ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་ནང་སྒྲུབ་མཁའ་འགྲོ་སེང་གེའི་གདོང་ཅན་གྱི་དབང་ཆོག་འོད་གསལ་རྡོ་རྗེའི་དྲྭ་བ༔

From Dudjom Wiki
TTDL-ZABTER-07-JA-027
Wylie title zab gsang mkha' 'gro'i snying thig las: thugs sgrub ye shes nyi ma'i nang sgrub mkha' 'gro seng ge'i gdong can gyi dbang chog 'od gsal rdo rje'i drwa ba: TTDL-ZABTER-07-JA-027.pdf
Location bdud 'joms gling pa zab gter
Volume 7, Text 27, Pages 349-373 (Folios 1a1 to 13a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub ye shes nyi ma'i nang sgrub mkha' 'gro seng ge'i gdong can gyi dbang chog 'od gsal rdo rje'i drwa ba. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 349-373. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dbang chog   Verso: bdud 'joms mkha' 'gro seng gdong
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
Colophon

ཞེས་པ་འདི་ཡང་ཀུན་གྱིས་སྤངས་པའི་མ་ནུས་སྦྲང་པོ་ཟོབ་རྫུན་མཁན། གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ། མི་ལོ་བཞི་བཅུ་རྩ་བཞིའི་བར་དུ་བཀའ་རྒྱས་བཏབ་ནས་མཐར་ལི་སྟོད་སྐལ་བཟང་དགོན་དུ་རྣལ་འབྱོར་དབང་ཕྱུག་ཀློང་ཆེན་ཞེས་བྱ་བ་ལ་མཁའ་འགྲོ་རྡོ་རྗེའི་ལུས་ཅན་གྱིས་ལུང་ལྟར་བསྐུལ་ངོར། ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་མཆིམས་རྡོ་རྗེ་སྤྲེའུ་ཆུང་གི་རྣམ་སྤྲུལ་རང་སློབ་ངག་དབང་ཕྲིན་ལས་ཀྱིས་བྲིས་པའི་དགེ་བས་འབྲེལ་ཚད་སྨིན་གྲོལ་ཟབ་མོའི་ལམ་མཆོག་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang kun gyis spangs pa'i ma nus sbrang po zob rdzun mkhan/_gling pa bdud 'joms rdo rjes gser smad rnga la stag rtse'i g.yas logs rdo rje brag nas bton te/ mi lo bzhi bcu rtsa bzhi'i bar du bka' rgyas btab nas mthar li stod skal bzang dgon du rnal 'byor dbang phyug klong chen zhes bya ba la mkha' 'gro rdo rje'i lus can gyis lung ltar bskul ngor/_shog ser las zhal bshus te dag par phab pa'i yi ge pa ni mchims rdo rje spre'u chung gi rnam sprul rang slob ngag dbang phrin las kyis bris pa'i dge bas 'brel tshad smin grol zab mo'i lam mchog mthar phyin pa'i rgyur gyur cig_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་ནང་སྒྲུབ་མཁའ་འགྲོ་སེང་གེའི་གདོང་ཅན་གྱི་དབང་ཆོག་འོད་གསལ་རྡོ་རྗེའི་དྲྭ་བ་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ དཔལ་ཆེན་རྡོ་རྗེ་ཁྲོ་ལོད་ངས༔ མ་འོངས་ལས་ཅན་དོན་ཆེད་དུ༔ ཐུགས་སྒྲུབ་ཡེ་ཤེས་ཉི་མ་ཡི༔ ནང་སྒྲུབ་སེང་གེའི་གདོང་ཅན་གྱི༔ དབང་ཆོག་རྡོ་རྗེའི་དྲྭ་བ་བསྟན༔ འདི་ཡི་ལག་ལེན་རིམ་པ་ནི༔ དཀྱིལ་འཁོར་བཀོད་པ་གཞུང་ལྟར་ལ༔ མེ་ཏོག་ཚོམ་བུ་བཀྲམ་པའི་སྟེང་༔ བུམ་པ་སྔགས་ཕྲེང་བདུད་རྩི་ཤེལ༔ མེ་ལོང་ཙཀླི་ཕྱག་མཚན་དང་༔ བྱང་སེམས་ལ་སོགས་སྟ་གོན་བྱ༔ གཞུང་བསྲང་བསྙེན་སྒྲུབ་རྫོགས་པའི་རྗེས༔ སྐལ་ལྡན་རིགས་ཀྱི་སློབ་མ་བསགས༔ ཉམས་པ་ཅན་རྣམས་ཕྱིར་བསྐྲད་དེ༔ བགེགས་བསྐྲད་རྡོ་རྗེའི་སྲུང་གུར་བསྒོམ༔ ཁྲུས་བྱ་སྐྱབས་སེམས་ལ་འཇུག་ཅིང་༔ དེ་ནས་སློབ་མའི་ཞུ་ཕུལ་ནི༔ མཎྜལ་ཕུལ་ནས༔ ཀྱཻ༔ བླ་མ་སངས་རྒྱས་བླ་མ་ཆོས༔ བླ་མ་དགེ་འདུན་སྤྱི་དཔལ་མཆོག༔ སྐུ་གསུམ་རྩ་གསུམ་ཡོངས་འདུས་དཔལ༔ རིགས་ཀུན་ཁྱབ་བདག་བླ་མ་རྗེ༔ ཁྱེད་ལ་གུས་པས་གསོལ་བ་འདེབས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ སྤྱི་དཔལ་སེང་གེའི་གདོང་ཅན་མའི༔ དབང་མཆོག་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ་མཐར༔ བླ་མས༔ ཧོཿ ལས་དང་སྐལ་བཟང་སློབ་བུ་རྣམས༔ གསང་སྔགས་དབང་གི་སྒོར་ཞུགས་ནས༔ རྩ་བ་དང་ནི་ཡན་ལག་གི༔ དམ་ཚིག་གཉན་པོ་བསྲུང་ནུས་སམ༔ དེ་ནས་སློབ་མས༔ ཧོཿ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ བླ་མ་དང་ནི་ཡི་དམ་ལྷ༔ སེང་གདོང་མ་ཡི་དཀྱིལ་འཁོར་དུ༔ བདག་ཅག་འདིར་འདུས་སྐལ་ལྡན་གྱིས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ རྩ་བ་ཡན་ལག་དམ་ཚིག་ལ༔ རྟག་ཏུ་གནས་ཤིང་མི་བསྲུང་རེ༔ དེ་རིང་ཉིད་ནས་མི་བསྲུང་རེ༔ དེ་ནས་བླ་མས༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ དེ་ལྡར་ནུས་སམ་བསྲུང་གནས་ན༔ གསང་ཆེན་མཁའ་འགྲོའི་དབང་མཆོག་ནི༔ ཡོངས་རྫོགས་བསྐུར་གྱིས་ལེགས་པར་ཉོན༔ དེ་ནས་དམ་ཆུ་ཐོགས་ལ༔ ཧོཿ འདི་ནི་རྒྱལ་བ་ཐམས་ཅད་ཀྱིས༔ བྱིན་གྱིས་བརླབས་པ་རྡོ་རྗེའི་ཆུ༔ དམ་ཚིག་གཉན་གྱི་བདུད་རྩི་འདི༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ཁྱོད་ཀྱིས་ང་ལ་བརྙས་མི་བྱ༔ བརྙས་ཤིང་དམ་ལས་འགལ་གྱུར་ན༔ རྡོ་རྗེ་མཁའ་འགྲོའི་བཀའ་ཆད་ཀྱིས༔ མགོ་བོ་འགས་ཤིང་ལུས་ཀྱང་གཞོམ༔ མཐར་ནི་རྡོ་རྗེ་དམྱལ་བར་ལྟུང་༔ བསྲུང་ན་ཚེ་འདིར་མངོན་སངས་རྒྱས༔ སྐྱེ་བའི་ཕྲེང་བར་མི་བརྒྱུད་ངེས༔ དེ་ནས་སློབ་མས༔ གསུངས་བཞིན་རྡོ་རྗེའི་དམ་ཚིག་ལ༔ མི་འདའ་བདག་གི་བསྲུང་བགྱིའོ༔ ས་མ་ཡ་ན་ར་ཀན༔ ཞེས་རྡོ་རྗེས་བདུད་རྩི་ལྕེ་ལ་བཞག་གོ༔ དེ་ནས་རྡོ་རྗེ་དྲིལ་བུ་གཏད་ལ༔ ཨེ་མ་སྐལ་ལྡན་བུ་མཆོག་རྣམས༔ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས༔ ཨུ་དུམ་ཝ་རའི་མེ་ཏོག་ལྟར༔ ལན་རེ་འབྱུང་བ་དེར་འཕྲད་པའི༔ སྐལ་ལྡན་ཉིན་མོའི་སྐར་མ་ཙམ༔ ཁྱེད་ཅག་ལས་སྨོན་རྟེན་འབྲེལ་བཟང་༔ དེ་ནས་བཟུང་སྟེ་ཐབས་ཤེས་མཚོན༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཟུངས༔ བཛྲ་དྷརྨ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་མིག་རས་གཏད་པ་ནི༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ དེ་ནས་མེ་ཏོག་གཏད་ལ༔ ཨོཾ་པུཥྤེ་ཧཱུྃ༔ དེ་ནས་སློབ་མ་ལྷར་གསལ་བ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་གྱུར༔ ཨ་ཨཱཿརིག་པ་རྒྱུ་ཡི་ཡི་གེ་ཧཱུྃ་དམར་པོ་ལས་འོད་འཕྲོས༔ འབྱུང་བ་རིམ་བརྩེགས་རི་རབ་ཀྱི་སྟེང་དུ་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཆེན་པོ་ཕྱི་སྲུང་བའི་འཁོར་ལོ་རིམ་པ་ལྔ་ཡིས་འཁྱུད་ཅིང་༔ ཡེ་ཤེས་ཀྱི་མེ་དཔུང་དམར་ནག་འབར་བར་གྱུར༔ རང་གཞུང་གི༔ སྲུང་བའི་འཁོར་ལོ་རིམ་དགུའི་དབུས༔ ཕྱི་ནས་ཐོད་པ་རིམ་གསུམ་སོགས་ནས་སྤྱན་འདྲེན་ཡན་སོང་མཐར༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་བསྒྲིབ་པའི་ལིང་ཏོག་དབྱེ་བ་ནི༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་ཐུགས་རྗེའི་མཐུས༔ ཁྱོད་ཀྱི་མ་རིག་ལིང་ཏོག་བསལ༔ ཐར་པ་ཆེན་པོའི་དཀྱིལ་འཁོར་དུ༔ ཡེ་ཤེས་ལྷ་ཚོགས་མཐོང་གྱུར་ཅིག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བསལ་ལོ༔ དེ་ནས་མེ་ཏོག་དོར་བ་ནི༔ ཧཱུྃ༔ སློབ་མའི་རིག་པའི་མེ་ཏོག་འདི༔ ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ འབྲེལ་བའི་ལྷ་ལ་བབ་པར་ཤོག༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ དེ་ནས་དངོས་གཞིའི་དབང་ལ་བཞི་ལས༔ དང་པོ་བུམ་དབང་ནི༔ ཧོཿ ལས་དང་སྐལ་ལྡན་སློབ་བུ་རྣམས༔ དད་དང་དམ་ཚིག་ལྡན་པས་ཉོན༔ བུམ་ནི་སྙིང་པོ་འོད་ཀྱི་བུམ༔ པ་ནི་ཆོས་དབྱིངས་མ་འགགས་པ༔ ཕྱི་ལྟར་རིན་ཆེན་བུམ་པའི་དབྱིབས༔ ནང་ནི་ལྷུན་གྲུབ་གཞལ་ཡས་ཁང་༔ ཡེ་ཤེས་འོད་ཕུང་འཁྱིལ་བའི་ཀློང་༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་སེང་གེའི་གདོང་ཅན་དང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མའི༔ མ་ངེས་གར་བསྒྱུར་རོལ་གར་གྱིས༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་དང་མཁའ་འགྲོའི་རྒྱ་མཚོའི་ཚོགས༔ མ་ལུས་ལུས་པ་མེད་པར་རྫོགས༔ དོན་ལ་སོ་སོར་ཐ་མི་དད༔ ཡེ་ཤེས་དབྱིངས་སུ་ཀུན་བཟང་མོ༔ གདུལ་བྱའི་མོས་ངོར་དེར་སྟོན་མཛད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ མཁའ་འགྲོ་རྒྱ་མཚོ་ཐམས་ཅད་ཀྱི༔ སྐུ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧྲཱིཾ་ཧྲཱིཾ༔ སརྦ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཨོཾ་ཡིག་དཀར་པོ་ཐོགས་ལ༔ ཨོཾ་བདེ་གཤེགས་རྒྱལ་བ་ཡོངས་རྫོགས་ཀྱི༔ སྐུ་ཡི་ས་བོན་ཨོཾ་དཀར་པོ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཀུན་ཏུ་བཟང་མོའི་སྐུ་གཏད་ལ༔ ཧཱུྃ་ཨ༔ རིགས་ཀུན་འདུས་པ་ཀུན་བཟང་མོ༔ ངོ་བོ་ཀ་དག་ཆོས་ཀྱི་སྐུ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ངོ་བོ་ཆོས་སྐུའི་དབང་ཐོབ་ཤོག༔ དྷརྨ་ཀཱ་ཡ་ཌཱ་ཀི་ནཱི་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སེང་གདོང་མའི་སྐུ་ཐོགས་ལ༔ ཧཱུྃ༔ རང་བཞིན་གསལ་བའི་ཡེ་ཤེས་མདངས༔ སྤྱི་དཔལ་མཁའ་འགྲོ་སེང་གདོང་མའི༔ རྟེན་དང་བརྟེན་པའི་དབང་བསྐུར་རོ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ མ་སྲིང་དང་ནི་མ་མོ་ཚོགས༔ ཡོངས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་སརྦ་ཀརྨ་ཨ་བྷི༴ དེ་ནས་མཚོ་རྒྱལ་གྱི་སྐུ་གཏད་ལ༔ ཧཱུྃ༔ ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་མདངས༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྤྲུལ་པ་སྐུ་ཡི་དབང་ཐོབ་ཤོག༔ སརྦ་ནིརྨ་ཀཱ་ཡ་ཌཱ་ཀི་ནཱི་ཛྙཱ་ན་ཨ་བྷི༴ དེ་ནས་རྡོ་རྗེ་སེང་གདོང་ཐོགས་ལ༔ ཧཱུྃ༔ མེ་ལོང་ཡེ་ཤེས་རང་མདངས་ལས༔ རྡོ་རྗེ་རིགས་ཀྱི་སེང་གདོང་མའི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་མཁའ་འགྲོའི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཛྙཱ་ན་ཨ༴ དེ་ནས་རིན་ཆེན་སེང་གདོང་ཐོགས་ལ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་རང་མདངས་ལས༔ རིན་ཆེན་རིགས་ཀྱི་སེང་གདོང་མའི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རིན་ཆེན་མཁའ་འགྲོའི་དབང་ཐོབ་ཤོག༔ སྭཱ་རཏྣ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཛྙཱ་ན༴ དེ་ནས་པདྨ་སེང་གདོང་ཐོགས་ལ༔ ཧཱུྃ༔ སོར་རྟོག་ཡེ་ཤེས་རང་མདངས་ལས༔ པདྨ་རིགས་ཀྱི་སེང་གདོང་མའི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ པདྨ་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་པདྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཛྙཱ་ན༴ ལས་ཀྱི་སེང་གདོང་སྐུ་གཏད་ལ༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་རང་མདངས་ལས༔ ལས་ཀྱི་རིགས་ཀྱི་སེངས་གདོང་མའི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཀརྨ་མཁའ་འགྲོའི་དབང་ཐོབ་ཤོག༔ ཧཱ་ཀརྨ་ཌཱ་ཀི་ནཱི་སེང་ཧ་མུ་ཁ་ཛྙཱ་ན༴ དེ་ནས་ཁྱུང་གདོང་དཀར་མོའི་སྐུ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་ཕྲིན་ལས་བདག༔ དཀར་མོ་ཁྱུང་གདོང་དབང་བསྐུར་བས༔ ཞེ་སྡང་དགྲ་བགེགས་ཀུན་སྒྲོལ་བའི༔ དབང་རྣམས་ཡོངས་སུ་རྫོགས་ཐོབ་ཤོག༔ བཛྲ་ཀརྨ་ཌཱ་ཀི་ཨ་བྷི༴ སྡིག་གདོང་སེར་མོ་ཐོགས་ལ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་ཕྲིན་ལས་བདག༔ སེར་མོ་སྡིག་གདོང་དབང་བསྐུར་བས༔ ང་རྒྱལ་དགྲ་བགེགས་ཀུན་སྒྲོལ་བས༔ དབང་རྣམས་ཡོངས་སུ་རྫོགས་ཐོབ་ཤོག༔ རཏྣ་ཀརྨ་ཌཱ་ཀི༴ འཕར་གདོང་དམར་མོ་ཐོགས་ལ༔ ཧཱུྃ༔ པདྨ་རིགས་ཀྱི་ཕྲིན་ལས་བདག༔ དམར་མོ་འཕར་གདོང་དབང་བསྐུར་རོ༔ འདོད་ཆགས་དགྲ་བགེགས་ཀུན་སྒྲོལ་བའི༔ དབང་རྣམས་ཡོངས་སུ་རྫོགས་ཐོབ་ཤོག༔ པདྨ་ཀརྨ་ཌཱ་ཀི༴ ཁྱི་གདོང་ལྗང་མོ་ཐོགས་ལ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་ཕྲིན་ལས་བདག༔ ལྗང་མོ་ཁྱི་གདོང་དབང་བསྐུར་བས༔ ཕྲག་དོག་དགྲ་བགེགས་ཀུན་སྒྲོལ་བའི༔ དབང་རྣམས་ཡོངས་སུ་རྫོགས་ཐོབ་ཤོག༔ ཀརྨ་ཌཱ་ཀི༴ འུག་གདོང་དམར་མོ་ཐོགས་ལ༔ ཛཿདམ་ཚིག་མཁའ་འགྲོ་ཀུན་གཙོ་མོ༔ འུག་གདོང་དམར་ནག་དབང་བསྐུར་བས༔ མཚན་རྒྱུའི་གནོད་འཇོམས་དབང་ཐོབ་ནས༔ བསྟན་འགྲོའི་དོན་བྱེད་དབང་ཐོབ་ཤོག༔ ཧུ་ལུ་མུ་ཁ་སརྦ་ས་མ་ཡ་ཌཱ་ཀི་ཨ་བྷི༴ ཁྭ་གདོང་ནག་མོ་ཐོགས་ལ༔ ཧཱུྃ༔ ཐམས་ཅད་མཁའ་འགྲོ་ཀུན་གཙོ་མོ༔ ཁྭ་གདོང་ནག་མོའི་དབང་བསྐུར་བས༔ ཀླུ་གཉན་ས་བདག་ཀུན་འདུལ་བའི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ ཁ་ཁ་མུ་ཁ་སརྦ་ཌཱ་ཀི་ཨ་བྷི༴ དུར་བྱའི་གདོང་ཅན་ཐོགས་ལ༔ བཾ༔ ཤ་ཟ་མཁའ་འགྲོ་ཀུན་གཙོ་མོ༔ དུར་བྱའི་གདོང་ཅན༴ ཤ་ཁྲག་ཟ་བ་ཀུན་འདུལ་བའི༔ དབང་རྣམས་ཡོངས་སུ་རྫོགས་ཐོབ་ཤོག༔ ཊ་པཱ་ཏ་ཌཱ་ཀི་ཨ་བྷི༴ སྦྲུལ་གདོང་མའི་སྐུ་གཏད་ལ༔ ཧོཿ འཇིག་རྟེན་མཁའ་འགྲོ་ཀུན་གཙོ་མོ༔ སྦྲུལ་གདོང་མཐིང་ནག་དབང་བསྐུར་རོ༔ སྡེ་བརྒྱད་གདུག་པ་ཀུན་འདུལ་བའི༔ དབང་རྣམས་ཡོངས་སུ་རྫོགས་ཐོབ་ཤོག༔ ཌཱ་ཀི་ཧ་ལ་ཀཱ་ལ་ཏ་ཏ་ཨ་བྷི༴ དེ་ནས་འབྲུ་ལྔའི་ཡི་གེ་གཏད་ལ༔ ཧ་ཧེཿབྷྱོཿབཟློག་ཕཊ་ཀྱི་གད༔ ཡིག་འབྲུ་ལྔ་ཡི་དབང་བསྐུར་རོ༔ བྱད་མ་རྦོད་གཏོང་ལྷ་དང་བཅས༔ བསྒྲལ་ཟློག་འདྲེན་པའི༴ ཧ་ཧེཿབྷྱོཿབཟློག་ཕཊ་ཨ་བྷི༴ དེ་ནས་སྒོ་མ་ལྕགས་ཀྱུ་མ་གཏད་ལ༔ ཛཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྕགས་ཀྱུ་མ་ཡི་དབང་བསྐུར་རོ༔ ཞེ་སྡང་མ་སྤང་རང་གྲོལ་གྱིས༔ ལོག་རྟོག་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ་ཛཿཌཱ་ཀི་ནཱི་ཨཱ་བྷི༴ ཞགས་པ་མ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཞགས་པ་མ་ཡི་དབང་༴ ང་རྒྱལ་མ་སྤང་རང་གྲོལ་ནས༔ ལོག་རྟོག་ཡོངས་སྒྲོལ་དབང་ཐོབ་ཤོག༔ རཏྣ་པཱ་ཤ་ཧཱུྃ༔ ཧཱུྃ་ཌཱ་ཀི་ནཱི་ཨ་བྷི༴ དེ་ནས་ལྕགས་སྒྲོག་མ་གཏད་ལ༔ བཾ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ལྕགས་སྒྲོག་མ་ཡི་དབང་བསྐུར་རོ༔ འདོད་ཆགས་མ་སྤང་རང་གྲོལ་ནས༔ ལོག་རྟོག་ཡོངས་སྒྲོལ༴ པདྨ་སྥོ་ཊ་བཾཿབཾ་ཌཱ་ཀི་ནཱི་ཨ་བྷི༴ དེ་ནས་དྲིལ་བུ་མ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དྲིལ་བུ་མ་ཡི་དབང་བསྐུར་རོ༔ ཕྲག་དོག་མ་སྤང་རང་གྲོལ་ནས༔ ལོག་འདྲེན་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཀརྨ་གྷཎྜེ་ཧོཿ ཧོ་ཌཱ་ཀི་ནཱི་ཨ་བྷི༴ དེ་ནས་ཧཱུྃ་ཧྲཱིང་བྷྱོ་ཛཿམ་ཡི་ཡི་གེ་ཐོགས་ལ༔ ཧཱུྃ་ཛ་བྷྱོ༔ རང་སྣང་འོད་གསལ་ཆོས་སྐུའི་ཞིང་༔ རང་རིག་ཆོས་སྐུ་ཀུན་བཟང་མོ༔ རང་རྩལ་རྫོགས་པའི་མཁའ་འགྲོ་མའི༔ རྩལ་སྣང་མ་ངེས་སྒྱུ་མའི་འཕྲུལ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་རྒྱ་མཚོ་ཡི༔ ཐུགས་སྲོག་ས་བོན་ཡི་གེ་ནི༔ ཧཱུྃ་ཧྲཱིང་བྷྱོ་ཛ་མ་རུ་ཤར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛཿསརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ འོ་ན་དེ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཚོགས་རྒྱ་མཚོ་ཐམས་ཅད་དང་༔ འཇིག་རྟེན་ཚུལ་འཛིན་པའི་མཁའ་འགྲོ་མ་ཚོགས་ཐམས་ཅད་ཀུན་ཏུ་བཟང་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ་ཡིན་པས་བཟང་ངན་དང་ཕྱོགས་སུ་མ་གྲུབ་བོ༔ མདོར་ན་རང་གཞི་ཁྱབ་གདལ་ལྟོང་གསལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཡེ་གཞི་དེ་ཉིད་ཆོས་སྐུ་ཀུན་ཏུ་བཟང་མོར་མ་བཙལ་ལྷུན་གྱིས་གྲུབ་པའོ༔ རང་བཞིན་མ་འགགས་པར་གསལ་བ་ས་ལེ་སང་ངེ་ཧྲིག་གེ་བ་འདི་ཀ་ཡེ་གདོད་ནས་ལོངས་སྐུ་སེང་ཧ་མུ་ཁའི་ངོ་བོར་གྲུབ་པའོ༔ ཐུགས་རྗེའི་རྩལ་སྣང་མ་འགགས་པ་ཕྱོགས་རིས་དང་བྲལ་བ་འདི་ཀ་སྤྲུལ་སྐུ་མཁའ་འགྲོ་བདེ་ཆེན་རྒྱལ་མོ་ཡེ་ནས་ཡིན་ནོ༔ དེའི་རང་རྩལ་མ་འགགས་པ་སྣ་ཚོགས་ཤར་བ་འདི་ཀ་ཡུལ་མེད་ཟང་ཐལ་དུ་རང་ཤར་རང་གྲོལ་དུ་མཉམ་པ་འདི་དག་མ་ངེས་དཔག་ཡས་མཁའ་འགྲོའི་རང་བཞིན་དུ་ཤར་བ་ཡིན་ཏེ༔ གཞན་དུ་མ་ཚོལ་ཅིག༔ ཚོལ་ན་ཡུལ་རེ་དོགས་ཀྱི་འཁྲི་བོར་སོང་བས་གྲོལ་བ་ག་ལ་ཐོབ༔ གདོད་ནས་རང་ངོར་རྫོགས་པ་ལས་གཞན་ན་མ་གྲུབ༔ དེས་ན་སྣང་བ་འོད་གསལ་གཞལ་ཡས༔ ཀུན་བྱེད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་མོ་རྟོག་ཚོགས་ཐམས་ཅད་གནས་དག་མཁའ་འགྲོའི་རོལ་པར་ངོ་ཤེས་ཤིང་གདིང་ཐོབ་པར་གྱིས་ཤིག༔ དེ་ངོ་ཤེས་ཤིང་ཡིད་ཆེས་པ་ཙམ་གྱིས་གྲོལ་བ་ཐོབ་པར་ངེས་སོ༔ དེ་ནས་གྲི་གུག་དང་ཕུར་པ་ཐོགས་ལ༔ ཧཱུྃ༔ ཁམས་གསུམ་དབང་སྡུད་གྲི་གུག་དང་༔ འཁོར་བ་ཡོངས་སྒྲོལ་ཕུར་པ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་དབང་དུ་བསྡུ་བ་དང་༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ག་ན་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཧོམ་དང་དགང་བླུགས་གཟར་ཐོགས་ལ༔ ཧཱུྃ༔ འཁོར་འདས་ཁྱབ་གདལ་ཡེ་ཤེས་ལྷའི༔ སྣང་སྲིད་ཞལ་གྱི་ཧོམ་ཁུང་དུ༔ སྣོད་བཅུད་བདུད་རྩིའི་ངང་བསྒྱུར་དང་༔ དུག་ལྔ་དུག་གསུམ་རྒྱུས་བསྐྱེད་པའི༔ དགྲ་བགེགས་སྲེག་བླུགས་བསྟབ་པའི་དབང་༔ མ་ལུས་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་དགྲ་བགེགས་ཛྭ་ལ་རཾ་ག་ན་ཨ་བྷི་ཥིཉྩ་ཨཱཿདེ་ནས་ལིང་ག་དང་ཐུན་རྫས་གཏད་ལ༔ ཧོཿ བདག་ཏུ་འཛིན་པའི་རྒྱུ་བྱས་ཤིང་༔ རྐྱེན་སྣང་ལོག་འདྲེན་དགྲ་དང་བགེགས༔ མ་ལུས་བཀུག་བསྒྲལ་མནན་བསྲེགས་ཀྱི༔ དབང་རྣམས་མ་ལུས་ཡོངས་རྫོགས་ཀུན༔ སྐལ་ལྡན་ཁྱོད་ལ་ཐོབ་པར་ཤོག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ༔ སརྦ་ག་ན་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཀོང་ཟོར་ཐོགས་ལ༔ ཧཱུྃ༔ མཁའ་འགྲོ་ཕྲིན་ལས་ནུས་པའི་ཟོར༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བྱད་མ་རྦོད་གཏོང་ལྷ་དང་བཅས༔ ཟོར་འཕང་ཙམ་གྱིས་བརླག་བྱེད་པའི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཐིག་ལེ་ལྔའི་ཀློང་དུ་ཕྱག་འཚན་ལྔ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པ་ཅན་བསྟན་ཏེ༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ ཡོངས་སུ་རྫོགས་པའི་དབང་འདི་ནི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་དུ༔ འཆད་ཉན་བསྒོམ་བསྒྲུབ་རྩོད་རྩོམ་པའི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ སྨིན་ཅིང་གྲོལ་ནས་འགྲོ་བའི་དོན༔ ཐོགས་པ་མེད་པ་འབྱུང་འགྱུར་རོ༔ ཛྙཱ་ན་ཙཀྲ་སརྦ་ཨ་བྷི༴ དེ་ཡིས་ལུས་དང་རྩ་ཡི་སྒྲིབ་པ་དག༔ སྐུ་ཡི་དམ་ཚིག་ཉམས་ཆག་སྐོང་༔ བུམ་པ་སྐུ་ཡི་དབང་ཐོབ༔ ལུས་ལྷར་བསྒོམ་པ་ལ་དབང་སྟེ༔ མཐར་རྡོ་རྗེའི་སྐུ་དང་གཉིས་སུ་མེད་པར་གྲོལ་བའི་དབང་ཐོབ་པ་ཡིན་ནོ༔ གཉིས་པ་གསུང་གསང་བའི་དབང་ལ༔ དང་པོ་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་བྷནྡྷར་བདུད་རྩི་འཁྱིལ༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཡི༔ གསུང་གི་ཡང་བཅུད་འདི་ལ་རྫོགས༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ རླུང་ཁམས་སྒྲིབ་པ་གནས་དག་ནས༔ གསང་བ་གསུང་གི་དབང་ཐོབ་ཤོག༔ དབྱངས་གསལ་བརྗོད་མཐར༔ ཨཿསརྦ་ཛྙཱ་ན་ཌཱ་ཀི་ནཱི་ཝཱཀ་ཧྲཱིཿད་ཡ་ཨ་བྷི་ཥིཉྩ་ཨཿདེ་ནས་ཕྲེང་བ་ཐོགས་ལ༔ ཧཱུྃ༔ མ་མོ་མཁའ་འགྲོ་ཐམས་ཅད་ཀྱི༔ གསུང་གི་ཡང་སྙིང་སྔགས་ཕྲེང་གི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ངག་སྒྲིབ་དག་ནས་ཉམས་ཆག་སྐོངས༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཨཱཿཡིག་ཐོགས་ལ༔ ཧཱུྃ༔ ཨཱཿཡིག་རྒྱལ་ཀུན་གསུང་གི་སྙིང་༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསང་བ་གསུང་གི་དབང་ཐོབ་ཅིང་༔ རྡོ་རྗེའི་གསུང་དང་གཉིས་མེད་ཤོག༔ རྩ་སྔགས་མཐར༔ ཝཱཀྐ་ཨ་བྷི༴ དེ་ནས་བྱང་སེམས་དཀར་དམར་ཐོགས་ལ༔ ཧོཿ རིགས་ལྔ་ཡབ་ཡུམ་སྙོམས་འཇུག་གི༔ ཐབས་ཤེས་བཅུད་ཆེན་བྱང་སེམས་ཀྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཐབས་ཤེས་གཉིས་མེད་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ༴ དེ་ནས་ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་གཏད་ལ༔ ཧཱུྃ༔ ཡེ་ཤེས་རང་མདངས་སྤྲུལ་པ་ཡི༔ ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་ཀྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་རླུང་ཐིག་ལེ་གནས་དག་ནས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཞིང་༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཀྱིས༔ རྣམ་མང་སྒྱུ་འཕྲུལ་འཁོར་ལོ་ཡི༔ ཐབས་ཀྱིས་འགྲོ་ཀུན་རྣམ་འདྲེན་གྱི༔ ལོངས་སྤྱོད་རྫོགས་སྐུའི་དབང་ཐོབ་ཤོག༔ གུ་རུ་དྷེ་ཝ་ཌཱཀི་ནི་བུདྡྷ་དྷརྨ་སངྒ་དྷརྨ་ཀཱ་ཡ་ནིརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་གར་ཆས་དྲུག་ལ་སོགས་གཏད་དེ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བར་ཆད་ཀུན་སེལ་སྙན་རྒྱན་དབང་༔ ཚེ་བསོད་རྒྱས་ཕྱིར་ཨག་ཚོམ་སྨར༔ མ་བཅོས་ཁྱབ་གདལ་དབུ་སྐྲ་དང་༔ དྲི་མེད་གར་གྱི་ཆས་རྣམས་ཀྱི༔ དབང་མཆོག་ཡོངས་རྫོགས་ད་ཐོབ་ཤོག༔ རྩ་ཁམས་ཡེ་དག་གཞལ་ཡས་སུ༔ དཔའ་བོ་མཁའ་འགྲོའི་དབང་ཐོབ་ཤོག༔ དཀར་དམར་ཐིག་ལེ་རཀྟའི་ཆར༔ དཔའ་བོ་ཡབ་ཡུམ་དབང་ཐོབ་བོ༔ བ་སྤུ་བྱེ་བ་ས་ཡ་ལ༔ ཡེ་ཤེས་མཁའ་འགྲོའི་དབང་ཐོབ་བོ༔ རྣམ་པར་གདོས་བཅས་སྒྱུ་ལུས་ལ༔ ཡེ་ཤེས་སྒྱུ་མའི་དབང་ཐོབ་ཅིང་༔ ཡེ་ཤེས་རང་མདངས་རྒྱན་གོས་ཀྱི༔ རང་བྱུང་རང་ཤར་དབང་ཐོབ་བོ༔ འཁོར་ལོ་ལྔ་ཡི་རྩ་འདབ་ལ༔ ཞི་ཁྲོ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨཱཿཛྙཱ་ན་པཉྩ་ཧྲཱིཿད་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨ༔ དེ་ཡིས་ངག་དང་རླུང་གི་སྒྲིབ་པ་དག༔ གསུང་གི་དམ་ཚིག་ཉམས་ཆགས་སྐོང་༔ གསང་བའི་དབང་ཐོབ༔ ངག་སྔགས་བཟླ་བ་ལ་དབང་སྟེ་རྡོ་རྗེའི་གསུང་དང་གཉིས་སུ་མེད་པར་འགྱུར་རོ༔ གསུམ་པ་ཤེར་དབང་ལ༔ རིག་མ་མཚན་ལྡན་གཏད་ལ༔ ཧོཿ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ བྱིན་གྱིས་བརླབས་པའི་མཛའ་ན་མོ༔ མཛེས་ཤིང་ཡིད་འོང་ལང་ཚོས་བརྒྱན༔ སྙན་པའི་ངག་དབྱངས་འཇམ་པའི་ཚིག༔ ཉོན་མོངས་གནས་དག་ཡེ་ཤེས་ལྡན༔ དྲན་པས་བདེ་སྟོང་ཡེ་ཤེས་བསྐྱེད༔ རེག་པས་དགའ་བཞི་སྦར་བ་མོ༔ གསང་བ་ཐབས་ཀྱི་གྲོགས་ཡིན་ཏེ༔ དེ་རིང་སྐལ་ལྡན་བུ་ཁྱོད་ལ༔ གཏད་དོ་བསྐུར་རོ་གསང་སྔགས་དབང་༔ མ་ལུས་ཡོངས་སུ་རྫོགས་ཐོབ་ཤོག༔ ཛྙཱ་ན་པཉྩ་མུ་ཊ་སརྦ་ཨ་བྷི་ཥིཉྩ་ཧཱུྃ་ཨ༔ ཏ་ན་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ གཞོམ་གཞིག་བྲལ་བ་རྡོ་རྗེའི་ཐུགས༔ མ་དང་མཁའ་འགྲོ་ཐམས་ཅད་ཀྱི༔ ཐུགས་ཀྱི་དབང་མཆོག་ཁྱོད་ལ་བསྐུར༔ རྡོ་རྗེའི་ཐུགས་དང་གཉིས་མེད་ཤོག༔ རྩ་སྔགས༔ སརྦ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧཱུྃ་ཧྲཱིའི་ཡི་གེ་ཐོགས་ལ༔ ཧཱུྃ་ཧྲཱིཿམ་དང་མཁའ་འགྲོ་ཡི༔ ཐུགས་ཀྱི་ཡང་སྙིང་ཡི་གེར་ཤར༔ རིགས་དང་དཀྱིལ་འཁོར་རྣམ་མང་གི༔ སྒྱུ་འཕྲུལ་འཁོར་ལོ་འདི་ལ་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ མ་དང་མཁའ་འགྲོ་ཐམས་ཅད་ཀྱི༔ ཐུགས་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས༔ སརྦ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿདེ་ནས་ཡེ་ཤེས་ལྔ་རྫོགས་རང་མདངས་སོ་སོར་གསལ་བ་ཐ་དད་མི་མངའ་བ་གཅིག་ཏུ་མཉམ་སྦྱོར་སྣང་གསལ་ཐོགས་ལ༔ ཨཱཿསྐུ་གསུམ་ངོ་བོ་མཉམ་སྦྱོར་བའི༔ ཡེ་ཤེས་ལྔ་རྫོགས་སྣང་གསལ་འདི༔ ངོ་བོ་ཆོས་སྐུ་ཀུན་བཟང་མོ༔ རང་བཞིན་སེངྒེའི་གདོང་ཅན་མ༔ གསལ་བ་ཡེ་ཤེས་མཚོ་རྒྱལ་དེ༔ དཀར་མདངས་ཆོས་དབྱིངས་ཡེ་ཤེས་ལ༔ མཐིང་གསལ་མེ་ལོང་ཡེ་ཤེས་སོ༔ སེར་གསལ་མཉམ་ཉིད་ཡེ་ཤེས་ཏེ༔ དམར་མདངས་སོར་རྟོག་ཡེ་ཤེས་མདངས༔ ལྗང་གུ་བྱ་གྲུབ་ཡེ་ཤེས་སོ༔ ཡེ་ཤེས་མཁའ་འགྲོ་རིགས་ལྔའི་སྐུ༔ མ་བརྩལ་ལྷུན་གྲུབ་རྫོགས་པ་ཡི༔ རྩལ་སྣང་སྒྱུ་འཕྲུལ་མཁའ་འགྲོའི་ཚོགས༔ སོ་སོར་སྟོན་ཀྱང་ཐ་མི་དད༔ ཡེ་ཤེས་མཉམ་སྦྱོར་སྣང་གསལ་གྱི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་འཕོས༔ བུམ་གསང་ཤེས་རབ་ཡེ་ཤེས་དང་༔ རྡོ་རྗེ་ཚིག་གི་དབང་ཐོབ་སྟེ༔ ཡེ་ཤེས་མཁའ་འགྲོའི་སྐུ་བརྙེས་ཤིང་༔ གང་འདུལ་ཐབས་དང་སྒྱུ་འཕྲུལ་གྱིས༔ གདུལ་བྱའི་འགྲོ་བ་འདྲེན་པར་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཡིས་ཡིད་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་སྐོང་༔ རྡོ་རྗེ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་སྟེ༔ མཐར་ཐུག་འོད་གསལ་ཆོས་ཀྱི་སྐུ་ཐོབ་བོ༔ དེ་ནས་དབང་བཞི་པ་ཚིག་དབང་ནི༔ ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ཐུགས་ཀྱི་དངོས༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་ལྔ་རུ་གསལ་༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས༔ ཛྙཱ་ན་ཧྲཱིཿད་ཨ་བྷི་ཥིཉྩ་ཧཱུཾ༔ དེ་ནས་ཆོས་ཉིད་དོན་གྱི་དབང་བསྐུར་བ་ནི༔ སློབ་མ་རྣམས་ལུས་རྣམ་སྣང་ཆོས་བདུན་བྱེད་དུ་བཅུག་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག༔ རང་རིག་སྟོང་གསལ་འཛིན་མེད་ཁྱབ་གདལ་མཐའ་དབུས་བྲལ་བའི་ཀློང་དུ་ལྷུག་པར་ཞོག་ལ་ལྟོས་ཤིག༔ དབུས་ཀྱི་ཕྱོགས་ན་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་དང་འཇའ་ཐིག་དཀར་གསལ་སངས་རྒྱས་མཁའ་འགྲོ༔ ཤར་ཕྱོགས་ན་མཐིང་གསལ་འོད་ཐིག་འཆར་བ་མེ་ལོང་ཡེ་ཤེས་དང་རྡོ་རྗེ་མཁའ་འགྲོ༔ ལྷོ་ཕྱོགས་ན་སེར་གསལ་འོད་ཐིག་མཉམ་ཉིད་ཡེ་ཤེས་དང་རིན་ཆེན་མཁའ་འགྲོ༔ ནུབ་ཕྱོགས་ན་དམར་གསལ་འོད་ཐིག་སོར་རྟོག་ཡེ་ཤེས་དང་པདྨ་མཁའ་འགྲོ༔ བྱང་ཕྱོགས་ན་འོད་ཐིག་ལྗང་གུ་འཆར་བ་འདི་ཀ་བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་མཁའ་འགྲོའོ༔ གཞན་ཡང་ཅིར་ཡང་མ་ངེས་པའི་འོད་ཐིག་སྣ་ཚོགས་འཆར་བ་འདི་དག་ཡེ་ཤེས་ཀྱི་རང་རྩལ་སྣ་ཚོགས་མཁའ་འགྲོའི་རང་བཞིན་ཡིན་ནོ༔ དེ་ཡང་བལྟས་པས་མཐོང་ཡུལ་ཙམ་ཡང་མ་ཡིན་ཏེ༔ རང་རིག་རང་གསལ་ཆེན་པོའི་རང་མདངས་ཡེ་གྲུབ་ཏུ་གསལ་བ་ནི༔ ཉི་ཟླ་འོད་དུ་གྲུབ་པ་ལྟ་བུའོ༔ མདོར་ན་སྟོང་ཞིང་མཐའ་དབུས་དང་བྲལ་བ་ཆོས་དབྱིངས་སྟུག་པོ་བཀོད་པའོ༔ གསལ་སང་ངེར་འདུག་པ་ནི་མེ་ལོང་མངོན་པར་དགའ་བའོ༔ གང་ཡང་ཆ་སྙོམས་མཉམ་པར་འཆར་བ་ནི་མཉམ་ཉིད་དཔལ་དང་ལྡན་པའོ༔ འཁོར་འདས་མ་འདྲེས་སོ་སོར་འཆར་བ་དེ་ཀ་སོར་རྟོག་བདེ་ཆེན་པདྨ་བརྩེགས་པའོ༔ དེ་བཞི་པོ་གཅིག་ཏུ་དྲིལ་ཞིང་གཅིག་ཏུ་སྦྱོར་བ་བྱ་གྲུབ་ལས་རབ་རྫོགས་པའོ༔ དེ་མ་མཐོང་མཐོང་ལས་ལྷག་པའི་གསལ་སང་ངེ་ས་ལེ་ཧྲིག་གེ་ཡེ་རེ་བ་འདི་ཀ་ཡེ་ཤེས་ཀྱི་རང་ཞལ་མཐོང་བ་ཡིན་ནོ༔ དེ་ངོ་ཤེས་ཤིང་ཡིད་ཆེས་ཏེ་གདིང་ཐོབ་པར་གྱུར་ན༔ དཔག་ཡས་སངས་རྒྱས་ཀྱི་ཞིང་ཁམས་ཀྱང་འདི༔ བརྗོད་འདས་གྲངས་མེད་པའི་སངས་རྒྱས་ཀྱང་འདི༔ དཔའ་བོ་དཔའ་མོའི་འཁོར་ཚོགས་རང་བཞིན་ལྷུན་གྲུབ་ཀྱང་འདི༔ མ་བརྩལ་ལྷུན་གྲུབ་འདོད་ཡོན་གྲུབ་པའང་འདི༔ གཞན་ལ་མ་བརྩལ་རང་རིག་རིགས་འདུས་རྒྱལ་བའི་དཀྱིལ་འཁོར་དུ་རང་ལ་རང་དབང་བསྒྱུར་ལ༔ བསྐུར་ཐོབ་ཀྱི་དབང་བསམ་ཡས་ཀྱིས་འགྲན་ཟླ་དང་བྲལ་བ་ཡང་འདི༔ མན་ངག་གཞན་ལས་མི་ཚོལ་རང་རྩལ་དུ་རྫོགས་པ་ཀློང་རྡོལ་དུ་རྟོགས་པའི་ཤེས་རབ་འདི་ཀ་ལུང་དང་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཡང་འདི༔ གང་དུ་མ་བརྩལ་གང་ནས་མ་བྱུང་བའི་དབང་དང་མན་ངག་ཐམས་ཅད་སྐད་ཅིག་གིས་རྫོགས་པ་ཡང་འདི་ཡིན་ནོ༔ ཐམས་ཅད་རིག་པའོ༔ ཐམས་ཅད་གཞིའོ༔ ཐམས་ཅད་རྩལ་སྣང་ང་ོ༔ དེ་བཞིན་མ་བཅོས་རང་བྱུང་གི་སངས་རྒྱས་འདི་ལ་ལྟོས་ཤིག༔ བསྒོམ་ཤིག༔ རྟོགས་པར་གྱིས་ཤིག༔ དབང་ཐམས་ཅད་རང་ཐོག་ཏུ་རང་ལ་རང་དབང་ཐོབ་བོ༔ ཨ་ཕཊ༔ ཨ་ཕཊ༔ ཨ་ཕཊ༔ དེས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག༔ ལམ་རང་བཞིན་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་༔ འབྲས་བུ་མཐའ་གཉིས་ལ་མི་གནས་པའི་ཡེ་ཤེས་ཆེན་པོ་ཐོབ༔ བྱེད་ལས་དོན་གཉིས་ཀྱི་མཛད་པ་ཡིད་བཞིན་དུ་འགྲུབ་པའོ༔ དེ་ནས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གཏོར་མ་ཐོགས་ལ༔ ཧཱུྃ༔ ཁྱབ་གདལ་ཀློང་ཡངས་བ་ལིཾ་ཏ༔ ཡེ་ཤེས་དང་ནི་ཡེ་ཤེས་རྩལ༔ མ་བརྩལ་ལྷུན་གྲུབ་རྫོགས་པ་ཡི༔ རིགས་ཀུན་དཀྱིལ་འཁོར་ཡོངས་རྫོགས་ཀུན༔ མ་ལུས་ལུས་པ་མེད་པར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གསང་གསུམ་རྡོ་རྗེའི་དབང་གི་དངོས༔ དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན༔ ཁྱོད་ཀྱི་སྤྱི་བོར་ལན་བཞིར་བབས༔ དང་པོས་སྒྲིབ་དག་ཉམ་ཆག་སྐོང་༔ གཉིས་པས་ལུས་གང་དབང་བཞི་ཐོབ༔ གསུམ་པས་གནས་ལྔར་ཡི་གེས་བརྒྱན༔ བཞི་པས་ལུས་སེམས་དབྱེར་མེད་དུ༔ འཇའ་ལུས་འཕོ་བ་ཆེན་པོར་སྨིན༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་བོ༔ སྟོན་པ་བླ་མེད་རྫོགས་སངས་རྒྱས༔ སྐྱོབ་པ་བླ་མེད་དམ་པའི་ཆོས༔ འདྲེན་པ་བླ་མེད་དགེ་འདུན་ཚོགས༔ དཀོན་མཆོག་གསུམ་གྱི་དབང་ཐོབ་ཤོག༔ སྐྱེ་མེད་ཁྱབ་བདག་ཆོས་ཀྱི་སྐུ༔ འགགས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཕྱོགས་མེད་ཀུན་ཁྱབ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་དབང་ཐོབ་ཤོག༔ བླ་མེད་བླ་མ་རིག་འཛིན་ཚོགས༔ རྒྱལ་བ་རྒྱ་མཚོ་ཡི་དམ་ལྷ༔ དབྱིངས་ལས་གར་བསྒྱུར་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་གྱི་དབང་ཐོབ་ཤོག༔ གདོད་ནས་འདས་ཀྱང་འཇིག་རྟེན་ཚུལ༔ ཆོས་བཞིན་བསྒྲུབ་ལ་བུ་ལྟར་སྐྱོངས༔ དམ་ཉམས་སྲོག་གི་གཤེད་མ་ཆེ༔ ཆོས་སྐྱོང་སྲུང་མའི་དབང་ཐོབ་ཤོག༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ སྨིན་ཅིང་གྲོལ་ནས་དུས་རྣམས་ཀུན༔ གདུལ་བྱའི་འགྲོ་བ་འདྲེན་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ན་མོ་བུདྡྷ་དྷརྨ་སངྒ་དྷརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ནིརྨ་ཀཱ་ཡ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ་ས་མ་ཡ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ ཞེས་སོ༔ མཐའ་རྟེན་གཏད༔ གཏང་རག་ཚོགས་བསྐང་བཏང་༔ ཤིས་པ་བརྗོད༔ སྨོན་ལམ་བྱ༔ དེ་ཡིས་དབང་བཞི་རྫོགས་པའོ༔ བདག་འདྲ་རྡོ་རྗེ་ཐོད་ཕྲེང་ངས༔ ཡོ་ག་གསུམ་གྱི་སྤྱི་དབང་འདི༔ བསྡུས་ཏེ་གཅིག་ཏུ་དྲིལ་བ་ཡིན༔ དམ་ལྡན་ལས་སྨོན་རྟེན་འབྲེལ་གྱིས༔ མཐུ་ལྡན་སྐལ་ལྡན་རེ་མ་གཏོགས༔ གང་རུང་བ་ཡི་སྤྱོད་ཡུལ་མིན༔ དད་དང་དམ་ཚིག་བརྩོན་འགྲུས་ལྡན༔ བསྒྲུབ་པ་ལྷུར་ལེན་གང་ཟག་རྣམས༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ པད་འབྱུང་བདག་གིས་ཕྱི་རབས་བསླུས༔ དམ་ཉམས་ལྟ་ལོག་དྲེད་པོ་དང་༔ གཞན་ཁྱད་གསོད་པའི་ཁ་ལྟ་མཁན༔ དེ་ལ་རླུང་ཕྱོགས་ཙམ་བསྟན་ཡང་༔ བཀའ་ཡི་ཆད་པས་དབང་པོ་བསྣུབས༔ རྡོ་རྗེ་དམྱལ་བའི་གནས་སུ་ལྟུང་༔ བཞི་ཡིས་མང་ལ་བསྐུར་བྱས་ན༔ མཁའ་འགྲོའི་བཀའ་ཆད་སྲོག་ལ་འབྱུང་༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ དམ་ཚིག་བསྲུང་ཞིང་ཉམས་ལེན་ན༔ དཀྱིལ་འཁོར་ཀུན་གྱི་དབང་རྫོགས་སོ༔ འཆད་ཉན་གང་གི་སྣོད་དུ་རུང་༔ ས་མ་ཡ༔ སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ མ་མོ་སྲིད་པའི་རྒྱལ་མ་མོའི་ཚོགས༔ ཁྱེད་ཅག་གསང་བའི་གཉེར་མཛོད་ཅིག༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་༔ གཟའ་བདུད་དུག་གི་སྤུ་གྲི་དང་༔ བཙན་རྒོད་ཤན་པ་ཀུས་འདེབས་བཅས༔ ཁྱེད་ཅག་ནང་གི་གཉེར་མཛོད་ཅིག༔ གཡུ་ཕྲེང་ཅན་དང་རྨ་བྱ་ཡི༔ ཐུལ་པ་ཅན་དང་སྡེ་བརྒྱད་རྣམས༔ ཁྱེད་ཅག་ཕྱི་ཡི་གཉེར་མཛོད་ཅིག༔ པད་འབྱུང་ཐུགས་ཀྱི་སྲས་ལ་སྤྲོད༔ དམ་ལྡན་རྣམས་ལ་བུ་བཞིན་སྐྱོངས༔ དམ་ཉམས་ལྟ་ལོག་ངན་སྨྲ་མཁན༔ སྒྲོ་སྐུར་གཤེ་ཞིང་རས་ཆོད་མཁན༔ སེ་ཕུང་བདུད་སྡེ་ཕོ་མོ་བཅས༔ མགོ་བོ་ཆོད་ལ་དོན་སྙིང་ཕྱུངས༔ སྙིང་ཁྲག་དམར་པོ་ཐང་ལ་འཕོས༔ མ་གཡེལ་བཀའ་ཡི་དམ་གྱིས་བཅོལ༔ མ་འགྱང་བསྟན་པའི་རུ་ཏྲ་སོད༔ བཀའ་དང་དམ་ཚིག་གཉན་གྱི་རྒྱ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དགོངས་རྒྱ༔ བཀའ་རྒྱ༔ གཉན་རྒྱ༔ ཨ་ཐམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཀུན་གྱིས་སྤངས་པའི་མ་ནུས་སྦྲང་པོ་ཟོབ་རྫུན་མཁན། གླིང་པ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ། མི་ལོ་བཞི་བཅུ་རྩ་བཞིའི་བར་དུ་བཀའ་རྒྱས་བཏབ་ནས་མཐར་ལི་སྟོད་སྐལ་བཟང་དགོན་དུ་རྣལ་འབྱོར་དབང་ཕྱུག་ཀློང་ཆེན་ཞེས་བྱ་བ་ལ་མཁའ་འགྲོ་རྡོ་རྗེའི་ལུས་ཅན་གྱིས་ལུང་ལྟར་བསྐུལ་ངོར། ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་མཆིམས་རྡོ་རྗེ་སྤྲེའུ་ཆུང་གི་རྣམ་སྤྲུལ་རང་སློབ་ངག་དབང་ཕྲིན་ལས་ཀྱིས་བྲིས་པའི་དགེ་བས་འབྲེལ་ཚད་སྨིན་གྲོལ་ཟབ་མོའི་ལམ་མཆོག་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།