ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ ནད་སེལ་ལུས་ཀྱི་སྦྱིན་པ༔ འཛིན་པ་རང་གྲོལ༔

From Dudjom Wiki
TTDL-ZABTER-07-JA-007
Wylie title zab gsang mkha' 'gro'i snying thig las: thugs sgrub ye shes nyi ma'i skor: nad sel lus kyi sbyin pa: 'dzin pa rang grol: TTDL-ZABTER-07-JA-007.pdf
Location bdud 'joms gling pa zab gter
Volume 7, Text 7, Pages 159-172 (Folios 1a1 to 7b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub ye shes nyi ma'i skor nad sel lus kyi sbyin pa 'dzin pa rang grol. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 159-172. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: lus sbyin   Verso: bdud 'joms mkha' 'gro gsang ye
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Severance Texts - gcod gzhung
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
Colophon

ཞེས་པ་འདི་ཉིད་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་གར་དབང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་མཁའ་འགྲོ་གསང་བའི་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་སངས་རྒྱས་འོད་ཟེར་གྱི་རྣམ་འཕྲུལ་ཚུལ་ཁྲིམས་རྡོ་རྗེས་བགྱིས་པ་ཐོག་མཐའ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།

zhes pa 'di nyid rang bzhin rdzogs pa chen po'i rnal 'byor pa gar dbang khrag 'thung bdud 'joms rdo rjes mkha' 'gro gsang ba'i shog ser las zhal bshus te dag par phab pa'i yi ge pa ni sangs rgyas 'od zer gyi rnam 'phrul tshul khrims rdo rjes bgyis pa thog mtha' kun tu dge bar gyur cig_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ ནད་སེལ་ལུས་ཀྱི་སྦྱིན་པ༔ འཛིན་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ མ་འོངས་དུས་ཀྱི་རྣལ་འབྱོར་རྣམས༔ ༔ གཞན་དག་ནད་ལས་གྲོལ་བའི་ཐབས༔ འཛིན་པ་རང་གྲོལ་ཉམས་སུ་ལོངས༔ གཞི་མར་ལ་ནི་སུམ་ཡིག་བྲི༔ དེ་སྟེང་བམ་རོ་གཅིག་བཞག་སྟེ༔ གཏུབ་པའི་མཚོན་ཆ་རལ་གྲི་བཞག༔ ལན་ཆགས་དམར་གཏོར་བཅུ་རེ་བཞག༔ ཕཊ༔ ཀྱིས་རིག་པ་དབྱིངས་སུ་སྤར།མཆན།རང་ཉིད་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་སྐུ་ཆེ་ཞིང་དཔའ་གཏུམ་རྔམས་ཤིང་བརྗིད་པ་ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་ལན་གསུམ་བརྡབས་པས་ཁམས་གསུམ་དབང་དུ་འདུ་བ༔ གཡོན་པས་མི་རྐང་གི་གླིང་བུ་ལན་གསུམ་འབུད་པས་སྲིད་གསུམ་ཟིལ་གྱིས་གནོན་པར་བསྒོམ༔ ཕཊ་ཕཊ་ཕཊ༔ དང་པོས་དབྱིངས་ནས་བཞེངས།གཉིས་པས་རྒྱན་དང་ཆ་ལུགས་གསལ།གསུམ་པས་མ་འདྲེས་ཅི་བཞིན་བསྐྱེད་པའོ།མཆན།དེ་ནས་དབང་སྡུད་ཟིལ་གནོན་མཐར༔ ཕཊ༔ ཀྱིས་རང་དང་དམིགས་བྱའི་སྙིང་དབུས་དྭངས་མའི་ཐིག་ལེ་བསྐྱེད།མཆན།རང་དང་དམིགས་བྱ་དབྱེར་མེད་པའི༔ སྙིང་དབུས་དྭངས་མའི་ཐིག་ལེ་ནི༔ ནམ་མཁའི་སྐར་མདའ་ཆད་པ་ལྟར༔ ཁྱབ་གདལ་དབྱིངས་ཀྱི་མཁའ་ལ་འཕོས༔ ཕཊ༔ དང་པོས་འཕོས༔ ཕཊ༔ གཉིས་པས་བཞེངས་ཕཊ༔ གསུམ་པས་རྫོགས་པར་གསལ།མཆན།དབྱིངས་ནས་རང་བྱུང་མཁའ་འགྲོ་མ༔ དམར་གསལ་གྲི་ཐོད་ཁ་ཊྭཱྃ་ཀ༔ སྣང་སྲིད་ཁྱབ་པའི་སྐུར་བསྒོམ་མོ༔ ལས་བྱེད་སྤྲུལ་པས་ཁམས་གསུམ་ཁྱབ༔ ཕཊ་ཕཊ་ཕཊ༔ དང་པོས་བམ་གཟུགས་དང་འདྲེས་གཉིས་པས་འདྲེས༔ གསུམ་པས་དབྱེར་མེད་པར་བསམ༔ མཆན།ཅེས་བམ་རོ་དང་ཕུང་པོ་དབྱེར་མེད་དུ་འདྲེས་པར་བསམ་ལ༔ ཕཊ་ཕཊ་ཕཊ༔ དང་པོས་མགྲོན་རྣམས་ཀྱིས་ཐོས་གཉིས་པས་འོང་གསུམ་པས་འདུས་པར་བསམ་མཆན།མཐོ་སྲིད་པའི་རྩེ་མོ་མན་ཆད༔ དམའ་ན་རཀ་དམྱལ་ཁམས་ཡན་ཆད༔ བར་སྟོང་གསུམ་རབ་འབྱམས་རྒྱ་མཚོའི་འཇིག་རྟེན་ཐམས་ཅད་ཁྱབ་པའི་མི་རོ་ཆེ་ལ་སྣུམ་ཞིང་བཅུད་རོ་བརྒྱ་ནུས་པ་སྟོང་དང་ལྡན་པར་གྱུར༔ ཕཊ་ཕཊ་ཕཊ༔ དང་པོས་སྤེལ་གཉིས་པས་བསྒྱུར་གསུམ་པས་བརླབས།མཆན།མཐོང་བས་ཚིམ་པ༔ ཐོས་པས་འགྲང་བ༔ དྲན་པས་བདེ་བ༔ རེག་ཅིང་མྱོང་བས་གྲོལ་བ༔ འདོད་ཡོན་ལོངས་སྤྱོད་གང་ལ་གང་མཁོ་བའི་མཐུན་རྫས་སྣ་ཚོགས་རྒྱུན་མི་ཆད་པར་འཕྲོ་བའི་རང་བཞིན་ཅན་དུ་གྱུར༔ ཕཊ་ཕཊ་ཕཊ༔ དང་པོ་ལྟ་བའི་གདིང་བསྐྱེད་གཉིས་པས་མངོན་འགྱུར་དུ་འཇོག་གསུམ་པས་རྗེས་ཤེས་ཆོས་ཉིད་ཀྱི་རོལ་པར་བལྟའོ།མཆན།ཅེས་མགྲོན་འབོད་མཐར༔ ཕཊ༔ ཁྱབ་གདལ་ཆོས་སྐུའི་རྣལ་འབྱོར་ངས༔ གཅེས་པར་འཛིན་པའི་ལྷན་སྐྱེས་ཀྱི༔ ཕུང་པོ་དེ་རིང་མཆོད་སྦྱིན་བྱ༔ ལོངས་ཤིག་ཁྱེར་ཅིག་ལྷ་འདྲེ་རྣམས༔ ཕཊ་ཕཊ་ཕཊ༔ དང་པོ་ཐོག་མ་མེད་པའི་ལུས་དང་ལོངས་སྤྱོད་ལ་དམིགས༔ གཉིས་པས་ལུས་ལ་བསྟིམ་གསུམ་པས་རང་གཞན་སེམས་ཅན་རྣམས་ལ་ལྷག་པའི་བསམ་པས།མཆན།བདག་དང་སྦྱིན་པའི་བདག་པོ་འདིའི༔ མགོ་ཡི་སྐྲ་རྩེ་མན་ཆད་ནས༔ རྐང་པའི་སེན་རྩེ་ཡན་ཆད་ཀྱིས༔ ལྷ་འདྲེ་རྣམས་ལ་སྟོན་འགྱེད་བྱ༔ མ་བཞག་མ་ལུས་ལྷག་མེད་རོལ༔ ཕཊ་ཕཊ་ཕཊ༔ དང་པོས་ཕངས་པ་མེད་པར་བསྔོ༔ གཉིས་པས་དགའ་ཞིང་དགྱེས་བཞིན་རོལ་གསུམ་པས་ཟག་མེད་ཀྱི་དོན་རྒྱུད་ལ་སྐྱེ་བར་བསམ།མཆན།བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ངས༔ སྣང་སྲིད་བདག་མེད་སྒྱུ་མར་རྗོགས༔ གཟུང་འཛིན་རིག་པ་རང་ངོར་གྲོལ༔ ངན་སོང་འཁོར་བའི་མཚང་ཡང་རིག༔ ཕ་མ་འཁྲུལ་པའི་ལྷ་འདྲེ་ལ༔ བདག་འཛིན་ལུས་ཀྱི་སྦྱིན་པ་གཏོང་༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ རྡུལ་ཕྲན་ཙམ་ཡང་མ་བཞག་ཅིག༔ ཕཊ་དང་པོས་ཕངས་པ་མེད་པར་བསྔོ༔ ཕཊ་གཉིས་པས་དགའ་ཞིང་དགྱེས་པར་རོལ༔ ཕཊ༔ གསུམ་པས་ཟག་མེད་ཀྱི་དོན་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ།།མཆན།དེ་ནས་གར་སྟབས་བྱ་སྟེ་མགོ་བོ་བྲེག་པ་ནི༔ ཕཊ༔ འཛིན་པ་རང་གྲོལ་རྣལ་འབྱོར་ངས༔ གཟུང་འཛིན་ཉེ་བར་འཐས་པ་ཡི༔ གཅེས་འཛིན་ཕུང་པོ་སྒྱུ་མའི་ལུས༔ གཏི་མུག་ལས་བྱུང་ནད་དང་གདོན༔ མགོ་བོ་དང་བཅས་ཞལ་དུ་བསྟབས༔ ཡེ་ཤེས་མཁའ་འགྲོས་བཞེས་ནས་ཀྱང་༔ ཆོས་དབྱིངས་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ མགོ་བོ་ལུས་གདོན་དང་བཅས་པ་སངས་རྒྱས་མཁའ་འགྲོའི་ཞལ་དུ་བསྟབས་པས་ཆོས་དབྱིངས་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་བསམ།།མཆན།ཤ་ཁྲག་དམར་གཏོར་བཤམས་ལ༔ ཕཊ༔ ནད་དང་གདོན་དང་བར་ཆད་དང་༔ མི་མཐུན་ཉེར་འཚེར་གྱུར་པ་ཀུན༔ ཤ་ཁྲག་དམར་གཏོར་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ནད་གདོན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤ་ཁྲག་དམར་གཏོར་དང་བཅས་འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབས་པས་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་བསམ།མཆན།ལན་ཆགས་འབྲས་ཆན་བཤམས་ལ༔ ཕཊ༔ ལས་དང་ཉོན་མོངས་ཀྱིས་བསྐྱེད་པའི༔ སྡིག་སྒྲིབ་བག་ཆགས་དྲི་མའི་ཚོགས༔ ཆངས་བུ་འབྲས་ཆན་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ སྡིག་སྒྲིབ་བག་ཆགས་དང་བཅས་པ་ཆངས་བུ་དང་མཉམ་དུ་སྣང་སྲིད་ལྷ་འདྲེ་ལ་ཕུལ་བས་ཚོགས་རྫོགས་སྒྲིབ་པ་སྦྱང་བར་བསམ༔ མཆན།དེ་ནས་ལག་གཡས་བཤམས་ལ༔ ཕཊ༔ འཛིན་པ་རང་གྲོལ་རྣལ་འབྱོར་ངས༔ གཟུང་འཛིན་ཉེ་བར་འཐས་པ་ཡི༔ གཅེས་འཛིན་ཕུང་པོ་སྒྱུ་མའི་ལུས༔ ཞེ་སྡང་ལས་བྱུང་ནད་དང་གདོན༔ ལག་གཡས་ལུས་གདོན་ཞལ་དུ་བསྟབས༔ མེ་ལོང་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཤ་ཁྲག་དམར་གཏོར་བཤམས་ལ༔ ཕཊ༔ ནད་དང་གདོན་དང་བར་ཆད་དང་༔ མི་མཐུན་ཉེར་འཚེར་གྱུར་པ་ཀུན༔ ཤ་ཁྲག་དམར་གཏོར་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ལན་ཆགས་འབྲས་ཆན་བཤམས་ལ༔ ཕཊ༔ ལས་དང་ཉོན་མོངས་ཀྱིས་བསྐྱེད་པའི༔ སྡིག་སྒྲིབ་བག་ཆགས་དྲི་མའི་ཚོགས༔ ཆངས་བུ་འབྲས་ཆན་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ དེ་ནས་ལག་གཡོན་བཤམས༔ ཕཊ༔ འཛིན་པ་རང་གྲོལ་རྣལ་འབྱོར་ངས༔ གཟུང་འཛིན་འཁྲུལ་པའི་རྒྱུས་བསྐྱེད་པའི༔ གཅེས་འཛིན་ཕུང་པོ་སྒྱུ་མའི་ལུས༔ ང་རྒྱལ་ལས་བྱུང་ནད་དང་གདོན༔ ལག་གཡོན་ལུས་གདོན་ཞལ་དུ་བསྟབས༔ མཉམ་ཉིད་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཤ་ཁྲག་དམར་གཏོར་བཤམས་ལ༔ ཕཊ༔ ནད་དང་གདོན་དང་བར་ཆད་དང་༔ མི་མཐུན་ཉེར་འཚེར་གྱུར་པ་ཀུན༔ ཤ་ཁྲག་དམར་གཏོར་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ལན་ཆགས་འབྲས་ཆན་བཤམས་ལ༔ ཕཊ༔ ལས་དང་ཉོན་མོངས་ཀྱིས་བསྐྱེད་པའི༔ སྡིག་སྒྲིབ་བག་ཆགས་དྲི་མའི་ཚོགས༔ ཆངས་བུ་འབྲས་ཆན་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ དེ་ནས་རྐང་གཡོན་བཤམས་ལ༔ ཕཊ༔ འཛིན་པ་རང་གྲོལ་རྣལ་འབྱོར་ངས༔ གཟུང་འཛིན་ཉེ་བར་འཐས་པ་ཡི༔ གཅེས་འཛིན་ཕུང་པོ་སྒྱུ་མའི་ལུས༔ འདོད་ཆགས་ལས་བྱུང་ནད་དང་གདོན༔ རྐང་གཡོན་ལུས་གདོན་ཞལ་དུ་བསྟབས༔ སོར་རྟོག་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཤ་ཁྲག་དམར་གཏོར་བཤམས་ལ༔ ཕཊ༔ ནད་དང་གདོན་དང་བར་ཆད་དང་༔ མི་མཐུན་ཉེར་འཚེར་གྱུར་པ་ཀུན༔ ཤ་ཁྲག་དམར་གཏོར་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ལན་ཆགས་འབྲས་ཆན་བཤམས་ལ༔ ཕཊ༔ ལས་དང་ཉོན་མོངས་ཀྱིས་བསྐྱེད་པའི༔ སྡིག་སྒྲིབ་བག་ཆགས་དྲི་མའི་ཚོགས༔ ཆངས་བུ་འབྲས་ཆན་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ དེ་ནས་རྐང་གཡས་བཤམས་ལ༔ ཕཊ༔ འཛིན་པར་རང་གྲོལ་རྣལ་འབྱོར་ངས༔ གཟུང་འཛིན་འཁྲུལ་པའི་རྒྱུས་བསྐྱེད་པའི༔ གཅེས་འཛིན་ཕུང་པོ་སྒྱུ་མའི་ལུས༔ ཕྲག་དོག་ལས་བྱུང་ནད་དང་གདོན༔ རྐང་གཡས་ལུས་གདོན་ཞལ་དུ་བསྟབས༔ བྱ་གྲུབ་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཤ་ཁྲག་དམར་གཏོར་བཤམས་ལ༔ ཕཊ༔ ནད་དང་གདོན་དང་བར་ཆད་དང་༔ མི་མཐུན་ཉེར་འཚེར་གྱུར་པ་ཀུན༔ ཤ་ཁྲག་དམར་གཏོར་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ལན་ཆགས་འབྲས་ཆན་བཤམས་ལ༔ ཕཊ༔ ལས་དང་ཉོན་མོངས་ཀྱིས་བསྐྱེད་པའི༔ སྡིག་སྒྲིབ་བག་ཆགས་དྲི་མའི་ཚོགས༔ ཆངས་བུ་འབྲས་ཆན་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ནམ་མཚུངས་བཤམས་ལ༔ ཕཊ༔ ཆོས་ཉིད་དོན་གྱི་རྣལ་འབྱོར་ངས༔ མ་རིག་གཟུང་འཛིན་རྒྱུས་བསྐྱེད་པའི༔ ང་བདག་འཁྲུལ་པའི་ཕུང་པོ་འདི༔ ལུས་གདོན་ནམ་མཚུངས་དང་བཅས་པ༔ འཇིག་རྟེན་མཁའ་འགྲོའི་ཞལ་དུ་བསྟབས༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཤ་ཁྲག་དམར་གཏོར་བཤམས་ལ༔ ཕཊ༔ དུག་གསུམ་ལས་བྱུང་ནད་དང་གདོན༔ མི་མཐུན་ཉེར་འཚེར་གྱུར་པ་ཀུན༔ ཤ་ཁྲག་དམར་གཏོར་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ལན་ཆགས་འབྲས་ཆན་བཤམས་ལ༔ ཕཊ༔ ཉོན་ཤེས་སྒྲིབ་པས་བསྐྱེད་པ་ཡི༔ ལས་དང་བག་ཆགས་སྡིག་སྒྲིབ་ཀུན༔ ལན་ཆགས་འབྲས་ཆན་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ རྩིབ་གཡས་བཤམས་ལ༔ ཕཊ༔ གནས་ལུགས་དོན་གྱི་རྣལ་འབྱོར་ངས༔ ང་མེད་ང་རུ་བཟུང་བ་ཡི༔ སྲིད་པས་བཅིངས་པའི་སྒྱུ་མའི་ལུས༔ རྩིབ་གཡས་ལུས་གདོན་དབྱེར་མེད་པ༔ ཤ་ཟ་མཁའ་འགྲོའི་ཞལ་དུ་བསྟབས༔ སྐྱེ་མེད་ཡེ་ཤེས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཀུན་མཁྱེན་ཤ་ཁྲག་དམར་གཏོར་བཤམས་ལ༔ ཕཊ༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལས༔ བསྐྱེད་པའི་ནད་གདོན་བར་ཆད་རྣམས༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ལན་ཆགས་འབྲས་ཆན་བཤམས་ལ༔ ཕཊ༔ ཉོན་ཤེས་སྒྲིབ་པས་བསྐྱེད་པ་ཡི༔ ལས་དང་བག་ཆགས་སྡིག་སྒྲིབ་ཀུན༔ ལན་ཆགས་འབྲས་ཆན་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ རྩིབ་གཡོན་བཤམས་ལ༔ ཕཊ༔ བདེ་ཆེན་ཆོས་སྐུའི་རྣལ་འབྱོར་ངས༔ འཁྲུལ་པ་ལུགས་འབྱུང་སྒྱུ་མའི་ལུས༔ རྩིབ་གཡོན་ལུས་གདོན་དབྱེར་མེད་པ༔ དམ་ཚིག་མཁའ་འགྲོའི་ཞལ་དུ་བསྟབས༔ ཀ་དག་སྐྱེ་མེད་ཆོས་སྐུའི་ཀློང་༔ འགགས་མེད་འབྲས་བུའི་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཀུན་ཁྱབ་ཤ་ཁྲག་དམར་གཏོར་བཤམས་ལ༔ ཕཊ༔ གཟུང་འཛིན་ཉོན་མོངས་ཀྱིས་བསྐྱེད་པའི༔ ནད་དང་གདོན་དང་བགེགས་བར་ཆད༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ལན་ཆགས་འབྲས་ཆན་བཤམས་ལ༔ ཕཊ༔ ཉོན་ཤེས་སྒྲིབ་པས་བསྐྱེད་པ་ཡི༔ ལས་དང་བག་ཆགས་སྡིག་སྒྲིབ་ཀུན༔ ལན་ཆགས་འབྲས་ཆན་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ཚང་ར་བཤམས་ལ༔ ཕཊ༔ རྫོགས་པ་ཆེན་པོའི་རྣལ་འབྱོར་ངས༔ ཀུན་སྣང་འཁྲུལ་པའི་ཕུང་པོ་ཡི༔ ངར་འཛིན་རྟོག་པ་དབྱིངས་སུ་བཅད༔ ཡེ་ཤེས་སྒྱུ་འཕྲུལ་བརྟུལ་ཞུགས་ཀྱིས༔ ཚང་ར་ལུས་གདོན་དབྱེར་མེད་པ༔ ཐམས་ཅད་མཁའ་འགྲོའི་ཞལ་དུ་བསྟབས༔ འོད་གསལ་མཆོག་གི་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཀུན་གསལ་ཤ་ཁྲག་དམར་གཏོར་བཤམས་ལ༔ ཕཊ༔ དུག་ལྔ་འཁྲུལ་པའི་རྒྱུས་བསྐྱེད་པའི༔ ནད་དང་གདོན་དང་བགེགས་བར་ཆད༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ལན་ཆགས་འབྲས་ཆན་བཤམས་ལ༔ ཕཊ༔ ཉོན་ཤེས་སྒྲིབ་པས་བསྐྱེད་པ་ཡི༔ ལས་དང་བག་ཆགས་སྡིག་སྒྲིབ་ཀུན༔ ལན་ཆགས་འབྲས་ཆན་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ནང་རོལ་བཤམས་ལ༔ ཕཊ༔ མ་སྐྱེས་རྫོགས་པའི་རྣལ་འབྱོར་ངས༔ སྐྱེ་མེད་དབྱིངས་ལས་སྐྱེ་བར་སྟོན༔ འགགས་མེད་ལྷུན་གྲུབ་སྣང་བ་ལ༔ གཞན་བཟུང་སྣང་བ་སྒྱུ་མའི་ལུས༔ ནང་རོལ་ལུས་གདོན་དབྱེར་མེད་པ༔ ལས་བྱེད་མཁའ་འགྲོའི་ཞལ་དུ་བསྟབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ བདེ་སྟོང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་བསམ།མཆན།ཤ་ཁྲག་དམར་གཏོར་བཤམས་ལ༔ ཕཊ༔ ལྷན་སྐྱེས་མ་རིག་རྒྱུས་བསྐྱེད་པའི༔ ནད་དང་གདོན་དང་བགེགས་བར་ཆད༔ ཤ་ཁྲག་གཏོར་མ་དང་བཅས་པ༔ འབུམ་ཕྲག་མཁའ་འགྲོའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ལན་ཆགས་འབྲས་ཆན་བཤམས་ལ༔ ཕཊ༔ ཉོན་ཤེས་སྒྲིབ་པས་བསྐྱེད་པ་ཡི༔ ལས་དང་སྡིག་སྒྲིབ་བག་ཆགས་ཀུན༔ ལན་ཆགས་འབྲས་ཆན་དང་བཅས་པ༔ སྣང་སྲིད་ལྷ་འདྲེའི་ཞལ་དུ་བསྟབས༔ ཕཊ་ཕཊ་ཕཊ༔ ཕཊ༔ ལྷུན་གྲུབ་སྣང་བའི་སྒྱུ་འཕྲུལ་གར༔ སྐྱེ་བ་མེད་ཅིང་འགགས་པ་མེད༔ གནས་མེད་ཡེ་ཤེས་ཆོས་སྐུའི་དོན༔ མ་བཅོས་ཆམ་བརྡལ་ཉིད་དུ་རོལ༔ དབྱིངས་ཀྱི་མཁའ་འགྲོ་དབྱིངས་སུ་ཐིམ༔ རྩལ་སྣང་སྒྱུ་འཕྲུལ་ཀློང་དུ་བསྡུ༔ ཡེ་ནས་མ་སྐྱེས་རྫོགས་པའི་ངང་༔ ཆོས་ཉིད་རྒྱ་ཡན་གཤིས་སུ་ཨཱཿཕཊ་ཕཊ་ཕཊ༔ དང་པོས་སྤྲུལ་སྐུའི་དབྱིངས༔ གཉིས་པས་ལོངས་སྐུའི་དབྱིངས༔ གསུམ་པས་ཆོས་སྐུའི་དབྱིངས་སུ་བསྲེ་ཞིང་དམིགས་མེད་ཕྱམ་གདལ་གྱི་ངང་དུ་མཉམ་པར་འཇོག།མཆན།འཛིན་མེད་རོལ་པའི་བརྟུལ་ཞུགས་བསྐྱངས༔ འཁྲུལ་སྣང་རྟོག་པ་རྦད་ཀྱིས་བཅད༔ མ་འཁྲུལ་ཆོས་སྐུའི་རང་ཞལ་བལྟ༔ བདག་དང་གཞན་དུ་མི་སེམས་པར༔ འཁོར་འདས་དབྱེར་མེད་ལྟ་བའི་གདིང་༔ མ་བཅོས་རང་གྲོལ་བསྒོམ་པའི་ངང་༔ སྤང་ཐོབ་བྲལ་བ་སྤྱོད་པའི་ཐབས༔ ཡེ་རྫོགས་མངོན་གྱུར་འབྲས་བུའི་ཀློང་༔ རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ ཀུན་ཁྱབ་རྒྱ་ཡན་ཆེན་པོར་ཞོག༔ ང་དང་བདག་ཏུ་འཛིན་པ་མེད༔ ཕྱི་ནང་སྣོད་བཅུད་འཁྲུལ་པའི་ཆོས༔ ཡེ་ནས་དག་ཆེན་ཆོས་སྐུའི་གཤིས༔ རིག་སྟོང་འོད་གསལ་དཀྱིལ་འཁོར་ཡིན༔ མཐའ་རུ་འཛིན་པའི་གཉིས་འཛིན་སེམས༔ མ་རིག་འཁྲུལ་པའི་གདོན་ལས་བྱུང་༔ དེར་རྟེན་ནད་དང་སྡུག་བསྔལ་འབྱུང་༔ གཅོད་བྱེད་བདག་མེད་ཤེས་རབ་ལགས༔ ཟབ་དོན་གཅོད་ཀྱི་གདམས་ངག་འདི༔ ཀུན་ཁྱབ་ཀུན་གཟིགས་ཤེས་རབ་ཆེ༔ ལམ་ནི་ཕ་རོལ་ཕྱིན་པ་དྲུག༔ འབྲས་བུ་སྐུ་དང་ཡེ་ཤེས་དབྱིངས༔ འབད་མེད་གྲོལ་ཕྱིར་དེ་ལྟར་རོ༔ དེས་ན་ཉམས་ལེན་གནད་གཅིག་གོ༔ གཅོད་མཁན་རྣམས་ཀྱིས་ཉམས་སུ་ལོངས༔ བཀའ་འདི་གནོད་སྦྱིན་ཆེན་པོར་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་གར་དབང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་མཁའ་འགྲོ་གསང་བའི་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་སངས་རྒྱས་འོད་ཟེར་གྱི་རྣམ་འཕྲུལ་ཚུལ་ཁྲིམས་རྡོ་རྗེས་བགྱིས་པ་ཐོག་མཐའ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།