ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ནང་སྒྲུབ་སེང་གེའི་གདོང་ཅན་མའི༔ དྲག་ཟློག་རྡོ་རྗེ་འཇིགས་བྱེད་པ༔ གཞོམ་བྲལ་རྡོ་རྗེ་རབ་འབར༔

From Dudjom Wiki
TTDL-ZABTER-07-JA-041
Wylie title zab gsang mkha' 'gro'i snying thig las: nang sgrub seng ge'i gdong can ma'i: drag zlog rdo rje 'jigs byed pa: gzhom bral rdo rje rab 'bar: TTDL-ZABTER-07-JA-041.pdf
Location bdud 'joms gling pa zab gter
Volume 7, Text 41, Pages 541-552 (Folios 1a1 to 6b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las nang sgrub seng ge'i gdong can ma'i drag zlog rdo rje 'jigs byed pa gzhom bral rdo rje rab 'bar. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 541-552. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: drag zlog   Verso: bdud 'joms mkha' 'gro seng gdong
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Averting or Dispelling Rites- zlog pa
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
Colophon

ཞེས་པ་འདི་ཡང་སྔགས་ཀྱི་བནྡེ་གླིང་པ་གར་དབང་བདུད་འཇོམས་རྡོ་རྗེ་ཁྲག་འཐུང་རོལ་པ་རྩལ་གྱིས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་སེང་གེ་འདྲ་བའི་མགུལ་ནས་སྤྱན་དྲངས་ཏེ་མི་ལོ་བཞི་བཅུ་རྩ་བཞིའི་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་རང་སློབ་ཀློང་ཆེན་ཞེས་བྱ་བས་བསྐུལ་ངོར་མདོ་སྨད་རྒྱལ་མོའི་རང་གི་ཆ་ལས་དགྱེས་པའི་རྡོ་སྟོད་སྐལ་བཟང་དགོན་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཨ་སྤོ་སྡོང་གི་རིགས་ལས་ཆད་པའི་རྣལ་འབྱོར་ངག་དབང་ཕྲིན་ལས་ཀྱིས་བྲིས་པའི་དགེ་བས་རྩུབ་འགྱུར་དུས་ཀྱི་ཡོ་ལངས་ནད་མུག་མཚོན་འཁྲུགས་ཀྱི་འཇིགས་པ་སྐྱོབ་པའི་རྫོང་བཙན་དང་བྱད་ཁ་རྦོད་གཏོང་ངན་སྔགས་ལས་སྦྱོར་ཐམས་ཅད་རང་གཤེད་དུ་འབེབས་པ་འཇིགས་མེད་རྡོ་རྗེའི་གོ་མཚོན་དུ་གྱུར་ནས་བསྟན་འགྲོ་ཡོངས་ལ་ཕན་བདེ་འབྱུང་བའི་གནས་མཆོག་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ལེགས་སོ། །སརྦ་ཛ་ཡནྟུ།།

