ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི༔ སྨད་ལས་དགྲ་བགེགས་ཡོངས་སྒྲོལ༔

From Dudjom Wiki
TTDL-ZABTER-08-NYA-061
Wylie title zab gsang mkha' 'gro'i snying thig las: gnod sbyin shan pa dmar nag gi: smad las dgra bgegs yongs sgrol: TTDL-ZABTER-08-NYA-061.pdf
Location bdud 'joms gling pa zab gter
Volume 8, Text 61, Pages 519-530 (Folios 1a1 to 6b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gnod sbyin shan pa dmar nag gi smad las dgra bgegs yongs sgrol. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 519-530. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: smad las   Verso: bdud 'joms bka' srung shan pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ཀྱིས། །གསེར་སྨད་སྲིན་ལྗོངས་བྲག་རྡོ་རྗེ། །རྟ་མགྲིན་ཐུགས་ཀྱི་གནས་མཆོག་ནས། །གསང་གཏེར་གཉན་པོའི་སྒོ་ཕྱེས་ཚེ། །མན་ངག་ཡང་ཟབ་འདི་ཉིད་གཅེས། །ཤིན་ཏུ་གཉན་པས་ལོ་ཉི་ཤུར། །བཀའ་རྒྱས་བཏབ་ཅིང་མཐར་རྟེན་འབྲེལ། །དུས་བབ་ས་ཕོ་སྟག་གི་ལོར། །མ་མོ་དཔལ་ལྡན་རེ་མ་ཏཱིས། །ཡང་ཡང་བསྐུལ་བས་དེ་ཕྱིར་ཕབ། །ཡི་གེ་རིག་པའི་རྡོ་རྗེས་བྲིས། །དགེའོ། །ཨྠིྀ། མངྒ་ལཾ།།

khrag 'thung rdo rje khro lod kyis/_/gser smad srin ljongs brag rdo rje/_/rta mgrin thugs kyi gnas mchog nas/_/gsang gter gnyan po'i sgo phyes tshe/_/man ngag yang zab 'di nyid gces/_/shin tu gnyan pas lo nyi shur/_/bka' rgyas btab cing mthar rten 'brel/_/dus bab sa pho stag gi lor/_/ma mo dpal ldan re ma tIs/_/yang yang bskul bas de phyir phab/_/yi ge rig pa'i rdo rjes bris/_/dge'o/_/a+thi+-i/__mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི༔ སྨད་ལས་དགྲ་བགེགས་ཡོངས་སྒྲོལ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དྲག་པོ་སྔགས་ཀྱི་རྣལ་འབྱོར་པས༔ དགྲ་བགེགས་གདུག་པ་བསྒྲལ་འདོད་ན༔ དཀྱིལ་འཁོར་དབུས་སུ་ཨེ་ཁང་ནི༔ ཟུར་གསུམ་རིམ་པ་གསུམ་དུ་བྱས༔ འོག་མར་གྲི་ཁྲག་དུག་སྣས་བྱུགས༔ བར་མ་མཆོད་རྟེན་ཞིག་ས་དང་༔ ཕུང་ཤུལ་ས་དང་ཕུང་མཁར་ས༔ ཁྱི་ཁྲག་ཕག་ཁྲག་ར་ཡི་ཁྲག༔ བྱུག་ཅིང་བང་རིམ་སྟེང་མ་ལ༔ ཐུན་རྫས་ཁྱི་སྤྱང་བྲུན་དང་ནི༔ སྤོས་ཕྱེ་ལ་སོགས་འདག་པ་བྱུག༔ དེ་སྟེང་རྩང་གི་ར་བས་བསྐོར༔ མཐའ་མར་འཁོར་བརྒྱད་གཏོར་མས་བསྐོར༔ སྟེང་དུ་མཉྫི་ཁྲི་ཡི་ཁར༔ གནོད་སྦྱིན་ཆེན་པོའི་རྟེན་གཏོར་བཞག༔ དེ་ནས་དང་པོ་ཨེ་ཁང་བསྐྱེད་པ་ལ༔ ཧཱུྃ༔ རང་ཉིད་སྐད་ཅིག་གིས་ཡི་དམ་དྲག་པོ་ཧེ་རུ་ཀར་གསལ་བའི་མདུན་མཁར་གནོད་སྦྱིན་ཤན་པ་དམར་ནག་སྐུ་ཆེ་བརྗིད་རབ་ཏུ་འཇིགས་པ་བསྐལ་པའི་མེ་རླུང་འཚུབས་མའི་ཀློང་ན་བཞུགས་པའོ༔ དེ་ཡི་འོག་ཏུ་ཁྲུ་བདུན་གྱིས་དམའ་བའི་ས་རུ་ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་གྲུ་གསུམ་པ་ཁ་དོག་ལ་གཏིང་ཡངས་པ༔ གཏི་མུག་གི་མུན་ནག་འཐིབས་ཤིང་ཞེ་སྡང་གི་མེ་དཔུང་འབར་བ༔ ང་རྒྱལ་གྱི་བྲག་རི་རྙིལ་ཞིང་འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ༔ ཕྲག་དོག་གི་རླུང་དམར་གཡོ་ཞིང་ནད་རིམས་དུག་གི་ན་བུན་འཐིབས་པ༔ མཚོན་ཐུན་སྣ་ཚོགས་ཀྱི་བུ་ཡུག་འཚུབས་ཤིང་གྲིབ་དང་གདོན་སྣ་ཚོགས་མུན་ལྟར་གཏིབས་པ་སྲུབ་དང་སྒོ་མེད་པའི་དབུས་སུ་ལིང་ག་དེ་ཉིད་ནྲྀཿལྗང་སྔོན་ཞིག་ཏུ་གྱུར་པ་ལས་འོད་ཟེར་འཕྲོས་པས་དགྲ་བོའི་བླ་སྲོག་རྣམ་པར་ཤེས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་རྔུབ་པ་བཞིན་དུ་འུབ་ཀྱིས་བསྡུས་ཏེ་ལིང་ག་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ དེ་ཡོངས་སུ་གྱུར་པ་ལས་དགྲ་བོ་དེ་ཡི་གཟུགས་ཁམས་སྐྱེ་མཆེད་ཚང་བ༔ ཁ་ངུ་བ༔ མིག་ཤི་མིག༔ ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན༔ རྐང་ལག་ལྕགས་སུ་བཅུག་པ༔ མདོག་སྔོ་ཞིང་མདངས་ཉམས་པ༔ མགོན་སྐྱབས་ཀྱི་ལྷ་དང་བྲལ་ཏེ་འདར་ཕྲི་ལི་ལི་གནས་པར་གྱུར༔ བདག་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གནོད་སྦྱིན་ཤན་པ་དམར་ནག་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་སྤྲུལ་པ་དང་ཡང་སྤྲུལ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བོའི་བླ་སྲོག་རྣམ་པར་ཤེས་པ་བྱིའུ་ཆུང་ཁྲས་དེད་པ་ལྟར་བཀུག་སྟེ་ལིང་ག་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ ཨེ་ཁང་དེ་ཡི་སྟེང་གི་ཕྱི་རིམ་འཁོར་ཡུག་ཏུ་ལས་མཁན་སྤྲུལ་པའི་འཁོར་བརྒྱད༔ བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་སྤྲུལ་འཁོར་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་དགྲ་བོའི་སྲོག་ལ་རྔམས་ཤིང་ཤ་ཁྲག་ལ་དགྱེས་པའི་ཚུལ་གྱིས་མཚོན་ཐུན་སྣ་ཚོགས་ཕྱར་ནས་བསྐོར་བར་བསྒོམ༔ དེ་ནས་འགུགས་གཞུག་འདི་ལ་འབད་པར་བྱའོ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བཀའ་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་ཅིང་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པས་ཡིད་ལ་བརྣག་པའི་དགྲ་བོ་ཆེ་གེ་མོའི་བླ་སྲོག་རྣམ་པར་ཤེས་པ་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ བསྟིམས་ཤིག༔ གཉིས་སུ་མེད་པར་གྱུར་ཅིག༔ ཅེས་ཐུན་རེ་ལ་བརྒྱ་རྩ་རེ་བརྗོད་མཐར༔ ལིང་ག་དང་དགྲ་བོའི་རྣམ་པར་ཤེས་པ་དབྱེར་མེད་དུ་འདྲེས༔ ནད་དང་དུག་དང་གྲིབ་རིགས་ཐམས་ཅད་འདུས་པའི་མུན་པ་ནག་པོས་བསྟུམ༔ ཐར་འཆོར་མེད་པའི་སྒོང་རྒྱུར་ཚུད་ནས་ཐིབས་ཀྱིས་བརྒྱལ་བར་བསམ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿ ཏྲི་གྷྲཾ་བྷྱོ༔ ཤཾ་ར་བྷྱོ༔ པུ་རུ་ཛ༔ གྷྲིག་ཧ་ལ༔ གྷྲན་ཏ་ཡ༔ གྱིན་ཏ་ཡ་རྦད་སོད༔ པུ་རུ་སྙིང་རྩེ༔ ཨ་པ་ལམ་ཆེ་གེ་མོ་མཱ་ར་ཡ་སོད༔ རང་རྒྱུག་སྲོག་ལ་རྒྱུག༔ ཤ་ལ་རྔམས༔ དབུགས་ལ་འུབ༔ ཁྲག་ལ་འཇིབ༔ ཙིག་ཙིག༔ ཆེ་གེ་མོའི་སྲོག་ལ་ཡཾ་ཡཾ༔ སྐབས་འདིར་སུམ་བརྒྱ་རེ་བཟླའོ༔ དེ་ནས་རྦད་བསད་གང་གི་སྐབས་ཡིན་ཡང་དེ་ལ་འཇུག༔ ནམ་གྱི་སྲོད་ལ་ནན་དུ་བསྐུལ་མཐར་འགུགས་གཞུག་བྱས་ཏེ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿ ཏྲི་ཨཿ ཡཿ མཿ དུཿ རུཿ ཙཿ ཤཿ ནཿ ས་མ་ཡ༔ ཆོ་ཆོ་རྒྱུག་རྒྱུག༔ དགྲ་བོ་ཆེ་གེ་མོའི་བླ་ཁུག་ཁུག་ཟུངས་ཟུངས་ཆོམས་ཆོམས་མཱ་ར་ཡ་ཆིངས་ནན༔ ཅེས་བརྒྱ་རྩ་བརྗོད༔ དགྲ་བོའི་བླ་དང་ལིང་ག་གཉིས་ཆུ་ལ་ཆུ་བཞག་པ་ལྟར་གཉིས་མེད་འདྲེས་ཤིང་དབྱེར་མི་ཕྱེད་པར་བསམ༔ བསད་པའི་དུས་སུ་བསད་རྟགས་སྟོན་བྱུང་ན་མི་བསད་མཚོན་གྱིས་ལིང་ག་ལ་བརྡེག་ཚུལ་བྱ་ཞིང་ཐུན་གྱིས་བྲབ་ལ༔ ཧཱུྃ༔ གནོད་སྦྱིན་ཆེན་པོའི་དུས་ལ་བབ༔ ཤན་པ་ཆེན་པོའི་དུས་ལ་བབ༔ དམར་མོ་མི་ཟན་དུས་ལ་བབ༔ སྲོག་བདུད་དམར་ནག་དུས་ལ་བབ༔ སྤྲུལ་འཁོར་བརྒྱད་ཀྱི་དུས་ལ་བབ༔ ལྷ་སྲིན་སྡེ་བརྒྱད་དུས་ལ་བབ༔ ཡང་འཁོར་བྱེ་བའི་དུས་ལ་བབ༔ དམ་ཉམས་དགྲ་བོ་ལས་ངན་འདི༔ ནད་རིམས་དུག་དང་གྲིབ་ཀྱིས་སོད༔ མཚོན་ཐུན་སྣ་ཚོགས་དབལ་གྱིས་ཐོབས༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ བླ་སྲོག་དོན་སྙིང་ནང་རོལ་བཅས༔ ལྷག་མ་མེད་པར་ཧུབ་ཀྱིས་ཐོབས༔ རྗེས་ཤུལ་མེད་པར་ཇུར་མིད་ཐོང་༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ གཟིར་ཞིང་བསད་པའི་ཕྲིན་ལས་མཛོད༔ ཨེ་ཧེ་དམའ་རུ་རྩེ་ཆེ་གེ་ནྲྀཿཔཱ་ཤཾ་ཀུ་རུ་རྦད༔ སྙིང་ལ་ཐུམ་རིལ་ཙིཏྟ་རྦད༔ སྲོག་ལ་ཕྱག་ཆོད་རྦད༔ སོད་སོད་སྙིང་ཕྱུངས་སྲོག་རྩ་ལ་རྦད༔ ཐུམ་ནྲྀཿཆེ་གེ་སོད་སོད་རྦད༔ རྨ་རུ་རྩེ་ཆེ་གེའི་སྲོག་ལ་མཱ་ར་ཡ་རྦད་སོད༔ འདི་ཞག་གསུམ་ལ་བཟླས་ཤིང་༔ བདག་དང་གནོད་སྦྱིན་ཆེན་པོས་དགྲ་བོའི་ཚེ་སྲོག་བསོད་ནམས་བཀྲག་མདངས་དང་བཅས་པ་ཧུབ་ཀྱིས་འདེབས་པས་འུབ་ཀྱིས་རྔུབ་པར་ཡང་ཡང་བསམ་མོ༔ ཡང་བར་སྐབས་སུ༔ གནོད་སྦྱིན་ཤན་པ་ཆེན་པོའི་གྲི་གུག་གིས་དགྲ་བོའི་སྙིང་བཤག་པའི་ནང་ནས་སྲོག་གི་ངོ་བོ་རླུང་ཁྲག་ནྲྀཿཡིག་ཐམས་ཅད་ལྷག་མ་ཙམ་ཡང་མ་ལུས་པར་འུབ་ཀྱིས་རྔུབ་ཤིང་མྱག་མྱག་གསོལ་བར་བསམ༔ བསད་པ་ལ་མ་ཁུག་པའི་སྔ་ཐོག་ཏུ་ལྷ་དབྱེ་བའི་རྫས་རྣམས་ཀྱིས་བདུག་ཅིང་༔ འདི་ལྟར་ལྷ་དབྱེ་བྱ༔ ཧཱུྃ༔ ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་རྣམས༔ བདག་གི་མགོན་སྐྱབས་དཔུང་ལ་བསྐུལ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ མགོན་སྐྱབས་བྱེད་པའི་ལྷ་དང་ཕྲོལ༔ ཧཱུྃ༔ དབང་དྲག་འབར་བའི་དཀྱིལ་འཁོར་ནས༔ གནོད་སྦྱིན་ཆེན་པོའི་དུས་ལ་བབ༔ དམ་ཉམས་སྡང་བའི་དགྲ་བོ་འདི༔ མགོན་སྐྱབས་བྱེད་པའི་ལྷ་དང་ཕྲོལ༔ ལས་མཁན་སྤྲུལ་པའི་འཁོར་བརྒྱད་པོ༔ ཁྱེད་ཅག་ཐུགས་དམ་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ མགོན་སྐྱབས་བྱེད་པའི་ལྷ་དང་ཕྲོལ༔ བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་ཚོགས༔ ཁྱེད་ཅག་དམ་ཚིག་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ མགོན་སྐྱབས་བྱེད་པའི་ལྷ་དང་ཕྲོལ༔ ཕུང་བར་བྱེད་པའི་སྲི་དང་སྤྲོད༔ ཟ་བར་བྱེད་པའི་འདྲེ་དང་སྤྲོད༔ ཀྱཻ༔ དགྲ་བོའི་ལྷ་དང་སྲུང་མ་རྣམས༔ མ་ལུས་བདག་གི་བཀའ་ལ་ཉོན༔ དམ་ཉམས་སྡིག་ཅན་དགྲ་བོ་འདིས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ རྣལ་འབྱོར་བདག་ལ་དོ་བསྡོ་བྱས༔ འདི་ནི་བསྒྲལ་བའི་ཞིང་ཡིན་པས༔ མགོན་དང་དཔུང་གཉེན་མ་བྱེད་ཅིག༔ སྐྱབས་དང་དཔུང་གྲོགས་མ་བྱེད་ཅིག༔ རྡོ་རྗེ་འཛིན་དང་པདྨ་འབྱུང་༔ རིག་འཛིན་བརྒྱུད་པའི་བཀའ་ཡིན་གྱིས༔ དགྲ་བོ་འདི་ཡི་སྲོག་རྩ་ཆོད༔ ད་ནི་མགོན་སྐྱབས་མ་བྱེད་ཅིག༔ གལ་ཏེ་སྐྱབས་མགོན་དཔུང་བྱེད་ན༔ རྡོ་རྗེ་འཛིན་ནས་བརྒྱུད་པ་ཡི༔ བླ་མ་རྣམས་ཀྱི་བཀའ་ཆད་ཀྱིས༔ ཁྱོད་ཀྱི་མགོ་འགས་སྙིང་བསྲེགས་ཏེ༔ རྡོ་རྗེ་དམྱལ་བའི་གནས་སུ་ལྟུང་༔ དེ་བས་བཀའ་ལས་མ་འདའ་བར༔ དགྲ་འདི་ང་ཡི་དབང་གྱིས་ལ༔ ཁྱོད་ཅག་མ་འདུག་ཕྱིར་དེངས་ཤིག༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿ ཏྲི་ཨཿ ཡཿ མཿ དུཿ རུཿ ཙཿ ཤཿ ནཿ ས་མ་ཡ༔ དགྲ་བོ་ལྷ་དང་ཕྱེས་ཕྱེས༔ ཨ་ནྲྀ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཱུ་ཏྲ་མཱ་ར་ཡ་ཕྱེས་ཕྱེས༔ ཨ་ནྲྀ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཱུ་ཏྲ་མཱ་ར་ཡ་ཕྱེས་ཕྱེས༔ དགྲ་བོའི་འགོ་བའི་ལྷ་སྲུང་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བཟླས༔ གཏོར་མ་འབྲུ་ཟན་འཆང་རྗེས་ཐུན་གྱིས་བྲབ་པས་དགྲ་བོའི་སྐྱོབ་བྱེད་ཀྱི་ལྷ་སྲུང་ཐམས་ཅད་ཀྱིས་དགྲ་བོ་དེ་བོར་ནས་རང་རང་གི་གནས་སུ་སོང་བར་བསམ་མོ༔ དེ་ནས་རྦད་བསད་ཀྱི་དུས་རྣམས་སུ༔ དགྲ་བོ་འགུགས་པའི་ལས་བྱེད་པ་ནི༔ ཧཱུྃ༔ རབ་འཇིགས་རྔམས་པའི་དུར་ཁྲོད་ནས༔ གནོད་སྦྱིན་ཤན་པ་ཆེན་པོ་ཡི༔ སྤྲུལ་པའི་ལས་མཁན་ཕོ་ཉར་འགྱེད༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ སྣང་སྲིད་ལྷ་འདྲེ་འབངས་སུ་སྡུད༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ སྣང་སྲིད་ཁམས་འདིར་གར་གནས་ཀྱང་༔ བྱིའུ་ཆུང་ཁྲ་ཡིས་དེད་པ་བཞིན༔ ནམ་མཁའི་ཁམས་ནས་ཁུག་ལ་ཤོག༔ ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར༔ བར་སྣང་ཁམས་ནས་ཁུག་ལ་ཤོག༔ ཤ་ཁྱིས་རི་དྭགས་དེད་པ་བཞིན༔ ས་གཞིའི་ཁམས་ནས་ཁུག་ལ་ཤོག༔ ལོ་དང་ཟླ་བར་མ་འགྱང་བར༔ ད་ལྟ་ཉིད་དུ་ཁུག་ལ་ཤོག༔ གཟུགས་མིང་རཱུ་པ་འདི་ལ་ཁུག༔ གཉིས་སུ་མེད་པར་ཐིམ་པར་མཛོད༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ༔ དགྲ་བོའི་བླ་ཚེ་སྲོག་གསུམ་ཁུག་ཛ༔ ཁུག་ཛ་ནན༔ ནྲྀ་ཨཾ་ཀུ་ཤ་ཡ་ཛ་ཛཿཐུན་དང་པོ་ལ་དེ་ལན་གསུམ༔ གཉིས་པ་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ གནོད་སྦྱིན་ཤན་པ་དམར་ནག་ཁྱོད༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ བརྣག་པའི་དགྲ་བོ་བྱད་དུ་ཆུགས༔ སྤྲུལ་པ་ལས་ཀྱི་ཕོ་ཉ་ནི༔ ཕྱོགས་བཅུའི་སྡེ་དཔོན་ཆེན་པོ་དང་༔ འཁོར་ཚོགས་བྱེ་བ་འབུམ་སྡེའི་ཚོགས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ བརྣག་པའི་དགྲ་བོ་བྱད་དུ་ཆུགས༔ བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་ཚོགས༔ འཁོར་དང་ཡང་འཁོར་གཡོག་ཡང་གཡོག༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ བརྣག་པའི་དགྲ་བོ་བྱད་དུ་ཆུགས༔ མ་འགྱང་མ་བུལ་ལས་མ་གཡེལ༔ དུས་ལ་བབ་པོ་ས་མ་ཡ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿ ཏྲི་ཨཿ ཡཿ མཿ དུཿ རུཿ ཙཿ ཤཿ ནཿ ས་མ་ཡ་དགྲ་བོ་མྱོག་མྱོག་རྨུག་རྨུག་ཐུམ་རི་ལི་ལི་མཱ་ར་ཡ་ཧུར་ཐུམ་རྦད༔ དེ་ནས་གསུམ་པ་ལ༔ ཧཱུྃ༔ དམར་ནག་རབ་འཇིགས་མི་སྲུན་པ༔ གནོད་སྦྱིན་དྲག་པོ་མཐུ་རྩལ་ཅན༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ སྨྱོ་ཞིང་བརྒྱལ་ནས་རེངས་སུ་ཆུགས༔ ཧཱུྃ༔ གནོད་སྦྱིན་ཤན་པ་དམར་ནག་གི༔ སྤྲུལ་པའི་ལས་མཁན་ཆེན་པོ་བརྒྱད༔ འཁོར་ཚོགས་བྱེ་བ་འབུམ་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ སྨྱོ་འབོགས་བརྒྱལ་ནད་དྲག་པོས་ཐོབས༔ ཧཱུྃ༔ གནོད་སྦྱིན་ཤན་པ་ཆེན་པོ་ཡི༔ བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་ཚོགས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ སྨྱོ་ཞིང་འབོག་བརྒྱལ་རེངས་སུ་ཆུགས༔ དམ་ལ་མ་འདའ་ས་མ་ཡ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿ ཏྲི་ཨཿ ཡཿ ཡཿ དུཿ རུཿ ཙཿ ཤཿ ནཿ དགྲ་བོ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་མཱ་ར་ཡ་རྦད་རྦད་སོད༔ ཐུན་བཞི་པ་ལ༔ ཧཱུྃ༔ དྲག་པོ་མི་སྲུན་སྲོག་ལེན་པ༔ གནོད་སྦྱིན་ཆེན་པོའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློགས༔ ཧཱུྃ༔ ལས་མཁན་སྤྲུལ་པའི་འཁོར་བརྒྱད་དང་༔ ཕྱོགས་བཅུའི་འབངས་འཁོར་བཅས་པ་རྣམས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཚོགས༔ སྤྲུལ་འཁོར་ཡང་འཁོར་དུས་ལ་བབ༔ དམ་ཚིག་གཉན་པོའི་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ དྲག་པོ་ཐུན་མཚོན་འཁྲུལ་འཁོར་གྱིས༔ རྡུལ་ཕྲན་བཞིན་དུ་ཕྱེ་མར་ཐུལ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿ ཏྲི་ཨཿ ཡཿ མཿ དུཿ རུཿ ཙཿ ཤཿ ནཿ ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཐུལ་ཐུལ་རྦད་རྦད་སོད་སོད་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ བསད་པའི་སྐབས་སུ་དུས་བཞི་རུ༔ འདི་དག་སྦྱར་ནས་འབད་པ་ཡིན༔ འདི་ཉིད་ཉམས་སུ་ལེན་པའི་མི༔ དྲག་པོ་དམོད་པའི་ལས་འདི་ལ༔ བརྩོན་ནས་གནད་དུ་བསྣུན་གྱུར་ན༔ དགྲ་དཔུང་རྡོ་རྗེ་ཡིན་ཡང་འཇིག༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ ཆེ་ཞིང་དྲེགས་པའི་དཔལ་ཡོན་ཐོབ༔ ཕྱོགས་རྣམས་ཀུན་ལས་ངེས་པར་རྒྱལ༔ འདི་ནི་ཤིན་ཏུ་ཟབ་ཅིང་གཉན༔ རབ་ཏུ་གཅེས་པའི་མན་ངག་བཅུད༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ལྡན་བརྒྱུད་འཛིན་བུ་སློབ་སྐྱོངས༔ དམ་ཉམས་ལོག་ལྟའི་དབང་པོ་སྣུབས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ཀྱིས། །གསེར་སྨད་སྲིན་ལྗོངས་བྲག་རྡོ་རྗེ། །རྟ་མགྲིན་ཐུགས་ཀྱི་གནས་མཆོག་ནས། །གསང་གཏེར་གཉན་པོའི་སྒོ་ཕྱེས་ཚེ། །མན་ངག་ཡང་ཟབ་འདི་ཉིད་གཅེས། །ཤིན་ཏུ་གཉན་པས་ལོ་ཉི་ཤུར། །བཀའ་རྒྱས་བཏབ་ཅིང་མཐར་རྟེན་འབྲེལ། །དུས་བབ་ས་ཕོ་སྟག་གི་ལོར། །མ་མོ་དཔལ་ལྡན་རེ་མ་ཏཱིས། །ཡང་ཡང་བསྐུལ་བས་དེ་ཕྱིར་ཕབ། །ཡི་གེ་རིག་པའི་རྡོ་རྗེས་བྲིས། །དགེའོ། །ཨྠིྀ། མངྒ་ལཾ།། །།