ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྡོ་རྗེ་ཐབས་ཀྱི་ལམ་ཟབ་མོའི་ཡེ་ཤེས་ཁྲོ་བོའི་རྣམ་འགྱུར་གྱི༔ ལག་ལེན་གསལ་བའི་མེ་ལོང་༔

From Dudjom Wiki
TTDL-ZABTER-05-CA-039
Wylie title zab gsang mkha' 'gro'i snying thig las: rdo rje thabs kyi lam zab mo'i ye shes khro bo'i rnam 'gyur gyi: lag len gsal ba'i me long: TTDL-ZABTER-05-CA-039.pdf
Location bdud 'joms gling pa zab gter
Volume 5, Text 39, Pages 357-372 (Folios 1a1 to 8b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las rdo rje thabs kyi lam zab mo'i ye shes khro bo'i rnam 'gyur gyi lag len gsal ba'i me long. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 357-372. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rtsa rlung   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Practical Instructions - lag len - len thabs  ·  Completion Stage - rdzogs rim
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་ཡང་ཟབ་བཅུད་ཀྱི་མན་ངག་དམ་པ་འདི་ཉིད་གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཞེས་བྱ་བ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་སོ་བདུན་བར་དུ་བཀའ་རྒྱ་བྱས་མཐར་ཟླ་རྒྱུད་ཕྱོགས་ཀྱི་བླ་མ་རིག་དགའ་དང་རང་སློབ་ངག་དབང་ཕྲིན་ལས་ཟུང་གིས་ཁམས་གསུམ་དབང་སྡུད་དབང་གི་ཁ་དོག་ཆགས་པའི་དར་བཅས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཞུ་བ་པོ་ཕྱི་མའོ། །ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes yang zab bcud kyi man ngag dam pa 'di nyid gling pa bdud 'joms rdo rjes gser smad rnga la stag rtse'i g.yas logs shwa brag rdo rje zhes bya ba nas gdan drangs te mi lo sum cu so bdun bar du bka' rgya byas mthar zla rgyud phyogs kyi bla ma rig dga' dang rang slob ngag dbang phrin las zung gis khams gsum dbang sdud dbang gi kha dog chags pa'i dar bcas bskul ngor gtan la phab pa'i yi