ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ བཅུད་ལེན་འོད་གསལ་སྙིང་པོ་ཡི༔ རྩ་རླུང་བྱིན་རླབས་ཆོས་ཉིད་སྤྲིན་ཕུང་༔

From Dudjom Wiki
TTDL-ZABTER-07-JA-006
Wylie title zab gsang mkha' 'gro'i snying thig las: thugs sgrub ye shes nyi ma'i skor: bcud len 'od gsal snying po yi: rtsa rlung byin rlabs chos nyid sprin phung: TTDL-ZABTER-07-JA-006.pdf
Location bdud 'joms gling pa zab gter
Volume 7, Text 6, Pages 153-157 (Folios 1a1 to 3a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub ye shes nyi ma'i skor bcud len 'od gsal snying po yi rtsa rlung byin rlabs chos nyid sprin phung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 153-157. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rlung gi bcud len   Verso: bdud 'joms mkha' 'gro gsang ye
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Rasayana - bcud len  ·  Completion Stage - rdzogs rim
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
Colophon

ཞེས་པ་འདི་ཡང་གར་དབང་བདུད་འཇོམས་རྡོ་རྗེ་ཁྲག་འཐུང་རོལ་པ་རྩལ་ལྷ་བཙུན་འོད་གསལ་སྙིང་པོ་སྔགས་ནག་ཧཱུྃ་ཆེན་ཀཱ་ར་གླིང་པ་མཁའ་འགྲོའི་གཙོ་མཆོག་ཀློང་ཆེན་མི་འགྱུར་རྡོ་རྗེ་ལ་སོགས་དཔའ་བོ་མཁའ་འགྲོའི་གླིང་དུ་མིང་གི་ཐ་སྙད་གྲགས་པ་དོན་ལ་ཀུན་གྱི་སྐུར་འདེབས་དང་གླེང་མོ་ཐ་སྙད་ཀྱི་གནས་མ་ནུས་སྤྲང་སྨྱོན་ཟོབ་རྫུན་མཁན་དེས་ས་མོ་ལུག་གི་ལོར་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་བྲག་རྡོ་རྗེ་ཞེས་གྲགས་པའི་བྲག་དཀར་སེང་གེ་འདྲ་བའི་མགུལ་ནས་བཏོན་ཏེ་མི་ལོ་བཞི་ལ་བཀའ་རྒྱས་བཏབ་ནས་མཐར་སྨར་སྟོད་འབྲོས་ཕུག་ཅེས་པའི་དབེན་པའི་ཁྲོད་དུ་དཔལ་ལྡན་རང་བྱུང་རྒྱལ་མོས་བསྐུལ་བའི་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེའི་མཐུན་རྐྱེན་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པ་དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang gar dbang bdud 'joms rdo rje khrag 'thung rol pa rtsal lha btsun 'od gsal snying po sngags nag hU~M chen kA ra gling pa mkha' 'gro'i