ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ ཐུགས་སྒྲུབ་ཡེ་ཤེས་ཉི་མ་ལས༔ ཚོགས་མཆོད་འདོད་ཡོན་སྤྲིན་ཕུང་༔

From Dudjom Wiki
TTDL-ZABTER-07-JA-015
Wylie title zab gsang mkha' 'gro'i snying thig las: mkha' 'gro gsang ba ye shes kyi: thugs sgrub ye shes nyi ma las: tshogs mchod 'dod yon sprin phung: TTDL-ZABTER-07-JA-015.pdf
Location bdud 'joms gling pa zab gter
Volume 7, Text 15, Pages 245-257 (Folios 1a1 to 7a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las mkha' 'gro gsang ba ye shes kyi thugs sgrub ye shes nyi ma las tshogs mchod 'dod yon sprin phung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 245-257. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: tshogs mchod   Verso: bdud 'joms mkha' 'gro gsang ye
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Feast Offering - tshogs mchod - tshogs kyi 'khor lo
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
Colophon

ཞེས་པ་འདི་ཡང་མ་ནུས་སྤྲང་པོ་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་གསུམ་དུ་བཀའ་རྒྱས་བཏབ་ནས་མཐར་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་འདུ་ར་ནས་ཡི་གེར་བྲིས་ཏེ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །ལེགས་སོ།།

zhes pa 'di yang ma nus sprang po bdud 'joms rdo rjes gter nas bton te mi lo gsum du bka' rgyas btab nas mthar smar stod 'bros phug mkha' 'gro'i 'du ra nas yi ger bris te dag par phab pa'i yi ge'i ris byed hor gyi ban+de phun tshogs bkra shis so/_/dge'o/_/legs so//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ ཐུགས་སྒྲུབ་ཡེ་ཤེས་ཉི་མ་ལས༔ ཚོགས་མཆོད་འདོད་ཡོན་སྤྲིན་ཕུང་བཞུགས་སོ༔


ཐྂ༎༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ (བརྡ་ཡིག་) བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་རྣམས་ཀྱི་དོན་ཆེད་དུ༔ ཚོགས་མཆོད་འདོད་ཡོན་སྤྲིན་ཕུང་བསྟན་པར་བྱ༔ འདི་ཡི་ལག་ལེན་རིམ་པ་ནི༔ ལས་གཞུང་བསྲང་སྟེ་བསྙེན་ཚད་བཟུང་༔ མཆོད་བསྟོད་སྔོན་སོང་རྗེས་ལ་འཇུག༔ འབྱོར་ཚོགས་འདོད་ཡོན་མཆོད་རྗས་བཤམས༔ འདི་ལ་རིམ་པ་བཅུ་རུ་བཤད༔ དང་པོ་ཚོགས་རྫས་བྱིན་བརླབ་ནི༔ རཾཿརཾ་གིས་དངོས་འཛིན་དྲི་མ་སྦྱངས༔ ཡཾཿཡཾ་གིས་མི་གཙང་ཐམས་ཅད་གཏོར༔ ཁཾཿཁཾ་གིས་བག་ཆགས་ཐམས་ཅད་བཀྲུས༔ རཾ་ཡཾ་ཁཾ༔ ཨཱཿལས་བྷནྡྷ་ཡངས་པའི་ནང་༔ ཨོཾ་ཨཱཿཧཱུྃ་ལས་མཆོད་པའི་སྤྲིན༔ སྐུ་གསུང་ཐུགས་ཀྱི་བདུད་རྩིར་གྱུར༔ སྣང་སྲིད་ཚོགས་ཀྱི་འཁོར་ལོར་བཤམས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཡེ་སྭཱ་ཧཱ༔ གཉིས་པ་ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿཀུན་ཁྱབ་གདལ་བ་འོག་མིན་གནས༔ སྐྱེ་མེད་ཆོས་སྐུའི་གཞལ་ཡས་ཁང་༔ རང་བཞིན་རྣམ་དག་དགའ་བདེའི་གནས༔ འགགས་མེད་ལོངས་སྤྱོད་རྫོགས་སྐུའི་ཞིང་༔ མི་མཇེད་ཞིང་ཁམས་བྱེ་ཕྲག་བརྒྱ༔ དག་པ་མཁའ་སྤྱོད་གནས་མཆོག་སོགས༔ སྐུ་གསུམ་རྒྱལ་བ་བཞུགས་པའི་གནས༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ཆོས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ མ་མོ་མཁའ་འགྲོ་བསམ་ཡས་འགྱེད༔ ལོངས་སྐུ་གསང་བ་ཡེ་ཤེས་མ༔ ལོངས་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རྔ་ཡབ་ཟ་བྱེད་སྲིན་པོའི་ཡུལ༔ དཔའ་བོ་མཁའ་འགྲོའི་འདུ་གླིང་ནས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་སྐུའི་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མངོན་པར་དགའ་བའི་ཞིང་ཁམས་ནས༔ མེ་ལོང་ཡེ་ཤེས་རང་མདངས་ལས༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ དཀར་མོ་བྱེ་བ་འབུམ་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དཔལ་དང་ལྡན་པའི་ཞིང་ཁམས་ནས༔ མཉམ་ཉིད་ཡེ་ཤེས་རང་མདངས་ལས༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ སེར་མོ་བྱེ་བ་འབུམ་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བདེ་བ་ཆེན་པོའི་ཞིང་ཁམས་ནས༔ སོར་རྟོག་ཡེ་ཤེས་རང་མདངས་ལས༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ དམར་མོ་བྱེ་བ་འབུམ་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལས་རབ་རྫོགས་པའི་ཞིང་ཁམས་ནས༔ བྱ་གྲུབ་ཡེ་ཤེས་རང་མདངས་ལས༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ ལྗང་མོ་བྱེ་བ་འབུམ་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་དུར་ཁྲོད་གནས་ཡུལ་བདག༔ ཀུན་ཏུ་བཟང་མོའི་རོལ་པའི་གར༔ མ་ཚོགས་མཁའ་འགྲོ་རྒྱ་མཚོར་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་མཆོག་བུ་ལ་བྱིན་གྱིས་རློབས༔ སྒྲུབ་མཆོག་བུ་ལ་དབང་སྐུར་ཅིག༔ འཇའ་ལུས་ཆེན་པོར་བྱིན་གྱིས་རློབས༔ སྒྲུབ་ཁང་འདི་ལ་བྱིན་ཕོབ་ཅིག༔ འོག་མིན་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་རྫས་རྣམས་ལ་བྱིན་ཕོབ་ཅིག༔ སྒྲུབ་རྫས་རྣམས་ལ་མདངས་ཕྱུངས་ཤིག༔ ཚོགས་རྫས་བདུད་རྩིའི་རྒྱ་མཚོ་རུ༔ བསྒྱུར་མཛོད་ཡེ་ཤེས་མཁའ་འགྲོའི་ཚོགས༔ བཛྲ་ས་མ་ཡ་ཛ་ཛཿགསུམ་པ་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱིཿབླ་མ་རིག་འཛིན་རྒྱ་མཚོ་དང་༔ ཡི་དམ་དཔའ་བོ་དཔའ་མོ་དང་༔ མ་ཚོགས་ཡེ་ཤེས་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཐུན་མོང་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ བཞི་པ་བཤགས་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿའདས་དང་མ་འོངས་ད་ལྟ་རུ༔ བསགས་པའི་ལས་ཉོན་བག་ཆགས་དང་༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ ཚོགས་ཀྱིས་བསྐང་ཞིང་བཤགས་པར་བགྱི༔ ཨོཾ་ག་ཎ་ཙཀྲ་སཏྭ་ས་མ་ཡ༔ ཚང་བར་བརྗོད༔ ལྔ་པ་བསྒྲལ་བ་ནི༔ ཧཱུྃ་ཧྲཱིཿང་ནི་ཡེ་ཤེས་མཁའ་འགྲོའི་སྐུ༔ ཕྲིན་ལས་ཐོགས་མེད་དགྲ་བགེགས་འདུལ༔ ཐུགས་ལས་སྤྲུལ་པའི་མཁའ་འགྲོ་འགྱེད༔ ཛཿལས་མཁའ་འགྲོ་ལྕགས་ཀྱུ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛཿཧཱུྃ་ལས་མཁའ་འགྲོ་ཞགས་པ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཆིངས་ཤིག་རཏྣ་པཱ་ཤ་ཧཱུྃ༔ བཾ་ལས་མཁའ་འགྲོ་ལྕགས་སྒྲོག་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ སྡོམ་ཞིག་པདྨ་སྥོ་ཊ་བཾ༔ ཧོཿ ལས་མཁའ་འགྲོ་དྲིལ་བུ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཕོབ་ཅིག་ཀརྨ་གྷཎྜེ་ཧོཿ ཧཱུྃ༔ གསང་བ་ཡེ་ཤེས་དྲག་མོའི་སྐུ༔ གསོད་བྱེད་མཁའ་འགྲོ་ལས་ལ་འགྱེད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ སོད་ཅིག་ཐུལ་ཞིག་ཕྱེ་མར་རློག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛཿདགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཚལ་པར་རྦད༔ དུམ་བུར་རྦད་ཧཱུྃ་ཕཊ༔ ཧཱུྃ་ཧྲཱིཿདུག་གསུམ་དགྲ་བགེགས་བསྒྲལ་བ་ཡི༔ ཤ་ཁྲག་རུས་པའི་ཕུང་པོར་བཅས༔ ཡེ་ཤེས་མཁའ་འགྲོའི་ཞལ་དུ་བསྟབས༔ བཞེས་ཤིག་རོལ་ཞིག་ལྷག་མེད་ཐོང་༔ མ་མ་ཧྲཱིཾ་ཧྲཱིཾ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁཱ་ཧི༔ དྲུག་པ་རྡོ་རྗེ་སློབ་དཔོན་ལ་དྲང་བ་ནི༔ ཚོགས་རྫས་ཐོགས་ལ༔ ཀྱཻ་ཧོཿ སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས༔ འདོད་ཡོན་ཚོགས་འཁོར་དམ་པ་འདི༔ གཙང་དང་རྨེ་བ་གཉིས་འཛིན་བྲལ༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ བླ་མས༔ ག་ཎ་ཙཀྲ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ཡང་བླ་མས༔ རྡོ་རྗེ་མཆེད་དང་ལྕམ་དྲལ་དགོངས༔ ཚོགས་འཁོར་འདོད་ཡོན་གསང་སྔགས་རྫས༔ དངོས་གྲུབ་ཐམས་ཅད་འདི་ལས་བྱུང་༔ ཚོགས་ཀྱི་དགའ་སྟོན་ལོངས་སྤྱོད་རོལ༔ མཉམ་དུ༔ ཨེ་མ༔ གསང་ཆེན་ཐེག་པ་ཆེན་པོའི་རྫས༔ རྡོ་རྗེ་གསུམ་གྱི་དངོས་གྲུབ་སྟེ༔ དོན་ལ་དངོས་འཛིན་མི་མངའ་ཡང་༔ ཐེག་ཆེན་ཐབས་ཀྱི་ཚུལ་དུ་རོལ༔ ཨ་ལ་ལ་ཧོཿ བདུན་པ་ལྷག་མ་བཏང་བ་ནི༔ ཧོཿ ལྷག་ལ་དབང་བ་མ་མོའི་ཚོགས༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླངས་དམ་བཅའ་ཅི་བཞིན་དུ༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་བཞེས༔ སྔོན་ཚེ་ཆད་དོན་འདི་མིན་ནམ༔ ལྷག་མ་ལེན་ཅིང་ཕྲིན་ལས་བསྒྲུབ༔ དཀྱིལ་འཁོར་མཐའ་འཛིན་སྒྲུབ་མཆོག་སྐྱོང་༔ དཔལ་ཆེན་སྤྱན་སྔར་མ་ཆད་དམ༔ དམ་ཚིག་བཞིན་དུ་ཕྲིན་ལས་སྒྲུབས༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ བརྒྱད་པ་ཆད་མདོ་དང་བརྟན་མ་གཉིས་ལས་དང་པོ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས༔ ཞུ་བསྡུས་འཁོར་གྱི་རོལ་པར་བསྟན༔ དེ་ཚེ་བསྟན་སྲུང་དམ་ཅན་རྣམས༔ སོ་སོས་རང་གི་གཟུགས་བསྟན་ནས༔ བཀའ་ཡི་གཏོར་མ་ལེན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང་༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དེ་འོག་མ་ཏྲཾ་བསྒྲལ་བའི་གནས༔ རི་བོ་མ་ལ་ཡ་ཡི་རྩེར༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས༔ རོལ་པའི་འཁོར་ལ་བསྟན་པའི་ཚེ༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ཡིས༔ སོ་སོས་རང་གི་གཟུགས་བསྟན་ནས༔ བཀའ་ཡི་གཏོར་མ་ལེན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང་༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དེ་འོག་བསྐལ་པའི་དབུས་མ་ལ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གིས༔ གསང་སྔགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ཡིས༔ སོ་སོས་རང་གི་གཟུགས་བསྟན་ནས༔ བཀའ་ཡི་གཏོར་མ་ལེན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང་༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དེ་ནས་བོད་ཀྱི་རྒྱལ་ཁམས་སུ༔ གསང་སྔགས་བསྟན་པ་པད་འབྱུང་གིས༔ སྐལ་ལྡན་ཕོ་མོའི་ཚོགས་རྣམས་ལ༔ རྡོ་རྗེ་ཐེག་པའི་ཆོས་བསྟན་མཛད༔ དེ་ཚེ་དམ་ཅན་རྒྱ་མཚོ་ཡིས༔ སོ་སོས་རང་གི་གཟུགས་བསྟན་ནས༔ བཀའ་ཡི་གཏོར་མ་ལེན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དེ་འོག་ཤམ་པོ་གངས་ར་རུ༔ འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས༔ མཁའ་འགྲོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ཡིས༔ སོ་སོས་རང་གི་གཟུགས་བསྟན་ནས༔ བཀའ་ཡི་གཏོར་མ་ལེན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དེ་འོག་དུས་ཀྱི་ཐ་མ་ལ༔ ཨོ་རྒྱན་ཆེན་པོའི་ཞལ་ཚབས་སུ༔ ཐུགས་རྗེའི་རང་མདངས་འགྲོ་འདུལ་དཔལ༔ རིག་འཛིན་བདུད་འཇོམས་རྡོ་རྗེ་ཡིས༔ མཁའ་འགྲོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱིས༔ སོ་སོས་རང་གཟུགས་མངོན་བསྟན་ནས༔ བཀའ་ཡི་གཏོར་མ་ལེན་པ་དང་༔ བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང་༔ ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ དེ་བཞིན་སྒྲུབ་མཆོག་བདག་ཅག་གིས༔ བླ་མེད་གསང་ཆེན་དཀྱིལ་འཁོར་འདིར༔ མཁའ་འགྲོའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ བཀའ་བཞིན་དམར་གྱི་གཏོར་མ་བཤམས༔ ཡེ་ཤེས་འཇིག་རྟེན་སྲུང་མའི་ཚོགས༔ ཁྱེད་ཅག་དམ་ལས་མ་འདའ་བར༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ སྒྲུབ་མཆོག་བུ་བཞིན་སྐྱོང་བ་དང་༔ ཕྱི་ནང་བར་ཆད་སེལ་བ་དང་༔ དམ་ཚིག་བཀའ་བཞིན་ཕྲིན་ལས་སྒྲུབས༔ བཛྲ་ས་མ་ཡ༔ གཉིས་པ་བརྟན་མ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཚེ་དང་ལྡན་པ་མ་མོའི་ཚོགས༔ མ་ལུས་འདིར་གཤེགས་གཏོར་མ་བཞེས༔ དམ་བཅའ་བཞིན་དུ་ཕྲིན་ལས་བསྒྲུབ༔ བར་ཆད་བཟློག་ཅིག་ས་མ་ཡ༔ མ་མ་ཧྲཱིཾ་ཧྲཱིཾ་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ དགུ་པ་རྟ་བྲོ་ནི༔ ཧཱུྃ་ཧཱུྃ༔ ཉོན་མོངས་དུག་ལྔའི་རྣམ་རྟོག་བགེགས༔ ཆོས་ཉིད་རོལ་པའི་དབྱིངས་སུ་ནོན༔ བྲོ་ནི་ཆོས་དབྱིངས་ཡེ་ཤེས་བྲོ༔ གླུ་ནི་འགགས་མེད་རྡོ་རྗེའི་གླུ༔ ཐུགས་རྗེ་ཐབས་ཀྱིས་ལོག་རྟོགས་བསྒྲལ༔ བྱང་ཆུབ་བར་དུ་རྣམ་རྟོག་བགེགས༔ མ་ཤོར་མ་ལྡང་ཡེ་ཤེས་རྒྱ༔ སྟྭཾ་བྷ་ཡ་ནན༔ བཅུ་པ་རྗེས་ཀྱི་རིམ་པ་ལ་དྲུག་ལས༔ དང་པོ་བཤགས་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿའཁོར་ཚེ་ཐོག་མ་མེད་པ་ནས༔ མ་རིག་དབང་གྱུར་ཉེས་ལྟུང་ཚོགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ གཉིས་པ་བཀྲ་ཤིས་ནི༔ ཧཱུྃ་ཧྲཱིཿངོ་བོ་སྐྱེ་མེད་ཆོས་སྐུའི་ཀློང་༔ རང་བཞིན་འགགས་མེད་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཐབས་ཀྱི་སྤྲུལ་སྐུར་ཤར༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཆོས་དབྱིངས་ཡེ་ཤེས་ཀུན་བཟང་མོའི༔ རྣལ་རོལ་མ་ངེས་སྒྱུ་འཕྲུལ་གར༔ གང་འདུལ་སྤྲུལ་པའི་མཁའ་འགྲོའི་ཚོགས༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ལྷུན་གྲུབ་རིགས་ལྔའི་མཁའ་འགྲོ་མ༔ དུག་ལྔ་གནས་དག་ཡེ་ཤེས་ལྔ༔ སྨིན་ཏེ་འགྲོ་རྣམས་ཞི་བདེ་རུ༔ འགོད་མཛད་ཕྲིན་ལས་བཀྲ་ཤིས་ཤོག༔ གསུམ་པ་བསྔོ་བ་ནི༔ ཧཱུྃ་ཧྲཱིཿཡང་གསང་མཁའ་འགྲོའི་དཀྱིལ་འཁོར་དུ༔ བསྐྱེད་རྫོགས་འབྲས་བུའི་དགེ་བསགས་པ༔ མ་ལུས་བསྡུས་ཏེ་འགྲོ་རྣམས་ཀུན༔ རྣམ་མཁྱེན་སངས་རྒྱས་ཐོབ་ཕྱིར་བསྔོ༔ བཞི་པ་སྨོན་ལམ་ནི༔ ཧཱུྃ་ཧྲཱིཿསྐུ་གསུམ་མཁའ་འགྲོའི་བདེན་སྟོབས་ཀྱིས༔ བདག་དང་མཁའ་མཉམ་སེམས་ཅན་རྣམས༔ ཡང་གསང་དཀྱིལ་འཁོར་འདི་ཉིད་དུ༔ ཚོས་བུ་གཅིག་ཏུ་སངས་རྒྱས་ཤོག༔ ལྔ་པ་རྟག་མཐའ་བསལ་བ་ནི༔ ཧཱུྃ༔ སྣོད་བཅུད་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ མ་ལུས་རང་གི་སྐུ་ལ་བསྡུ༔ རང་ཡང་ཐུགས་ཀའི་ཧྲཱིཿལ་བསྟིམ༔ ཧྲཱིཿཡིག་ཆོས་དབྱིངས་ཀློང་དུ་ཨཱཿདྲུག་པ་ཆད་པའི་མཐའ་བསལ་བ་ནི༔ ཧཱུྃ་ཧྲཱིཿ སྐད་ཅིག་ཆུ་ལས་ཆུ་ལྦུར་བཞིན༔ སྟོང་པའི་ངང་ལས་རང་རིག་ཉིད༔ གསང་བ་རྡོ་རྗེ་རྣལ་འབྱོར་མ༔ སྣང་སྲིད་ཁྱབ་གདལ་སྐུར་བསྒོམ་མོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧྲཱིཿ ཕཊ༔ ས་མ་ཡ༔ མ་འོངས་སྐལ་ལྡན་ལས་ཅན་རྣམས༔ ཡེ་ཤེས་ཡོངས་འདུས་ཐུགས་སྒྲུབ་འདི༔ ཡང་གསང་མཁའ་འགྲོའི་དཀྱིལ་འཁོར་འདིར༔ འབྲེལ་འཇོག་ཙམ་གྱིས་སངས་རྒྱས་སོ༔ འདི་ནི་རྡོ་རྗེ་ཐེག་པའི་བཅུད༔ ད་ལྟ་སྤེལ་བའི་གནས་མེད་པས༔ མ་འོངས་བསྐལ་པ་སྙིགས་མ་ལ༔ སེམས་ཅན་བསོད་ནམས་དམན་པའི་དུས༔ བསྟན་འགྲོ་གསོ་ཕྱིར་གཏེར་དུ་སྦོས༔ འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་ཁྱོད༔ སྐྱེ་བ་མང་དུ་བཞེངས་པའི་མཐར༔ སྦས་པའི་རྣལ་འབྱོར་བདུད་འཇོམས་གླིང་༔ གསང་བདག་ཆོས་ཀྱི་རྡོ་རྗེར་འགྱུར༔ པདྨའི་གསང་མཛོད་བདག་པོ་ཉིད༔ དེ་ལ་འགྲན་གྱི་ཟླ་བོ་མེད༔ ཟབ་གཏེར་སྒོ་འབྱེད་བདུད་སྟོབས་འཇོམས༔ ཆོས་ཀུན་དགོངས་པའི་ཀློང་ལས་རྡོལ༔ འབྲེལ་ཚད་ཐར་པའི་ལམ་ལ་འགོད༔ དེ་ཕྱིར་བཀའ་འདིའི་བདག་པོར་འགྱུར༔ སྐལ་ལྡན་སྐལ་བར་གཏེར་དུ་སྦོས༔ གསང་ཆེན་པདྨའི་སྙིང་ཐིག་ནི༔ སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ སྔགས་བདག་སྲིད་རྒྱལ་དཔོན་གཡོག་དང་༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ལྷོ་བཙན་ནག་པོ་ལ་སོགས་པའི༔ བསྟན་སྲུང་ཕོ་མོའི་ཚོགས་ལ་གཉེར༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ དགོངས་རྒྱ༔ གཉན་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་མ་ནུས་སྤྲང་པོ་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་གསུམ་དུ་བཀའ་རྒྱས་བཏབ་ནས་མཐར་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་འདུ་ར་ནས་ཡི་གེར་བྲིས་ཏེ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །ལེགས་སོ།། །།