་པ་བཞིན་དུ་བསྐྱེད་པའི་ལྷ་དེ་ལ་ཐིམ་པར་བསམ་པའི་ངང་ནས་རབ་ཏུ་གནས་ཤིང་བརྟན་པ་དང་༔ མ་གྲུབ་པ་གྲུབ་པར་བྱས༔ མེད་པ་ཡོད་པར་བྱས༔ མི་གནས་པ་གནས་པར་བྱས༔ འོད་ཟེར་སྤྲོ་བསྡུའི་དམིགས་གནད་ལ་འབད་པར་བྱ་བ་དང་༔ ལྷར་སྣང་ཡིད་ཀྱིས་མི་བཏང་བ་ཤིན་ཏུ་གཅེས་པའི་གནད་དུ་བཟུང་བ་གཉིས་ནི་བསྒྲུབ་པའི་གནད་ཀྱི་ཡང་ཐིག་པ་དམ་པ་ཡིན་པས་ཤེས་པར་གྱིས་ཤིག༔ ཨོཾ་ཀཱ་ལ་རཱུ་པ་ཡ་མ་ར་ཙ་ཙ་མུནྟྲི་ས་མ་ཡ་ཛ་ཛཿཞེས་འབོད་པའི་དུས་སུ་ཁྲོམ་མང་པོ་འདུ་ཚོགས་བྱེད་པ་དང་༔ མི་མང་པོ་འདུ་བ་དང་༔ མི་ཆེན་སྟོབས་དང་ལྡན་པ་རང་གི་འབངས་སུ་འདུད་པ་དང་༔ དམག་ཆེན་གོ་སར་འདུ་བ་དང་༔ རང་གི་བྲན་དབང་དུ་སྡེ་ཡུལ་ཆེན་པོ་འདུ་བ་དང་༔ བསྡུ་བ་རྣམས་བྱུང་ན་འབོད་པའི་རྟགས་བྱུང་བ་ཡིན་ནོ༔ དེ་ནས་རྦད་པ་ལའང་༔ རང་གི་ཐུགས་ཀ་ནས་འོད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་རྒྱུད་རབ་ཏུ་བསྐུལ་ནས་དེ་དག་གི་ཐུགས་ཀ་ནས་འོད་དང་འོད་ཟེར་རབ་ཏུ་འཕྲོས་པས་འཆི་བདག་ལས་ཀྱི་གཤིན་རྗེ་འཁོར་དང་རིགས་སུ་གཏོགས་པ་ཐམས་ཅད་ལ་ཕོག་པས་དམ་ཚིག་གཉན་པོའི་ཐུགས་དམ་གྱི་རྒྱུད་བསྐུལ་བས་རེ་རེ་ལས་ཀྱང་བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་གྲངས་མེད་དུ་འཕྲོས་པས་གང་ལ་དམིགས་པའི་དགྲ་བོའི་མི་ནོར་དཀོར་དང་བཅས་པ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་སྟེ་རྗེས་ལྷག་ཙམ་ཡང་མེད་པར་བྱས༔ བླ་ཚེ་སྲོག་གསུམ་ཉེས་ཅན་བཙོན་དུ་བཟུང་བ་བཞིན་དུ་ཁྱེར་ནས་ལིངྒ་ལ་བསྟིམ་སྟེ་ལས་མཁན་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་ཕྱར་ཞིང་ཁ་ནང་དུ་འཁོར་ཏེ་སྲུང་བས་བྲོས་ཤིང་ཐར་དུས་མེད་པར་བསམ་ལ༔ དམིགས་པ་འདི་ལ་ཡང་ཡང་འབད་ཅིང་གནད་དུ་བསྣུན་པར་བྱའོ༔ རེས་འགའ་ནི་བཀའ་སྲུང་དྲེགས་པའི་ཚོགས་ཐམས་ཅད་དགྲ་བོའི་མི་ནོར་གྱི་སྟེང་དུ་ཐོག་ལྟར་བབས་པས་མེ་སྟག་ཆུས་བསད་པ་བཞིན་དུ་བསད༔ ཚེ་བསོད་ནམས་ཐམས་ཅད་ཆུ་ཐིག་ཧུབ་ཀྱིས་བཏབ་པ་བཞིན་དུ་གཞོམ༔ མི་ནོར་ལོངས་སྤྱོད་ཐམས་ཅད་གཅན་གཟན་བཀྲེས་པས་ཤ་ལ་རོལ་པ་ལྟར་ཧབ་ཐོབ་ཏུ་རོལ་པར་ཡང་ཡང་བསམ་ལ༔ ཨོཾ་ཀཱ་ལ་རཱུ་པ་ཡ་མ་ར་ཙ་ཙ་མུནྟྲི་ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་ཆོས་ཆོས༔ དགྲ་བོའི་ལུས་ལ་རྦད་རྦད༔ ངག་ལ་རྦད་རྦད༔ སྲོག་ལ་རྦད་རྦད༔ བླ་ཚེ་དབུགས་ལ་རྦད་རྦད༔ མི་ནོར་དཀོར་ལ་རྦད་རྦད་བྷྱོ༔ ཞེས་རྦད་པའི་དུས་སུ་དམག་དཔུང་ཆེན་པོས་སྡེ་ཡུལ་མང་པོ་བཅོམ་པ༔ བཙོན་དུ་བཟུང་བ༔ དགྲ་བོ་དངོས་སུ་ཁྲིད་པ༔ མི་ནག་ལིང་པ་མང་པོས་ཁྱི་འགྱེད་ཅིང་མཚོན་གྱིས་བཏབ་ནས་རི་དྭགས་གཅན་གཟན་བྱ་རིགས་གསོད་པ༔ ཡང་ན་མི་མང་པོས་གཡུང་དྭགས་བཟུང་ནས་བསད་གཅོད་ལ་ཆས་པ་རྣམས་འབྱུང་བ་དང་༔ གཞན་ཡང་སྲོག་ཆགས་གང་དག་གཞན་གྱིས་དེད་ནས་སྒྲུབ་ཁང་གི་ནང་དུ་འབྱུང་བ་རྣམས་དངོས་ཉམས་རྨི་ལམ་གང་རུང་དུ་འབྱུང་བ་ནི་རྦད་པའི་ལྟས་སོ༔ བསད་པའི་དུས་སུ་ཡང་དགྲ་དངོས་སུ་གསོད་པ་དང་༔ མི་གསོད་པ་དང་༔ སྲོག་ཆགས་གསོད་པ་དང་༔ ཤ་ཁྲག་དམར་གཡོས་བྱེད་པ་དང་༔ རང་དང་རང་གི་ཉེ་འཁོར་རྩ་ལག་ཕ་སྤུན་བུ་ཚ་གང་ཡང་རུང་བས་སེམས་ཅན་གང་རུང་རུང་གསོད་པ་རྨིས་ན་བསད་པའི་རྟགས་ཡིན་ནོ༔ ཤ་རློན་པ་མང་པོ་རྨིས་ཚེ་ད་དུང་བསྒྲུབ་པ་མ་བསྐྱར་ན་ཡུན་རིང་པོར་འགོར་བའི་ལྟས་ཡིན་ནོ༔ ཤ་བཙོས་མ་ཡང་ཡང་རྨི་ལམ་དུ་བྱུང་ཚེ་ལོ་ཟླ་འགའ་ལ་འགྱངས་པས་ད་དུང་བསྒྲུབ་པ་བསྐྱར༔ ཤ་སྐམ་བྱུང་ན་ལོར་མི་འགྱང་༔ རུས་པ་བརྡུང་བ་དང་པགས་པ་མཉེ་བ་རྨིས་ན་ཟླ་བ་གསུམ་ལས་མི་འགྱང་ངེས་པ་ཡིན་ནོ༔ གཞན་ཡང་གཤིན་རྗེ་ནག་པོའི་མཐུ་ནུས་འོད་ནག་པོའི་རྣམ་པར་དགྲ་བོའི་བཟའ་བཏུང་ལ་ཐིམ་པས་དགྲ་བོའི་ཁོང་དུ་སོང་བ་ཙམ་གྱིས་བསྒྲལ་ཆས་དང་མཚོན་ཆ་སྣ་ཚོགས་པར་གྱུར་ཏེ་ནང་རོལ་ཐམས་ཅད་གཏུབ་ཅིང་ཁ་ནས་སྐྱུགས༔ འོག་ནས་ཐོན་པས་མིད་པ་དང་གཤང་ལམ་ཐམས་ཅད་ཁྲོལ་མ་རུ་གཏུབ་ནས་ཕྱིར་ཐོན་པར་བསམ༔ ལིངྒ་ལ་ཐུན་མཚོན་གྱིས་བརྡེག་ཅིང་སྔགས་འདི་བཟླའོ༔ ཨེ་ཀཱ་ལ་རཱུ་པ་ཡ་མ་ར་ཙ་ཙ་མུནྟྲི་ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ༔ དགྲ་བོའི་བླ་ཚེ་སྲོག་དབུགས་མཱ་ར་ཡ་སོད་སོད༔ ལུས་ངག་ཡིད་ལ་ཐུན་རྦད་བྷྱོ༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཧུར་ཐུམ་སོད༔ མཱ་ར་ཡ་རྦད་རྦད༔ མཱ་ར་ཡ་བྷྱོ་བྷྱོ༔ མཱ་ར་ཡ་སོད་སོད༔ ཅེས་བརྗོད་པའི་ཚེ་དགྲ་བོའི་ཚེ་བླ་སྲོག་གསུམ་མེ་སྟག་ཏུ་བསྒོམ་ལ༔ ཐུན་མཚོན་ཆུ་རུ་བསྒོམ་པས་ནག་ཐིབ་ཀྱིས་བསད་པར་ཡང་ཡང་བསམ་མོ༔ ཡང་དགྲ་བོའི་ཚེ་བླ་སྲོག་གསུམ་སྤུ་ཤད་དུ་བསྒོམ་ལ་ཐུན་མཚོན་མེ་རུ་བསྒོམ་སྟེ་ཐལ་བ་ཙམ་ཡང་མེད་པར་ཡང་ཡང་བསྒོམ༔ དེ་ལྟར་བསྒོམ་པས་དགྲ་བོ་རྗེས་མེད་དུ་བརླག་པར་འགྱུར་རོ༔ དེ་ལྟར་བསྒོམ་པ་དང་བཟླས་པ་ཡང་ཡ་མ་བྲལ་བར་བྱས་ཏེ་བསྒྲུབ་པར་བྱའོ༔ གཞན་ཡང་ཛཔྲ་བཟླས་ཀྱི་ཚེ་འོད་ཟེར་སྤྲོ་བསྡུ་དང་དམིགས་པའི་བསྒྱུར་ཁ་ལ་མཁས་པར་བྱའོ༔ དམིགས་པའི་བསྒྱུར་ཁ་མ་ཤེས་ན་ལས་གང་ཡང་འགྲུབ་པར་མི་འགྱུར་བས་དེའི་ཕྱིར་དམིགས་པའི་གནད་ལ་མཁས་པར་བྱའོ༔ དམིགས་པའི་བསྒྱུར་ཁ་ལ་མཁས་ཚེ་འདོད་རྒུ་ཐམས་ཅད་ངང་གིས་འགྲུབ་པར་འགྱུར་རོ༔ དང་པོ་ལྷ་བསྐྱེད་པའི་དུས་སུ་དབུའི་གཙུག་ཏོར་མན་ཆད་ནས་ཞབས་ཀྱི་འཁོར་ལོ་ཡན་ཆད༔ སྤྱན་གྱི་དཀར་ནག་ཚུན་ཆད་ཡིད་ཐོག་ཏུ་གསལ་བར་བྱ་བ་ནི་གསལ་བ་མངོན་བྱེད་ཀྱི་གཟེར་ཞེས་བྱའོ༔ དེ་ནས་ཀུན་ཏུ་བཟང་པོ་མན་ཆད་ནས་བདུད་དང་རཱུ་ཏྲ་ཡན་ཆད་ཀྱི་འཁོར་འདས་གཉིས་ཀྱིས་བསྡུས་པའི་སངས་རྒྱས་དང་སེམས་ཅན་ཐམས་ཅད་རང་སྣང་ལས་མི་གཞན་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ནི༔ ལྟ་བ་བརྡལ་ཁྱབ་མཉམ་པ་ཉིད་ཀྱི་གཟེར་ཞེས་བྱ་བ་ཡིན་ནོ༔ ཤེས་པ་གཞན་དུ་མི་གཡེང་བར་ལྷར་སྣང་དང་འབྲལ་བ་མེད་པར་བདག་སྣང་ལྷ་རུ་བརྗེ་བའི་ངང་ནས་ལྷ་ཡིན་གྱི་ཤེས་པ་སྒོ་མ་འགགས་པ་དང་འབྲལ་བ་མེད་པར་ང་རྒྱལ་བརྟན་པ་ནི༔ ཏིང་འཛིན་མི་འགྱུར་བའི་གཟེར་ཞེས་བྱ་བ་ཡིན་ནོ༔ འོད་ཟེར་སྤྲོ་བསྡུའི་དམིགས་པ་བར་སྐབས་ཐམས་ཅད་དུ་ཡང་ཡང་ཡིད་ལ་བྱ་བ་ནི་སྤྲོ་བསྡུ་ལས་ཀྱི་གཟེར་ཞེས་བྱ་བ་ཡིན་པས་དེ་ལྟར་གནད་བཞི་པོ་འདི་ཉིད་ཤེས་པར་བྱ་བ་སྒྲུབ་པའི་སྙིང་རྡོ་དམ་པར་གྱུར་པ་ཡིན་ནོ༔ དེ་ལྟར་བསྒྲུབ་པའི་ལྟས་མཚན་མངོན་དུ་གྱུར་ནས་མཐར་གཞན་ལ་ཆོས་འཆད་པའི་དུས་སུ་རང་ཉིད་འཇམ་དཔལ་དམར་སེར་ཡབ་ཡུམ་དུ་གསལ་བའི་སྐུའི་འོད་ཟེར་གྱིས་སློབ་མའི་རྒྱུད་ཀྱི་ལས་ཉོན་བག་ཆགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག་པར་བྱས་ཏེ་ཉན་པ་པོ་རྣམས་རྗེ་བཙུན་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་བསྣམས་པ་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་བརྐྱང་བསྐུམ་གྱིས་པད་ཟླའི་གདན་ལ་བཞུགས་པ་མཚན་དང་དཔེ་བྱད་ཐམས་ཅད་རྫོགས་པའི་སྙན་གྱི་དབང་པོ་པདྨ་ཁ་ཕྱེས་པའི་རྣམ་པར་གསལ་བའི་སྙིང་གར་པད་ཟླའི་གདན་ལ་ཏཱཾ་ཡིག་ལྗང་གུ་འོད་ཐིག་གི་ཀློང་དུ་ཉི་མའི་ཟེར་ལྟ་བུའི་འོད་ཟེར་རབ་ཏུ་འབར་བ་ཞིག་ཏུ་བསྒོམ༔ རང་ཉིད་འཇམ་དཔལ་ཡབ་ཡུམ་གཉིས་སུ་མེད་པའི་ལྗགས་ཀྱི་དབང་པོ་འཇམ་དཔལ་སྨྲ་བའི་སེང་གེ་རུ་གསལ་བའི་ཐུགས་སྲོག་གི་ངོ་བོ་ལས་བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡིག་འབྲུ་འོད་ཕུང་འབར་བའི་རྣམ་པ་ཅན་དུ་ཆར་དང་ཆུ་རྒྱུན་ལྟར་བབ་ནས་སློབ་མའི་རྣ་བའི་དབང་པོ་ནས་ཡུ་བའི་བུ་གར་བརྒྱུད་དེ་སྙིང་གའི་འོད་ཐིག་ལ་ཕོག་པས་དོན་རབ་འབྱེད་པའི་ཤེས་རབ་ཆེན་པོས་དོན་ཐམས་ཅད་མཁྱེན་ཅིང་གསལ་ཏེ་ཐུགས་སྲོག་འོད་ཟེར་ཅན་ལ་ཕོག་པས་མི་བརྗེད་པའི་གཟུངས་ཆེན་པོ་ཐོབ་ཅིང་བརྟན་པར་བསྒོམ་ལ་འཆད་པར་བྱའོ༔ གཞན་ལ་རྩོད་པ་བྱེད་པའི་དུས་སུ་རང་ཉིད་འཇམ་དཔལ་ནག་པོ་གཡས་པས་རལ་གྲི་མེ་འབར་བ་ཀླད་ལ་བསྐོར་བས་ཕ་རོལ་པོའི་ལྷ་སྲུང་དགྲ་བླ་ཐམས་ཅད་ཀྱི་ནུས་པ་བཅོམ་སྟེ་དཔའ་བཀོང་ནས་རྒོལ་བ་པོ་ཁོ་རང་ལ་རྩོད་པས་རྒོལ་བ་དང་༔ གཡོན་པས་མེའི་ཞགས་པ་ཕ་རོལ་པོའི་བློ་ཡིད་ཤེས་པ་ཐམས་ཅད་འཆིང་ནས་རྨོངས་ཤིང་རྨུག་པར་བྱེད་པའི་བདག་ཉིད་ཅན་དུ་བསྒོམ༔ རང་གི་སྤྱི་བོར་ཤཱཀྱ་ཐུབ་པ་བསྒོམ་པའི་ཐུགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཕ་རོལ་པོའི་ཤེས་བྱ་ཐམས་ཅད་ཟིལ་གྱིས་གནོན་ཅིང་ཇི་ལྟ་ཇི་སྙེད་ཡེ་ཤེས་ཆེན་པོས་བདག་གི་རྒྱུད་ལ་ཉི་མ་ཤར་བ་ལྟར་ཁྱབ་སྟེ་གསལ་ཞིང་རྒྱས་པའི་བདག་ཉིད་ཅན་དུ་བསྒོམ་པ་དང་༔ རང་གི་སྙིང་གར་འཇམ་དབྱངས་དཀར་པོ་ཟླ་གཞོན་ཤར་བ་ལྟ་བུའི་ཐུགས་ཀར་འཇམ་དབྱངས་དམར་སེར་ཉི་མ་ཤར་བ་ལྟ་བུ་ཞིག་བསྒོམ༔ མགྲིན་པར་འཇམ་དབྱངས་སྨྲ་བའི་སེང་གེ་པདྨ་རཱ་གའི་ཕུང་པོ་ལ་ཉི་འོད་ཕོག་པ་ལྟ་བུ་ཞིག་ཏུ་གསལ༔ དཔྲལ་བར་འཇམ་དཔལ་གཞོན་ནུ་སེར་པོ་གསེར་གྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ་ཞིག་བསྒོམ༔ ལྟེ་བར་འཇིགས་བྱེད་གཤིན་རྗེ་རིགས་བཞི་བསྒོམ་པས་ཕ་རོལ་པོའི་སྟོབས་ནུས་དང་ཤེས་པ་དཔའ་ཟིལ་ཐམས་ཅད་ཉི་འོད་ཆེན་པོས་མུན་པའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་པ་ལྟར་བསྡུས་པར་བྱེད་ཅིང་༔ གསང་བའི་གནས་སུ་ལྷ་ཆེན་དབང་ཕྱུག་ཆེན་པོ་ཡབ་ཡུམ་གྱི་སྐུ་ལས་འོད་ཕུང་ཆེན་པོ་ཕ་རོལ་པོའི་སྣང་སེམས་ཐམས་ཅད་དབང་དུ་བསྡུས་ཏེ་བདག་གི་མངའ་འོག་ཏུ་སྡུད་པར་བསྒོམ༔ དེ་དག་ཐམས་ཅད་ཀྱིས་ཕ་རོལ་པོ་ལ་ཞལ་གྱིས་ཕྱོགས་ཤིང་རྩོད་པའི་ལས་བྱེད་དེ་རྒོལ་བ་ཐམས་ཅད་གཞོམ་པར་བསམ་ལ་རྩོད་པར་བྱའོ༔ གཡས་སུ་དབང་སྡུད་ཀྱི་གིང་ཆེན་གནོད་སྦྱིན་ཤན་པ་དམར་ནག༔ གཡོན་དུ་ཟིལ་གནོན་གྱི་གིང་ཆེན་ལས་ཀྱི་གཤིན་རྗེ་ནག་པོ༔ དེ་གཉིས་ཀྱིས་ཀྱང་ཕ་རོལ་པོ་ལ་རྒོལ་བར་བསམ་ནས་རྩོད་པར་བྱའོ༔ རྩོད་པ་བྱེད་པ་ཡང་ཞེ་སྡང་དང་བདག་རྒྱལ་འདོད་ཀྱི་བསམ་པ་ཁོ་ནས་མ་ཡིན་པར་བསྟན་པའི་ཆེ་བ་འདོད་ཅིང་བསྐྱེད་པ་དང་༔ སེམས་ཅན་གྱིས་ཡིད་ཆེས་ཏེ་བློ་དམ་པའི་ཆོས་ལམ་དུ་གཟུད་པའི་ཆེད་དུ་དམིགས་ཏེ་རྩོད་པར་བྱའོ༔ རྩོམ་པའི་དུས་སུ་རང་ཉིད་འཇམ་དཔལ་དམར་སེར་དུ་གསལ་བའི་ཐུགས་ཀར་འཇམ་དཔལ་དཀར་པོ༔ དེ་ཡི་ཐུགས་ཀར་ཀུན་བཟང་ཡབ་ཡུམ༔ མགྲིན་པར་འཇམ་དཔལ་སྨྲ་བའི་སེང་གེ༔ ལྟེ་བར་འཇམ་དཔལ་སེར་པོ༔ གསང་གནས་སུ་འཇམ་དཔལ་ནག་པོ༔ སྤྱི་བོར་རྒྱལ་བ་ཤཱཀྱ་ཐུབ་པ་རྣམས་གསལ་ལ༔ དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་རོ་གཅིག་ཏུ་འདྲེས་པ་རྒྱ་མཚོ་ཆེན་པོ་ལྟ་བུའི་ཀློང་ནས་དམ་པའི་ཆོས་ཐམས་ཅད་ཆུ་ཕྲན་འཕྲོ་བ་བཞིན་དུ་རྒྱུན་མི་ཆད་པར་འབྱུང་བར་བསམ་པའི་ངང་ནས་བརྩམ་པར་བྱའོ༔ རྩོམ་པ་ཡང་རང་ཉིད་ཆེ་འདོད་དང་གྲགས་འདོད་དང་རང་འདོད་ཁོ་ནའི་བསམ་པས་མ་ཡིན་པར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་ས་ལམ་ལ་སྦྱོར་བའི་ཕྱིར་དུ་དམིགས་ནས་ཆོས་ཆོས་སུ་འགྲོ་བ་ཡང་དག་དོན་རབ་བྱེད་པའི་རྩོམ་པའོ༔ ཉན་པའི་དུས་སུ་ཡང་རང་ཉིད་འཇམ་དཔལ་དམར་སེར་དུ་གསལ་བའི་སྙན་གྱི་དབང་པོ་ལྷ་མོ་དབྱངས་ཅན་མ་རུ་གསལ་བའི་སྐུའི་འོད་ཟེར་སྙིང་གའི་འཇམ་དཔལ་དཀར་པོའི་ཐུགས་ཀའི་ཀུན་བཟང་ཡབ་ཡུམ་དང་བཅས་པར་འབྲེལ་བ༔ སློབ་དཔོན་སྟོན་པ་རྫོགས་པའི་སངས་རྒྱས་སུ་གསལ་བའི་ཞལ་གྱི་པདྨོ་ནས་ཆོས་ཀྱི་ཆར་ཆེན་པོ་བབས་ནས་དབྱངས་ཅན་གྱི་ཐུགས་བརྒྱུད་དེ་ཐུགས་ཀའི་འཇམ་དཔལ་གྱི་སྐུ་ལ་ཐིམ་པས་དོན་རབ་གསལ་བའི་ཤེས་རབ་ཀྱི་སྒོ་ཕྱེས་ཏེ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་ཐིམ་པས་མི་བརྗེད་པའི་གཟུངས་ཆེན་པོ་ཐོབ་པར་བསྒོམ༔ དེ་ལྟར་བསྐྱེད་རིམ་གཟེར་བཞིའི་གནད་ལྡན་པའི༔ བར་མེད་ལོ་གསུམ་ཟླ་གསུམ་ཞག་གསུམ་དུ༔ བསྒྲུབ་ལ་གཞོལ་བའི་སྐྱེས་བུ་གང་སུ་དག༔ མཁས་པའི་དབང་པོ་བི་མ་ལ་དང་མཉམ༔ བསྐྱེད་པའི་གནད་མེད་བསྒོམ་པའི་འཆིང་མེད་པར༔ ངག་གིས་བཟླས་པ་ལོ་བརྒྱར་བཟླས་གྱུར་ཀྱང་༔ གྲུབ་པའི་རྟགས་མཚན་དངོས་གྲུབ་རྡུལ་ཕྲན་ཙམ༔ འབྱུང་དུས་མི་སྲིད་ལྷ་ལ་ཡི་ཆད་ཅིང་༔ གདམས་ངག་བློས་དོར་སྨད་ཚིག་འཆོལ་སྒྲོགས་བྱེད༔ དེ་འདྲའི་མགོ་རྨོངས་དམུས་ལོང་ཐམས་ཅད་ཀུན༔ རང་གི་ཐར་པའི་ས་བོན་བསྲེགས་མ་བྱེད༔ བསྒྲུབ་པའི་སྙིང་པོ་བསྐྱེད་རིམ་བསྒོམ་དམིགས་ཡིན༔ ཚུལ་བཞིན་གནད་དང་ལྡན་པས་ཉམས་སུ་ལོངས༔ སྣང་སེམས་ཐམས་ཅད་ཡེ་ཤེས་རོལ་པའི་ལྷ༔ རྟེན་དང་བརྟེན་པའི་འཁོར་ལོར་འཕོ་བ་ཡིན༔ གདམས་པ་འདི་ནི་ལོ་གསུམ་གནད་དུ་བསྣུན༔ དེ་ནས་དུས་ཀུན་ཡི་དམ་ལྷ་རུ་ཟུངས༔ ཚེ་འདིར་གྲོལ་བ་ཐོབ་བོ་སྐལ་ལྡན་རྣམས༔ ཚེ་རབས་མང་པོར་བསོད་ནམས་བསགས་པ་དང་༔ སྨོན་ལམ་བཟང་པོའི་སྟོབས་ཤུགས་བསྐྱེད་པ་ཡི༔ སྐལ་བཟང་སྐྱེས་བུ་དམ་པ་མ་གཏོགས་པ༔ གདམས་པ་འདི་དང་ཤིན་ཏུ་འཕྲད་པར་དཀའ༔ གདམས་པ་འདི་འཕྲད་ཉམས་ལེན་བྱེད་པ་ཡི༔ སྐལ་པ་བཟང་པོའི་སྐྱེས་བུ་གང་སུ་དག༔ ཚེ་འདིར་མཁྱེན་གཉིས་ཡེ་ཤེས་མངོན་གྱུར་ཏེ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་སར་འགོད་འགྱུར༔ སྙིང་ཕྱུང་ལག་མཐིལ་བཀྲམ་འདྲའི་གདམས་པ་འདི༔ ལྔ་བརྒྱའི་སེམས་ཅན་དམུས་ལོང་བླུན་པོའི་རིགས༔ བསྐྱེད་དམིགས་ཟུར་ཙམ་དགོས་པར་མ་ཐོས་ཤིང་༔ ཐོས་ཀྱང་མི་ཤེས་བསྟན་ཀྱང་མི་གོ་བའི༔ དབུ་རྒོད་རྣམས་ཀྱི་དོན་དུ་འདི་བཞག་སྟེ༔ འདི་ཙམ་མི་ཤེས་བསྒྲུབ་པ་བྱས་སྙམ་རྣམས༔ བསྒྲུབ་པའི་ཐ་སྙད་ཙམ་ཡང་ཡོད་མ་ཡིན༔ དེ་ཕྱིར་འདི་ཙམ་བསྐྱེད་བསྒོམ་དམིགས་པའི་གནད༔ ཤེས་ནས་ཉམས་སུ་ལེན་པའི་སྐྱེས་བུ་ལ༔ བསྒྲུབ་པའི་འབྲས་བུ་དངོས་གྲུབ་ངེས་པར་འབྱུང་༔ རྒྱ་ཆེ་གྲངས་མང་རྒྱུད་ལུང་མན་ངག་ཚོགས༔ ཤེས་པའི་ཤེས་རབ་བརྟན་པ་ཤིན་ཏུ་དཀོན༔ ཤེས་ཀྱང་ཤེས་པ་ལུང་མ་བསྟན་སོང་ལས༔ ཤེས་བཞིན་ཉམས་ལེན་བྱེད་པ་ཤིན་ཏུ་དཀོན༔ དེ་ཕྱིར་ཁ་ཙམ་མིན་པར་རྒྱུད་ལུང་གི༔ ཉེ་དུས་བརྒྱུད་ཕྱིར་འདི་ཙམ་བསྟན་པ་ཡིན༔ དེ་ཕྱིར་མ་ནོར་ཉམས་སུ་ལེན་པ་རྣམས༔ ཚེ་འདིར་གྲོལ་བ་མངོན་དུ་མ་གྱུར་ན༔ པདྨ་བདག་གིས་བརྒྱུད་འཛིན་བསླུས་པ་ཡིན༔ དེ་དོན་སོམས་ལ་གནད་དང་ལྡན་པ་ཡིས༔ ངེས་པར་ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་རོལ་པ་ཡི༔ བསྒྲུབ་པ་འདི་ནི་རྒྱལ་ཀུན་སྲོག་ཏིག་སྟེ༔ རིག་འཛིན་བླ་མ་རྣམས་ཀྱི་ཏིང་འཛིན་དང་༔ དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པ་དང་༔ མ་དང་མཁའ་འགྲོ་རྒྱ་མཚོའི་ཡེ་ཤེས་དང་༔ བཀའ་སྲུང་དྲེགས་པ་ཡོངས་ཀྱི་མཐུ་ནུས་ཀྱིས༔ བྱིན་གྱིས་བརླབས་ཤིང་སྙིང་པོའི་བཅུད་དྲིལ་བའི༔ རྣོ་ནུས་བྱིན་རླབས་དངོས་གྲུབ་ཤིན་ཏུ་མྱུར༔ འབྲེལ་ཚད་རྣམ་པར་གྲོལ་བའི་གདམས་པ་ཡིན༔ བཀའ་སྲུང་དྲེགས་པ་དབང་ཕྱུག་ཆེན་པོ་དང་༔ གནོད་སྦྱིན་ཤན་པ་དབང་དྲག་རོལ་པ་རྩལ༔ ཆོས་འདིས་སྣང་སྲིད་ཁྱབ་པའི་བྱེད་པོ་གྱིས༔ བརྒྱུད་འཛིན་སྐྱེས་བུའི་དབང་གི་ལས་སྒྲུབས་ཤིག༔ སྙན་དང་གྲགས་པའི་བ་དན་ཕྱོགས་བརྒྱར་སྤེལ༔ གཟའ་བདུད་རྒྱལ་པོ་འཇིགས་པའི་དྲག་ཤུལ་བདག༔ ཁྱོད་ལ་བཀའ་འདི་གཏད་ཀྱིས་བསྟན་པ་སྲུངས༔ བསྟན་དགྲ་དམ་ཉམས་ཐམས་ཅད་ཆམ་ལ་ཕོབ༔ ལྟ་ལོག་བདུད་སྡེའི་སྙིང་ཁྲག་ཧུབ་ཀྱིས་འཐུང་༔ གཤེ་སྐུར་སྒྲོ་འདོགས་མཁན་ལ་ཆད་པ་ཆོད༔ བཀའ་སྲུང་དྲེགས་པ་སྡེ་གསུམ་འཁོར་བཅས་ཀྱི༔ སྒྲུབ་ལ་བར་ཆད་དམ་སྲི་བདུད་བགེགས་ཀུན༔ རྗེས་ལྷག་མེད་པར་ཆམ་ལ་ཕབ་པ་དང་༔ བྲན་དུ་ཁོལ་ལ་བསྟན་པའི་སྲུང་མར་བཀོལ༔ བཀའ་ནན་གྱིས་ཤིག་ཁྲིམས་ཀྱི་འོག་ཏུ་ཆུགས༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ས་མོ་ལུག་གི་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ཅེས་བྱ་བ་ནས་གདན་དྲངས་བའི་ཚེ་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ལ་འཇའ་ཚོན་འོད་ལྔས་ཁྱབ་ནས་དྲི་བཟང་གི་ན་བུན་ཐུལ། རི་དྭགས་རྙི་ལས་བཏོན། རོལ་མོའི་རང་སྒྲ་ལྡིར་བ་ལ་སོགས་པའི་དགེ་ལེགས་ཡ་མཚན་ཅན་གྱི་ལྟས་བཟང་དཔག་ཏུ་མེད་པ་བྱུང་ནས་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་པ་དང་། བརྒྱུད་འཛིན་གྱི་སྐྱེས་བུ་ཐམས་ཅད་རི་དྭགས་རྒྱ་ནང་ནས་བཏོན་པ་ལྟར་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འགྲོ་བའི་ལྟས་བཟང་མངོན་དུ་གྱུར་པ་འདི་ཉིད། ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གཏེར་གྱི་ཡང་བཅུད་དམ་པ་འབྲེལ་ཚད་རྣམ་པར་གྲོལ་བའི་དམ་ཆོས་མཆོག་གྱུར་འདི་ནི་མི་ལོ་སུམ་ཅུའི་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབས་ཚེ་ཆོས་ཀྱི་བདག་པོ་ཀུན་བཟང་ཆོས་ཀྱི་གྲགས་པ་དང་། རེ་སྐོང་ཕྱོགས་ཀྱི་སྐྱེས་བུ་དགེ་འདུན་རྒྱ་མཚོ་གཉིས་ཀྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་སྟེ་མཐར་ཆོས་ཀྱི་བདག་པོ་བཅུ་གསུམ་གྱིས་དང་དུ་བླངས་ཏེ་འཛིན་སྐྱོང་སྤེལ་གསུམ་བྱས་ནས་གདུལ་བྱ་མང་པོ་ཐར་བ་དང་རྣམ་མཁྱེན་གྱི་གོ་འཕང་དུ་འཕེན་པར་འགྱུར་བའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།