gtso mchog klong chen mi 'gyur rdo rje la sogs dpa' bo mkha' 'gro'i gling du ming gi tha snyad grags pa don la kun gyi skur 'debs dang gleng mo tha snyad kyi gnas ma nus sprang smyon zob rdzun mkhan des sa mo lug gi lor hor zla bcu gcig pa'i tshes bcu'i nyin gser smad rnga la stag rtse'i g.yas logs brag rdo rje zhes grags pa'i brag dkar seng ge 'dra ba'i mgul nas bton te mi lo bzhi la bka' rgyas btab nas mthar smar stod 'bros phug ces pa'i dben pa'i khrod du dpal ldan rang byung rgyal mos bskul ba'i ngor shog ser las zhal bshus te dag par phab pa'i yi ge'i mthun rkyen phun tshogs bkra shis kyis bgyis pa dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ བཅུད་ལེན་འོད་གསལ་སྙིང་པོ་ཡི༔ རྩ་རླུང་བྱིན་རླབས་ཆོས་ཉིད་སྤྲིན་ཕུང་བཞུགས་སོ༔ (བརྡ་ཡིག་) རྡོ་རྗེ་ཐེག་པའི་མཛོད་མངའ་བ༔ པདྨ་འབྱུང་གནས་ཞབས་ལ་འདུད༔ རྣལ་འབྱོར་ལམ་འདིར་འཇུག་འདོད་ན༔ ཐོ་རངས་ཐུན་གྱི་དང་པོ་ལ༔ བླ་མར་དབང་བཞི་བླངས་བྱས་ན༔ སྐྱབས་འགྲོ་སེམས་བསྐྱེད་ལ་འཇུག་ཅིང་༔ བཅུད་ལེན་སྡོམ་བཟུང་བརྗོད་པའི་མཐར༔ ཨཱཿཕུང་ཁམས་སྐྱེ་མཆེད་ཉོན་མོངས་ལྔ༔ ཚོགས་ཡུལ་ཨ་འཐས་མོས་འདོད་ཞེན༔ མ་ལུས་སྙིང་དབུས་རིག་པ་ལས༔ རྩལ་ཆེན་འབར་བའི་ཡེ་ཤེས་མེས༔ སྒྱུ་མའི་ངང་དུ་བཞུས་པ་ཡི༔ ཞུ་ལས་འོད་གསལ་མཁའ་འགྲོ་མ༔ དབང་གི་རྟགས་སུ་དམར་ལ་འཚེར༔ འཁོར་འདས་མཉམ་སྦྱོར་ཞི་མ་ཁྲོ༔ སྐུ་གསུམ་ལྷུན་གྲུབ་སྤྱན་གསུམ་ལ༔ སྣང་བ་དབང་སྡུད་གྲི་གུག་གཡས༔ ཁམས་གསུམ་ཁྲག་རོལ་ཐོད་ཁྲག་གཡོན༔ མ་ངེས་གང་འདུལ་གར་གྱི་སྟབས༔ མ་ཆགས་གེ་སར་བཞད་པའི་ཁར༔ སྐྱོན་བྲལ་ཐབས་ཤེས་ཉི་ཟླའི་སྟེང་༔ བདག་འཛིན་རཱུ་ཏྲའི་སྙིང་ག་ལ༔ སྲིད་གསུམ་ཟིལ་གནོན་གཡོན་མཐིལ་གཏོད༔ དཔའ་བོའི་རྟགས་སུ་ཁ་ཊྭཱྃ་ཀ༔ དངོས་གྲུབ་ཆར་འབེབས་ནུ་མཚན་རྒྱས༔ ཚོགས་དྲུག་སྦྱར་བ་ལྔ་ལྡན་བརྡར༔ རུས་རྒྱན་པད་དཀར་ཕྲེང་བས་སྤྲས༔ སྐུ་དབུས་ཟབ་ལམ་ཀུན་དར་མ༔ ངོ་བོ་སྐུ་གསུམ་མཉམ་སྦྱོར་རྟགས༔ ཕྱི་ནང་བར་གསུམ་དཀར་དམར་སྔོ༔ མ་བཅོས་ཡེ་གྲུབ་སྐུ་བཞིའི་མཚོན༔ དྲང་སྲབ་སྣུམ་གསལ་མཚན་ཉིད་ལྡན༔ རང་བཞིན་ལོངས་སྐུ་གཡས་རོ་མ༔ ཐུགས་རྗེ་སྤྲུལ་སྐུ་གཡོན་རྐྱང་མ༔ ངོ་རང་ཐུགས་རྗེ་དབྱེར་མེད་མཚོན༔ ལྟེ་བའི་འོག་ཏུ་རོ་གཅིག་འདྲེས༔ གང་འདུལ་སྒྱུ་འཕྲུལ་ངོམས་པའི་ཕྱིར༔ ཡར་སྣ་རྣ་ལྟག་གཉིས་ནས་གུག༔ སྣ་བུག་གཉིས་སུ་ཧད་པོར་ཟུག༔ ལས་རླུང་བག་ཆགས་རྩར་འཛག་པ༔ ནད་དང་སྡུག་བསྔལ་མ་ལུས་བཅས༔ རོ་རྐྱང་ལམ་ནས་ན་བུན་ཐོན༔ དབྱིངས་ཀྱི་མཁའ་ལ་ཡལ་བ་ཡི༔ རྩ་རྣམས་སྐྱོན་དང་བྲལ་བསམ་ཞིང་༔ རླུང་རོ་ལན་དགུ་ཕྱི་ལ་འབུད༔ དེ་ནས་རླུང་གི་བཅུད་ལེན་ནི༔ ཨཱཿསྙིང་དབུས་གེ་སར་བཞད་པའི་ཁར༔ གདལ་ཁྱབ་ཆོས་སྐུའི་མཁའ་འགྲོ་མ༔ མཐིང་ནག་གཅེར་བུ་རྡོར་སྐྱིལ་ཅན༔ མཉམ་བཞག་མཛད་པ་ཚོན་གང་བའི༔ ཐུགས་ཀར་སྲན་མའི་ཚད་ཙམ་ཐིག༔ དེ་དབུས་རང་རིག་ཨཱཿདཀར་པོ༔ སྤུ་ཡིས་བྲིས་པས་ཙམ་དུ་གསལ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོ་ཡི༔ བྱིན་རླབས་ཡེ་ཤེས་རླུང་གི་ཚུལ༔ འཇའ་ཡི་སྐུད་པ་བརྐྱངས་པ་ལྟར༔ སྣ་ཡི་སྒོ་རུ་ཟུག་པ་ནི༔ རྔུབ་པས་རོ་རྐྱང་ལམ་ནས་བརྒྱུད༔ དྭངས་མ་རིག་པ་ཨཱཿདཀར་ལ༔ ལྷག་མ་སྤྲུལ་པའི་འཁོར་ལོ་འཛག༔ བརྒྱ་སོགས་ཚད་འཛིན་མཁས་པར་བྱ༔ དེ་ནས་ཡེ་ཤེས་གསུམ་སྦྱོར་ནས༔ དབང་གི་ལམ་ལ་འཇུག་པ་ནི༔ ཨཱཿབདེ་ཆེན་ཚངས་པའི་བུ་ག་རུ༔ ཁྱབ་བདག་མགོན་པོ་འོད་མི་འགྱུར༔ དེ་ནས་སྙིང་ག་ཡན་ཆད་དུ༔ བརྒྱུད་པའི་བླ་མ་རིམ་བཞིན་གསལ༔ རིམ་ཞུ་སྙིང་གི་བླ་མར་འདུས༔ བླ་མ་ཐིག་ལེ་དཀར་དམར་དུ༔ ཞུ་ནས་དཀར་ཆ་ཚངས་པའི་སྒོར༔ ཧཾ་ཡིག་དཀར་གསལ་འོད་འབར་ལ༔ དམར་ཆ་བདེ་སྐྱོང་འཁོར་ལོ་རུ༔ ཨ་ཤད་དམར་གསལ་འོད་དུ་ཤར༔ ཧཾ་ཡིག་འོད་ཀྱིས་རྒྱལ་ཀུན་མཆོད༔ མ་ལུས་སྤྱན་དྲངས་ཧཾ་ལ་བསྟིམས༔ མདངས་ཀྱིས་སྣོད་བཅུད་འབྱུང་བའི་བཅུད༔ ཧཾ་ཡིག་ལ་འདུས་འོད་དུ་འབར༔ བྱིན་རླབས་ཡེ་ཤེས་རླུང་ལྔ་ཡིས༔ ཨ་ཤད་བསྐུལ་བའི་རྒྱུ་རྐྱེན་གྱི༔ རྟེན་འབྲེལ་ཚུལ་དུ་ཤེས་རབ་དང་༔ ཡེ་ཤེས་མེ་ལྕེ་ལྷབ་ཀྱིས་འབར༔ འཁོར་ལོ་རིམ་བཞིན་ཡར་ཁྱབ་མཆོད༔ ཧཾ་ཡིག་ལ་ཕོག་བདེ་སྟོང་གི༔ ཡེ་ཤེས་དཔག་མེད་སྐྱེ་བར་བསམ༔ ཐིག་ལེ་ལས་ནི་ཐིག་པ་བྲན༔ སུམ་ཅུ་རྩ་གཉིས་བབ་པ་ལས༔ བདེ་ཆེན་འཁོར་ལོའི་རྩ་འདབ་ཁྱབ༔ སངས་རྒྱས་རིགས་མཆོད་ཉམས་ཆག་སྐོངས༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱངས༔ བཅུ་དྲུག་གཞི་འཛིན་བཅུ་དྲུག་ནི༔ ལོངས་སྤྱོད་འཁོར་བབ་རྩ་འདབ་ཁྱབ༔ པདྨའི་རིགས་མཆོད་ཉམས་ཆག་སྐོངས༔ ཚོགས་རྫོགས་སྒྲིབ་པ་མ་ལུས་སྦྱངས༔ བཅུ་དྲུག་ཕྱེད་ནི་གཞི་འཛིན་ལ༔ ཕྱེད་ནི་ཆོས་ཀྱི་འཁོར་ལོ་བབས༔ རྡོ་རྗེའི་རིགས་མཆོད་ཉམས་ཆག་སྐོངས༔ ཚོགས་རྫོགས་སྒྲིབ་པ་མ་ལུས་དག༔ ཕྱེད་ཕྱེད་གཞི་འཛིན་ཕྱེད་ཕྱེད་ནི༔ སྤྲུལ་པའི་འཁོར་ལོར་བབ་ཁྱབ་ནས༔ རིན་ཆེན་རིགས་མཆོད་ཉམས་ཆག་སྐོངས༔ ཚོགས་རྫོགས་སྒྲིབ་པ་མ་ལུས་དག༔ གཉིས་ནི་གཞི་འཛིན་དེར་གནས་ཤིང་༔ གཉིས་ནི་བདེ་སྐྱོང་འཁོར་ལོར་བབས༔ ལས་ཀྱི་རིགས་མཆོད་ཉམས་ཆགས་སྐོངས༔ ཚོགས་རྫོགས་སྒྲིབ་པ་མ་ལུས་དག༔ གཅིག་ནི་གཞི་འཛིན་ལ་གནས་ཤིང་༔ གཅིག་ནི་མེ་ཡི་གསོས་སུ་བབ༔ མེ་རླུང་བདུད་རྩི་དབྱེར་མེད་འབར༔ བདེ་སྐྱོང་འཁོར་ལོའི་རྩ་རྣམས་ཁྱབ༔ རིག་རྩལ་དབང་ཐོབ་མཉམ་སྦྱོར་གྱི༔ ཡེ་ཤེས་ཉམས་སུ་མྱོང་བར་བསམ༔ ལྟེ་བར་ཚིག་དབང་ལྷན་སྐྱེས་དགའ༔ སྙིང་གར་ཤེར་དབང་ཁྱད་དགའ་དང་༔ མགྲིན་པར་གསང་དབང་མཆོག་ཏུ་དགའ༔ སྤྱི་བོར་བུམ་དབང་དགའ་བ་ཡི༔ ཡེ་ཤེས་ཉམས་སུ་མྱོང་བར་བསམ༔ རིམ་བཞིན་རླུང་གི་ཁུག་པས་བཀྱག༔ མཆོད་པས་མི་མཐུན་ཕྱོགས་ཀུན་བསྲེག༔ ཕྲར་བསྡུས་སྤྲོས་བྲལ་ཆེན་པོའི་ངང་༔ མ་འོངས་ང་ཡི་རྗེས་འཇུག་རྣམས༔ དུས་དང་བསྟུན་པའི་ཁྱད་ཆོས་འདི༔ རྩལ་རླུང་ཀུན་གྱི་ཡང་བཅུད་ཡིན༔ ཚུལ་བཞིན་ཉམས་ལེན་རྣལ་འབྱོར་ནི༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ པདྨ་བདག་གིས་ཕྱི་རབས་བསླུས༔ མི་ཡེངས་ངང་ནས་འདིར་སྤྱོད་ན༔ ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་༔ བཙན་དམར་སྲོག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ སྣོད་མིན་རྣམས་ལ་གསང་རྒྱ་ཐོབ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་གར་དབང་བདུད་འཇོམས་རྡོ་རྗེ་ཁྲག་འཐུང་རོལ་པ་རྩལ་ལྷ་བཙུན་འོད་གསལ་སྙིང་པོ་སྔགས་ནག་ཧཱུྃ་ཆེན་ཀཱ་ར་གླིང་པ་མཁའ་འགྲོའི་གཙོ་མཆོག་ཀློང་ཆེན་མི་འགྱུར་རྡོ་རྗེ་ལ་སོགས་དཔའ་བོ་མཁའ་འགྲོའི་གླིང་དུ་མིང་གི་ཐ་སྙད་གྲགས་པ་དོན་ལ་ཀུན་གྱི་སྐུར་འདེབས་དང་གླེང་མོ་ཐ་སྙད་ཀྱི་གནས་མ་ནུས་སྤྲང་སྨྱོན་ཟོབ་རྫུན་མཁན་དེས་ས་མོ་ལུག་གི་ལོར་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་བྲག་རྡོ་རྗེ་ཞེས་གྲགས་པའི་བྲག་དཀར་སེང་གེ་འདྲ་བའི་མགུལ་ནས་བཏོན་ཏེ་མི་ལོ་བཞི་ལ་བཀའ་རྒྱས་བཏབ་ནས་མཐར་སྨར་སྟོད་འབྲོས་ཕུག་ཅེས་པའི་དབེན་པའི་ཁྲོད་དུ་དཔལ་ལྡན་རང་བྱུང་རྒྱལ་མོས་བསྐུལ་བའི་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེའི་མཐུན་རྐྱེན་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པ་དགེའོ། །སརྦ་མངྒ་ལཾ།། །།