ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་སྲོག་དབང་རྡོ་རྗེ་ཕ་ལམ༔

From Dudjom Wiki
TTDL-ZABTER-08-NYA-047
Wylie title zab gsang mkha' 'gro'i snying thig las: gnod sbyin shan pa dmar nag gi srog dbang rdo rje pha lam: TTDL-ZABTER-08-NYA-047.pdf
Location bdud 'joms gling pa zab gter
Volume 8, Text 47, Pages 429-432 (Folios 1a1 to 2b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gnod sbyin shan pa dmar nag gi srog dbang rdo rje pha lam. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 429-432. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: srog dbang   Verso: bdud 'joms bka' srung shan pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur  ·  Protector Entrustment Rituals- srog gtad
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་སྔགས་འཆང་བདུད་འཇོམས་རྡོ་རྗེས་གཏེར་ནས་སྤྱན་དྲངས་ཏེ་འབྲོས་ཕུག་མཁའ་འགྲོའི་འདུ་ཁང་དུ་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang sngags 'chang bdud 'joms rdo rjes gter nas spyan drangs te 'bros phug mkha' 'gro'i 'du khang du shog ser las zhal bshus te dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་སྲོག་དབང་རྡོ་རྗེ་ཕ་ལམ་བཞུགས་སོ༔ (བརྡ་ཡིག་) རྗེ་བཙུན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ གནོད་སྦྱིན་ཤན་པ་དམར་ནག་གི༔ སྲོག་དབང་རྡོ་རྗེ་ཕ་ལམ་ནི༔ ལག་ཏུ་ལེན་པའི་རིམ་པ་ནི༔ གཏོར་མ་བརྗིད་ལྡན་འཁོར་གྲངས་ཀུན༔ ཚང་བར་བྱས་ཏེ་དམ་ཆུ་བཞག༔ སྐུ་དང་སྲོག་ཡིག་སྔགས་འཁོར་བཅས༔ མཛེས་ཤིང་ཡིད་དུ་འོང་བའི་མདུན༔ མཆོད་པ་བཤམས་ལ་གཞུང་བསྲང་བསྒྲུབ༔ ཡི་དམ་ལྷ་ཡི་དབང་རྫོགས་མཐར༔ ཧོཿ གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ༔ དམ་ཚིག་དབང་གིས་སྤྱན་འདྲེན་ནོ༔ གསང་བའི་གནས་འདིར་བཞུགས་སུ་གསོལ༔ ཛ་ཏིཥྛ༔ ཧོཿ སྐལ་ལྡན་བུ་རྣམས་ལེགས་པར་ཉོན༔ བཀའ་ཡི་སྲུང་མ་དགོངས་སུ་གསོལ༔ བསྒྲུབ་མཆོག་སྐལ་ལྡན་ལུས་བྱེད་ཅིང་༔ དབྱེར་མེད་བརྩེ་གདུང་སྲུང་མས་མཛོད༔ སྔོན་ཚེ་པདྨའི་སྤྱན་སྔ་རུ༔ བརྒྱུད་འཛིན་སྐྱོང་བར་ཞལ་བཞེས་བཞིན༔ དམ་ཚིག་གཉན་ལ་མ་འདའ་བར༔ དེ་རིང་ཕྱིན་ཆད་སློབ་བུ་དང་༔ དབང་ཆེན་གནོད་སྦྱིན་ཤན་པ་གཉིས༔ དབྱེར་མེད་ལུས་དང་གྲིབ་མ་བཞིན༔ སྐད་ཅིག་མི་འབྲལ་མནའ་ཐོ་མཛོད༔ རྗེས་ཟློས་ནི༔ ས་མ་ཡ་ན་ར་ཀན༔ ན་མོ་གུ་རུ་བུདྡྷ་ཡ༔ དེ་ནས་དམ་ཆུ་ཐོགས་ལ༔ ཧོཿ སྐལ་ལྡན་ཁྱོད་ཀྱིས་མཆོད་བསྟོད་མཛོད༔ གནོད་སྦྱིན་ཆེན་པོས་ཕྲིན་ལས་སྒྲུབས༔ བཀའ་འདི་འདའ་དཀའ་རྡོ་རྗེའི་ཚིག༔ ཆུ་འདི་དམ་ཚིག་རྡོ་རྗེའི་ཆུ༔ བསྲུང་ན་ཚེ་གཅིག་མངོན་སངས་རྒྱས༔ ཉམས་ན་བརླག་ཅིང་དམྱལ་བར་ལྟུང་༔ ས་མ་ཡ་ན་ར་ཀན༔ དེ་ནས་སྐུ་གཏད་ལ༔ ཧཱུྃ་ཧྲཱིཿསྣང་སྲིད་དབང་བསྒྱུར་དབང་གི་སྐུ༔ ཕྲིན་ལས་ཐོགས་མེད་དྲག་པོའི་སྐུ༔ དགྲ་དང་བགེགས་ལ་གནོད་པ་སྟེར༔ བསྟན་དགྲའི་སྲོག་གི་ཤན་པ་ཆེ༔ ཁམས་གསུམ་རྣམ་རྒྱལ་མེ་ཁྱུང་ཆིབས༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ གནོད་སྦྱིན་དམར་ནག་འཁོར་བཅས་ལ༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ༔ དེ་ནས་སྔགས་འཁོར་ཐོགས་ལ༔ ཧཱུྃ༔ གནོད་སྦྱིན་ཆེན་པོའི་གསུང་གི་སྒྲ༔ ཀྵ་སྒྲས་འཇིག་རྟེན་འཇིགས་པར་བྱེད༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ༔ དེ་ནས་ཧཱུྃ་དམར་ཐོགས་ལ༔ ཧཱུྃ༔ ཧཱུྃ་ནི་གནོད་སྦྱིན་ཆེན་པོའི་ཐུགས༔ འཁོར་འདས་ཡོངས་ཀྱི་སྲོག་ཐིག་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ སྲོག་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་ཀྲོ་ཏ་རྨ་རུ་རྩེ་གུ་ཎ་ཧྲཱིཿཧཱུྃ་ཕཊ༔ ཙིཏྟ་ཨ་བྷི་ཥིཉྩ༔ དེ་ནས་བྷྱོ་ཡིག་ཐོགས་ལ༔ ཧཱུྃ༔ མ་མོ་གསོད་བྱེད་དམར་མོ་ཡི༔ ཐུགས་སྲོག་ས་བོན་ཡི་གེ་བྷྱོ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ མ་ཚོགས་སྲོག་ལ་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ ཞི་བའི་ལས་མཛད་རྣམ་པར་རྒྱལ༔ རྒྱས་པའི་ལས་མཛད་རྣམ་ཐོས་སྲས༔ དབང་གི་ལས་མཛད་རྟ་མཆོག་དཔལ༔ དྲག་པོའི་ལས་མཛད་མིག་དམར་གཟའ༔ ཕྲིན་ལས་ལྷུན་གྲུབ་གནོད་སྦྱིན་ཆེ༔ སྤྲུལ་འཁོར་བརྒྱད་དང་ཡང་འཁོར་བརྒྱད༔ མངགས་གཞུག་བཀའ་སྡོད་དུང་ཕྱུར་འབུམ༔ ཐུགས་རྗེའི་ཐབས་དང་རྟེན་འབྲེལ་དང་༔ ཆོས་ཉིད་བདེན་པ་མི་བསླུ་བར༔ དམ་ཚིག་དབང་གིས་གཏོར་མར་འདུས༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ དབང་དྲག་གནོད་སྦྱིན་དམར་ནག་དང་༔ སྤྲུལ་འཁོར་བཀའ་སྡོད་བཅས་པ་རྣམས༔ བསྒྲུབ་བརྟེན་ལས་ལ་དབང་འབྱོར་གྱིས༔ སྲོག་དབང་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས༔ སརྦ་ས་པ་རི་ཝཱ་ར་ཙིཏྟ་ཨ་བྷི་ཥིཉྩ༔ དེ་ནས་ཐུན་རྫས་ཐོགས་ལ༔ ཧཱུྃ༔ བསྟན་དགྲ་སྒྲོལ་ཕྱིར་རྡོ་རྗེའི་མཚོན༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ ཆོས་སྐྱོང་བྲན་དུ་ཁོལ་བ་དང་༔ དགྲ་བགེགས་མ་ལུས་བསྒྲལ་བ་ཡི༔ དྲག་པོ་མཐུ་ཡི་དབང་ཐོབ་ཤོག༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་ས་མ་ཡ་སརྦ་ཨ་བྷི་ཥིཉྩ༔ ས་མ་ཡ༔ ཞེས་མཐའ་རྟེན་གཏད༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ ཨོ་རྒྱན་མཁན་པོ་པདྨའི་བཀའ་བཞིན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་སྲུང་སྔགས་བདག་མ་མོའི་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་སྔགས་འཆང་བདུད་འཇོམས་རྡོ་རྗེས་གཏེར་ནས་སྤྱན་དྲངས་ཏེ་འབྲོས་ཕུག་མཁའ་འགྲོའི་འདུ་ཁང་དུ་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།། །།