ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་ཆེན་ཞིང་སྒྲུབ་ཀྱི་སྐོར་ལས༔ ཚེ་འདས་རྗེས་འཛིན་ཁྲུས་ཀྱི་ཆོ་ག༔

From Dudjom Wiki
TTDL-ZABTER-02-KHA-038
Wylie title zab gsang mkha' 'gro'i snying thig las: bde chen zhing sgrub kyi skor las: tshe 'das rjes 'dzin khrus kyi cho ga: TTDL-ZABTER-02-KHA-038.pdf
Location bdud 'joms gling pa zab gter
Volume 2, Text 38, Pages 391-401 (Folios 1a1 to 6a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bde chen zhing sgrub kyi skor las tshe 'das rjes 'dzin khrus kyi cho ga. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 391-401. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gshin khrus   Verso: bdud 'joms bde chen zhing sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Cleansing Ritual - khrus chog  ·  Funerary Rituals - gnas lung - byang chog
Cycle བདེ་ཆེན་ཞིང་སྒྲུབ་ (bde chen zhing sgrub)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity 'od dpag med
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་སློབ་བུའི་མཆོག་གྱུར་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te mthar slob bu'i mchog gyur chos kyi rdo rjes bskul ngor dag par phab pa'i yi ge pa ni phun tshogs bkra shis so/ /dge'o/ /dge'o/ /dge'o/ /sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་ཆེན་ཞིང་སྒྲུབ་ཀྱི་སྐོར་ལས༔ ཚེ་འདས་རྗེས་འཛིན་ཁྲུས་ཀྱི་ཆོ་ག་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཚེ་འདས་རྗེས་སུ་འཛིན་པའི་ཕྱིར༔ ཁྲུས་ཀྱི་ཆོ་ག་བྱེད་པ་ལ༔ ལག་ཏུ་ལེན་པའི་རིམ་པ་ལ༔ དཀྱིལ་འཁོར་བཀོད་ལེགས་ཁོད་སྙོམས་སྟེང་༔ མེ་ཏོག་ཚོམ་བུ་རབ་བཀོད་ཅིང་༔ ཁྲུས་བུམ་དྲི་བཟང་ཆུས་བཀང་ལ༔ མགུལ་ཆིངས་ལེ་བརྒན་དཀར་པོས་དཀྲིས༔ མཆོད་པའི་བྱེ་བྲག་སྣ་ཚོགས་བཤམ༔ དང་པོ་བུམ་པ་སྒྲུབ་པའི་ཐབས༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགསགཟུང་འཛིན་གཉིས་ཀྱིས་བསྡུས་པ་ཡི༔ ཆོས་རྣམས་ཆོས་ཉིད་དབྱིངས་སུ་ཞིག༔ ལས་ཀྱི་བུམ་པ་མི་དམིགས་ངང་༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ པདྨ་ཟླ་བའི་གདན་སྟེང་དུ༔ ཧྲཱིཿལས་འཕགས་མཆོག་སྤྱན་རས་གཟིགས༔ དཀར་གསལ་མདངས་ལྡན་འོད་ཕུང་འབར༔ བཅུ་དྲུག་གཞོན་ནུའི་ལང་ཚོས་མཛེས༔ ཞི་འཛུམ་མཚན་དང་དཔེ་བྱད་རྫོགས༔ ཞལ་གཅིག་ཕྱག་བཞིས་རིམ་པ་བཞིན༔ ཐལ་སྦྱར་བགྲང་ཕྲེང་པད་དཀར་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ པོ་ཊ་ལ་ནས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་མེད་རོ་གཅིག་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་རྣམ་དག་བདེ་ཆེན་ནས༔ འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་པོ༔ དམ་ཚིག་ཐུགས་རྗེའི་རྒྱུད་བསྐུལ་ལོ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དམ་ཚིག་ཡེ་ཤེས་དབྱེར་མེད་ངང་༔ བཞུགས་ནས་འགྲོ་ཀུན་རྗེས་སུ་ཟུངས༔ སྒོ་གསུམ་གུས་པ་ཆེན་པོའི་ངང་༔ ལྷག་པའི་ལྷ་ལ་གུས་ཕྱག་འཚལ༔ ས་མ་ཡ་སྟྭཾ༔ ན་མོ་ཨཪྻ་ལོ་ཀི་ཤྭ་ར་ཡེ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿམི་མཇེད་འཇིག་རྟེན་དཔག་མེད་ན༔ སྣ་ཚོགས་ལོངས་སྤྱོད་འདོད་ཡོན་དཔལ༔ སྣང་བ་ཆེན་པོའི་བཀོད་པའི་རྒྱན༔ མ་ལུས་མཉམ་པ་ཆེན་པོའི་ངང་༔ བསྡུས་ཏེ་ལྷག་པའི་ལྷ་ལ་འབུལ༔ བཞེས་ནས་མཁྱེན་བརྩེའི་ནུས་སྟོབས་ཀྱིས༔ འགྲོ་ཀུན་སྒྲིབ་པ་སྦྱང་དུ་གསོལ༔ ཨོཾ་ཨཪྻ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཾ་སོགས་ནསཤཔྡ་རཱུ་པ་ཤཔྡ་སོགསསྤཪྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿ ཁྱབ་བརྡལ་དགོངས་པ་ཕྱོགས་མཐའ་ཡས་པའི་ངང་༔ འཁོར་འདས་ཆོས་ཀུན་ཆོས་སྐུར་ཆོས་ཉིད་རོལ༔ ཐམས་ཅད་བྱང་ཆུབ་ཆེན་པོར་སྒྲོལ་མཛད་དཔལ༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ དེ་ནས་ཛཔྲ་བསྙེན་ནི༔ གཙོ་བོའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་དཀར་པོ་སྐར་མདའ་ལྟ་བུར་འཕྲོས་ཏེ་བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ༔ སྐུ་ཡི་ཆ་ཐམས་ཅད་ནས་དག་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ལྟ་བུར་བབས་པས་བུམ་པ་མེར་གྱིས་གང་བར་དམིགས༔ ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཆེན་པོ་ཁམས་གསུམ་ཐམས་ཅད་ལ་ཁྱབ་པར་བརྡལ་བས་སེམས་ཅན་སྤྱི་དང་བྱེ་བྲག་ཚེ་འདས་ཆེ་གེ་མོའི་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག་ནས་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་སད་ཅིང་འཕགས་པའི་སྐུར་གྱུར་ཏེ་སྣང་སྲིད་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་བསྒོམ་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསྟོང་ལས་མི་ཉུང་བར་བཟླས་མཐར་མཆོད་ཅིང་བསྟོད་ནས༔ ཡེ་ཤེས་པ་གཤེགས༔ དམ་ཚིག་པ་ཆུར་ཞུ་བས་བུམ་པ་གང་བར་བསམ༔ དེ་ནས་མིང་བྱང་སྲོག་རྟེན་མདུན་དུ་བཞག་སྟེ་དགུག་གཞུག་གི་རིམ་པ་ནི༔ ཧཱོུྃཾ་ཧྲཱིཿརང་ཉིད་སྣང་བ་མཐའ་ཡས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་པས༔ བསྐོར་ནས་འགྲོ་བ་སེམས་ཅན་གྱི༔ སྒྲིབ་སྦྱང་དབུགས་འབྱིན་མཛད་པར་གྱུར༔ མདུན་དུ་ནྲྀཿཡིག་གནས་གྱུར་ཏེ༔ ཚེ་འདས་རྣམ་པར་ཤེས་པའི་རྟེན༔ གཞོན་ཚུལ་མཛེས་པའི་ལང་ཚོ་ལྡན༔ གཟུགས་ཁམས་སྐྱེ་མཆེད་ཀུན་ཚང་ཞིང་༔ གསོན་གྱི་གནས་སྐབས་ལྟ་བུར་གསལ༔ དད་གུས་མོས་པས་བག་ཕེབས་ནས༔ རང་དབང་ཕུན་ཚོགས་དང་ལྡན་ཞིང་༔ བསྒོ་བའི་བཀའ་ལ་ཉན་པར་གྱུར༔ བདག་ཉིད་ཐུགས་ལས་འོད་ཟེར་འཕྲོས༔ ཚེ་འདས་རྣམ་པར་ཤེས་པ་ནི༔ ཁམས་གསུམ་སྲིད་པ་གར་གནས་ཀྱང་༔ བཀུག་ནས་རྟེན་ལ་གཉིས་མེད་བསྟིམ༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྩ་གསུམ་སྐུ་གསུམ་མཐུ་སྟོབས་དང་༔ བདེན་པ་གཉིས་ཀྱི་བདེན་སྟོབས་ཀྱིས༔ ཚེ་ལས་འདས་པ་ཆེ་གེ་མོའི༔ རྣམ་ཤེས་ཁམས་གསུམ་གར་གནས་ཀྱང་༔ གཟུགས་བྱང་འདི་ལ་གཉིས་མེད་ཁུག༔ ཅེས་བཅུ་ལས་མི་ཉུང་བར་བརྗོད་མཐར༔ ཤི་བ་ངོ་སྤྲད་རྟེན་ལ་དབབ་པ་ནི༔ ཀྱེ་ཧོ་ཚེ་འདས་ཆེ་གེ་མོ༔ ཁྱོད་ཀྱི་ཚེ་འདིའི་སྣང་བ་ནུབ༔ འཇིག་རྟེན་ཕྱི་མའི་སྣང་བ་ཤར༔ ད་ནི་སྐྱབས་དང་སྐྱེལ་མ་ཀུན༔ སྐྱབས་གནས་དཀོན་མཆོག་གསུམ་ལས་མེད༔ མཚན་བྱང་གཟུགས་དང་དབྱེར་མེད་པར༔ དད་གུས་མོས་པས་བག་ཕེབས་ནས༔ མ་ཡེངས་དམ་པའི་ཆོས་ལ་ཉོན༔ ཚེ་ལས་འདས་པ་ཏིཥྛ་ལྷན༔ དེ་ནས་བག་ཆགས་བསྲེག་པ་ནི༔ ཧྲཱིཿབདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡེ་ཤེས་འོད་ཟེར་མེ་ལྟར་འཕྲོས༔ ཚེ་འདས་དུག་ལྔའི་རྒྱུ་རྐྱེན་གྱི༔ བག་ཆགས་འཐས་པ་འགྲོ་དྲུག་གི༔ ས་བོན་དང་བཅས་མ་ལུས་པ༔ རྗེས་ཤུལ་མེད་པར་བསྲེག་པར་གྱུར༔ ཅེས་བྱེ་མ་བྲབ་ཅིང་༔ ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་མི་ཏེ་ཨ་མི་ཏོབྷ་ཝ༔ ཨ་མི་ཏ་སཾ་བྷ་བེ༔ ཨ་མི་ཏ་བི་ཀྲཱནྟེ་ག་མི་ནི༔ ག་ག་ན་ཀཱིརྟི་ཀ་རི༔ སརྦ་ཀ་ལེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ༔ དེ་ནས་ངོ་སྤྲོད་གདབ་པ་ནི༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ མི་ལུས་རིན་ཆེན་ཐོབ་ལགས་ཀྱང་༔ མི་རྟག་འཆི་བ་ཐོག་བབས་ནས༔ རྣམ་ཤེས་བར་དོའི་གནས་སུ་འཁྱམས༔ འཁྲུལ་པའི་སྣང་བ་མ་ངེས་ཤར༔ དངངས་སྐྲག་འཇིགས་སྣང་མི་བཟོད་ཀྱང་༔ དེ་ལ་བདེན་འཛིན་མ་བྱེད་ཅིག༔ རྨི་ལམ་མིག་འཕྲུལ་སྒྱུ་མ་ལྟར༔ གཞན་ལས་གྲུབ་པ་མ་ལགས་ཏེ༔ ཉོན་མོངས་མཚུངས་ལྡན་རང་གཟུགས་ཤར༔ རང་སྣང་གཞན་བཟུང་འཁྲུལ་བར་འཕྱན༔ སེམས་ཉིད་ཀ་དག་སྤྲོས་མཐའ་བྲལ༔ སྐྱེ་འཆི་འཇིགས་པ་ཀུན་ལས་འདས༔ གཟུང་འཛིན་འཁྲུལ་བའི་བག་ཆགས་ཀྱིས༔ རང་སྣང་གཞན་བཟུང་གཉིས་སྣང་ཤར༔ དོན་ལ་གཉིས་མེད་ཆོས་ཀྱི་དབྱིངས༔ འཁོར་འདས་དག་མཉམ་ཀློང་ཆེན་པོ༔ རང་བྱུང་ངོ་བོ་ཉིད་ཀྱི་ངང་༔ ངོ་ཤེས་ངང་དུ་གདིང་ཐོབ་མཛོད༔ ཆོས་སྐུའི་རྒྱལ་སྲིད་དེ་ཀའོ༔ ཤེས་པར་གྱིས་ཤིག་རིགས་ཀྱི་བུ༔ ཁྱོད་ལ་གདོས་བཅས་ཕུང་པོ་མེད༔ སྟོང་པ་ཉིད་ཀྱི་རང་བཞིན་ལ༔ སྐྱེ་འཆིའི་འཇིགས་པ་མེད་པའི་ཚུལ༔ ཤེས་པར་གྱིས་ཤིག་རིགས་ཀྱི་བུ༔ དེ་ནས་ཁྲུས་ཀྱིས་སྦྱང་བ་ནི༔ ཧཱུྃ༔ སངས་རྒྱས་སྐུ་ཡིས་བྱིན་བརླབས་པའི༔ དག་བྱེད་ཡེ་ཤེས་བདུད་རྩི་ཡིས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིའོ༔ ལུས་ཀྱི་སྒོ་ནས་བསགས་པ་ཡི༔ སྡིག་སྒྲིབ་བག་ཆགས་ལས་ཉོན་ཀུན༔ དག་ནས་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ན་མོ་རནྟ་ཏྲ་ཡ་ཡཱ༔ ཨོཾ་ཀཾ་ཀ་ནི་སོགསཚེ་ལས་འདས་པའི་ལས་ཉོན་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་མཐར༔ ཧཱུྃྃ༔ སངས་རྒྱས་གསུང་གིས་བྱིན་བརླབས་པའི༔ དག་བྱེད་ཡེ་ཤེས་བདུད་རྩི་ཡིས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིའོ༔ ངག་གི་སྒོ་ནས་བསགས་པ་ཡི༔ སྡིག་སྒྲིབ་བག་ཆགས་ལས་ཉོན་ཀུན༔ དག་ནས་རྡོ་རྗེའི་གསུང་ཐོབ་ཤོག༔ གོང་གི་སྔགས་ཤམ་བརྗོད༔ ཧཱུྃ༔ སངས་རྒྱས་ཐུགས་ཀྱིས་བྱིན་བརླབས་པའི༔ དག་བྱེད་ཡེ་ཤེས་བདུད་རྩི་ཡིས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིའོ༔ ཡིད་ཀྱི་སྒོ་ནས་བསགས་པ་ཡི༔ སྡིག་སྒྲིབ་བག་ཆགས་ལས་ཉོན་ཀུན༔ དག་ནས་རྡོ་རྗེའི་ཐུགས་ཐོབ་ཤོག༔ སྔགས་ཤམ་བརྗོད༔ ཧཱུྃ༔ རྒྱལ་བའི་ཐུགས་རྗེས་བྱིན་བརླབས་པའི༔ དག་བྱེད་ཡེ་ཤེས་བདུད་རྩི་ཡིས༔ ཚེ་འདས་ཁྱོད་ལ་ཁྲུས་བགྱིའོ༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག༔ སྔགས་ཤམ་བརྗོད༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྟེན་འབྲེལ་ཟབ་མོའི་བདེན་སྟོབས་ཀྱིས༔ ཚེ་འདས་ལས་ཉོན་བག་ཆགས་ཀུན༔ སྐད་ཅིག་ཉིད་དུ་དག་གྱུར་ཅིག༔ སྔགས་ཤམ་བརྗོད༔ ཧཱུྃ༔ ཚེ་འདས་སྡིག་སྒྲིབ་ཀུན་དག་ནས༔ རང་སྣང་ལྷུན་གྲུབ་དཀྱིལ་འཁོར་དུ༔ སྐུ་དང་ཡེ་ཤེས་རོལ་པར་སད༔ འཇིགས་མེད་གདིང་ཆེན་ཐོབ་པར་བསམ༔ དེ་ནས་ལོངས་སྤྱོད་གཏད་པ་ནི༔ ཨོཾ་སྭ་བྷཱ་ཝ་སོགསའདོད་ཡོན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཏྲཾཿལས་རིན་པོ་ཆེ་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་གཟུགས་སྒྲ་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ནམ་མཁའི་མཐའ་ཀླས་པར་གྱུར་པར་བསམ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་སྔགས་ཀྱི་མཐར༔ ཨོཾ་ཨཱཿཧཱུྃ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ དབང་པོ་དྲུག་གི་སྤྱོད་ཡུལ་དང་༔ མཐུན་པའི་འདོད་ཡོན་མི་ཟད་གཏེར༔ ཚེ་འདས་ཁྱོད་ལ་བསྔོ་འོ་སྦྱིན༔ རྣམ་མཁྱེན་སངས་རྒྱས་མ་ཐོབ་བར༔ བདེ་སྐྱིད་དགའ་ཆེན་མཆོག་ལྡན་ཞིང་༔ འགྲོ་བ་འདྲེན་པའི་མཐུ་ཐོབ་ཤོག༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ལན་གསུམ་མཐར༔ འདོད་ཡོན་མི་ཟད་གཏེར་ཐོབ་ནས༔ སྡུག་བསྔལ་ཟུག་རྔུ་དང་བྲལ་ཏེ༔ བྱང་སེམས་མྱུ་གུ་གོང་འཕེལ་རྒྱས༔ མཐར་ཐུག་རྣམ་མཁྱེན་སངས་རྒྱས་ཤོག༔ དེ་ནས་ལམ་བསྟན་པ་ནི༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཁམས་གསུམ་འཁོར་བ་མཐོ་དམན་ཀུན༔ སྡུག་བསྔལ་གསུམ་གྱི་ཁྲི་མུན་གནས༔ སྐད་ཅིག་ཙམ་གྱི་དགའ་བདེ་ཡང་༔ མི་རྟག་འགྱུར་བའི་ཆོས་ཅན་ཏེ༔ འདི་ལ་ཆགས་ཞེན་མ་བྱེད་པར༔ བདེ་ཆེན་ཞིང་ཁམས་ཡིད་ལ་གྱིས༔ དེ་ནས་གནས་སྤར་ནི༔ ཁྱོད་ཀྱི་སྤྱི་བོར་པད་ཟླའི་སྟེང་༔ སངས་རྒྱས་ཀུན་འདུས་བླ་མ་ནི༔ འོད་དཔག་མེད་མགོན་རྣམ་པར་བཞུགས༔ མཚན་དཔེ་འོད་ཀྱི་ཕུང་པོར་འབར༔ དུས་གསུམ་སངས་རྒྱས་སྐུ་ལ་རྫོགས༔ དེ་ཉིད་དྲན་པས་གསོལ་བ་ཐོབ༔ དེ་ནས་འཕོ་བ་ལ༔ ཁྱོད་ཀྱི་སེམས་ཉིད་ཡི་གེ་ཧྲཱིཿདྭངས་མ་ལྔ་ལྡན་ཐིག་ལེར་བསྒོམ༔ ནམ་མཁའི་སྐར་མདའ་ཆད་པ་ལྟར༔ སྤྱི་བོའི་གཙུག་ཏུ་ཕཊ་ཀྱིས་འཕོ༔ སྣང་མཐའི་ཐུགས་དང་དབྱེར་མེད་བསྲེ༔ བདེ་བ་ཅན་གྱི་ཞིང་དུ་གཤེགས༔ ཕཊ་ཕཊ་ཕཊ༔ ཅེས་སྤར་གཤེགས་པར་བསམ༔ དེ་ནས་བྱང་བུ་མེ་ལ་སྦར༔ ཧཱུྃ༔ ལྷུན་གྲུབ་བདེ་ཆེན་དཀྱིལ་འཁོར་ནས༔ ཡེ་ཤེས་ལྔ་ཡི་མེ་འབར་བས༔ ཁམས་གསུམ་འཁོར་བའི་བག་ཆགས་བསྲེག༔ ཆོས་སྐུ་སྐྱེ་མེད་དབྱིངས་སུ་ཨ༔ སརྦ་པ་པཱཾ་ཛྭ་ལ་རཾ༔ ཞེས་བསྲེག༔ ཟོལ་མེད་དོན་གྱི་རྣལ་འབྱོར་པས༔ བདེ་ཆེན་ཞིང་སྒྲུབ་ལ་བརྟེན་ནས༔ འདི་ལྟར་ཁྲུས་ཀྱི་ཆོ་ག་ལ༔ བརྩོན་པས་འགྲོ་བའི་དོན་འགྲུབ་འགྱུར༔ བདག་འདྲ་པདྨ་བདུད་འདུལ་ངས༔ འདི་ནི་ལག་ལེན་ཁྲིགས་སུ་བཀོད༔ མ་འོངས་བརྒྱུད་འཛིན་དོན་གྱི་ཆེད༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ཁྱོད༔ ཟབ་གསང་བརྡ་ཡི་རིས་སུ་ཐོབ༔ བཀའ་སྲུང་ཀུན་དགའ་གཞོན་ནུས་སྲུངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་སློབ་བུའི་མཆོག་གྱུར་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།