ge pa ni zhu ba po phyi ma'o/_/thog mtha' bar gsum kun tu dge bar gyur cig_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྡོ་རྗེ་ཐབས་ཀྱི་ལམ་ཟབ་མོའི་ཡེ་ཤེས་ཁྲོ་བོའི་རྣམ་འགྱུར་གྱི༔ ལག་ལེན་གསལ་བའི་མེ་ལོང་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བདག་འདྲ་རིག་འཛིན་སྤྱི་དཔལ་ཆེན་པོ་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་དོན་ཆེད་དུ༔ མན་ངག་གསལ་བའི་མེ་ལོང་ཞེས་བྱ་བསྟན༔ འདི་ལྟར་ལག་ལེན་གནད་དང་ལྡན་པར་མཛོད༔ དང་པོ་རབ་དབེན་སྐྱེད་མོས་ཚལ་མཆོག་ནི༔ མི་མེད་ལུང་སྟོང་ཆོས་བརྒྱད་ལས་དབེན་པར༔ གཞི་བདག་གནས་བདག་རྣམས་ལ་གཏོར་མ་སྦྱིན༔ བཀའ་བསྲུང་སྡེ་བརྒྱད་གཏོར་མས་མགུ་བྱས་ཏེ༔ བསྒྲུབ་པའི་གྲོགས་དང་མཐུན་རྐྱེན་བསྒྲུབ་པ་ཡི༔ ཕྲིན་ལས་ལས་བཅོལ་ནན་དུ་བྱ་བ་གནད༔ གཏུམ་མོའི་མེ་དྲོད་ཉམས་པར་བྱེད་པ་ཡི༔ ལས་ཀ་སྤངས་བ་འདི་རྣམས་ལག་ལེན་བྱ༔ གོས་ནི་ཤ་ཅན་སྤངས་པ་དང་༔ ཡུལ་ནི་མེ་དང་ཉི་དྲོད་སྤངས༔ ཟས་ནི་ཙི་ཏྲ་ཀ་དང་ནི༔ བསིལ་བའི་ནུས་ལྡན་མཐའ་དག་དང་༔ དྲི་མ་ངན་པའི་རིགས་ཀུན་སྤངས༔ བསྟན་པའི་ཆོས་ནི་འདི་ལྟ་སྟེ༔ རས་གོས་དང་ནི་ཨང་རག་དང་༔ འབོལ་དང་ཀོ་སྟན་ཉེར་མཁོའི་རྫས༔ གནས་བཟང་དབེན་པ་བརྟེན་པ་ཡི༔ ལས་དང་སྐལ་ལྡན་སྐྱེས་བུ་རྣམས༔ རལ་པ་མ་བཅོས་ལྕང་ལོ་དང་༔ རིན་ཆེན་དུང་གི་རྣ་རྒྱན་དང་༔ ཤེས་རབ་མཚོན་བྱེད་ཁ་ཏྭཱྃ་དང་༔ དྲི་མེད་རས་གཟན་དཀར་པོ་དང་༔ སྒོམ་ཐག་དཀར་ཁྲ་ཐོད་སྣོད་བཅས༔ རྣལ་འབྱོར་ཆས་སུ་བསྟན་པ་ལགས༔ དྲོ་ཞིང་ཚ་བའི་ནུས་བཅུད་དང་༔ ལྡན་པའི་ཁ་ཟས་ལ་སྤྱོད་དེ༔ ཕོ་བའི་སུམ་གཉིས་ཟས་ཀྱིས་འགེངས༔ སུམ་ཆ་གཅིག་ནི་རླུང་གིས་འགེངས༔ རྟག་ཏུ་བར་རླུང་བསྟེན་པ་དང་༔ ལུས་ནི་དྲང་པོར་སྡོད་པ་དང་༔ གཏམ་ཡང་མང་པོ་སྨྲ་བ་སྤངས༔ ཆས་ཀ་ཟས་དང་སྤྱོད་ལམ་རྣམས༔ དེ་ལྟར་བསྟེན་པ་གནད་དུ་ཟུངས༔ རྟག་ཏུ་དབུ་མ་ཨ་ཤད་མེ༔ བསྒོམ་ཞིང་གསལ་འདེབས་བྱ་བ་དང་༔ ནམ་མཁའ་རླུང་གི་བཅུད་ལ་རོལ༔ མལ་སར་ཙོག་པུར་སྡོད་པ་ལས༔ ཉལ་བ་སྤངས་བ་རླུང་གི་གནད༔ ལྟོ་སྟོང་རླུང་རིག་དྭངས་པའི་ཚེ༔ རླུང་རོ་ལན་དགུར་བསལ་བྱས་ཏེ༔ ཡེ་ཤེས་རླུང་བཅུད་ལན་བརྒྱར་ལེན༔ ཉིན་ཕྱེད་ཉོན་མོངས་རླུང་རྒྱུ་ཚེ༔ རླུང་གི་བཅུད་ལེན་དུས་མ་ཡིན༔ རླུང་ཆེན་འཚུབས་མ་གཡོ་བ་དང་༔ དུ་བ་འཐིབ་པར་རླུང་མི་འཛིན༔ ཉིན་ཕྱེད་ཐོད་རྒལ་བསྒོམ་པ་ནི༔ ཨ་ནུ་ཡོ་གའི་འབྲས་བུ་སྟེ༔ ཉོན་མོངས་རང་མལ་སོད་པ་དང་༔ དེ་དག་རྗེས་ཀྱི་བྱ་བ་སྟེ༔ མཉམ་བཞག་རླུང་ལ་ཞུགས་པའི་ཚེ༔ མ་དག་སྙིགས་མའི་རྩ་སྦྱོང་ཕྱིར༔ དྭངས་མ་སྐུ་གསུམ་རྩ་བསྒོམ་བྱ༔ མ་དག་སྙིགས་མའི་རླུང་བསལ་ཕྱིར༔ སྙིགས་མ་ལས་རླུང་ལན་དགུར་བསལ༔ སྣོད་ཀྱི་སྐྱོན་བསལ་གཙང་མར་སྦྱངས༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཀྱི༔ མཁྱེན་བརྩེ་ནུས་པའི་བཅུད་རྣམས་དང་༔ དབང་བྱིན་དངོས་གྲུབ་མ་ལུས་པ༔ མཐིང་གསལ་ན་བུན་འཐིབ་པ་བཞིན༔ སྣ་རྩེའི་ཐད་ཀྱི་ནམ་མཁར་གསལ༔ སྣ་བུག་གཉིས་ནས་ཡེ་ཤེས་རླུང་༔ སྤོས་རེང་དུད་པ་བཞིན་དྲངས་ཏེ༔ རོ་རྐྱང་ལམ་ནས་དབུ་མར་ཞུགས༔ ཕྲུ་མ་བུ་ཡིས་བཏབ་པ་ལྟར༔ དབུ་མ་བརྒྱངས་ཤིང་ནང་དུ་བསྐྱིལ༔ དལ་གྱིས་རྔུབ་ཅིང་ཕོ་བ་གང་༔ གཡས་གཡོན་གསུམ་གསུམ་ཤུགས་ཀྱིས་གཞིལ༔ མདའ་ལྟར་དལ་གྱིས་དབྱུང་བའི་ཚེ༔ དྭངས་མ་ལྟེ་བའི་འོག་ཏུ་མནན༔ སྙིགས་མ་ཕྱི་རུ་དབྱུང་བར་བྱ༔ རླུང་ནི་སྟོད་དུ་འཚངས་པའི་ཚེ༔ ངལ་གསོ་ཤེས་པ་རྣལ་དུ་ཕབ༔ གྱེན་རྒྱུའི་རླུང་དང་ཐུར་སེལ་རླུང་༔ འབྱུང་འཇུག་རླུང་གིས་དག་པར་སྦྱངས༔ མེ་མཉམ་རླུང་དང་ཁྱབ་བྱེད་རླུང་༔ གཏུམ་མོ་ཡེ་ཤེས་མེ་ཉིད་ཀྱིས༔ དག་སྦྱོར་བྱེད་པའི་ལམ་མཆོག་ནི༔ ལྟེ་བར་ཨ་ཤད་རཾ་གྱི་མེ༔ ཡེ་ཤེས་ལྔ་ཡི་ངོ་བོར་གསལ༔ ངོ་བོ་བདེ་བའི་རང་བཞིན་གསལ༔ རེག་བྱ་ཚ་ལ་རྩེ་མོ་རྣོ༔ རྩ་བ་བརྟན་པའི་མཚན་ཉིད་ལྡན༔ རྒྱལ་ཀུན་ཡུམ་གྱི་ངོ་བོར་གསལ༔ མ་དག་སྙིགས་མ་ཐིག་ལེ་རྣམས༔ དག་སྦྱོར་སྤྱི་བོར་ཧཾ་ཡིག་དཀར༔ གཏུམ་མོ་ཡས་འབར་བདེ་དྲོད་ཀྱིས༔ ཐི་ལེ་མས་འཛག་རྩ་རུ་དགྲམ༔ རྩ་ཁམས་དཔའ་བོ་ཌཱ་ཀི་ཡི༔ གྲོང་ཁྱེར་མཆོག་ལ་དགྱེས་མཆོད་འབུལ༔ དབང་ཐོབ་བསམ་ཞིང་དགའ་བཞི་བསྐྱེད༔ ཆེར་མཆེད་རྩ་རླུང་ཐིག་ལེའི་ཁམས༔ བྱིན་རླབས་ཡེ་ཤེས་རླུང་མཆོག་དང་༔ གཏུམ་མོ་ཡེ་ཤེས་འབར་བའི་མེ༔ བདེ་སྟོང་ཡེ་ཤེས་བདུད་རྩི་ཡིས༔ དག་སྦྱོར་ཡེ་ཤེས་འཁོར་ལོར་འཕོ༔ ཆེར་མཆེད་འབྱུང་བ་སྙིགས་མའི་ལུས༔ དྭངས་མ་སྐུ་ལྔའི་རོལ་པར་སྦྱངས༔ ཆེར་མཆེད་གཟུང་དང་འཛིན་པ་ཡི༔ རྣམ་རྟོག་སྒྲིབ་གཉིས་བག་ཆགས་བསྲེགས༔ ནམ་མཁས་གར་ཁྱབ་སྣོད་བཅུད་ཀུན༔ མེ་དང་དབུ་མ་རླུང་གིས་ཁྱབ༔ ཐམས་ཅད་མེ་རླུང་ཐིག་ལེར་ཞུ༔ ཇེ་ཆུང་ཇེ་ཕྲ་སྔར་བཞིན་དུ༔ རྩ་རླུང་ཐིག་ལེ་བདག་བསྐྱེད་ལྷ༔ ཐམས་ཅད་བཅུད་དྲིལ་ངོ་བོར་གསལ༔ དེ་ལྟར་ལན་བདུན་བསྐྱར་བར་བྱ༔ དེ་དག་མཉམ་བཞག་གནད་དུ་ཟུངས༔ རླུང་ལོག་རང་མལ་གསོད་པ་དང་༔ རྩ་ཡི་མདུད་རྒྱ་བཀྲོལ་བ་དང་༔ བར་ཆད་རྐྱེན་གེགས་མ་ལུས་པ༔ བཙན་ཐབས་ཉིད་དུ་གཞོམ་པའི་ཕྱིར༔ རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་བྱ༔ མ་རིག་མུན་པ་དྲུང་འབྱིན་ཕྱིར༔ ཕྱི་སྣོད་འཇིག་རྟེན་ཐམས་ཅད་ཀུན༔ གདལ་ཁྱབ་སྟོང་ཉིད་ཆེན་པོར་ཞིག༔ འབྱུང་ཆེན་དབྱིངས་ལྔ་མཆེད་པ་ལས༔ འོད་ལས་གྲུབ་པ་ས་གཞི་ནི༔ རྒྱ་ཆེ་ཁྱོན་ཡངས་ཁོད་སྙོམས་མཛེས༔ ཡེ་ཤེས་ལྔ་ཡི་མེ་དཔུང་འབར༔ དེ་དབུས་པདྨ་ཉི་གདན་ལ༔ རང་ཉིད་རྡོ་རྗེ་གཞོན་ནུ་ཡི༔ སྣ་ཚོགས་གར་གྱི་རྣམ་གྱུར་གྱིས༔ འཁོར་བའི་འཁྲུལ་འཁོར་མ་ལུས་པ༔ རྨི་ལམ་དབྱིགས་སུ་སད་པ་ལྟར༔ སྐུ་དང་ཡེ་ཤེས་རོལ་བ་རུ༔ གནས་གསུམ་དག་ཅིང་བཤིག་པར་བསམ༔ རང་ཉིད་དབྱིངས་ཀྱི་རྗེ་མོ་ཡི༔ སྣ་ཚོགས་གར་གྱི་རྣམ་རོལ་པས༔ ཁམས་གསུམ་འཁོར་བའི་འཁྲུལ་སྣང་ཀུན༔ བཙན་ཐབས་ཉིད་དུ་ཞིག་པར་བསམ༔ རང་ཉིད་བུདྡྷ་ཀཱི་ལ་ཡ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་གནམ་ལྕགས་འཁོར་ལོ་ཕྱར༔ གཡོན་པས་གནམ་ལྕགས་ཕུར་པ་གཟིར༔ སྣོད་བཅུད་ཆོས་དབྱིངས་ཡེ་ཤེས་ཀྱི༔ རྟེན་དང་བརྟེན་པའི་འཁོར་ལོར་གསལ༔ རྡོ་རྗེ་གར་བསྒྱུར་འཁྲུལ་འཁོར་གྱིས༔ གཏི་མུག་འཁྲུལ་འཁོར་དབྱིངས་སུ་བཤིགས༔ བདེ་ཆེན་འཁོར་ལོའི་རྩ་མདུད་ཀུན༔ མ་ལུས་ལུས་པ་མེད་པ་རུ༔ ཁྲོལ་གྱིས་ཞིག་པར་བསམ་པ་གནད༔ ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱ༔ རང་ཉིད་རྡོ་རྗེ་ཀཱི་ལ་དཀར༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཕྱར༔ གཡོན་པས་དངུལ་ཕུར་ས་ལ་གཟིར༔ སྣོད་བཅུད་མེ་ལོང་ཡེ་ཤེས་ཀྱི༔ རྟེན་དང་བརྟེན་པའི་འཁོར་ལོར་གསལ༔ རྡོ་རྗེ་གར་གྱི་འཁྲུལ་འཁོར་གྱིས༔ ཞེ་སྡང་འཁྲུལ་པའི་འཁོར་ལོ་བཤིགས༔ ཆོས་ཀྱི་འཁོར་ལོའི་རྩ་མདུད་རྣམས༔ ལྷག་མེད་ཤག་གིས་གྲོལ་ནས་སུ༔ མེ་ལོང་ཡེ་ཤེས་མངོན་གྱུར་བསམ༔ རང་ཉིད་རཏྣ་ཀཱི་ལ་སེར༔ ཕྱག་གཡས་རིན་ཆེན་བེ་ཅོན་ཕྱར༔ གཡོན་པས་གསེར་གྱི་ཕུར་པ་གཟིར༔ སྣང་སྲིད་མཉམ་ཉིད་ཡེ་ཤེས་ཀྱི༔ རྟེན་དང་བརྟེན་པའི་འཁོར་ལོར་གསལ༔ སྣ་ཚོགས་གར་བསྒྱུར་བྱེད་ལས་ཀྱིས༔ ང་རྒྱལ་འཁྲུལ་བའི་འཁོར་ལོ་བཤིགས༔ སྤྲུལ་པའི་འཁོར་ལོའི་རྩ་མདུད་རྣམས༔ ཡོངས་གྲོལ་མཉམ་ཉིད་ཡེ་ཤེས་ཀྱི༔ ངངཉིད་མངོན་དུ་གྱུར་པར་བསམ༔ སྒྱུ་མའི་འཁྲུལ་འཁོར་བསྒྱུར་བ་ལྟར༔ རང་ཉིད་པདྨ་ཀཱི་ལ་དམར༔ ཕྱག་གཡས་པདྨ་དམར་པོ་ཕྱར༔ གཡོན་པས་ཟངས་ཀྱི་ཕུར་པ་འདྲིལ༔ སྣོད་བཅུད་སོར་རྟོག་ཡེ་ཤེས་ཀྱི༔ རྟེན་དང་བརྟེན་པའི་འཁོར་ལོར་གསལ༔ རྡོ་རྗེའི་འཁྲུལ་འཁོར་བསྒྱུར་བ་ཡིས༔ འདོད་ཆགས་འཁྲུལ་བའི་འཁོར་ལོ་བཤིགས༔ ལོངས་སྤྱོད་འཁོར་ལོའི་རྩ་མདུད་རྣམས༔ ཁྲལ་མ་ཁྲོལ་མར་ཞིག་པ་དང་༔ སོར་རྟོག་ཡེ་ཤེས་མངོན་གྱུར་བསམ༔ རང་ཉིད་ཀརྨ་ཀཱི་ལ་ལྗང་༔ ཕྱག་གཡས་རྡོ་རྗེ་རྒྱ་གྲམ་ཕྱར༔ གཡོན་པས་ལྕགས་ཕུར་བགེགས་ལ་གཟིར༔ ལྕགས་ཕུར་འབར་བའི་ཚྭ་ཚྭ་འཕྲོས༔ སྣང་སྲིད་བྱ་གྲུབ་ཡེ་ཤེས་ཀྱི༔ རྟེན་དང་བརྟེན་པའི་འཁོར་ལོར་གསལ༔ སྣ་ཚོགས་གར་བསྒྱུར་འཁྲུལ་འཁོར་གྱིས༔ ཕྲག་དོག་འཁྲུལ་པ་དབྱིངས་སུ་བཤིགས༔ བདེ་སྐྱོང་འཁོར་ལོའི་རྩ་མདུད་གྲོལ༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་བསམ༔ རང་ཉིད་འཁོར་ལོ་རྒྱས་འདེབས་གསལ༔ འཁོར་འདས་འུབ་ཆུབ་རོལ་པའི་མ༔ མཐིང་ནག་ཁ་ཊྭཱྃ་ཐོད་ཁྲག་བསྣམས༔ སྣོད་བཅུད་འོག་མིན་ཆོས་དབྱིངས་ཀྱི༔ རྟེན་དང་བརྟེན་པའི་འཁོར་ལོར་གསལ༔ སྣ་ཚོགས་གར་བསྒྱུར་འཁྲུལ་འཁོར་གྱིས༔ ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་གི༔ འཁྲུལ་པའི་འཁོར་ལོ་དབྱིངས་སུ་བཤིགས༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ རྩ་ཡི་མདུད་པ་ཡོངས་གྲོལ་ཏེ༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་བསམ༔ རང་ཉིད་ཧཱུྃ་མཛད་མཐིང་ནག་གསལ༔ ནམ་མཁར་ཕུར་པ་འདྲིལ་སྟངས་ཀྱིས༔ ལྷ་གདོན་སྡེ་བརྒྱད་འཁྲུལ་སྦྱོར་བཤིགས༔ རང་ཉིད་རྣམ་རྒྱལ་དཀར་པོ་བསྒོམ༔ ཤར་དུ་ཕུར་པ་གདེངས་སྟབས་ཀྱིས༔ དྲི་ཟའི་འཁྲུལ་འཁོར་སྦྱོར་བ་བཤིགས༔ རང་ཉིད་གཤིན་རྗེ་མཐིང་སེར་གསལ༔ ལྷོ་རུ་ཕུར་པ་འཕེན་སྟངས་ཀྱིས༔ གཤིན་རྗེའི་གདོན་དང་འཁྲུལ་སྦྱོར་བཤིགས༔ རང་ཉིད་རྟ་མགྲིན་དམར་པོ་བསྒོམ༔ ནུབ་ཏུ་ཕུར་པ་འཕེན་སྟངས་ཀྱིས༔ ཆུ་ལྷའི་གདོན་དང་འཁྲུལ་སྦྱོར་བཤིགས༔ རང་ཉིད་བདུད་རྩི་ལྗང་ནག་བསྒོམ༔ བྱང་དུ་ཕུར་པ་གདབ་སྟངས་ཀྱིས༔ གནོད་སྦྱིན་གདོན་དང་འཁྲུལ་སྦྱོར་བཤིགས༔ རང་ཉིད་དབྱུག་པ་སྔོན་པོ་བསྒོམ༔ ཤར་ལྷོར་ཕུར་པ་བསྐོར་འཕེན་གྱིས༔ མེ་ལྷའི་གདོན་དང་འཁྲུལ་སྦྱོར་བཤིགས༔ རང་ཉིད་མི་གཡོ་དམར་པོ་བསྒོམ༔ ལྷོ་ནུབ་ཕུར་པ་གདེངས་གདབ་ཀྱིས༔ སྲིན་པོའི་གདོན་དང་འཁྲུལ་སྦྱོར་བཤིགས༔ རང་ཉིད་འདོད་རྒྱལ་དམར་པོ་བསྒོམ༔ ནུབ་བྱང་ཕུར་པ་འཕེན་གདབ་བྱ༔ རླུང་ལྷའི་གདོན་དང་འཁྲུལ་སྦྱོར་བཤིགས༔ རང་ཉིད་ཁམས་གསུམ་རྣམ་རྒྱལ་བསྒོམ༔ བྱང་ཤར་ཕུར་པ་བསྐོར་འཕེན་གྱིས༔ དབང་ལྡན་གདོན་དང་འཁྲུལ་སྦྱོར་བཤིགས༔ རང་ཉིད་སྟོབས་ཆེན་ནག་པོ་བསྒོམ༔ འོག་ཏུ་ཕུར་པ་གདབ་ཚུལ་བྱ༔ གཉན་དང་ས་བདག་ཐམས་ཅད་ཀྱི༔ གདོན་དང་འཁྲུལ་འཁོར་སྦྱོར་བ་བཤིགས༔ དེ་ནས་རང་ཉིད་སྐད་ཅིག་གིས༔ ཡུམ་ཆེན་རྡོ་རྗེ་ཕག་མོ་མཐིང་༔ གྲི་གུག་འབར་བ་ལན་གསུམ་དུ༔ གཡས་གཡོན་ནམ་མཁར་ལན་གསུམ་འཕེན༔ གཡོན་པས་ཐོད་འཛིན་ཕྱག་རྒྱ་ཡིས༔ ཁམས་གསུམ་ཁྲག་བསྒྱུར་རོལ་སྟབས་བྱ༔ སླར་ཡང་གཙོ་འཁོར་གཅིག་དྲིལ་གྱི༔ ངོ་བོ་རྡོ་རྗེ་གཞོན་ནུར་བསྒོམ༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་དལ༔ སྤྲིན་དཔུང་དཀར་པོ་འཐིབ་བཞིན་བསྡུས༔ ལུས་ལ་གོས་དཀར་གྱོན་པ་ལྟར༔ རྡོ་རྗེའི་གོ་ཁྲབ་དཀར་པོ་ལ༔ རྡོ་རྗེའི་ཚྭ་ཚྭ་འཕྲོ་བར་བསྒོམ༔ དེ་བཞིན་འོད་ཟེར་ལྷོ་རུ་འཕྲོས༔ རིན་ཆེན་རིགས་ཀྱི་རྟེན་བརྟེན་པ༔ འོད་ཕུང་སེར་པོའི་རྣམ་པར་བསྡུས༔ རིན་ཆེན་གོ་ཁྲབ་སེར་པོར་གྱུར༔ དུར་ཕག་མགོ་དགུའི་ཚྭ་ཚྭ་འཕྲོ༔ དེ་བཞིན་འོད་ཟེར་ནུབ་ཏུ་འཕྲོས༔ པདྨ་རིགས་ཀྱི་རྟེན་བརྟེན་པ༔ འོད་ཕུང་དམར་པོའི་རྣམ་པར་བསྡུས༔ པདྨའི་གོ་ཁྲབ་དམར་པོར་བསྒོམ༔ མེ་ཁྱུང་དམར་པོའི་ཚྭ་ཚྭ་འཕྲོ༔ འོད་ཟེར་བྱང་དུ་འཕྲོས་པ་ལས༔ ལས་ཀྱི་རིགས་ཀྱི་རྟེན་བརྟེན་པ༔ འོད་ཕུང་ལྗང་ནག་རྣམ་པར་བསྡུས༔ རྒྱ་གྲམ་ལྗང་གུའི་གོ་ཁྲབ་ལ༔ ལྕགས་སྡིག་ཚྭ་ཚྭ་འཕྲོ་བར་བསྒོམ༔ དེ་བཞིན་འོད་ཟེར་སྟེང་དུ་འཕྲོས༔ སངས་རྒྱས་རིགས་ཀྱི་རྟེན་བརྟེན་པ༔ འོད་ཕུང་མཐིང་ནག་རྣམ་པར་བསྡུས༔ ལུས་ཀུན་ཁྱབ་སྟེ་བརྡལ་བ་ལས༔ འཁོར་ལོའི་གོ་ཁྲབ་སྔོན་པོར་གྱུར༔ མེ་ལས་མེ་སྟག་འཕྲོ་བ་བཞིན༔ ཁྲོ་ཆུང་མཚོན་ཐོགས་སྐར་ལྟར་འཁྲིགས༔ དཔག་ཚད་རྒྱང་གྲགས་ཚུན་ཆད་དུ༔ གླགས་ལྟ་བར་གཅོད་ཐམས་ཅད་ཀུན༔ ཉེ་ཞིང་རྒྱུ་བའི་གནས་མེད་བསམ༔ ཤར་དུ་ལྕགས་ཀྱུའི་ཕྱག་རྒྱ་བྱ༔ སྣང་སྲིད་བྲན་དུ་འགུགས་བསམ་ཞིང་༔ ཛཿཞེས་ལྟ་སྟངས་དྲག་པོས་གཟིར༔ ལྕགས་ཀྱུ་དཀར་མོའི་ཀློང་རྒྱས་གདབ༔ ལྷོ་རུ་ཞགས་པའི་ཕྱག་རྒྱ་བྱ༔ སྣང་ཞིང་སྲིད་པ་མ་ལུས་པ༔ བྲན་དུ་བཅིང་ཞིང་འཁོར་དུ་བཀོལ༔ ཧཱུྃ་ཞེས་འཆིང་བར་བྱེད་པའི་སྒྲས༔ ཞགས་པ་སེར་མོའི་ཀློང་རྒྱས་གདབ༔ ནུབ་ཏུ་ལྕགས་སྒྲོག་ཕྱག་རྒྱ་བྱ༔ ཁམས་གསུམ་སྲིད་པ་ཐམས་ཅད་ཀུན༔ ལྡང་མེད་དཔའ་བཀོང་བློ་ཡིད་ཀུན༔ བཾ་གྱི་སྒྲ་ཡིས་རྨོངས་པར་བྱེད༔ ལྕགས་སྒྲོག་དམར་མོའི་ཀློང་རྒྱས་གདབ༔ བྱང་དུ་དྲིལ་བུའི་ཕྱག་རྒྱ་བྱ༔ ཁམས་གསུམ་སྲིད་པ་ཐམས་ཅད་ཀུན༔ བྲན་དུ་བཀོལ་ཏེ་གནོད་གདུག་དང་༔ དྲག་ཤུལ་རྒོལ་བའི་ལྡང་སྟོབས་ཤུགས༔ བསམ་སྤྱོད་ཐམས་ཅད་མྱོས་པར་བྱེད༔ མྱོས་བྱེད་ཧོཿ ཡི་སྒྲ་བསྒྲགས་པས༔ དྲིལ་བུ་ལྗང་མོའི་ཀློང་རྒྱས་གདབ༔ མཐར་ནི་རྡོ་རྗེ་ཐོག་འབེབས་གསུམ༔ བཤིགས་དང་ཆབ་གཅིག་ཧ་ཧེ་ ཧོཿ བརྗོད་དེ་ལུས་སྤྲུག་རྩ་འདར་བྱ༔ དགེ་བ་སེམས་ཅན་ཡོངས་ལ་བསྔོ༔ སྨོན་ལས་གདབ་དང་འགྲུབ་པ་ཡི༔ བདེན་བརྗོད་དང་ནི་སྔགས་མང་བརྗོད༔ གནད་དེས་བསྒྲུབ་པ་ལྷུར་ལེན་ན༔ གེགས་དང་གོལ་ས་མ་ལུས་གཅོད༔ རྩ་རླུག་ཐིག་ལེ་གནས་དག་ནས༔ སྐུ་གསུམ་ཡེ་ཤེས་མངོན་དུ་གྱུར༔ རྩ་ཡི་མདུད་པ་ཀུན་གྲོལ་ཏེ༔ ས་དང་ལམ་གྱི་ཡོན་ཏན་ཀུན༔ རིམ་གྱིས་འབྱུང་སྟེ་མཐའ་རུ་ཕྱིན༔ ལས་རླུང་དབྱིངས་སུ་དག་ནས་སུ༔ རྣམ་རྟོག་ཡེ་ཤེས་རོལ་པར་སྨིན༔ ཐིག་ལེ་གནས་སུ་དག་པ་ཡིས༔ ཉག་གཅིག་ཐིག་ལེའི་དབྱིངས་སུ་གྲོལ༔ བུམ་ཆེན་རིལ་པ་ཞབས་ཚགས་ཅན༔ མངོན་དུ་འབྱུང་དང་རླུང་སེམས་བརྟན༔ ཉམས་རྟོགས་གློ་བུར་འཁྲུང་བ་དང་༔ དྭངས་སྙིགས་འབྱེད་པའི་རླུང་དག་སྟེ༔ དྲི་ཆུ་ཆུ་གཙང་ལྟར་འབབ་དང་༔ འོག་རླུང་ལ་ནི་དྲི་མི་འབྱུང་༔ ཟག་བཅས་མངོན་པར་ཤེས་པ་སོགས༔ ལམ་རྟགས་ཡོན་ཏན་བསམ་མི་ཁྱབ༔ དེ་དག་ཟག་པ་དང་བཅས་པའི༔ མངོན་རློམ་དངོས་ཞེན་ང་རྒྱལ་སྤངས༔ འདི་ལྟར་སྣང་བའི་སྣོད་བཅུད་ཆོས༔ མེད་བཞིན་སྣང་བ་རྨི་ལམ་དང་༔ སྨིག་རྒྱུ་འཇའ་ཚོན་ཇི་བཞིན་དུ༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས༔ གཏན་ལ་ཕབ་ནས་རྟོགས་བྱས་ཏེ༔ བདག་མེད་རྟོགས་པའི་ཤེས་རབ་ཉིད༔ མངོན་གྱུར་ཆེན་པོ་གཞི་བྱས་ཏེ༔ འཁོར་འདས་འུབ་ཆུབ་རོལ་པ་ཡི༔ ཁྱབ་བརྡལ་རིག་སྟོང་རྫོགས་པ་ཆེ༔ ཐེག་པ་ཀུན་གྱི་འབྲས་བུར་གནས༔ མཐར་ཐུག་གྲོལ་ས་འདིར་ལ་བཟླ༔ གནོད་བྱེད་དང་ནི་ཆོ་འཕྲུལ་ལ༔ བལྟ་མི་རུང་བའི་ལྟས་འདི་དག༔ དབུ་མར་ཞུགས་གནས་ཐིམ་གསུམ་ལས༔ རྟགས་ཀྱི་རིམ་པ་འདི་ལྟ་སྟེ༔ དུ་བ་དང་ནི་སྨིག་རྒྱུ་དང་༔ སྒྲ་གཅན་དང་ནི་རྒྱུ་སྐར་དང་༔ མེ་སྟག་དང་ནི་བརྒྱལ་གསལ་ཉམས༔ སྣ་ཚོགས་འབྱུང་བ་སྣང་ཉམས་ཏེ༔ རྨི་ལམ་ངོས་ཟིན་སྤྲུལ་བསྒྱུར་དང་༔ རིག་པ་ཡེངས་མེད་འཁོར་ཡུག་འདྲེས༔ སྣང་བ་སྒྱུ་མ་རྨི་ལམ་དང་༔ རབ་རིབ་ལྟ་བུའི་རྟོགས་པ་འཆར༔ བརྩོན་འགྲུས་སྙིང་སྟོབས་དང་ལྡན་པའི༔ ཚེ་དང་སྒྲུབ་པ་མཉམ་གྱུར་ན༔ གྲུབ་པ་བརྒྱད་ལ་མངའ་དབང་འབྱོར༔ མཐར་ཐུག་ཡེ་ཤེས་འཁོར་ལོ་རུ༔ ཡང་དག་རྫོགས་པའི་སངས་རྒྱས་འགྱུར༔ མཐའ་ཡས་དབང་པོ་པདྨ་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་དོན༔ མྱུར་ལམ་རྡོ་རྗེ་ཐེག་པ་འདི༔ རྡོ་རྗེ་གསུམ་གྱིས་རྒྱས་བཏབ་སྟེ༔ ཡེ་ཤེས་འཕྲུལ་གྱི་ཤོག་གུར་བཀོད༔ ཟབ་དང་གསང་བའི་རྒྱས་གདབ་བོ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ཁྱོད༔ སྤྲུལ་པ་སྒྱུ་འཕྲུལ་ཤུགས་བསྐྱེད་ལ༔ རྡོ་རྗེ་བྲག་ལ་གཏེར་དུ་སྦོས༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ དབང་ཕྱུག་མ་ཧཱ་དྷེ་ཝ་དང་༔ གཟའ་རྒོད་ཁྱབ་འཇུག་ཆེན་པོར་གཏད༔ དམ་ཉམས་ལོག་ལྟའི་དབང་པོ་སྣུབས༔ ཚུལ་བཞིན་ཉམས་ལེན་སྐལ་ལྡན་ལ༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ ས་ལམ་བར་ཆད་རྐྱེན་བཟློག་ཅིང་༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ རྣམ་མཁྱེན་སངས་རྒྱས་ས་རུ་སྐྱོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཡེ་ཤེས་དབྱིངས་སུ་ཨ་ཐམ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་ཡང་ཟབ་བཅུད་ཀྱི་མན་ངག་དམ་པ་འདི་ཉིད་གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཞེས་བྱ་བ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་སོ་བདུན་བར་དུ་བཀའ་རྒྱ་བྱས་མཐར་ཟླ་རྒྱུད་ཕྱོགས་ཀྱི་བླ་མ་རིག་དགའ་དང་རང་སློབ་ངག་དབང་ཕྲིན་ལས་ཟུང་གིས་ཁམས་གསུམ་དབང་སྡུད་དབང་གི་ཁ་དོག་ཆགས་པའི་དར་བཅས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཞུ་བ་པོ་ཕྱི་མའོ། །ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།