ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་གསང་བདེ་གཤེགས་སྙིང་པོའི་གབ་དོན་སྲོག་གི་ཡང་ཏིག་བཀའ་རྒྱ་མ༔

From Dudjom Wiki
TTDL-ZABTER-05-CA-023
Wylie title zab gsang mkha' 'gro'i snying thig las: yang gsang bde gshegs snying po'i gab don srog gi yang tig bka' rgya ma: TTDL-ZABTER-05-CA-023.pdf
Location bdud 'joms gling pa zab gter
Volume 5, Text 23, Pages 255-256 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las yang gsang bde gshegs snying po'i gab don srog gi yang tig bka' rgya ma. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 255-256. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gab don   Verso: bdud 'joms phur pa bde gshegs snying po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Generation Stage - bskyed rim
Cycle དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཉིས་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་ཡེ་ཤེས་འོད་ཟེར་གྱིས་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རིག་པའི་རྡོ་རྗེས་སོ། །མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te mi lo nyer gnyis bar du bka' rgya byas mthar rang slob dam pa ye shes 'od zer gyis bskul ngor smar mdo bkra shis dga' 'khyil du dag par phab pa'i yi ge pa ni rig pa'i rdo rjes so/_/mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་གསང་བདེ་གཤེགས་སྙིང་པོའི་གབ་དོན་སྲོག་གི་ཡང་ཏིག་བཀའ་རྒྱ་མ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བརྡ་དོན་རྟགས་ཀྱི་མཚོན་པ་ཡི༔ བཀོད་པ་རབ་རྫོགས་གཞལ་ཡས་སུ༔ གནས་ལུགས་རྡོ་རྗེ་གཞོན་ནུ་ཆེ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ ཞལ་གདངས་ལྗངས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མ་མེ་ཞགས་འཕྱོ༔ དམར་ཟླུམ་སྤྱན་དགུ་སྡང་མིག་གཡོ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས༔ འབར་བའི་མེ་དང་ཁ་ཊྭཱྃ་གཡོན༔ ཐ་གཉིས་རི་རབ་ཕུར་པ་འདྲིལ༔ པད་ཉིའི་གདན་ལ་བདུད་བཞི་གནོན༔ དབུ་སྐྲ་དམར་སེར་གྱེན་དུ་འབར༔ ཐོད་སྐམ་དབུ་རྒྱན་ཅོད་པན་བཅིང་༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ འཁོར་ལོ་རྒྱས་འདེབས་ཡུམ་གྱིས་འཁྱུད༔ སྔོ་སྐྱ་ཨུཏྤལ་དུང་ཁྲག་སྟོབ༔ གཟིག་ཤམ་རུས་རྒྱན་གཡང་གཞི་གསོལ༔ ཕྲག་གཡས་ཁྱུང་དཀར་གཡོན་ཁྱུང་དམར༔ སྤྱི་བོར་དུག་ཁྱུང་ནག་པོས་བརྒྱན༔ པུས་མོ་གཡས་པར་ལྕགས་སྡིག་དང་༔ གཡོན་སྟེང་ཕག་ནག་མགོ་དགུ་ལས༔ རང་འདྲའི་སྤྲུལ་པ་དཔག་མེད་ཀྱིས༔ ས་བདག་ཀླུ་གཉན་རྒྱལ་བསེན་འཇོམས༔ རིགས་བདག་ཀུན་ཏུ་བཟང་པོ་ཤར༔ གནས་ལྔར་ཀཱི་ལ་རིགས་ལྔ་དང་༔ ཁྲོ་བཅུ་ཟ་གསོད་ཁྲ་ཐབས་དང་༔ སྒོ་སྐྱོང་བདག་ཉིད་ས་བདག་མ༔ ཏེ་ཏཱི་སྐྱེས་གིང་དབང་ཕྱུག་ཚོགས༔ ཏིལ་གྱི་གོང་བུ་ཕྱུར་བཞིན་གསལ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐིང་༔ སྐྱིལ་ཀྲུང་རྡོར་དྲིལ་བསྣོལ་སྟབས་འཛིན༔ ཐུགས་གསང་རྡོ་རྗེ་རྩེ་དགུའི་ལྟེར༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ འདི་ནི་ཡང་གསང་བླ་ན་མེད༔ གབ་དོན་བདེ་གཤེགས་སྙིང་པོ་དངོས༔ གང་གིས་བསྐྱེད་རིམ་གནད་ལྡན་གྱིས༔ ཉམས་སུ་ལེན་ཀུན་རྣམ་པར་གྲོལ༔ དུས་ངན་སྙིགས་མ་ལྔ་བདོའི་ཚེ༔ གཏི་མུག་གཉན་རིམས་ཁ་དར་ཞིང་༔ ཞེ་སྡང་ལྟ་ལོག་མགོ་འཕང་དྲག༔ འདོད་ཆགས་དམ་སྲིའི་ཡོ་ལང་འགྱེད༔ དེ་ཚེ་བདེ་གཤེགས་སྙིང་པོ་འདི༔ ཉམས་སུ་ལེན་པའི་རྣལ་འབྱོར་ཀུན༔ བདུད་དང་ལོག་ལྟའི་གཡུལ་ལས་རྒྱལ༔ བཀྲ་ཤིས་དགེ་ལེགས་ཡོན་ཏན་འཐོབ༔ བསྐལ་ངན་གཡོ་འཁྲུགས་ཐམས་ཅད་གཞོམ༔ ལྟ་བ་ལོག་པའི་བསྟན་དགྲ་བཅོམ༔ ཐེ་ཚོམ་མེད་དོ་ས་མ་ཡ༔ བཀའ་སྲུང་ཚོགས་ཀྱི་བདག་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཉིས་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་ཡེ་ཤེས་འོད་ཟེར་གྱིས་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རིག་པའི་རྡོ་རྗེས་སོ། །མངྒ་ལཾ།།