ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་བསྐུལ་བ་ཁམས་གསུམ་གཡོ་བྱེད༔

From Dudjom Wiki
TTDL-ZABTER-08-NYA-020
Wylie title zab gsang mkha' 'gro'i snying thig las: lha chen dbang phyug chen po'i bskul ba khams gsum g.yo byed: TTDL-ZABTER-08-NYA-020.pdf
Location bdud 'joms gling pa zab gter
Volume 8, Text 20, Pages 145-157 (Folios 1a1 to 7a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las lha chen dbang phyug chen po'i bskul ba khams gsum g.yo byed. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 145-157. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskul ba   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ནི་སྨོན་ལམ་ལས་ཀྱིས་འབྲེལ་བའི་སློབ་བུ་མཁྱེན་རབ་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏན་ལ་ཕབ་སྟེ་དག་པར་ཕབ་པའི་ཡི་གེ་པ་ནི་རྒྱ་མཚོའི་མིང་མཐའ་ཅན་དེ་ཉིད་དོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di ni smon lam las kyis 'brel ba'i slob bu mkhyen rab kyis nan du bskul ngor khrag 'thung bdud 'joms rdo rje khro lod rtsal gyis gtan la phab ste dag par phab pa'i yi ge pa ni rgya mtsho'i ming mtha' can de nyid do/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་བསྐུལ་བ་ཁམས་གསུམ་གཡོ་བྱེད་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མ་འོངས་ལྔ་བརྒྱའི་ཐ་མ་ལ༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ བསྟན་དང་འགྲོ་བའི་དོན་ཆེད་དུ༔ ལྷ་ཆེན་སྒྲུབ་པའི་སྐྱེས་བུ་ལ༔ བསྐུལ་བ་ཁམས་གསུམ་གཡོ་བྱེད་དགོས༔ དེ་ལ་སྒྲུབ་པ་སྔོན་སོང་བའི༔ སྐྱེས་བུ་དམ་པ་དེ་ཉིད་ཀྱི༔ དམར་གཏོར་ཁྲག་གིས་རབ་བྲན་ནས༔ འགུགས་གཞུག་བྱ་ཞིང་ཤ་ཁྲག་གིས༔ རི་དང་རྒྱ་མཚོར་དམིགས་ནས་སུ༔ ལྷ་དང་སྲུང་མར་བསྐུལ་སྐྱེམས་བྱ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ སྣང་སྲིད་རྩ་གསུམ་བཀའ་སྲུང་གི༔ དཀྱིལ་འཁོར་རོལ་པར་གསལ་བའི་ངང་༔ ཧཱུྃ་ཧྲཱིཿསངས་རྒྱས་ཆོས་དང་དགེ་འདུན་རྒྱ་མཚོ་དང་༔ བླ་མ་ཡི་དམ་མཁའ་འགྲོ་དཀོན་མཆོག་གསུམ༔ ཐུགས་རྗེ་བརྩེ་བ་ཆེན་པོས་བདག་ལ་དགོངས༔ སྙིང་ནས་གསོལ་བ་འདེབས་སོ་བཀའ་དྲིན་ཅན༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་སྐུར་བཞེངས་ཤིག༔ བཀའ་སྲུང་དྲེགས་པའི་སྡེ་ཚོགས་དབང་བསྡུས་ལ༔ ང་ཡི་བསམ་དོན་འགྲུབ་པའི་ལས་མཛོད་ཅིག༔ ཁྱད་པར་ཁམས་གསུམ་དབང་ཆེན་ལྷའི་བླ་མ༔ དབང་ཕྱུག་མ་ཧཱ་དཱེ་ཝ་འཁོར་དང་བཅས༔ དཀོན་མཆོག་རྩ་གསུམ་བདེན་པའི་ནུས་སྟོབས་དང་༔ གསང་སྔགས་རྡོ་རྗེ་ཐེག་པའི་རྟེན་འབྲེལ་མཐུས༔ སྐད་ཅིག་མི་འབྲལ་བདག་གི་གྲོགས་འབངས་སུ༔ འགྲུབ་ཅིང་ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ རྒྱལ་དང་རྒྱལ་སྲས་མཁྱེན་བརྩེ་ནུས་པའི་བདག༔ མ་ལུས་བདག་གི་མགོན་དང་དཔུང་མཛོད་ཅིག༔ དུས་གསུམ་རྒྱལ་དང་དེ་སྲས་བཅས་རྣམས་ཀྱི༔ བཀའ་དམ་དཔང་བཙུག་བཀའ་སྲུང་དྲེགས་ཚོགས་བསྐུལ༔ མ་འདའ་མ་གཡེལ་དབང་ཆེན་ལྷའི་བླ་མ༔ དབང་ཕྱུག་མ་ཧཱ་དཱེ་ཝ་དགོངས་སུ་གསོལ༔ བདག་གིས་དད་ཅིང་མོས་པའི་སྟོབས་ཤུགས་ཀྱིས༔ ལྷ་ལས་ལྷ་ཡི་མཆོག་ཏུ་ཁྱོད་བསྒྲུབ་ནས༔ དཀའ་བ་དང་བླངས་ངལ་བ་ཁྱད་དུ་བསད༔ ཟས་ཀྱི་ཕུད་དང་ནོར་གྱི་བཅུད་བསྡུས་ཏེ༔ ལྷ་ཁྱོད་བསྒྲུབ་བསྙེན་མཆོད་དང་གསོལ་ལ་བརྩོན༔ བསླུའམ་མི་བསླུ་དཀོན་མཆོག་དཔང་ལ་བཞུགས༔ བཀའ་སྲུང་དྲེགས་པའི་གཙོ་མཆོག་རིན་པོ་ཆེ༔ སྒྲུབ་པའི་འབྲས་བུ་ཆུད་མི་ཟ་བ་རུ༔ ལྷ་མཆོག་ཁྱེད་ཀྱི་ཐུགས་རྗེ་ད་དགོངས་འཚལ༔ བདག་ནི་སྟོབས་འབྱོར་ནུས་པ་ཉམ་ཕྲ་བས༔ སྐྱབས་མགོན་དཔུང་གཉེན་ལྷ་དང་སྲུང་མ་ཁུར༔ མ་གཡེལ་མ་འགྱངས་སྟོབས་ཤུགས་ནུས་རྩལ་བྱུང་༔ ནམ་མཁའི་དབང་ཕྱུག་ཁྱབ་བདག་ཆེན་པོ་སྟེ༔ སྟེང་ཕྱོགས་ལྷ་ཡི་སྲིད་པ་དབང་བསྡུས་ལ༔ མི་སྲུན་རྔམས་འཇིགས་དྲག་པོའི་ལས་ལ་ཆོས༔ གནམ་ལྷའི་དམག་དཔུང་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ནི་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ གནམ་གྱི་འཇུ་ཐག་ཆོད་ལ་ཚེ་ལས་བསྟུང་༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ ཆུ་ཡི་དབང་ཕྱུག་ཆུ་ཁམས་ཁ་ལོ་བསྒྱུར༔ སྐྱེ་འགྲོའི་ཁྲག་ལ་རོལ་པའི་ཁྲག་འཐུང་ཆེ༔ ཆུ་ཡི་ལྷ་རྣམས་མ་ལུས་དབང་དུ་བསྡུས༔ ཆུ་བདག་དམག་དཔུང་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ན་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་རོལ་མཛོད་ཅིག༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ ས་ཡི་དབང་ཕྱུག་ས་ཁམས་ཁ་ལོ་བསྒྱུར༔ སྐྱེ་འགྲོའི་ཤ་ལ་རོལ་པའི་ཤ་ཟ་ཆེ༔ ས་བདག་མ་ལུས་ཐམས་ཅད་དབང་དུ་བསྡུས༔ ས་ལྷའི་དམག་ཚོགས་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ན་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ ཤ་ཚིལ་རུས་པ་དྲོན་མོར་རྔམས་པར་རོལ༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ མེ་ཡི་དབང་ཕྱུག་མེ་ཁམས་ཁ་ལོ་བསྒྱུར༔ སྐྱེ་འགྲོའི་སྲོག་ལ་རོལ་པའི་སྲོག་བདུད་པོ༔ མེ་ལྷའི་དམག་ཚོགས་མ་ལུས་དབང་དུ་བསྡུས༔ མེ་ཁམས་དམག་དཔུང་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ན་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ སྲོག་གི་དབང་པོ་རྩ་དང་བཅས་པ་རོལ༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ རླུང་གི་དབང་ཕྱུག་རླུང་ཁམས་ཁ་ལོ་བསྒྱུར༔ སྐྱེ་འགྲོའི་དབུགས་ལ་རོལ་བའི་དབུགས་ལེན་པ༔ རླུང་ལྷའི་དམག་ཚོགས་དགྲ་བོའི་ཡུལ་དུ་དྲོངས༔ སྤྱིར་ན་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ སྒོས་སུ་དགེ་འདུན་ཆོས་ཁྲིམས་བཤིག་པ་དང་༔ ཁྱད་པར་ཡིད་ལ་བརྣག་པའི་དགྲ་བོ་ཡི༔ དབུགས་དང་རླུང་གི་འཕྲོ་འདུ་ལྷག་མེད་རོལ༔ མིང་གི་ལྷག་ཙམ་མེད་པར་རྡུལ་དུ་རློག༔ ཧཱུྃ་ཛཿལྷ་ཆེན་དབང་ཕྱུག་ཆེན་པོ་འཁོར་དང་བཅས༔ བསྐུལ་ལོ་རྦད་དོ་དམ་ཚིག་གཉན་པོ་བསྐུལ༔ མ་གཡེལ་མ་འགྱངས་མྱུར་དུ་དགྲ་ལ་རྒྱུགས༔ སྐྱེ་འགྲོའི་བདེ་སྐྱིད་གསལ་ལམ་དམ་པའི་ཆོས༔ ཕྱི་རོལ་ལྟ་ལོག་ཀླ་ཀློས་ཐབས་ཀྱིས་བསྣུབས༔ བདེ་སྐྱིད་དལ་བའི་ཡོན་ཏན་ལྡན་པ་ལ༔ བདུད་སྤྲུལ་སྐྱེས་བུས་འཁྲུགས་རྩོད་ཁྲིམས་ཀྱིས་བསྣུབས༔ དགེ་འདུན་ཆོས་ཁྲིམས་གཉན་པོ་དམ་རྒྱའི་ཆིངས༔ དམ་ལོག་མི་སྲུན་སྐྱེ་བོས་བཤིག་ཅིང་བཅད༔ དཔལ་འབྱོར་ལོངས་སྤྱོད་འདོད་ཡོན་དཔལ་ཁ་ལ༔ འགོང་འདྲེ་བསེ་རག་མི་སྲུན་ཇག་པས་བཅོམ༔ ཆོས་བཞིན་སྤྱོད་པའི་རྣལ་འབྱོར་དམ་པ་ལ༔ ཆོས་མིན་ལོག་ལྟའི་དགྲ་འདྲེ་གཤེད་དུ་ལངས༔ བསྟན་པའི་གཞི་མ་དགེ་འདུན་ཆོས་སྡེ་ལ༔ ཕྲག་དོག་ཞེ་སྡང་རྒོལ་བའི་དགྲ་འདྲེ་ལངས༔ འགྲོ་བའི་བསོད་ནམས་དཀར་པོའི་དགེ་བ་ལ༔ ནག་ཕྱོགས་ལྷ་སྲིན་མི་མིན་དགྲ་རུ་ལངས༔ ཕན་བདེ་འབྱུང་གནས་མདོ་སྔགས་ཟབ་མོའི་ཆོས༔ ཕན་ཚུན་ཕམ་རྒྱལ་རྩོད་པའི་མཚོན་ཆར་བཀོལ༔ དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མ་ལ༔ མི་སྲུན་སྐྱེས་བུའི་རྫས་སྦྱོར་ངན་སྔགས་ཀྱིས༔ སྟོབས་ནུས་དབུ་འཕང་སྨད་ཅིང་བློ་ཡིད་བསྒྱུར༔ མ་ཉེས་བདེ་བར་འདུག་པའི་རྣལ་འབྱོར་ལ༔ རྒོལ་བའི་དགྲ་འདྲེ་གློ་བུར་ལྡང་ཞིང་བཅོམ༔ ཁ་དཀར་ཁོང་གནག་ལྕེ་གཉིས་འཆང་བ་དང་༔ དགེ་འདུན་ནང་དགྲ་དམ་སྲི་མིར་བརྫུ་དང་༔ བདུད་པོ་སྨོན་ལོག་བཙུན་གཟུགས་ལ་བརྫུ་ཞིང་༔ དམ་ཚིག་སྡོམ་པའི་ནོར་ལ་ཇག་ཆོམ་བྱེད༔ འདི་འདྲའི་ལས་དང་སྐལ་པ་ངན་པ་ལ༔ ལྷ་དང་སྲུང་མ་དག་གིས་མ་གཟིགས་སམ༔ བདག་སོགས་གདུལ་བྱ་ཡལ་བར་དོར་སྲིད་ན༔ བརྩེ་བའི་ཐུགས་རྗེ་ཆེན་པོ་མེད་དམ་ཅི༔ དུས་ངན་ཡོ་ལངས་དགྲ་འདྲེ་མི་ཐུལ་ན༔ མཛད་ཕྲིན་རྒྱ་མཚོ་མངའ་བ་མ་ལགས་སམ༔ བརྒྱུད་འཛིན་རྗེས་སུ་བསྒྲུབ་པ་དོན་མེད་ན༔ སྐྱོབ་པའི་ནུས་མཐུ་མངའ་བ་གང་ན་བཞུགས༔ ང་ཡི་ཡིད་ལ་བརྣག་པའི་དགྲ་བོ་འདི༔ བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་མི་བསྒྲལ་ན༔ དམ་ཚིག་དམ་ལ་གནས་པ་མི་བདེན་ནམ༔ དམ་ཉམས་བདུད་པོ་མི་སྲུན་ལས་ངན་རྣམས༔ ལོ་ཟླ་མང་པོའི་འགྱངས་སུ་ཤོར་སྲིད་ན༔ བཀའ་སྲུང་དམ་ཅན་རྒྱ་མཚོ་གང་ན་བཞུགས༔ བཀའ་ལོག་དམ་ཉམས་ཁྲིམས་བཤིག་ལག་དམར་རྣམས༔ ཁེ་དྲག་དཔལ་ཆེ་མགོ་འཕང་མཐོ་བ་འདི༔ ད་ལྟ་ཉིད་དུ་ནམ་ལངས་སྐར་མ་བཞིན༔ རྗེས་ཤུལ་ལྷག་མ་མེད་པར་མ་བསྒྲལ་ན༔ བཀའ་སྲུང་དམ་ཅན་དམ་ལས་འདས་པ་ཡིན༔ དུས་གསུམ་རྒྱལ་བའི་བཀའ་དམ་དཔང་བཙུགས་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་མ་ལུས་པ༔ བསྐུལ་ལོ་དོ་ནུབ་ཉིད་དུ་ལས་ལ་རྒྱུག༔ ཧཱུྃ་ཛཿདབང་ཕྱུག་མ་ཧཱ་དཱེ་ཝ་ལས་ལ་བསྐུལ༔ མ་གཡེལ་མ་འགྱངས་དོ་ནུབ་དགྲ་ལ་རྒྱུག༔ བཙུན་མོ་ཨུ་མ་དཱེ་ཝི་ལས་ལ་བསྐུལ༔ མ་གཡེལ་མ་འགྱངས་དོ་ནུབ་དགྲ་ལ་རྒྱུག༔ སྲས་མཆོག་ཚོགས་ཀྱི་བདག་པོ་ལས༴ མ་གཡེལ༴ བཀའ་སྡོད་དཔལ་མགོན་བདུན་ཅུ་ལས༴ མ་གཡེལ༴ གཤིན་རྗེ་ཡ་མ་རཱ་ཙ་ལས༴ མ་གཡེལ༴ གཟའ་བདུད་དུག་གི་སྤུ་གྲི་ལས༴ མ་གཡེལ༴ དམ་ཅན་རྡོ་རྗེ་ལེགས་པ་ལས༴ མ་གཡེལ༴ བདུད་ཕོ་སྲོག་ལེན་ནག་པོ་ལས༴ མ་གཡེལ༴ བཙན་རྒྱལ་ཤན་པ་ཀུས་འདེབས་ལས༴ མ་གཡེལ༴ ཀླུ་བདུད་ནཱ་ག་རཱ་ཙ་ལས༴ མ་གཡེལ༴ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ལས༴ མ་གཡེལ་མ་འགྱངས་དོ་ནུབ་དགྲ་ལ་རྒྱུག༔ སྟོང་གསུམ་གཞི་བདག་ཁམས་གསུམ་སྲིད་པའི་ལྷ༔ དབང་ཕྱུག་མ་ཧཱ་དཱེ་ཝའི་མཐུ་སྟོབས་ཀྱིས༔ སྐད་ཅིག་ད་ལྟ་ཉིད་དུ་ལས་ལ་ཆོས༔ བསྐུལ་ལོ་རྦད་དོ་མངོན་སྤྱོད་ཕྲིན་ལས་མཛོད༔ ཛཿདབང་ཕྱུག་ལྷ་ཆེན་དྲེགས་པའི་གཙོ༔ མ་ཧཱ་དཱེ་ཝ་སྟོབས་པོ་ཆེ༔ སྟེང་གི་ལྷ་ཁམས་ཁྱོད་ཀྱི་འབངས༔ སྟེང་གི་ལྷ་དམག་ལས་ལ་ཆོས༔ ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར༔ བར་གྱི་ལྷ་སྲིན་ལས་ལ་ཆོས༔ གཉན་དང་ཀླུ་བདུད་ཁྱོད་ཀྱི་འབངས༔ སྟོང་གསུམ་ཀླུ་གཉན་ལས་ལ་ཆོས༔ བཀའ་སྲུང་དྲེགས་པ་ཁྱོད་ཀྱི་སྡེ༔ དམ་ཅན་རྒྱ་མཚོ་ལས་ལ་ཆོས༔ སྣང་སྲིད་ལྷ་འདྲེ་ཁྱོད་ཀྱི་འབངས༔ ལྷ་འདྲེའི་སྡེ་དཔུང་དགྲ་ལ་རྒྱུག༔ སྟོང་གསུམ་གཞི་བདག་ཁྱོད་ཀྱི་འཁོར༔ ཡུལ་ལྷའི་དམག་དཔུང་ལས་ལ་ཆོས༔ ཁམས་གསུམ་སེམས་ཅན་ཁྱོད་ཀྱི་སྡེ༔ མ་ལུས་མ་ཐོགས་དགྲ་ལ་རྒྱུག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ གནམ་ལ་ལྷ་དམག་འཚུབས་ཤིང་སོང་༔ བར་སྣང་སྡེ་བརྒྱད་གཡོ་ཞིང་སོང་༔ ས་གཞི་ལྷ་འདྲེས་གང་ཞིང་སོང་༔ ནམ་མཁར་སྤྲིན་ནག་འཐིབས་ཤིང་སོང་༔ བར་སྣང་གློག་དམར་འཁྱུགས་ཤིང་སོང་༔ ས་གཞིར་ཐོག་སེར་འབེབས་ཤིང་སོང་༔ གཟའ་སྐར་ཐང་ལ་འབེབས་ཤིང་སོང་༔ ལྟས་ངན་ཡོ་ལང་གཡོ་ཞིང་སོང་༔ ནད་མུག་ན་བུན་འཐིབས་ཤིང་སོང་༔ སྣང་སྲིད་འོད་ཀྱིས་འགེང་ཞིང་སོང་༔ བྱ་ཚོགས་འུར་སྒྲ་འདོན་ཞིང་སོང་༔ གཅན་གཟན་ངར་སྐད་འདོན་ཞིང་སོང་༔ བླ་འབོད་ལྷང་ལྷང་སྒྲོགས་ཤིང་སོང་༔ བླ་འཛིན་ལྕགས་ཀྱུ་ཐོགས་ཤིང་སོང་༔ བླ་བཅིངས་དྲྭ་བ་གཤམ་ཞིང་སོང་༔ འུག་པའི་ཧ་ཧ་རྒོད་ཅིང་སོང་༔ བྱ་རོགས་ཤ་སྐད་སྒྲོགས་ཤིང་སོང་༔ ཝ་མོ་ཉིན་བརྒྱལ་བྱེད་ཅིང་སོང་༔ སྤྱང་མོ་ངུ་འདུར་བྱེད་ཅིང་སོང་༔ སྒོ་ཁྱིས་ཀི་སྒྲ་འདོན་ཞིང་སོང་༔ དུད་འགྲོ་མི་གཏམ་སྨྲ་ཞིང་སོང་༔ ཕོ་བདུད་བསྭོ་སྒྲ་སྒྲོགས་ཤིང་སོང་༔ མོ་བདུད་ངུ་འབོད་བྱེད་ཅིང་སོང་༔ ཐེའུ་རང་མི་གཟུགས་སྟོན་ཞིང་སོང་༔ དགྲ་བོའི་ཡུལ་དུ་དམག་སྣ་དྲོངས༔ དགྲ་བོའི་སྟེང་དུ་དྲག་ཏུ་རྒྱུག༔ བླ་མཆོད་ཕུག་གི་ཕུང་འདྲེར་བསྒྱུར༔ བསྲུང་བཟློག་བྱས་ཚད་རང་གཤེད་ཕོབས༔ དགྲ་བོའི་རིམ་གྲོ་གང་བྱས་ཚད༔ ཁོ་རང་སྲོག་གི་གཤེད་དུ་ཕོབས༔ བཟློག་དར་འཁོར་ལོ་རྫས་སྔགས་ཀུན༔ དགྲ་བོ་ཁོ་ཡི་བདུད་དུ་ཕོབས༔ ཕན་པའི་ལས་ཀ་བྱས་ཚད་ཀུན༔ དགྲ་བོ་ཁོ་རང་ཕུང་གཞིར་བསྒྱུར༔ ཕོ་རྒྱུད་རྩ་བ་རྩད་ནས་ཆོད༔ མོ་རྒྱུད་རྩ་བ་མངལ་ནས་སྐོམས༔ དགྲ་བོའི་དམག་ཇག་གྲི་ཁར་སོད༔ དགྲ་བོའི་ཚོང་པ་དགྲ་ལ་སྤྲོད༔ དགྲ་བོའི་སྨན་པ་རྦབ་དྲིལ་སོད༔ དགྲ་བོའི་མགྲིན་པོ་ཆུ་གྲིར་སོད༔ དགྲ་བོའི་སྐྱེས་པ་ཧུར་ཐུམ་སོད༔ མ་སྲུའི་བྲང་བརྡུང་བྱེད་དུ་ཆུགས༔ དགྲ་བོའི་མནའ་མ་འགགས་གྲིར་སོད༔ དྭ་ཕྲུག་མུ་གེས་འཆི་རུ་ཆུགས༔ དགྲ་བོའི་མཁར་ཁང་རྨིང་ནས་བསྒྱེལ༔ དགྲ་བོའི་ཉེ་བ་གཤེད་དུ་ཕོབས༔ དགྲ་བོའི་ཕུ་ནུ་བདུད་དུ་ཕོབས༔ ནང་འཐབ་འཁྲུག་རྩོད་བྱེད་དུ་ཆུགས༔ བདག་གི་སྲུང་བ་གོས་དུམ་སྐྲ༔ བྱིན་རླབས་རྟེན་གསུམ་གང་རུང་ཡང་༔ དགྲ་བོས་འཆང་སྤྱོད་བྱས་འགྱུར་ན༔ རེག་ཕུང་ཧ་ལ་བཞིན་བསྒྱུར་ལ༔ ཕུང་ཉེས་བརླག་པའི་རྫས་སུ་བསྒྱུར༔ དགྲ་བོའི་ཤ་ལ་རྔམས་ཟས་ཀྱིས༔ ཤ་ཕུད་བྲུབ་དོང་ཁ་རུ་ཁྱེར༔ དགྲ་བོའི་ཁྲག་ལ་རྔམས་པར་རོལ༔ སྙིང་ཁྲག་བྲུབ་དོང་ནང་དུ་ཕོབས༔ དགྲ་བོའི་སྲོག་རྩ་རྒལ་ནས་ཆོད༔ གློ་སྙིང་མངོན་སུམ་ཁྱེར་ལ་ཤོག༔ དགྲ་བོའི་དབུགས་ལེན་ཤན་པ་མཛོད༔ མིང་ཡིག་རྩང་གིས་ངོས་ལ་ཕོབས༔ དགྲ་བོའི་བླ་རྐུས་ལིང་གར་ཕོབས༔ ཙ་སྒྲ་བཤུད་སྒྲ་འདོན་དུ་ཆུག༔ སྲུང་བྱེད་རིམ་གྲོའི་དུས་མ་སྒུགས༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ ཟ་ཞག་གྲངས་སུ་མ་འདའ་བར༔ སྙིང་ཁྲག་ཁར་སྐྱུགས་སྐད་ཅིག་སོད༔ ནད་གཏོང་བཟློག་བཅོས་མ་སྒུགས་པར༔ ནང་རོལ་འོག་སྒོར་བཤལ་ཆུགས་སོད༔ ཕན་གྲོགས་ཉེ་དུ་མ་བཙུད་པར༔ ནད་དང་རིམས་ཀྱི་དལ་ཁ་ཕོབས༔ སྐྱོབ་པའི་བླ་བཙུན་དང་ཕྲོལ་ལ༔ རེག་ཕུང་དུག་གི་ཡོ་ལངས་ཐོབས༔ མ་གཡེལ་མྱུར་དུ་ལས་ལ་རྒྱུག༔ མ་འགྱངས་དོ་ནུབ་ཉིད་དུ་སོད༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ སྨོས་པ་ཇི་བཞིན་ཕྲིན་ལས་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་ཨུ་མ་དཱེ་ཝི་ག་ཎ་པ་ཏི་ཡ་མ་རཱ་ཙ་རཱ་ཧུ་ལ་བཛྲ་ས་དྷུ་ཏི་པ་རཱ་ཙ༔ ནཱ་ག་ཙནྟྲི་ནཱ་ག་རཱ་ཙ་དགྲ་བོ་མཱ་ར་ཡ་རྦད་སོད༔ མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ ས་མ་ཡ་ཆོ་ཆོ་རྒྱུག་རྒྱུག་བྷྱོ་བྷྱོ༔ ཞེས་དྲག་ཏུ་བསྐུལ༔ གཏོར་མ་ཁྲག་སྐྱེམས་ཕྱི་ལ་དོར༔ དར་བརྡབ༔ འུར་རྡོ་འཕང༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་སོགས་པའི་བཀའ་སྲུང་དྲེགས་པའི་སྡེ་ཚོགས་ཐམས་ཅད་ཀྱི་མཚོན་ཐུན་སྣ་ཚོགས་ཐོགས་ཏེ་དགྲ་བོའི་ཡུལ་དུ་སོང་ནས་དགྲ་བོ་མི་ནོར་འཁོར་དང་བཅས་པ་མེ་འབར་ཆུ་ཡིས་བསད་པ་ལྟར་སོང་བར་བསམ༔ དུས་གསུམ་དུ་ནི་བསྐུལ་བར་བྱ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ སྣོད་མིན་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་སྨོན་ལམ་ལས་ཀྱིས་འབྲེལ་བའི་སློབ་བུ་མཁྱེན་རབ་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏན་ལ་ཕབ་སྟེ་དག་པར་ཕབ་པའི་ཡི་གེ་པ་ནི་རྒྱ་མཚོའི་མིང་མཐའ་ཅན་དེ་ཉིད་དོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།