ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ སྒྲུབ་སྡེ་དགུའི་གསང་སྒྲུབ་ཆུ་གཏེར་འདུས་པའི་བསྐུལ་བ་བདུད་དཔུང་ཟིལ་གནོན༔

From Dudjom Wiki
TTDL-ZABTER-06-CHA-010
Wylie title zab gsang mkha' 'gro'i snying thig las: sgrub sde dgu'i gsang sgrub chu gter 'dus pa'i bskul ba bdud dpung zil gnon: TTDL-ZABTER-06-CHA-010.pdf
Location bdud 'joms gling pa zab gter
Volume 6, Text 10, Pages 109-119 (Folios 1a1 to 6a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las sgrub sde dgu'i gsang sgrub chu gter 'dus pa'i bskul ba bdud dpung zil gnon. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 6: 109-119. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskul ba   Verso: bdud 'joms bka' brgyad chu 'dus
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle བཀའ་བརྒྱད་བདེ་གཤེགས་ཆུ་གཏེར་འདུས་པ་ (bka' brgyad bde gshegs chu gter 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity bka' brgyad
Colophon

ཞེས་པ་འདི་ཡང་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་རིག་པའི་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །སརྦ་མངྒ་ལཾ།།

zhes pa 'di yang smon lam las kyis 'brel ba'i skyes bu rig pa'i rdo rjes bskul ngor khrag 'thung bdud 'joms rdo rjes zab gsang mkha' 'gro'i brda ris las dag par phab pa'i yi ge pa ni phun tshogs bkra shis so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ སྒྲུབ་སྡེ་དགུའི་གསང་སྒྲུབ་ཆུ་གཏེར་འདུས་པའི་བསྐུལ་བ་བདུད་དཔུང་ཟིལ་གནོན་ཞེས་བྱ་བ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་ཤྲཱི་བཛྲ་ཀྲོ་ཏ་ཡེ༔ (བརྡ་ཡིག་) དམིགས་མེད་མཁའ་ལྟར་དག་པ་ཆོས་ཀྱི་དབྱིངས༔ ལྷུན་གྲུབ་འགགས་པ་མེད་པའི་ཡེ་ཤེས་གར༔ སྒྱུ་འཕྲུལ་རོལ་པ་ཚོམ་བུ་དགུ་ཡི་ལྷར༔ མཐོན་མཐིང་རལ་བས་བཏུད་དོ་གུས་པས་འདུད༔ བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ མ་འོངས་ལས་ལྡན་སྐལ་བཟང་ཕོ་མོ་རྣམས༔ བར་ཆད་གཡུལ་རྒྱལ་དངོས་གྲུབ་ཐོབ་པའི་ཕྱིར༔ ཚོམ་བུ་དགུ་ཡི་གསང་སྒྲུབ་ཟབ་མོ་བཀོད༔ ས་མ་ཡ༔ དེ་ཡང་སྨད་ལས་འཁོར་བ་ཡོངས་སྒྲོལ་གྱི༔ བར་ཆད་བདུད་ཚོགས་བསྒྲལ་འདྲེན་བྱེད་པའི་ཚེ༔ མེད་མི་རུང་བའི་ལྷ་ཚོགས་བསྐུལ་བ་ནི༔ བདུད་དཔུང་ཟིལ་གནོན་ཕྲིན་ལས་ལྷུན་གྲུབ་བསྟན༔ ས་མ་ཡ༔ རྣལ་འབྱོར་ལྷ་སྔགས་ཏིང་འཛིན་ལྡན་པ་ཡིས༔ རྔ་གླིང་རོལ་མོ་སྣ་ཚོགས་སྒྲ་སྦིར་ཅིང་༔ ཤ་ཆེན་དུད་བཏང་སྙན་པའི་དབྱངས་བཅས་ཏེ༔ གནད་ནས་བསྐུལ་བའི་རིམ་པ་འདི་ལྟར་རོ༔ ཧཱུྃ་བྷྱོ༔ ཆོས་དབྱིངས་དབུས་མཐའ་བྲལ་བའི་འོད་ཀློང་ནས༔ བདེ་གཤེགས་རྒྱལ་ཀུན་མཛོད་འཛིན་ཀུན་ཏུ་བཟང་༔ གཉིས་མེད་དགྱེས་བསྐྱེད་འུབ་ཆུབ་བྱ་བ་མོ༔ ཕུང་ལྔ་རྣམ་དག་རྒྱལ་བ་རིགས་མཆོག་ལྔ༔ འབྱུང་ལྔ་ཀློང་སྒྲོལ་གསང་བ་ཡེ་ཤེས་ཡུམ༔ ཚོགས་ཡུལ་རང་གྲོལ་སེམས་དཔའ་སེམས་མའི་ཞལ༔ དུག་ལྔ་སེར་སྣ་རྣམ་དག་ཐུབ་པ་དྲུག༔ རྟག་ཆད་མུ་བཞི་དབྱིངས་རོལ་སྒོ་སྐྱོང་བཞི༔ རིགས་དྲུག་དབྱིངས་སྒྲོལ་སྤོར་བྱེད་རྣམ་པ་བརྒྱད༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་སོགས༔ མི་མངོན་དབྱིངས་ནས་གནས་འདིར་སྤྱན་འདྲེན་གཤེགས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁམས་གསུམ་འཁོར་བ་དོང་སྤྲུགས་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རབ་འཇིགས་རྔམས་པ་ཆེན་པོའི་དཀྱིལ་འཁོར་ནས༔ ཁྲོ་རྒྱལ་ཡོངས་འདུས་ཆེ་མཆོག་ཧེ་རུ་ཀ༔ དགྱེས་བསྐྱེད་གནམ་ཞལ་དབྱིངས་ཕྱུག་འཁྲིལ་སྦྱོར་རོལ༔ རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་རྣམ་པ་བཅུ༔ ཕྱོགས་སྐྱོང་ཁྲོ་བཅུ་ཏ་ཀྲྀཏ་རིགས་བཞི་དང་༔ བཀའ་ཉན་ལས་བྱེད་ལྕེ་སྤྱང་མ་བརྒྱད་སོགས༔ སུམ་ཅུ་རྩ་དྲུག་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་བསྐུལ་ལོ་གནས་འདིར་གཤེགས༔ བརྔན་པའི་དམ་རྫས་མཆོད་གཏོར་འདི་བཞེས་ལ༔ ཉོན་འཁྲུལ་དགྲ་བགེགས་མ་ལུས་བསྒྲལ་བ་དང་༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཐུགས་ཀྱི་ལྷ་མཆོག་བཛྲ་ཧེ་རུ་ཀ༔ བཛྲ་ཀྲོ་ཏི་གཉིས་མེད་འཁྲིལ་སྦྱོར་རོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་རོལ་གར༔ ཁྲོ་རྒྱལ་ཡབ་ཡུམ་བཅུ་རུ་རྣམ་པར་ཤར༔ ལས་མཛད་ཀཽ་སེང་བཅུ་དྲུག་གློག་ལྟར་འཁྲུགས༔ བཀའ་ཉན་དབང་ཕྱུག་ཉེར་བརྒྱད་འདུ་འཕྲོ་འཁྲིགས༔ ལྔ་བཅུ་རྩ་བརྒྱད་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གཟུགས་ཀྱི་ཕྱག་རྒྱར་བཞེངས༔ བདུད་རྩི་ཕུད་དང་མཆོད་གཏོར་འདི་བཞེས་ལ༔ བརླང་པོར་སྤྱོད་པའི་བདུད་ཚོགས་འདུལ་བ་དང་༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ སེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ སྐུ་ཡི་ལྷ་མཆོག་འཇའ་དཔལ་གཤིན་རྗེའི་གཤེད༔ སྦྱོར་ཡུམ་བྷེ་ཏ་སྒྲོལ་ཡུམ་ཨེ་ཀ་ཛ༔ གཤེད་ཆེན་བཅུ་གཉིས་སྦྱོར་སྒྲོལ་ཡུམ་ཟུང་དང་༔ སྐྱེས་བུ་གིང་བཞི་ཤྭ་ཐོགས་རྩིས་པ་བཞི༔ སྲོག་གཅོད་ཤན་པ་ཁྲམ་ཐོགས་བདུད་ལ་སོགས༔ ལྔ་བཅུ་དགུ་ཡི་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གཟུགས་ཀྱི་ཕྱག་རྒྱར་བཞེངས༔ བརྔན་པའི་ཕུད་གཏོར་མཆོད་པ་འདི་བཞེས་ལ༔ ཁེང་སེམས་རྒོལ་སྦྱོར་སྡེ་ཚོགས་བསྒྲལ་བ་དང་༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས༔ གསུང་གི་ལྷ་མཆོག་ཧྱ་གྲཱི་ཝ་དང་༔ དགྱེས་བསྐྱེད་པདྨ་གཟི་ལྡན་འཁྲིལ་སྦྱོར་རོལ༔ ཡབ་ཡུམ་ཆ་འཛིན་བྱི་ལ་པུ་ཤུད་མགོ༔ ཟིལ་གནོན་ཡེ་ཤེས་ཁྲོ་བོ་ཡབ་ཡུམ་བཅུ༔ ལས་མཛད་ཕྱོགས་བཞིའི་གདོན་འདུལ་སྒོ་སྐྱོང་བཞི༔ བཀའ་ཉན་ཕོ་ཉ་ཁམས་བརྒྱ་མ་དྲུག་དང་༔ དམུས་ལོང་རྒྱབ་འབྲེལ་འབྲུག་བཞི་ཁྱི་སྤྱང་ཚོགས༔ ལྔ་བཅུ་རྩ་བརྒྱད་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་བསྐུལ་ལོ་གནས་འདིར་གཤེགས༔ དམ་རྫས་སྐྱེམས་གཏོར་བརྔན་པ་འདི་བཞེས་ལ༔ ཆགས་འཁྲུལ་ཞེན་པའི་གདོན་ཚོགས་འདུལ་བ་དང་༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་ཕྲིན་ལས་ཡོངས་འདུས་ཀུ་མཱ་ར༔ དགྱེས་བསྐྱེད་སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་འཁྲིལ༔ སྒྲོལ་ཡུམ་ཨེ་ཀ་ཛ་ཊཱི་སྲས་མཆོག་ལྔ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ཉི་ཤུ་དང་༔ ཁྲ་ཐབས་ཉེར་གཅིག་སྒོ་སྐྱོང་ཆེན་མོ་བཞི༔ ལས་མཛད་ཕུར་སྲུང་བཅུ་དྲུག་དབང་ཕྱུག་སོགས༔ བདུན་ཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་བསྐུལ་ལོ་སྤྱན་འདྲེན་གཤེགས༔ དམ་རྫས་གཏོར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཕྲག་དོག་འཁྲུལ་པའི་གདོན་ཚོགས་འདུལ་བ་དང་༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས༔ གདོན་འདུལ་ཁྲོ་རྒྱལ་བླ་མེད་ཧེ་རུ་ཀ༔ དགྱེས་བསྐྱེད་ཡུམ་མཆོག་ཉིད་བཞི་མུ་ཁ་འཁྲིལ༔ རྟག་རྒྱལ་མ་ལྔ་རྗེ་མོ་བཅུ་གཉིས་དང་༔ སྨན་མོ་ལྔ་བཅུ་རྩ་གཅིག་ལ་སོགས་པའི༔ བདུན་ཅུ་རྩ་གཅིག་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གཟུགས་ཀྱི་ཕྱག་རྒྱར་བཞེངས༔ དམ་རྫས་ཕུད་སྐྱེམས་གཏོར་མ་འདི་བཞེས་ལ༔ མ་རིག་འཁྲུལ་པའི་གདོན་ཚོགས་འདུལ་བ་དང་༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ཐུགས་རྗེའི་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རྒྱལ་ཀུན་མཛོད་འཛིན་དཔལ་བོ་རྡོ་རྗེ་ཆོས༔ དགྱེས་བསྐྱེད་དབྱིངས་ཡུམ་ཕག་མོ་འཁྲིལ་སྦྱོར་རོལ༔ རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ༔ རིག་འཛིན་རྣམ་བཞི་དཔའ་བོ་དཔའ་མོ་བརྒྱད༔ གིང་བཞི་མཁའ་འགྲོ་སྡེ་བཞི་དང་བཅས་པའི༔ ཉི་ཤུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གཟུགས་ཀྱི་ཕྱག་རྒྱར་བཞེངས༔ འདོད་ཡོན་རྣམ་དག་གཏོར་སྐྱེམས་འདི་བཞེས་ལ༔ ལོག་འཁྲུལ་འཁོར་བའི་མཚོ་མོ་སྐེམ་པ་དང་༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དུར་ཁྲོད་འཇིགས་སུ་རུང་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་ཡོངས་འདུས་དྲེགས་པ་ཀུན་འདུལ་ཡབ༔ སྲིད་པ་སྤྱི་འདུལ་ཆེན་མོ་འཁྲིལ་སྦྱོར་རོལ༔ ལས་མཛད་བཀའ་ཉན་སྡེ་དཔོན་སུམ་ཅུ་འགྱེད༔ སུམ་ཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གཟུགས་ཀྱི་ཕྱག་རྒྱར་བཞེངས༔ བརྔན་པའི་གཏོར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཕྱོགས་བཞིའི་མཐའ་དམག་རུ་འཛིང་འདུལ་བ་དང་༔ དྲག་རྩལ་ཁྱད་ཆོས་སྟོན་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ གཏུམ་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ དྲག་སྔགས་མངའ་བདག་སྟོབས་ལྡན་ནག་པོ་ཡབ༔ དགྱེས་བསྐྱེད་འབྱུང་ལྔའི་བདག་མོ་འཁྲིལ་སྦྱོར་རོལ༔ ལས་མཛད་བཀའ་ཉན་དྲེགས་ཆེན་བཅོ་བརྒྱད་འགྱེད༔ རང་རང་རིགས་ཀྱི་ཕོ་ཉ་ས་ཡ་འབུམ༔ བཅུ་ཕྲག་ཟུང་གི་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གཟུགས་ཀྱི་ཕྱག་རྒྱར་བཞེངས༔ དགྲ་བགེགས་བསྒྲལ་བའི་ཕུང་ཁམས་སྐྱེམས་བཞེས་ལ༔ གདུག་པ་དམ་སྲིའི་དཔུང་ཚོགས་འདུལ་བ་དང་༔ གསང་སྔགས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཚོམ་བུ་དགུ་ཡི་བར་ཁྱམས་འཁོར་ཡུག་ནས༔ རྣལ་འབྱོར་ཡོངས་ཀྱི་སྲིང་མོ་ཉི་ཤུ་བརྒྱད༔ ལས་མཛད་བཀའ་ཡི་ཕོ་ཉ་གིང་བཅོ་བརྒྱད༔ བདུད་འདུལ་དཔའ་བོ་ལངྐ་རིགས་བཞི་དང་༔ གསང་བའི་དྲོད་བསྐྱེད་མ་བདུན་སྲིང་མོ་བཞི༔ བསྟན་པ་འཛིན་མཛད་མཁའ་འགྲོ་སུམ་ཅུ་གཉིས༔ རིགས་ལྔའི་དམ་འཛིན་འབུམ་ཕྲག་མཁའ་འགྲོ་དང་༔ ཕོ་ཉ་སུམ་བརྒྱ་ས་བདག་སུམ་ཅུ་གཉིས༔ བརྟན་མ་བཅུ་གཉིས་དྲེགས་པ་སྡེ་བརྒྱད་སོགས༔ ལས་མཛད་ཕོ་ཉ་བསམ་ཡས་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གཟུགས་ཀྱི་ཕྱག་རྒྱར་བཞེངས༔ བརྔན་པའི་མཆོད་གཏོར་སྐྱེམས་ཕུད་འདི་བཞེས་ལ༔ ཞིང་བཅུ་ཚང་བའི་སྡེ་ཚོགས་འདུལ་བ་དང་༔ གང་བཅོལ་ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད༔ ཧཱུྃ་བྷྱོ༔ ངོ་བོ་ཡེ་སངས་རྒྱས་པ་ཆོས་སྐུ་ལས༔ རང་བཞིན་མ་འགགས་ཚོམ་བུ་དགུ་ཡི་ལྷ༔ བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཐུགས་དམ་ཅན༔ རྣལ་འབྱོར་སྒྲུབ་པ་པོ་ལ་དགོངས་སུ་གསོལ༔ དེང་སང་སྙིགས་མའི་རུ་འཛིང་འཁྲུགས་པའི་སྐབས༔ ལོག་ལམ་དུག་ལྔའི་མཚོ་མོ་རབ་ཏུ་རྒྱས༔ མི་འདོད་ནད་མུག་མཚོན་འཁྲུག་གཟེང་པ་ལངས༔ དགྲ་ཡི་ཁ་དར་བགེགས་ཀྱི་མགོ་འཕང་མཐོ༔ མཐའ་མི་དབུས་རྡིབ་རྒྱལ་བསྟན་ཉམས་དམའ་ཞིང་༔ ཆོས་བྱེད་བུ་ཡི་ཚེ་སྲོག་དམ་ལ་གླང་༔ མི་མཐུན་སྣ་དགུའི་ཟུག་རྔུ་མ་བཟོད་ནས༔ ཡི་དམ་ལྷག་པའི་ལྷ་ལ་སྙན་གསན་ཕབ༔ ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ར་མདར་སྦྲན༔ བདེན་གཉིས་བསླུ་བ་མེད་པའི་ནུས་མཐུ་བདར༔ དྲག་རྩལ་ཁྱད་ཆོས་སྟོན་པའི་དུས་ལ་བབ༔ གདུག་པ་བདུད་ཀྱི་དཔུང་ཚོགས་མིང་མེད་མཛོད༔ དུ་རུ་ཀ་ཡི་རིགས་རྣམས་འདུལ་བ་དང་༔ མི་མཐུན་མི་འདོད་ཉེར་འཚེ་རིགས་རྣམས་ཐུལ༔ བརྔན་པའི་གཏོར་མ་རྒྱན་ཅན་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཐུགས་དམ་མ་གཡེལ་བཛྲ་ས་མ་ཡ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་པཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་སརྦ་ཤྲཱི་ཀ་ལ་རཱུ་པ་སརྦ་དུཥྚན་ཨེ་ཛཿབྷྱོ་བིགྷྣཱན་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ གནད་ནས་བསྐུལ་ཅིང་རོལ་མོ་དྲག་ཏུ་འུར༔ དམར་སྦྲེང་བཅོལ་གཏད་བྱ་ཞིང་ཕུད་སྐྱེམས་མཆོད༔ རལ་པ་སྤྲུག་ཅིང་བྷྱོ་གདབ་ནན་དུ་བྱ༔ དེས་ནི་དགྲ་དཔུང་ཕ་ལམ་ཡིན་ཡང་འཇིག༔ བདེན་རྫུན་ལག་ཏུ་ལོངས་དང་ངེས་ཤེས་གསལ༔ དཀོན་མོད་རྒྱལ་ཁམས་འགྲིམས་ལ་ལྟོས་དང་མཐོང་༔ གུ་རུ་པདྨའི་སྲོག་ཐིག་དམར་ནག་འདི༔ གྲུབ་ཆེན་འབྲོག་མི་ལོ་ཙཱ་ཁྱོད་ལ་བྱིན༔ ད་དུང་སྤེལ་བའི་དུས་ལ་མ་བབ་པས༔ རིན་ཆེན་བརྡར་ཐོབས་རྩེ་མང་བཻ་རོ་ཟུང་༔ ལྷག་ཆད་མེད་པར་མཛོད་ཅིག་མཚོ་རྒྱལ་མ༔ མི་འགྱུར་རྡོ་རྗེའི་རྫོང་ལ་གཏེར་རྒྱས་ཐོབས༔ མ་འོངས་སྙིགས་མ་སུམ་ཅུ་ཁ་རལ་དུས༔ ང་སྤྲུལ་ང་དང་མི་གཞན་ཁྲོ་བོ་ལོད༔ བདུད་འདུལ་དཔལ་གྱི་རྡོ་རྗེའི་བགོ་སྐལ་ཏེ༔ ལས་ཅན་ཆོས་བདག་རྩེ་མང་མངྒའི་མིང་༔ གཡུ་སྒྲ་སྙིང་པོ་རསྨི་ཟབ་གསང་འཛིན༔ བཻ་རོ་ཙ་ན་དྷརྨའི་མཚན་ཅན་དང་༔ དགེ་ལེག་དཔལ་བཟང་བཅུ་པའི་མིང་ཅན་སོགས༔ ལས་ཅན་རྗེ་འབངས་སྤྲུལ་པ་ཉེར་ལྔ་ཡིས༔ བསྟན་པ་འཛིན་སྐྱོང་སྤེལ་ལ་བདུད་ཚོགས་འདུལ༔ ལོག་སྦྱོར་༠༠༠༠བརྡ་ཡིག༔ ངན་གཏོང་༠༠༠༠བརྡ་ཡིག༔ ཕུང་འགྱེད་༠༠༠བརྡ་ཡིག༔ སྨོན་ལོག་༠༠༠༠༠བརྡ་ཡིག༔ ༡༢༠དེ་སོགས་བདུད་རིགས་ཉི་ཤུ་རྩ་ལྔ་འགུམ༔ སྙན་ཅིང་གྲགས་པའི་བ་དན་ཀུན་ལ་བསྒྲེངས༔ བསྟན་པའི་འགྲོ་དོན་བསམ་མི་ཁྱབ་པ་འབྱུང་༔ ཁྱད་པར་ཡར་སྟོད་ཕྱོགས་སུ་ཉི་བཞིན་གསལ༔ ཐེ་ཚོམ་མེད་དོ་གུ་རུ་པདྨའི་བཀའ༔ བདུད་འཇོམས་དཔའ་བོའི་ཐུགས་ཀྱི་མན་ངག་དེ༔ ཀློང་ཆེན་རྡོ་རྗེ་གཟི་བརྗིད་མཁའ་ལ་སྤྲོས༔ བརྟུལ་ཞུགས་རོལ་པའི་རྡོ་རྗེའི་དཔལ་དུ་ཤར༔ བསྟན་པ་རིན་ཆེན་རྒྱས་ཕྱིར་རྣམ་པར་བཀོད༔ དབང་དྲག་ཤན་པ་དམའ་རུས་ཐུབ་པར་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྙིང་རྒྱ༔ གབ་རྒྱ༔ སྦས་རྒྱ༔ གུ་ཧྱ༔ ཨྠིྀ༔ ཞེས་པ་འདི་ཡང་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་རིག་པའི་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །སརྦ་མངྒ་ལཾ།། །།