ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་སྒྲུབ་པ་རྣམ་མཁྱེན་ཡེ་ཤེས༔

From Dudjom Wiki
TTDL-ZABTER-02-KHA-007
Wylie title zab gsang mkha' 'gro'i snying thig las: 'jam dpal gsang ba 'dus pa'i sgrub pa rnam mkhyen ye shes: TTDL-ZABTER-02-KHA-007.pdf
Location bdud 'joms gling pa zab gter
Volume 2, Text 7, Pages 153-163 (Folios 1a1 to 6a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las 'jam dpal gsang ba 'dus pa'i sgrub pa rnam mkhyen ye shes. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 153-163. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgrub pa   Verso: bdud 'joms 'jam dpal zhi ba
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle འཇམ་དཔལ་གསང་བ་འདུས་པ་ ('jam dpal gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity 'jam dpal dbyangs
[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་སྒྲུབ་པ་རྣམ་མཁྱེན་ཡེ་ཤེས་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ (བརྡ་ཡིག་) འཇམ་དཔལ་གསང་བ་འདུས་པའི་ཐུགས་སྒྲུབ་འདི༔ སྐལ་བཟང་གདུལ་བྱའི་སྤྱོད་ཡུལ་དམ་པ་རུ༔ མཐའ་ཡས་དབང་པོ་པད་འབྱུང་བདག་གིས་བཀོད༔ སློབ་དཔོན་ཆེན་པོ་མཉྫུ་མི་དྲ་ལ༔ ཡེ་ཤེས་རྡོ་རྗེ་འཇམ་དཔལ་དཔའ་བོ་ཡིས༔ ཆོས་ཉིད་སྒྱུ་མའི་ཕྱག་རྒྱ་ངོམས་ནས་སུ༔ ཀྱེ་ཧོཿ མཁས་ཤིང་གྲུབ་པའི་དབང་པོ་དམ་པ་ཁྱོད༔ བསྟོད་ཅིང་བསྔགས་པ་བརྗོད་དང་མཆོད་འབུལ་སོགས༔ ང་ལ་བསོད་ནམས་བསགས་པ་གྲངས་མང་ཡང་༔ འཁོར་བའི་གནས་ལས་འདྲོངས་པའི་ཐབས་མེད་ཅིང་༔ ང་ཡི་ཡེ་ཤེས་ཡོན་ཏན་འགྲུབ་མི་སྲིད༔ དེ་ཕྱིར་མ་དག་འཁོར་བའི་སྒོ་གསུམ་པོ༔ ང་ཡི་རྡོ་རྗེ་གསུམ་གྱི་གྲོང་འཇུག་པའི༔ ལམ་འདིས་སྲིད་པ་ཐམས་ཅད་དག་སྦྱོར་བྱེད༔ དེ་ཕྱིར་རབ་དབེན་སྐྱེད་མོའི་ཚལ་གནས་སུ༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་དབྱིབས་གྲུ་བཞིར༔ གཞལ་ཡས་ཁང་པ་མཚན་ལྡན་རྡུལ་ཚོན་རྣམས༔ རས་སུ་བྲིས་པ་བཀོད་པ་སྤྲོས་བཅས་དང་༔ ཡང་ན་ཚོམ་བུ་བཀོད་ཅིང་མཆོད་རྫས་བཤམས༔ ཡང་ན་སྐུ་གཟུགས་བཤམས་དང་མཆོད་རྫས་བཀོད༔ རྩ་གསུམ་གཏོར་མ་མཛེས་ཤིང་རྒྱན་ལྡན་བཤམས༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་སོགས༔ སྤྱན་གཟིགས་འབྱོར་ཚོགས་བྱེ་བྲག་ཐམས་ཅད་བཤམས༔ དཀར་གཏོར་སྲིད་པའི་ལྷ་ཚོགས་དཀར་གྱིས་མཆོད༔ ནག་ཕྱོགས་གདུག་པའི་སྡེ་ལ་དམར་གྱིས་མཆོད༔ ལན་ཆགས་མགྲོན་ལ་ཆངས་གླུད་འབྲས་ཆན་དང་༔ ཤ་ཁྲག་ལ་སོགས་མགོ་རྒུ་འབྱོར་ཚོགས་སྦྱིན༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བྱིན་རླབས་རྩ་བ་བླ་མེད་བླ་མ་དང་༔ དངོས་གྲུབ་རྩ་བ་ཡི་དམ་ཞི་ཁྲོའི་ལྷ༔ ཕྲིན་ལས་རྩ་བ་མཁའ་འགྲོ་ཆོས་སྐྱོང་སོགས༔ སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་པ་ནི༔ ཀྱཻ༔ མ་རིག་མུན་པའི་ཁྲི་མུན་དུ༔ སྡུག་བསྔལ་གསུམ་གྱིས་བཅིང་བ་ཡི༔ ཁམས་གསུམ་རྒྱུད་འཁྲུལ་སེམས་ཅན་ཀུན༔ སྐུ་གསུམ་ཐོབ་པར་སེམས་བསྐྱེད་དོ༔ དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ༔ བདག་མེད་རྟོགས་པའི་ཤེས་རབ་ལས༔ རིག་སྟོང་ཞེ་སྡང་རྡོ་རྗེ་བཞེངས༔ གཟུང་དང་འཛིན་པའི་རྣམ་རྟོག་བགེགས༔ ཡུལ་མེད་ཟང་ཐལ་ཆེན་པོར་བསྐྲད༔ ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཐུན་གྱིས་བྲབ༔ དེ་ནས་མཚམས་གཅོད་པ་ནི༔ ཧཱུྃ༔ འཁོར་འདས་དག་མཉམ་བྱང་ཆུབ་སེམས༔ བགེགས་དང་བར་ཆད་མིང་ཡང་མེད༔ དེ་ལྟར་མ་རྟོགས་འཁྲུལ་པའི་བགེགས༔ བདག་མེད་ཆེན་པོར་མཚམས་བཅད་དོ༔ བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ་སྭཱ་ཧཱ༔ དེ་ནས་བྱིན་ཆེན་དབབ་པ་ལ༔ ཧཱུྃ༔ ཀ་དག་སྤྲོས་བྲལ་གཞལ་ཡས་ནས༔ ཀུན་བཟང་ཡབ་ཡུམ་བྱིན་ཆེན་ཕོབ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ རིགས་ལྔ་གངས་ཆེན་བྱིན་ཕོབ་ཅིག༔ ཇི་ལྟ་ཇི་སྙེད་ཤེས་རབ་གཟུགས༔ འཇམ་དཔལ་རིགས་ལྔའི་བྱིན་ཆེན་ཕོབ༔ གནས་དང་སྒྲུབ་ཁང་སྒྲུབ་པ་པོ༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷའི༔ རོལ་པ་ཆེན་པོར་བྱིན་ཕོབ་ཅིག༔ སརྦ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨཱ་ཀཱ་ཡ༔ པྲཛྙཱ་ཛྙཱ་ན་གུ་ཎ་བཛྲ་ས་མ་ཡ་ཛ་ཛཿཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ༔ དབང་པོ་ཡུལ་གྱི་གསལ་སྒོ་རུ༔ འདོད་ཡོན་སྣང་བ་རྒྱན་དུ་ཤར༔ ཡེ་ཤེས་ཆེན་པོའི་སྒྱུ་འཕྲུལ་ལས༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱི་ཋཱཿཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་སོགས་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་སརྦ་པཱུ་ཛ་ཧོཿ དེ་ནས་རྟེན་ཞིང་ཁམས་དང་གཞལ་ཡས་ཁང་བསྒོམ་པ་ལ༔ ཧཱུྃ༔ སྣང་སྲིད་ཐམས་ཅད་སྟོང་པར་ཞི༔ ཀུན་མཁྱེན་ཀུན་གཟིགས་ཀུན་ཏུ་སྣང་༔ རང་རིག་ཡི་གེ་དྷཱིཿསེར་ལས༔ འོད་འཕྲོས་ནམ་མཁའི་མཐར་སྙེགས་པའི༔ རྣམ་དག་དགའ་བ་བརྒྱད་ལྡན་ཞིང་༔ དེ་དབུས་ལྷུན་གྲུབ་རང་གདངས་ལས༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དྷཱིཿཡིག་འོད་ཀྱི་རང་བཞིན་བབས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ རྟེན་དང་བརྟེན་པ་སྤྱན་དྲངས་བསྟིམ༔ མར་འཕྲོས་འཁོར་བ་དོང་ནས་སྤྲུགས༔ སྣང་སྲིད་དྭངས་བཅུད་ཚེ་བསོད་བསྡུས༔ རིག་པ་དྷཱིཿཡིག་གནས་གྱུར་ཏེ༔ རང་ཉིད་མགོན་པོ་འཇམ་པའི་དབྱངས༔ ཞི་འཛུམ་མཚན་དང་དཔེ་བྱད་རྫོགས༔ རབ་མཛེས་གཞོན་ནུ་གུར་གུམ་མདོག༔ ལོངས་སྤྱོད་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཕྱག་གཡས་ཤེས་རབ་རལ་གྲི་ཕྱར༔ གཡོན་པས་ཨུཏྤལ་གླེགས་བམ་བསྣམས༔ འཇའ་ཚོན་འོད་ལྔའི་ཀློང་དུ་གསལ༔ སྐུ་ལས་འོད་ཟེར་སྟོང་འབར་རྩེར༔ རྣམ་འདྲེན་སངས་རྒྱས་སྟོང་ཕྲག་ཤར༔ གནས་ལྔར་ཡེ་ཤེས་འོད་ཀློང་དུ༔ བདེ་གཤེགས་རིགས་ལྔ་སྲས་དང་བཅས༔ མེ་ལོང་ནང་གི་གཟུགས་བརྙན་ལྟར༔ རང་བྱུང་རང་ཤར་ཆེན་པོར་བསྒོམ༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས༔ མ་ལུས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་སྤྱན་འདྲེན་དང་བཞུགས་གསོལ་ཕྱག་འཚལ་ལ༔ ཧཱུྃ༔ འོག་མིན་རྣམ་པར་མཛེས་པའི་ཞིང་ཁམས་ནས༔ འཇམ་དཔལ་རིགས་ལྔ་རྟེན་དང་བརྟེན་པའི་དཔལ༔ སྐད་ཅིག་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཤེགས་ནས་དམ་ཡེ་དབྱེར་མེད་ངོ་བོར་བཞུགས༔ རང་རིག་རང་ཞལ་མཇལ་བའི་བརྡ་ཕྱག་འཚལ༔ ན་མོ་མཉྫུ་ཤྲཱི་ཀུ་མ་ར༔ ཨ་ཏི་པུ་ ཧོཿ པྲ་ཏཱིཙྪ་ ཧོཿ དེ་ནས་མཆོད་པ་འབུལ་བ་ལ༔ ཧཱུྃ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལས༔ བྱུང་བའི་ཕྱི་ནང་གསང་མཆོད་དཔག་ཏུ་མེད༔ རང་བྱུང་ཡེ་ཤེས་དཀྱིལ་འཁོར་ཆེན་པོ་རུ༔ གུས་པས་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་སྔགས་མཆོད་རྣམས་ཚང་བར་བརྗོད༔ དེ་ནས་བསྟོད་པ་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ༔ གསུང་དབྱངས་ཡན་ལག་དྲུག་ཅུས་གདུལ་བྱ་འདུལ༔ ཐུགས་གསང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས༔ མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད༔ དེ་ནས་ཛཔྲ་་དམིགས་ལ༔ རང་ཉིད་མཁྱེན་རབ་དབང་པོར་གསལ་བ་ཡི༔ ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ གསེར་གྱི་རལ་གྲི་མཚོན་གང་མེ་འབར་བའི༔ ནང་ཁོང་དྷཱིཿཡིག་མཐའ་མར་སྔགས་ཀྱིས་བསྐོར༔ དེ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང་༔ འཇམ་དཔལ་སྒྱུ་འཕྲུལ་རོལ་བའི་དཀྱིལ་འཁོར་ལྷ༔ མ་ལུས་ཡང་ཡང་སྤྱན་དྲངས་རང་ལ་བསྟིམས༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེས་བར་མ་ཆད་པར་ཆུ་བོའི་རྒྱུན་གཞུང་ལྟར་བཟླའོ༔ ས་མ་ཡ༔ ལྷ་ས་བསམ་ཡས་ཁྲ་འབྲུག་སོགས༔ གནས་བཟང་བཀྲ་ཤིས་བྱིན་ཆགས་པ༔ མང་བསྡུས་བྱིན་ལྡན་སེལ་མེད་པའི༔ དམ་རྫས་མང་པོར་གཞི་བྱས་ཏེ༔ བསྒྲུབ་རྫས་ཤེས་རབ་རིལ་བུ་ལ༔ རྒྱལ་བློན་འབངས་གསུམ་འཚོགས་པར་བྱ༔ རྒྱལ་པོ་ཨ་བར་སྐྱུར་གསུམ་ལ༔ བློན་ནི་ཁ་ཆེ་གྷི་ཝཾ་དང་༔ ཤུ་དག་དཀར་པོ་ཙནྡན་དཀར༔ གཅུ་གང་མོ་ཅོང་སྦལ་རྒྱབ་དཀར༔ འབངས་ནི་རུ་རྟ་སྔོ་དྷེ་ཝ༔ རྒྱལ་པོ་རེ་རལ་བཙུན་མོ་རལ༔ གླ་སྒང་སྤང་རྒྱན་དཀར་པོ་དང་༔ ཤིང་མངར་ཨ་གར་སྤྱི་ཞུར་དང་༔ སྒྲོན་མ་ཤིང་དང་མཁན་དཀར་དང་༔ ཧ་ལོའི་མེ་ཏོག་མཚེ་དཀར་པོ༔ ཐང་ལ་ཤུག་གམ་ཤུག་ཚེར་དང་༔ འོམ་བུ་རྒྱ་སྲན་དཀར་པོ་དང༔ ཞོ་ཤ་དཀར་པོ་སྦོས་དཀར་དང་༔ འབྲས་དང་ཡུང་དཀར་གྲོ་དང་ནི༔ དབང་ལག་ཀ་ར་དང་བཅས་སྦྱར༔ རྒྱལ་པོའི་གསུམ་འགྱུར་བློན་ལ་བཏང༔ བློན་གྱི་དགུ་འགྱུར་འབངས་ལ་བཏང་༔ རིང་བསྲེལ་བདུད་རྩི་ཆོས་སྨན་དང་༔ བདུད་རྩི་ཆེན་པོ་དང་བཅས་སྦྱོར༔ རྟེན་འབྲེལ་སྙིང་པོ་འབུམ་ཕྲག་དང་༔ འཇམ་དཔལ་ཡབ་ཡུམ་སྔགས་བཏབ་པའི༔ ཆུས་སྦྲུས་རིལ་བུ་སྦལ་མིག་ཙམ༔ དྲིལ་ཏེ་བདུད་རྩི་འཁྱིལ་བ་དང་༔ རྡོ་རྗེ་སེམས་དཔའི་ཆུ་བསྒྲུབ་པས༔ ལྷ་ཁྲུས་ནན་དུ་བྱས་ནས་མཐར༔ བུམ་པར་བླུགས་ཏེ་དར་སྣ་ལྔའི༔ ཁ་ཁེབས་བྱས་ཏེ་རྒྱ་ཆིངས་གདབ༔ དཀྱིལ་འཁོར་དབུས་སུ་བཞག་ནས་སུ༔ བསྐྱེད་རིམ་གནད་དང་ལྡན་པས་བསྒྲུབ༔ མང་དུ་འཕེལ་ཚེ་ཟོས་ཚད་མི༔ ཕལ་ཆེར་མཁས་པའི་མཆོག་ཏུ་གྲགས༔ ས་མ་ཡ༔ སྒྲུབ་རྟེན་བླ་རྡོ་ཙཀྲ་བྱ་བ་ལ༔ དར་རམ་ཤོག་གུ་དཀར་པོ་ལ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ དབུས་ཀྱི་ལྟེ་བར་འཇམ་དཔལ་དམར་སེར་གྱི༔ སྐུ་བྲིས་ཐུགས་ཀར་དྷཱིཿཡི་ཡི་གེ་བྲིས༔ ཚོན་གྱིས་ལེགས་བྱུགས་ཡུམ་དང་འཁྲིལ་བར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཾཿཔྲཛྙཱ་ཛྙཱ་ན་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔ འཆང་བ་པོ་ལ་སྲུངས་ཤིག་སྐྱོབས་ཤིག༔ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ༔ མདུན་ནས་རིམ་བཞིན་ཤར་འདབ་ལ༔ ཨོཾཝ་ཀྱཻ་དཾ་ན་མཿལྷོ་ཡི་འདབ་མ་ལ༔ ཨོཾ་ཝཱ་ཀཱི་ཤྭ་རི་མུཾཿནུབ་ཀྱི་འདབ་མ་ལ༔ ཨོཾ་ཧྲཱིཿདྷཱི་མ་མེ་དྷཱི་བཾ་མཉྫུ་ཤྲཱི་མཱུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ༔ བྱང་གི་འདབ་མ་ལ༔ ཨོཾ་ཕེ་ལང་ཧཱུྃ༔ མཉྫུ་ཤྲཱི་ཀཱ་ལ་ཀྲོ་ཏ་ཧཱུྃ་ཕཊ༔ ཤར་ལྷོ་མཚམས་ཀྱི་འདབ་མ་ལ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཁ་ཧཱུྃ་ཕཊ༔ ལྷོ་ནུབ་མཚམས་ཀྱི་འདབ་མ་ལ༔ ཨོཾ་རཏྣ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ནུབ་བྱང་མཚམས་ཀྱི་འདབ་མ་ལ༔ ཨོཾ་པདྨ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ བྱང་ཤར་མཚམས་ཀྱི་འདབ་མ་ལ༔ ཨོཾ་ཀརྨ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་བྲིས་སོ༔ དེ་དག་ཐམས་ཅད་ཡིག་མགོ་ཕྱིར་བསྟན་ནོ༔ དེ་ཕྱིར་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ པདྨ་འདབ་མ་ལྔ་ལ་ཧྲཱིཿལྔ་བྲིས༔ པད་མཚམས་རྣམས་སུ་ཨཱཿཡིག་རེ་རེ་བྲིས༔ ཧྲཱིཾཿཡིག་འོག་ཏུ་འདི་དག་བྲི་བར་བྱ༔ སརྦ་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ནད་གདོན་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་རཏྣ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་པདྨ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་འཆང་བ་པོའི་དབང་དུ་འདུ་བར་གྱུར་ཅིག༔ ལོངས་སྤྱོད་དུ་དབང་འབྱོར་བར་མཛད་དུ་གསོལ༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཀརྨ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་ཡ་མ་ར་ཙ་ཀཱ་ལ་རཱུ་པ་ཙ་མུནྟྲི་ཧཱུྃ་ཛ༔ ཉོན་མོངས་དུག་ལྔ་དུག་གསུམ་གྱི་ཀུན་ནས་བསླང་བའི་དགྲ་འདྲེ་གནོད་བྱེད་ཐམས་ཅད་བརླག་པར་གྱུར་ཅིག༔ མེད་པར་མཛད་དུ་གསོལ༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་བྲིས༔ དེ་མཐར་དབྱངས་གསལ་རྟེན་སྙིང་བྲིས་པའི་མཐར༔ ཡབ་འཇམ་དཔལ་རིགས་ལྔ་ཡུམ་དབྱངས་ཅན་མ་ལྔ་སྤྲུལ་པ་གཤིན་རྗེའི་གཤེད་བཞི་ལས་མཁན་གཤིན་རྗེ་ཡབ་ཡུམ་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འདིར་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ བླ་གནས་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ འཆང་བ་པོའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ་བྱིན་གྱིས་རླབས་ནས་འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ དེ་མཐར་འཇའ་རིས་བཀྲ་ཤིས་རྫས་རྟགས་དང་༔ རྒྱལ་སྲིད་སྣ་བདུན་རྣམས་ཀྱིས་བསྐོར་བར་བྱ༔ རྫས་ལ་སེལ་མེད་དམ་རྫས་བྱིན་ལྡན་དང་༔ བཟང་དྲུག་བྱང་སེམས་དཀར་དམར་བྱུག་པར་བྱ༔ སྒྲུབ་རྟེན་ལ་བཙུག་རབ་གནས་ནན་དུ་བྱ༔ འབྲལ་མེད་ལུས་ལ་བཅངས་པས་འདི་ཕྱི་ཡི༔ དགེ་ལེགས་ཡོན་ཏན་ཐམས་ཅད་གོང་འཕེལ་བྱེད༔ ཕྱི་ནང་གསང་བའི་བར་ཆད་གཡུལ་ལས་རྒྱལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