ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཟའ་བདུད་ནག་པོའི་བསྐང་བ༔

From Dudjom Wiki
TTDL-ZABTER-09-TA-011
Wylie title zab gsang mkha' 'gro'i snying thig las: gza' bdud nag po'i bskang ba: TTDL-ZABTER-09-TA-011.pdf
Location bdud 'joms gling pa zab gter
Volume 9, Text 11, Pages 55-56 (Folios 1a1 to 1b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gza' bdud nag po'i bskang ba. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 55-56. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang ba   Verso: bdud 'joms bka' srung gza' bdud
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་ལྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མཐར་སྔགས་སྐྱེས་ཆེན་པོ་བསོད་ནམས་རྒྱལ་དང་ཀླུ་འབུམ་རྒྱལ་གཉིས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རང་སློབ་བསོད་ནམས་ལྡེའུ་བཙན་ནོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gser smad lnga la stag rtse'i g.yas logs rdo rje brag nas bton te mthar sngags skyes chen po bsod nams rgyal dang klu 'bum rgyal gnyis kyis bskul ngor gtan la phab pa'i yi ge pa ni rang slob bsod nams lde'u btsan no/_/dge'o/_/legs so/_/sarba mang+ga laM/

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཟའ་བདུད་ནག་པོའི་བསྐང་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) གཟའ་བདུད་ནག་པོའི་བསྐང་བ་ལ༔ སྨན་དང་ཤ་ཁྲག་སྙིང་སྣ་དང་༔ ར་ཡི་མཆིན་པ་འབྲུ་སྣ་བཤམས༔ གཏོར་མ་དཀར་དམར་གསེར་ཆང་སྐྱེམས༔ སྤྱན་གཟིགས་འབྱོར་ཚོགས་སྣ་ཚོགས་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ༔ བསྐྱེད་དང་དམིགས་པའི་གནད་ལྡན་པས༔ ཀྵ༔ དད་པ་དང་ནི་དམ་ཚིག་གིས༔ གཟའ་བདུད་ནག་པོ་སྤྱན་འདྲེན་ནོ༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བསྙེན་བསྒྲུབ་གནས་འདིར་རྟག་བཞུགས་ནས༔ རབ་འབྱམས་ཕྲིན་ལས་ཡོངས་སུ་སྒྲུབས༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ སྨན་དང་འབྲུ་སྣ་བཟའ་བཏུང་རིགས༔ ཤ་ཁྲག་སྙིང་སྣ་ར་མཆིན་དང་༔ དར་གོས་དཀོར་ནོར་གོ་མཚོན་རིགས༔ མཐུན་དང་མཆོད་བསྐང་བརྟེན་བསྒྲུབ་རྫས༔ འདོད་ཡོན་ནམ་མཁའ་མཛོད་ཀྱི་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོ་འདིས༔ གཟའ་བདུད་ནག་པོའི་ཐུགས་དམ་བསྐང་༔ གདོང་མོ་མཆེད་བཞིའི་ཐུགས་དམ་བསྐང་༔ སྤྲུལ་པའི་གཟའ་བརྒྱུད་ཐུགས་དམ་བསྐང་༔ རྒྱུ་སྐར་ཉེར་བརྒྱུད་ཐུགས་དམ་བསྐང་༔ ལྷ་སྲིན་སྡེ་བརྒྱུད་ཐུགས་དམ་བསྐང་༔ དཔལ་མགོན་བདུན་ཅུའི་ཐུགས་དམ་བསྐང་༔ བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་༔ ཡུལ་ལྷ་གཞི་བདག་ཐུགས་དམ་བསྐང་༔ ཐུགས་ཀྱི་མི་བཞེད་ཉེས་ཚོགས་བཤགས༔ དགྱེས་ཤིང་བྱམས་བརྩེས་བདག་སྐྱོངས་ལ༔ གང་འདུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ གདུག་པའི་དགྲ་བགེགས་ཚར་ཆོད་ཅིག༔ འགུགས་བསྒྲལ་མནན་གཟིར་ཕྲིན་ལས་ལ༔ རྦད་བསྐུལ་དུས་སུ་ལས་མ་འགྱང་༔ བཀའ་དམ་གཉན་པོ་དཔང་དུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ དེ་ལྟར་གྲངས་མང་བཏང་བ་ཡིས༔ ཕྲིན་ལས་ཐོགས་པ་མེད་པར་འགྲུབ༔ ནང་དུ་བྱམས་ཤིང་དགྲ་ལ་རྣོ༔ མི་འབྲལ་གྲོགས་སུ་ངེས་པར་འཁོར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་ལྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མཐར་སྔགས་སྐྱེས་ཆེན་པོ་བསོད་ནམས་རྒྱལ་དང་ཀླུ་འབུམ་རྒྱལ་གཉིས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རང་སློབ་བསོད་ནམས་ལྡེའུ་བཙན་ནོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།