zhes pa 'di yang sngags kyi ban+de gling pa gar dbang bdud 'joms rdo rje khrag 'thung rol pa rtsal gyis gser smad rnga rol stag rtse'i g.yas logs shwa brag seng ge 'dra ba'i mgul nas spyan drangs te mi lo bzhi bcu rtsa bzhi'i bar du bka' rgyas btab ste mthar rang slob klong chen zhes bya bas bskul ngor mdo smad rgyal mo'i rang gi cha las dgyes pa'i rdo stod skal bzang dgon du gtan la phab pa'i yi ge pa ni a spo sdong gi rigs las chad pa'i rnal 'byor ngag dbang phrin las kyis bris pa'i dge bas rtsub 'gyur dus kyi yo langs nad mug mtshon 'khrugs kyi 'jigs pa skyob pa'i rdzong btsan dang byad kha rbod gtong ngan sngags las sbyor thams cad rang gshed du 'bebs pa 'jigs med rdo rje'i go mtshon du gyur nas bstan 'gro yongs la phan bde 'byung ba'i gnas mchog tu dge zhing bkra shis par gyur cig_/legs so/_/sarba dza yan+tu//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ནང་སྒྲུབ་སེང་གེའི་གདོང་ཅན་མའི༔ དྲག་ཟློག་རྡོ་རྗེ་འཇིགས་བྱེད་པ༔ གཞོམ་བྲལ་རྡོ་རྗེ་རབ་འབར་བཞུགས་སོ༔


ཐྂ༎༔ སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་རྩལ་ལ་འདུད༔ (བརྡ་ཡིག་) ཕྱོགས་ལས་རྣམ་རྒྱལ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ མཁའ་འགྲོའི་དྲག་བཟློག་རྡོ་རྗེ་རབ་འབར་བསྟན༔ དགྲ་བགེགས་ཤ་ཁྲག་མཚོན་པ་ལ༔ དྲག་པོའི་ལས་ཀྱི་ལིང་གའི་དུམ༔ དྲག་པོའི་ལས་ལ་བསྐུལ་བའི་ཕྱིར༔ ཤ་ཁྲག་དམར་གྱི་གཏོར་མ་བཤམས༔ གབ་ཡིག་བཞིན་དུ་ལག་ལེན་འདེབས༔ གད་རྒྱངས་དྲག་པོའི་ངར་སྒྲའི་མཐར༔ གཞིར་བཞེངས་རིག་པས་འདིར་འཇུག་གོ༔ ས་མ་ཡ༔ གུ་ཧྱ་རྒྱ༔ ཧཱུྃ་ཧྲཱིཿམ་བཅོས་སྐྱེ་མེད་ཁྱབ་གདལ་ཀུན་བཟང་མོ༔ མ་འགགས་ལོངས་སྐུའི་མཁའ་འགྲོ་སེང་གེའི་གདོང་༔ ཀུན་ཁྱབ་ཐུགས་རྗེ་མཚོ་རྒྱལ་མནྡྷ་ར༔ རྩལ་སྣང་རང་གྲོལ་མཁའ་འགྲོ་རྒྱ་མཚོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མངོན་སྤྱོད་ལས་ཀྱི་བར་ཆད་རྐྱེན་སྣང་ཟློག༔ དུས་ལ་བབ་བོ་མཐུ་དང་རྩལ་མ་ཞན༔ ཧཱུྃ་ཛཿམི་འགྱུར་མི་ཤིགས་རྡོ་རྗེའི་སྐུ་མངའ་མོ༔ ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་རྣལ་འབྱོར་མ༔ ཕྲིན་ལས་ཐོགས་མེད་རྡོ་རྗེའི་གར་དབང་མོ༔ རྡོ་རྗེའི་མཁའ་ལ་རྡོ་རྗེའི་གད་མོ་སྒྲོགས༔ བདུད་འདུལ་དྲག་མོ་ལས་ཀྱི་མཁའ་འགྲོ་མ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ མི་འདའ་རྡོ་རྗེའི་དམ་ཚིག་དུས་ལ་བབ༔ ཧཱུྃ་ཛཿརྒྱལ་བའི་ཡུམ་མཆོག་མཁའ་འགྲོ་སེང་གེའི་གདོང་༔ ཞི་ཁྲོ་རྡོ་རྗེའི་དབྱིངས་ཀྱི་མ་ཆེན་མོ༔ ལྗང་གསལ་འོད་འབར་རབ་འབྱམས་ཕྲིན་ལས་དབང་༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་སྐུར་བཞེངས་ལ༔ ཁམས་གསུམ་གཡོ་འཁྲུགས་སྡང་བའི་དགྲ་ལ་ཟློག༔ སེང་ཞལ་རྔམས་པས་སྲིད་གསུམ་འཁོར་བ་འཇིགས༔ རལ་པའི་གསེབ་ནས་འབུམ་ཕྲག་མཁའ་འགྲོ་འགྱེད༔ འཁོར་བ་དབྱིངས་སྒྲོལ་མཚོན་ཆའི་འཕྲུལ་འཁོར་གྱིས༔ དུས་ཀྱི་ཡོ་ལང་འཁྲུགས་རྩོད་ནད་མུག་དང་༔ བྱད་ཁ་རྦོད་གཏོང་ཕ་རོལ་རྒོལ་ངན་ཟློག༔ སྐུ་གསུམ་ལྷུན་གྲུབ་སྤྱན་གསུམ་དམར་ཟླུམ་འཁྱིལ༔ དུག་གསུམ་གཡོ་འཁྲུགས་སྡང་བའི་དགྲ་ལ་ཟློག༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས༔ ཡེ་ཤེས་ལྷ་ཡི་བཀའ་ཆད་དགྲ་ལ༴ གནམ་ས་བར་སྣང་ཙམ་གྱི་ཞལ་གདངས་པས༔ སྟེང་འོག་བར་གསུམ་ལྷ་འདྲེའི་གདུག་རྩུབ༴ གློག་སྟོང་འགྱུ་བ་ལས་ལྷག་ལྗགས་འདྲིལ་བས༔ ལྷ་སྲིན་སྡེ་བརྒྱད་གཡོ་འཁྲུགས་དགྲ་ལ༴ ཟླ་སྟོང་འོད་ལས་ལྷག་པའི་མཆེ་བ་གཙིགས༔ སྐྱེ་ཤི་ལས་བྱུང་རྒོལ་ངན༴ ཕྱག་གཡས་སྣང་སྲིད་དབང་སྡུད་གྲི་ཁུག་ཕྱར༔ སྣང་སྲིད་སྡེ་བརྒྱད་གཡོ་འཁྲུགས༴ གཡོན་པས་ཉོན་མོངས་ཁྲག་རོལ་ཐོད་ཁྲག་བསྣམས༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་༴ སྐུ་ལ་དུར་ཁྲོད་ཆས་བརྒྱད་རྒྱན་གྱིས་སྤྲས༔ དུར་ཁྲོད་ལྷ་འདྲེའི་གཡོ་འཁྲུགས༴ ཞབས་གཉིས་གར་སྟབས་མ་རིག་ལོག་རྟོག་གནོན༔ ས་འོག་ས་བདག་འབྱུང་པོའི་གཡོ་འཁྲུགས༴ ཡབ་ཀྱི་མཚོན་པའི་ཁ་ཊྭཱྃ་མཆན་བཅུག་པས༔ དཔའ་བོ་མཁའ་འགྲོའི་བཀའ་ཆད་དགྲ་ལ༴ འོད་འབར་ཉི་མ་གདན་དུ་བཏིང་བ་ཡིས༔ མ་རིག་མུན་པའི་འཁྲུལ་འཁོར༴ མ་ཆགས་པདྨའི་སྟེང་དུ་བཞུགས་པ་ཡིས༔ ཉོན་མོངས་གཟུང་འཛིན་འཁྲུལ་འཁོར་དགྲ་ལ་བྷྱོ༔ བསྐལ་བའི་མེ་དཔུང་ཀློང་ན་བཞུགས་པ་ཡིས༔ དུག་ལྔ་དུག་གསུམ་ལས་བྱུང་དགྲ་བགེགས་ཟློག༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་བཞེས་པ༔ མི་འདོར་འགྲོ་བའི་དོན་གཉེར་དམ་བཅས་པའི༔ དམ་ཚིག་ཐུགས་དམ་གཉན་པོའི་དུས་ལ་བབ༔ རྣལ་འབྱོར་བར་ཆད་སྐྱེ་འགྲོའི་སྡུག་བསྔལ་ཟློག༔ གཟུང་འཛིན་འཁྲུལ་པ་བདག་མེད་ངང་དུ་ཟློག༔ གཉིས་འཛིན་རྣམ་རྟོག་གཉིས་མེད་ངང་དུ་ཟློག༔ མ་རིག་མུན་པ་འོད་གསལ་ངང་༴ རེ་དང་དོགས་པ་རོ་སྙོམས་ངང་༴ ཉེར་ལེན་ཨ་འཐས་ཆོས་དབྱིངས་ངང་༴ རྒྱུ་ཡི་འཛིན་པ་འཛིན་མེད་ངང་༴ རྐྱེན་སྣང་དགྲ་བགེགས་རང་གྲོལ་ངང་༴ བཅོས་བསྒྱུར་བདེ་སྡུག་སྤྲོས་བྲལ་ངང་༴ འཁོར་བའི་འཁོར་ལོ་མྱང་འདས་ཆེན་པོར་ཟློག༔ ཧཱུྃ་བྷྱོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་མཁའ་འགྲོའི་བདེན་པ་དང་༔ མ་དང་སྲུང་མའི་དམ་ཚིག་དང་༔ ཏིང་འཛིན་སྔགས་རྒྱའི་བྱིན་རླབས་ཀྱིས༔ བྱད་མའི་དམོད་སྔགས་བྱད་མར་བྷྱོ༔ བྱད་མའི་ལྷ་སྲུང་བྱད་མར་བྷྱོ༔ བྱད་མའི་ནུས་མཐུ་བྱད་མར༴ བྱད་མའི་ཧོམ་ཟོར་བྱད་མར༴ བྱད་མའི་དམོད་འཁོར་བྱད་མར༴ བྱད་མའི་མནན་གཏད་བྱད་མར༴ བྱད་མའི་ངན་སྔགས་བྱད་མར་བྷྱོ༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ དུས་མིན་འཆི་བ་རྣམ་བརྒྱད༴ བྱིས་པའི་གདོན་ཆེན་བཅོ་ལྔ༴ འཕྲོག་མ་མ་བུ་ལྔ་བརྒྱ༴ རྨི་ལྟས་མཚན་ངན་ཐམས་ཅད༴ ཐན་དང་ལྟས་ངན་ཐམས་ཅད༴ གཡས་ན་ཕོ་བརྒྱའི་དམོད་བྱད༴ གཡོན་ན་མོ་བརྒྱའི་དམོད་བྱད༴ སྔོན་ལས་འཕྲལ་རྐྱེན་ངན་པ༴ སྡེ་བརྒྱད་དལ་ཁ་བབ་པ༴ མི་མཐུན་མི་འདོད་ཉེས་ཚོགས༴ ཐམས་ཅད་བྱད་མའི་སྟེང་དུ་བྷྱོ༔ བྱད་མའི་ལུས་ལ་བྷྱོ་རྦད་ནན༔ བྱད་མའི་ངག་ལ་བྷྱོ་རྦད་ནན༔ བྱད་མའི་ཡིད་ལ་བྷྱོ་རྦད་ནན༔ བྱད་མའི་སྲོག་ལ་བྷྱོ་རྦད་ནན༔ བྱད་མའི་ཚེ་ལ་བྷྱོ་རྦད་ནན༔ བྱད་མའི་དབུགས་ལ་བྷྱོ་རྦད་ནན༔ ཨོཾ་ཀརྨ་ཌཱཀྐི་ནཱི་སེང་ཧ་མུ་ཁ་བཾ་ཧ་རི་ནི་ས་ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ རཿ སཿ ས་མ་ཡ་ ཛཿ ཛཿ བྱད་ཕུར་རྦོད་གཏོང་ཆགས་ཆེན་ཉམ་ང་ནད་གདོན་བར་ཆད་ཐམས་ཅད་དགྲ་བགེགས་གནོད་བྱེད་ཀྱི་སྟེང་དུ་བྷྱོ་བྷྱོ་ཟློག་ཟློག༔ སརྦ་ཤ་ཏྲུཾ་མཿརཿཡཿཕཊ༔ དེས་འོག་མ་ཀུན་ལ་འགྲེས་སོ༔ ཧཱུྃ་བཾ༔ ཆོས་སྐུའི་མཁའ་འགྲོ་སྐྱེ་མེད་ཀུན་བཟང་མོ༔ ལོངས་སྐུ་བདུད་འདུལ་དྲག་མོ་སེང་གེའི་གདོང་༔ སྤྲུལ་སྐུའི་མཁའ་འགྲོ་མཚོ་རྒྱལ་མནྡྷ་ར༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་མ་ཚོགས་རྣམས༔ འདིར་གཤེགས་དགྲ་བགེགས་འདུ་ཤེས་ཕུང་པོ་རོལ༔ དུག་གསུམ་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གཞན་གྱིས་མ་བཅོལ་སོགས༔ ཧཱུྃ་ཧ༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་སེང་གདོང་མ༔ རྡོ་རྗེ་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་རྣམ་ཤེས་ཕུང་པོ་རོལ༔ ཞེ་སྡང་ལས་གྱུར་དགྲ་གདོན་བགེགས་ཚོགས་ཟློག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ དགྲ་བགེགས་སོགས༔ ཧཱུྃ་རི༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ རིན་ཆེན་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་ཚོར་བའི་ཕུང་པོ་རོལ༔ ང་རྒྱལ་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ དགྲ་བགེགས་སོགས༔ ཧཱུྃ་ནི༔ ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ༔ པདྨ་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་འདུ་ཤེས་ཕུང་པོ་རོལ༔ འདོད་ཆགས་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ དགྲ་བགེགས་སོགས༔ ཧཱུྃ་ས༔ བྱང་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ སངས་རྒྱས་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་གཏི་མུག་ཕུང་པོ་རོལ༔ མ་རིག་ལས་བྱུང་དགྲ་གདོན་བགེགས༴ དམ་ཚིག་དུས་ལ༴ ཁྱེད་ཅག་མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ དགྲ་བགེགས་སོགས༔ ཧཱུྃ་བྷྱོ༔ གནས་ཡུལ་དུར་ཁྲོད་ཧེ་རུ་ཀ་ཡི་བདག༔ གཙོ་མོ་དང་ནི་ལས་བྱེད་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས་དང་བཅས༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ གནོད་བྱེད་དགྲ་བགེགས་མ་ལུས་དགྲ་ལ་ཟློག༔ དམ་ཚིག་དུས་ལ༴ དགྲ་བགེགས་སོགས༔ ཧཱུྃ་ཛཿཞི་བའི་ལས་མཛད་སྒོ་མ་ལྕགས་ཀྱུ་མ༔ ཞི་བའི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་ཤ་དང་རུས་ལ་རོལ༔ ཤར་ཕྱོགས་དགྲ་བགེགས་ཐམས་ཅད་ཞི་བས་ཟློག༔ དམ་ཚིག་དུས་ལ༴ དགྲ་བགེགས་སོགས༔ ཧཱུྃ་ཧཱུྃ༔ རྒྱས་པའི་ལས་མཛད་སྒོ་མ་ཞགས་པ་མ༔ རྒྱས་པའི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་ཁྲག་གི་མཚོ་མོ་རོལ༔ ལྷོ་ཕྱོགས་དགྲ་བགེགས་ཐམས་ཅད་རྒྱས་པས་ཟློག༔ དམ་ཚིག་དུས་ལ༴ དགྲ་བགེགས་སོགས༔ ཧཱུྃ་བཾ༔ དབང་གི་ལས་མཛད་སྒོ་མ་ལྕགས་སྒྲོག་མ༔ དབང་གི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་རྩ་རྒྱས་དྲོད་ལ་རོལ༔ ནུབ་ཕྱོགས་དགྲ་བགེགས་ཐམས་ཅད་དབང་གིས་ཟློག༔ དམ་ཚིག་དུས་ལ༴ དགྲ་བགེགས་སོགས༔ ཧཱུྃ་ཧོཿ དྲག་པོའི་ལས་མཛད་སྒོ་མ་དྲིལ་བུ་མ༔ དྲག་པོའི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་ནང་རོལ་དབུགས་ལ་རོལ༔ བྱང་ཕྱོགས་དགྲ་བགེགས་ཐམས་ཅད་དྲག་པོས་ཟློག༔ དམ་ཚིག་དུས་ལ༴ ཁྱེད་ཅག་མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ དགྲ་བགེགས་སོགས༔ ཧཱུྃ་ཧྲཱིཿདུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ ཞིང་བཅུ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ རི་ལྟར་དཔུང་ཞིང་རྫ་ལྟར་རྙིལ་བ་དང་༔ མཚོ་ལྟར་བསྐྱིལ་ཞིང་སྤྲིན་ལྟར་གཏིབས་པ་ལ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་༔ གསང་སྔགས་བཀའ་ཡི་སྲུང་མ་ཐམས་ཅད་དང་༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོ་འབོད་བསྐུལ་ལོ༔ ཧཱུྃ་མ་བྷྱོཿཛཿཤ་ལ་དགའ་བས་ཤ་ལ་རོལ༔ དགྲ་བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ རུས་ལ་དགྱེས་པས་རུས་པར་རོལ༔ དགྲ་བགེགས༴ ཁྲག་ལ་རྔམས་པས་ཁྲག་ལ་རོལ༔ དགྲ་བགེགས༴ སྲོག་གཅོད་མ་ཚོགས་དགྲ་སྲོག་རོལ༔ དགྲ་བགེགས༴ དབུགས་ལེན་མ་ཚོགས་དབུགས་ལ་རོལ༔ དགྲ་བགེགས༴ དྲི་ཟ་མ་ཚོགས་དྲིལ་རོལ༔ དགྲ་བགེགས༴ རྐང་ལྡག་མ་ཚོགས་རྐང་ལ་རོལ༔ དགྲ་བགེགས༴ ཀླད་པར་རྔམས་མས་ཀླད་པར་རོལ༔ དགྲ་བགེགས༴ སྣུམ་ལ་དགྱེས་མས་ལྷ་ཚིལ་རོལ༔ དགྲ་བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གཞན་གྱིས་མ་བཅོལ་ཉིད་ཀྱིས་སོགས༔ ཧཱུྃ་བྷྱོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་མཁའ་འགྲོའི་སོགས་ནསབྱད་མའི་དབུགས་ལ་བྷྱོ་རྦད་ནན༔ ན་མོ་བུདྡྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱཀྐི་ནཱ་ཧྲཱིཿ མ་ཧཱ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛཿ ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ རཿ སཿ ས་མ་ཡ་ཛཿ ཛཿ བྱད་ཁ་རྦོད་གཏོང་ཆགས་ཆེན་ཉམ་ང་སྡུག་བསྔལ་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ་བྷྱོ་ཟློག་ཟློག༔ ཨེ་ཀ་བྷྱོ་བྷྱོ་ཟློག་ཟློག༔ ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ ཨེ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ སརྦ་ཤ་ཏྲུཾ་མཿརཿཡཿཕཊ༔ རྦད་བྷྱོ་ཟློག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ བསྐྱེད་རྫོགས་བསྒོམས་བཟླས་ལ་འབུང་ན༔ ནད་གདོན་བར་ཆད་རྐྱེན་ངན་ཐན༔ རྨི་མཚན་ངན་པ་ཐམས་ཅད་དང་༔ མི་འདོད་ཉེ་བར་འཚེ་བ་དང་༔ ནད་མཚོན་གཡུལ་འགྱེད་ཐམས་ཅད་ཀུན༔ རྡོ་རྗེ་དྲག་ཟློག་འདིས་བསྒྱུར་རོ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ གུ་རུའི་བཀའ་བཞིན་ཡི་གེར་བྲིས༔ སྔགས་སྲུང་ཨེ་ཀ་ཙ་ཏི་མ༔ མ་མོ་སྲིད་པའི་རྒྱལ་མོ་དང་༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་༔ བཙན་དམར་སྲོག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ དམ་ཚིག་ཅན་ལ་བུ་བཞིན་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྔགས་ཀྱི་བནྡེ་གླིང་པ་གར་དབང་བདུད་འཇོམས་རྡོ་རྗེ་ཁྲག་འཐུང་རོལ་པ་རྩལ་གྱིས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་སེང་གེ་འདྲ་བའི་མགུལ་ནས་སྤྱན་དྲངས་ཏེ་མི་ལོ་བཞི་བཅུ་རྩ་བཞིའི་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་རང་སློབ་ཀློང་ཆེན་ཞེས་བྱ་བས་བསྐུལ་ངོར་མདོ་སྨད་རྒྱལ་མོའི་རང་གི་ཆ་ལས་དགྱེས་པའི་རྡོ་སྟོད་སྐལ་བཟང་དགོན་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཨ་སྤོ་སྡོང་གི་རིགས་ལས་ཆད་པའི་རྣལ་འབྱོར་ངག་དབང་ཕྲིན་ལས་ཀྱིས་བྲིས་པའི་དགེ་བས་རྩུབ་འགྱུར་དུས་ཀྱི་ཡོ་ལངས་ནད་མུག་མཚོན་འཁྲུགས་ཀྱི་འཇིགས་པ་སྐྱོབ་པའི་རྫོང་བཙན་དང་བྱད་ཁ་རྦོད་གཏོང་ངན་སྔགས་ལས་སྦྱོར་ཐམས་ཅད་རང་གཤེད་དུ་འབེབས་པ་འཇིགས་མེད་རྡོ་རྗེའི་གོ་མཚོན་དུ་གྱུར་ནས་བསྟན་འགྲོ་ཡོངས་ལ་ཕན་བདེ་འབྱུང་བའི་གནས་མཆོག་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ལེགས་སོ། །སརྦ་ཛ་ཡནྟུ།།