ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་སྲོག་དབང་འཁོར་ལོས་སྒྱུར་བ༔

From Dudjom Wiki
TTDL-ZABTER-08-NYA-046
Wylie title zab gsang mkha' 'gro'i snying thig las: gnod sbyin shan pa dmar nag gi srog dbang 'khor los sgyur ba: TTDL-ZABTER-08-NYA-046.pdf
Location bdud 'joms gling pa zab gter
Volume 8, Text 46, Pages 419-428 (Folios 1a1 to 5b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gnod sbyin shan pa dmar nag gi srog dbang 'khor los sgyur ba. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 419-428. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: srog dbang   Verso: bdud 'joms bka' srung ma shan pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur  ·  Protector Entrustment Rituals- srog gtad
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity Shan pa dmar nag
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སྲིན་མོ་ལྗོངས་ཀྱི་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རྟེན་འབྲེལ་དུས་ལ་བབ་པ་ས་ཕོ་སྟག་གི་ལོར་སྨར་མདོ་བཀྲ་ཤིས་འཁྱིལ་ཁུག་ཏུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rje khro lod rtsal gyis srin mo ljongs kyi shwa brag rdo rje nas gdan drangs te mi lo nyi shu'i bar du bka' rgya byas te mthar rten 'brel dus la bab pa sa pho stag gi lor smar mdo bkra shis 'khyil khug tu dag par phab pa'i yi ge pa ni phun tshogs bkra shis so/ /dge'o/ /dge'o/ /dge'o/ /sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་སྲོག་དབང་འཁོར་ལོས་སྒྱུར་བ་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གནོད་སྦྱིན་ཤན་པ་ཆེན་པོ་འདི༔ བསྒྲུབ་པའི་སྐྱེས་བུ་གང་སུ་དག༔ དང་པོ་དབང་འདི་མ་ཐོབ་ན༔ བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་གྱི༔ དེ་ཕྱིར་དབང་འདི་མཆོག་ཏུ་གཅེས༔ མ་འོངས་དུས་ཀྱི་བརྒྱུད་འཛིན་རྣམས༔ དང་པོ་ཡི་དམ་ལྷ་བསྒྲུབ་ཅིང་༔ བསྙེན་སྒྲུབ་ལས་སྦྱོར་ཚད་རྫོགས་མཐར༔ དྲེགས་པ་སྲོག་ལེན་དམར་པོ་འདི༔ བསྒྲུབ་པར་འདོད་པའི་སྐྱེས་བུ་རྣམས༔ དབང་མཆོག་ཟབ་མོ་འདི་ཐོབ་གནད༔ དེ་ནས་བླ་མས་སློབ་བུ་ལ༔ དབང་བསྐུར་བྱེད་པའི་ལག་ལེན་ནི༔ སྔོན་དུ་ཡི་དམ་ལྷ་གཞུང་བསྲང་༔ དེ་ནས་དབང་གི་ཆས་རྣམས་ཀུན༔ གཞུང་བཞིན་ལེགས་པར་ཚང་བྱས་ཏེ༔ ལས་གཞུང་བསྲངས་ཏེ་བསྙེན་སྒྲུབ་འབུངས༔ དེ་ནས་བསྐུར་བའི་རིམ་པ་ནི༔ དང་པོ་ཁྲུས་བྱས་བགེགས་བསྐྲད་ནས༔ སློབ་མས༔ ཀྱཻ༔ སངས་རྒྱས་ཀུན་འདུས་བླ་མ་རྗེ༔ བདག་ཅག་སྐལ་ལྡན་བུ་མཆོག་ལ༔ གནོད་སྦྱིན་ཤན་པ་དམར་ནག་གི༔ སྲོག་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ༔ དེ་ནས་བླ་མས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ དབང་མཆོག་ཟབ་མོ་ལེགས་བསྐུར་བགྱི༔ དྲེགས་པ་འདི་ནི་རྟག་བསྟེན་ཅིང་༔ བསྟན་དགྲའི་སྲོག་ལ་རྒོལ་མཛོད་ཅིག༔ དེ་ནས་སློབ་མ་གནོད་སྦྱིན་དམ་ཚིག་པར་བསྒོམ༔ གནོད་སྦྱིན་ཆེན་པོའི་སྐུ་གཏད་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གནོད་སྦྱིན་ཆེན་པོའི་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་སྟེ༔ བསྟན་དགྲ་མ་ལུས་སྒྲོལ་བར་ཤོག༔ ཡེ་ཤེས་པ་སྤྱི་བོར་ཐིམ་པས་དམ་ཡེ་གཉིས་སུ་མེད་པར་གྱུར༔ བརྣག་པ་ཙམ་གྱིས་བསྟན་དགྲ་སྒྲོལ་བའི་ཕྲིན་ལས་ལ་དབང་བསྒྱུར་བར་བསམ༔ ཨེ་ཧེ་རྨ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ས་མ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་མི་ལྤགས་གཡང་གཞི་བསྐོན་ལ༔ ཧཱུྃ༔ མི་སྲུན་དྲག་པོའི་སྐུ་མཆོག་ལ༔ ཞིང་ཆེན་གཡང་གཞི་འདི་བསྐོན་པས༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ བསྟན་དགྲ་སྒྲོལ་བའི་དབང་ཐོབ་ཤོག༔ མ་ཏྲཾ་རཱུ་ཏྲ་ཧཱུྃ༔ དེ་ནས་གླང་ཆེན་ཀོ་རློན་བསྐོན་ལ༔ ཧཱུྃ༔ མི་སྲུན་འཇིགས་བྱེད་དྲག་པོ་ལ༔ གླང་ཆེན་ཀོ་རློན་འདི་བསྐོན་པས༔ སྲིད་གསུམ་ཟིལ་གྱིས་གནོན་པ་དང་༔ དགྲ་བགེགས་ཀུན་སྒྲོལ་མཐུ་ཐོབ་ཤོག༔ ཧ་ལ་ཏི་ར་ཙ་ཧཱུྃ༔ དེ་ནས་སྟག་ལྤགས་ཤམ་ཐབས་བསྐོན་ལ༔ ཧཱུྃ༔ འཇིགས་བྱེད་དྲག་ཤུལ་བདག་པོ་ལ༔ སྟག་ལྤགས་ཤམ་ཐབས་འདི་བསྐོན་པས༔ དྲེགས་པ་ཀུན་གྱི་སྲོག་འཕྲོག་ཅིང་༔ ཞིང་བཅུ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རཀྵ་སིདྡྷི་ཧཱུྃ༔ དེ་ནས་དཔྲལ་བར་ཐལ་ཚོམ་བྱུག་ལ༔ ཧཱུྃ༔ སྲོག་བདག་མི་སྲུན་དྲག་པོ་ལ༔ ཐལ་ཆེན་ཚོམ་བུ་འདི་བཀོད་པས༔ ལྟ་ལོག་མི་སྲུན་སྲོག་གཅོད་ཅིང་༔ བསྟན་པ་བསྲུང་བའི་དབང་ཐོབ་ཤོག༔ ཡཀྵ་ཀྲོ་ཏ་ཧཱུྃ༔ མཁུར་ཚོས་ལ་རཀྟ་བྱུག་ཅིང་༔ ཧཱུྃ༔ འཇིགས་བྱེད་ཡཀྴ་དམར་ནག་ལ༔ རཀྟའི་ཐིག་ལེ་འདི་བྱུག་པས༔ མུ་སྟེགས་བདུད་སྡེ་ཆོམ་གྱུར་གྱིས༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ ཀ་ལ་རཱུ་པ་མཱ་ར་ཡ་ཕཊ༔ དེ་ནས་ཞག་གི་ཟོ་རིས་གཏད་ལ༔ ཧཱུྃ༔ མི་ཟན་སྲོག་བདུད་ཆེན་པོ་ལ༔ ཞག་གི་ཟོ་རིས་འདི་བྱུག་པས༔ བསྟན་དགྲའི་སྲོག་དབུགས་ཤ་ཁྲག་རོལ༔ རྣམ་དག་ས་ལ་འདྲོང་ནུས་ཤོག༔ ཤ་ཏྲུཾ་ཨ་མུ་ཀཱ་མཱ་ར་ཡ་ཧཱུྃ༔ དེ་ནས་སྦྲུལ་ཆུན་གཏད་ལ༔ ཧཱུྃ༔ དམར་ནག་དབང་དྲག་གཏུམ་པོ་ལ༔ སྦྲུལ་ལྔའི་ཆུན་པོ་འདི་གཏད་པས༔ ཀླ་ཀློ་བདུད་ཀྱི་སྡེ་བཅོམ་ཞིང་༔ དགྲ་རྣམས་མ་ལུས་བརླག་གྱུར་ཅིག༔ ཧ་ལ་ཧ་ལ་དགྲ་བོ་མཱ་ར་ཡ་རྦད༔ དེ་ནས་ཐོད་ཕྲེང་གཏད་ལ༔ ཧཱུྃ༔ དམར་ནག་རབ་འཇིགས་ཆེན་པོ་ལ༔ ཐོད་པའི་ཕྲེང་བ་འདི་གཏད་པས༔ ཐོགས་བཅས་ཐོགས་མེད་དགྲ་དང་བགེགས༔ ལྷ་ཡང་རུང་སྟེ་སྒྲོལ་ནུས་ཤོག༔ བིགྷྣན་ཤ་ཏྲུཾ་མཱ་ར་ཡ་རྦད༔ དེ་ནས་གསང་ཡུམ་གཏད་ལ༔ ཧཱུྃ༔ དབང་དྲག་གཏུམ་རྔམས་ཆེན་པོ་ལ༔ གསང་བ་ཡུམ་གྱི་དབང་བསྐུར་བས༔ མ་མོ་གསོད་བྱེད་སྙིང་འཕྲོག་མའི༔ སྲོག་ལ་དབང་བསྒྱུར་དབང་ཐོབ་ཤོག༔ གྷྲཾ་བྷྱོ་ཨ་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཁྱུང་དམར་པོ་གཏད་ལ༔ ཧཱུྃ༔ སྟོང་གསུམ་དབང་བྱེད་ཆེན་པོ་ལ༔ མེ་ཁྱུང་རླུང་གཤོག་འདི་གཏད་པས༔ སྟོང་གསུམ་སྐད་ཅིག་བསྐོར་བ་དང་༔ ས་བདག་ཀླུ་གཉན་ཀུན་འཇོམས་ཤོག༔ ཁྲོཾ་ག་རུ་ཌ་ཧཱུྃ༔ དེ་ནས་རལ་གྲི་གཏད་ལ༔ ཧཱུྃ༔ སྲོག་བདག་འཇིགས་བྱེད་ཆེན་པོ་ལ༔ རལ་གྲི་ཟངས་ཡག་འདི་གཏད་པས༔ དགྲ་དཔུང་རྡུལ་དུ་བརླག་པ་དང་༔ བགེགས་དཔུང་ཚར་གཅོད་དབང་ཐོབ་ཤོག༔ བཛྲ་སྤུ་གྲི་ཛ་ཧཱུྃ༔ དེ་ནས་གྲི་གུག་གཏད་ལ༔ ཧཱུྃ༔ སྲོག་བདག་མི་སྲུན་དྲག་པོ་ལ༔ དབང་གི་གྲི་གུག་འདི་གཏད་པས༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ དགྲ་བགེགས་བཀུག་བསྒྲལ་དབང་ཐོབ་ཤོག༔ བཛྲ་ཏྲི་ཤུ་ཙིཏྟ་ཧཱུྃ༔ དེ་ནས་སྙིང་དང་རྒྱུ་ཞགས་གཏད་ལ༔ ཧཱུྃ༔ སྲོག་བདུད་མི་སྲུན་འཇིགས་བྱེད་ལ༔ སྙིང་དང་རྒྱུ་ཞགས་འདི་གཏད་པས༔ དགྲ་བགེགས་མ་ལུས་བཀུག་ཅིང་བསྡུས༔ སྲོག་སྙིང་མངོན་སུམ་འབྱིན་ནུས་ཤོག༔ ཙིཏྟ་སྤུ་གྲི་ཛ་ཧཱུྃ༔ དེ་ནས་ཐོད་ཕྲེང་དང་ཐོད་ཁྲག་ཐོགས་ལ༔ ཧཱུྃ༔ དབང་དྲག་མངོན་སྤྱོད་བདག་པོ་ལ༔ ཐོད་ཕྲེང་བྷན་ཁྲག་འདི་གཏད་པས༔ སྐད་ཅིག་སྟོང་གསུམ་རྩིས་འདེབས་ཤིང་༔ དགྲ་བགེགས་སྙིང་ཁྲག་འདྲེན་པར་ཤོག༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ དེ་ནས་སྤྲུལ་འཁོར་བརྒྱད་གཏད་ལ༔ ཧཱུྃ༔ འཇིགས་བྱེད་དྲག་ཤུལ་བདག་པོ་ལ༔ སྤྲུལ་འཁོར་བརྒྱད་ཀྱི་དབང་བསྐུར་བས༔ དྲི་ཟ་གཤིན་རྗེ་ཀླུ་གནོད་སྦྱིན༔ མེ་ལྷ་སྲིན་པོ་རླུང་ལྷ་དང་༔ དབང་ལྡན་སྡེ་ཚོགས་འཁོར་བཅས་ཀྱི༔ སྲོག་ལ་དབང་བསྒྱུར་དབང་ཐོབ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་དང་ས་བདག་འཁོར་ལོ་བསྒྱུར་རྒྱལ་གཉིས་ཀྱི་སྐུ་གཏད་ལ༔ ཧཱུྃ༔ མངོན་སྤྱོད་ལས་ཀྱི་བདག་པོ་ལ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་དང་༔ ས་བདག་འཁོར་ལོས་སྒྱུར་རྒྱལ་གྱི༔ དབང་འདི་བསྐུར་རོ་འཁོར་འདས་ཀྱི༔ སྲོག་ལ་དབང་བསྒྱུར་དབང་ཐོབ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ནོར་བདག་ཨ་པ་རའི་སྐུ་གཏད་ལ༔ ཧཱུྃ༔ ཁམས་གསུམ་སྲོག་གི་བདག་པོ་ལ༔ ནོར་བདག་ཆེན་པོའི་སྐུ་གཏད་དོ༔ གནོད་སྦྱིན་གཏེར་བདག་ཐམས་ཅད་ཀྱི༔ སྲོག་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ཨ་པ་ར་ཙིཏྟ་རྨ་རུ་རྩེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལྷ་སྲིན་སྡེ་བརྒྱད་ཀྱི་སྐུ་གཏད་ལ༔ ཧཱུྃ༔ སྣང་སྲིད་ཡོངས་ཀྱི་དབང་པོ་ལ༔ སྡེ་བརྒྱད་འཁོར་བཅས་དབང་བསྐུར་རོ༔ ཀུན་གྱི་སྲོག་ལ་དབང་ཐོབ་ནས༔ བསྟན་དགྲའི་སྡེ་དཔུང་འཇོམས་པར་ཤོག༔ ཨཿ ཡཿ མཿ དུཿ རུཿ ཙཿ ཤཿ ནཿ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐུན་རྫས་སྣ་ཚོགས་གཏད་ལ༔ ཧཱུྃ༔ མི་སྲུན་གསོད་བྱེད་ཆེན་པོ་ལ༔ དྲག་པོའི་ཐུན་རྫས་འདི་གཏད་པས༔ འགུགས་བསྒྲལ་ལས་ལ་བརྩོན་ཙམ་གྱིས༔ དགྲ་བོ་སྒྲོལ་བའི་དབང་ཐོབ་ཤོག༔ སརྦ་ཨ་མུ་ཀ་ཀཱ་ལ་རཱུ་པ་མཱ་ར་ཡ་རྦད་སོད༔ དེ་ནས་ཟོར་ཀོང་གཏད་ལ༔ ཧཱུྃ༔ ཕུང་བྱེད་དྲག་ཤུལ་བདག་པོ་ལ༔ དྲག་པོའི་ཟོར་ཆེན་འདི་གཏད་དོ༔ དགྲ་བགེགས་ལོག་འདྲེན་གང་ཡང་རུང་༔ ཟོར་འཕང་ཙམ་གྱིས་བརླག་གྱུར་ཅིག༔ མཱ་ར་ཡ་ཕཊ༔ མེ་ཧོམ་གཏད་ལ༔ ཧཱུྃ༔ འཇིགས་བྱེད་མེ་འབར་ཆེན་པོ་ལ༔ དྲག་པོའི་ཞལ་ཧོམ་འདི་གཏད་པས༔ དགྲ་བགེགས་ལོག་འདྲེན་གང་ཡང་རུང་༔ ལྷ་ཡང་རུང་སྟེ་བསྲེག་ནུས་ཤོག༔ ཨ་མུ་ཀ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ༔ དེ་ནས་རི་རབ་གཏད་ལ༔ ཧཱུྃ༔ འཇིགས་བྱེད་སྟོབས་ལྡན་ཆེན་པོ་ལ༔ རི་རབ་འབར་བ་འདི་གཏད་པས༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཀུན༔ འགུགས་བསྒྲལ་མནན་གཏད་དབང་ཐོབ་ཤོག༔ ཤ་ཏྲུཾ་ཨ་མུ་ཀ་མཱ་ར་ཡ་ཕཊ༔ དེ་ནས་གཏོར་མ་གཏད་ལ་གནོད་སྦྱིན་ཡེ་ཤེས་པ་འཁོར་དང་བཅས་པ་ཡོངས་སུ་རྫོགས་པར་བསམ་ཞིང་༔ ཧཱུྃ༔ རིག་འཛིན་སྔགས་འཆང་དམ་པ་ལ༔ དཀྱིལ་འཁོར་ཡོངས་རྫོགས་གཏོར་མའི་དབང་༔ བསྐུར་རོ་བསྒྲུབ་ལ་དབང་ཐོབ་ནས༔ སྐད་ཅིག་མི་འབྲལ་གྲོགས་བྱེད་ཅིང་༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་ཤོག༔ མཎྜ་ལ་བ་ལིང་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་སློབ་བུའི་ལག་ཏུ་གཏད༔ དམ་ཆུ་ལྕེ་ལ་བཞག་ཅིང་གཏོར་མ་ལ་བྲན༔ ཧོཿ འདི་ནི་རྒྱལ་བ་སྲས་བཅས་ཀྱིས༔ ཞལ་གྱིས་ཕྱོགས་ལ་སྤྱན་གྱིས་གཟིགས༔ འདུན་པ་ཆེན་པོ་བླ་ན་མེད༔ སྔགས་འཆང་དམ་པ་ཁྱོད་ཉིད་དང་༔ གནོད་སྦྱིན་ཤན་པ་དམར་ནག་གཉིས༔ སྐད་ཅིག་འབྲལ་བར་མ་བྱེད་ཅིག༔ རྣལ་འབྱོར་ཁྱོད་ཀྱིས་གསོལ་མཆོད་མཛོད༔ བཀའ་སྲུང་གཉན་པོས་ཕྲིན་ལས་སྒྲུབས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ མནའ་ཐོ་གྱིས་ཤིག་ལྷ་མི་གཉིས༔ ས་མ་ཡ་ན་ར་ཀན༔ ཞེས་བསྐྱལ་བཅུག་ལ༔ སྙིང་གར་ཡི་དམ་གྱི་ལྷ་བསྐྱེད་དུ་གཞུག་ལ༔ མི་འགྱུར་བའི་རྒྱས་གདབ་བོ༔ དེ་ནས་སྔགས་འཁོར་གཏད་ལ༔ ཧཱུྃ༔ རིག་འཛིན་སྔགས་ཀྱི་སྐྱེས་བུ་ལ༔ རྩ་བའི་སྔགས་ཀྱི་དབང་བསྐུར་རོ༔ བཟླས་པ་ཙམ་གྱིས་འགྲུབ་གྱུར་ནས༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་ཤོག༔ གནོད་སྦྱིན་ཤན་པ་དམར་ནག་འཁོར་དང་བཅས་པའི་གསུང་སྔགས་རྣམས་ལ་དབང་ཐོབ་པར་གྱུར་ཅིག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཕ་འོང་ལོང་བུ་ལ་སྲོག་སྙིང་བྲིས་ཏེ་དབུས་སུ་གཞུག་པའི་སྲོག་འཁོར་གཏད་ལ༔ ཧཱུྃ༔ གནོད་སྦྱིན་ཤན་པ་འཁོར་བཅས་ཀྱི༔ ཐུགས་གསང་འདུས་པ་སྲོག་གི་རྟེན༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཐུགས་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མདོས་གཟུགས་གཏད་ལ༔ ཧཱུྃ༔ གནོད་སྦྱིན་ཤན་པ་འཁོར་བཅས་ཀྱི༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ དཀྱིལ་འཁོར་དང་ནི་ལས་རྣམས་ཀུན༔ དྲན་པ་ཙམ་གྱིས་འགྲུབ་པ་ཡི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྨོན་ལམ་བཏབ་ཅིང་བཀྲ་ཤིས་བརྗོད༔ དབང་འདི་ཐོབ་པའི་རྣལ་འབྱོར་གྱིས༔ བསྒྲུབ་ཅིང་གསོལ་མཆོད་ལ་བརྩོན་ན༔ ནོར་དང་ལོངས་སྤྱོད་ཀུན་འཕེལ་ཞིང་༔ སྣང་སྲིད་ཐམས་ཅད་དབང་དུ་འདུ༔ དགྲ་བགེགས་ལོག་འདྲེན་ཚར་གཅོད་ཅིང་༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་གྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སྲིན་མོ་ལྗོངས་ཀྱི་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རྟེན་འབྲེལ་དུས་ལ་བབ་པ་ས་ཕོ་སྟག་གི་ལོར་སྨར་མདོ་བཀྲ་ཤིས་འཁྱིལ་ཁུག་ཏུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།