ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་མཆོད་གསོལ་འདོད་ཡོན་སྤྲིན་དཔུང་༔

From Dudjom Wiki
TTDL-ZABTER-09-TA-014
Wylie title zab gsang mkha' 'gro'i snying thig las: dam can rdo rje legs pa'i mchod gsol 'dod yon sprin dpung: TTDL-ZABTER-09-TA-014.pdf
Location bdud 'joms gling pa zab gter
Volume 9, Text 14, Pages 77-88 (Folios 1a1 to 6b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dam can rdo rje legs pa'i mchod gsol 'dod yon sprin dpung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 77-88. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: mchod gsol   Verso: bdud 'joms bka' srung dam can
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་གཏན་ལ་ཕབ་པའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te mi lo nyer lnga'i bar du bka' rgya byas mthar o rgyan rdo rjes bskul ngor gtan la phab pa'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་མཆོད་གསོལ་འདོད་ཡོན་སྤྲིན་དཔུང་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ར་ཀ་ཡེ༔ (བརྡ་ཡིག་) དངོས་སུ་འབྱོར་བའི་མཆོད་པ་ནི༔ རི་རབ་རོལ་མཚོའི་ཚུལ་དུ་བཀོད༔ ཡིད་ཀྱིས་ཀུན་བཟང་མཆོད་སྤྲིན་བསྒྱུར༔ སྔགས་ཀྱིས་ནམ་མཁའ་མཛོད་དུ་སྤེལ༔ ར་ཡི་ཤ་ཁྲག་གསུར་མཆོད་བཏང་༔ དེ་ནས་རོལ་མོའི་སྒྲ་ལྡན་པས༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་བྱོན་སྲུང་མ་ཆེ༔ རྡོ་རྗེ་ལེགས་པ་གཤེགས་སུ་གསོལ༔ རྩུབ་འགྱུར་ཚལ་ནས་གཤེགས་སུ་གསོལ༔ བསིལ་བ་ཚལ་ནས༴ བདེ་ཆེན་བརྡལ་ནས༴ པདྨ་བརྩེགས་ནས༴ ལང་ཀ་བརྩེགས་ནས༴ གསང་ཆེན་རོལ་ནས༴ རབ་འཇིགས་ཚལ་ནས༴ ཉེར་བཞིའི་གནས་ནས༴ སོ་གཉིས་ཡུལ་ནས༴ གནས་བཅུའི་ཚལ་ནས༴ དུར་ཁྲོད་ཀུན་ནས༴ མ་ལ་ཡ་ནས༴ གནམ་ལྕགས་རི་ནས༴ བྱ་རྒོད་སྤུངས་ནས༴ གཙུག་ལག་ཀུན་ནས༴ ཆོས་འཁོར་ཡོངས་ནས༴ བྲེ་མོ་ལུང་ནས༴ དབུ་རུ་ཞྭ་ནས༴ འཛམ་གླིང་ཀུན་ནས༴ སྒྲ་མི་སྙན་ནས༴ ལུས་འཕགས་གླིང་ནས༴ བ་ལང་སྤྱོད་ནས༴ སྒྲུབ་གནས་ཀུན་ནས༴ དགོན་གནས་ཀུན་ནས་གཤེགས་སུ་གསོལ༔ རེ་འགའ་དགེ་བསྙེན་བཙུན་པའི་ཚུལ༔ སེར་ཆགས་ཡོངས་ཀྱི་སྲུང་མ་མཛད༔ རེ་འགའ་སྔགས་འཆང་ཧེ་རུའི་ཆས༔ སྔགས་སྐྱེས་ཀུན་གྱི་ཕྲིན་ལས་བསྒྲུབ༔ རེ་འགའ་ཤ་ཟ་ཁྲག་འཐུང་ཚུལ༔ དུར་ཁྲོད་ཀུན་ཏུ་རྒྱུ་ཞིང་གནས༔ རེ་འགའ་དཔའ་བོ་རྔམས་པའི་ཚུལ༔ གནས་ཡུལ་ཀུན་ཏུ་རྒྱུ་ཞིང་གནས༔ རེ་འགའ་བཀའ་སྲུང་དྲེགས་པའི་ཚུལ༔ ཆོས་འཁོར་སྒྲུབ་གནས་ཀུན་ཏུ་ཉུལ༔ རེ་འགའ་མགར་བ་ནག་པོའི་ཆས༔ གཞི་བདག་ཡུལ་ལྷའི་རྒྱལ་པོ་མཛད༔ རེ་འགའ་ཨ་ཙ་ར་ཡི་ཆས༔ གཙུག་ལག་ཁང་གི་སྲུང་མ་མཛད༔ རེ་འགའ་མོན་པ་ཐེའུ་བྲང་ཚུལ༔ གནས་ཡུལ་ཀུན་ཏུ་རྒྱུ་ཞིང་ཉུལ༔ རེ་འགའ་མི་དཔོན་བླ་ཆེན་ཚུལ༔ འགྲོ་བ་མི་ཡི་ཁ་མགོན་བྱེད༔ རེ་འགའ་སྡེ་བརྒྱད་དམག་དཔོན་མཛད༔ བསྟན་དགྲ་དག་གི་སྲོག་དབུགས་སྡུད༔ རེ་འགའ་བགེགས་ཀྱི་རྒྱལ་པོར་བརྫུ༔ སྣང་སྲིད་ལྷ་འདྲེའི་ཁ་དཔོན་མཛད༔ ཞིང་བཅུའི་ཤ་ཁྲག་ཟས་སུ་བྱེད༔ རྫུ་འཕྲུལ་བདག་པོ་འཁོར་དང་བཅས༔ དྲག་ཤུལ་བདག་པོ་འཁོར་དང་བཅས༔ མྱུར་མགྱོགས་བདག་པོ་འཁོར་དང་བཅས༔ སྔོན་ཚེ་མ་ལ་ཡ་ཡི་རྩེར༔ གསང་བདག་རྡོ་རྗེ་འཆང་དབང་གིས༔ དམ་བཏགས་དབང་བསྐུར་བྱིན་རླབས་མཛད༔ བཀའ་དམ་གཉན་པོ་དེ་ཡིས་འབོད༔ བར་དུ་བཅོམ་ལྡན་ཤཱཀ་ཐུབ་ཀྱིས༔ དམ་བཏགས་བཀའ་བསྒོས་བྱིན་རླབས་མཛད༔ དམ་པ་ཆོས་ཀྱི་སྲུང་མར་བསྐོས༔ བཀའ་དམ་གཉན་པོ་དེ་ཡིས་འབོད༔ དེ་འོག་དགའ་རབ་ཤྲཱི་སེང་དང་༔ རིག་འཛིན་བརྒྱད་དང་པདྨ་འབྱུང་༔ གྲུབ་ཆེན་བརྒྱད་ཅུ་བཅས་པ་ཡིས༔ བཀའ་བསྒོས་དམ་བཏགས་དབང་ཡང་བསྐུར༔ གསང་སྔགས་བསྟན་པའི་སྲུང་མར་བསྐོས༔ བཀའ་དམ་གཉན་པོ་དེ་ཡིས་འབོད༔ ཐ་མ་རྗེ་འབངས་གྲོགས་བཅས་ཀྱི༔ བཀའ་བསྒོས་དམ་བཏགས་དབང་ཡང་བསྐུར༔ མདོ་སྔགས་ཆོས་ཀྱི་སྲུང་མར་བསྐོས༔ བཀའ་དམ་གཉན་པོ་དེ་ཡིས་འབོད༔ མ་ཐོགས་མྱུར་དུ་འདིར་གཤེགས་ཤིག༔ ལུས་དང་གྲིབ་མའི་ཚུལ་བཞིན་དུ༔ ང་ཡི་མདུན་སར་མཆིས་པར་མཛོད༔ སེམས་དང་ཀུན་རྟོག་ཚུལ་བཞིན་དུ༔ ང་ཡི་དམིགས་སར་མཆིས་པར་མཛོད༔ རྒྱལ་བློན་ཕོ་ཉའི་ཚུལ་བཞིན་དུ༔ ང་ཡི་ཕྲིན་ལས་གྲུབ་པར་མཛོད༔ གསོལ་མཆོད་བཀུར་སྟི་ང་ཡིས་བྱེད༔ བསམ་དོན་སྒྲུབ་པ་ཁྱོད་ཀྱིས་མཛོད༔ དམ་ཅན་ཁྱོད་དང་རྣལ་འབྱོར་བདག༔ བསྐལ་པ་ཞིག་ཀྱང་མི་འབྲལ་ལོ༔ སྲུང་མའི་མཆོག་ཏུ་མངའ་གསོལ་ལོ༔ ང་ཡི་ཚེ་རབས་ལས་ལྷ་དང་༔ གཉིས་མེད་དབྱེར་མེད་ཆེན་པོ་རུ༔ བཞུགས་ནས་མི་འབྲལ་གྲོགས་མཛོད་ཅིག༔ སྡང་བའི་དགྲ་ལ་རྦད་པའི་ཚེ༔ སྤྲུལ་པ་ལས་མཁན་བཀའ་སྡོད་ཀྱིས༔ དགྲ་བསད་དོན་སྙིང་ཁྱེར་ལ་ཤོག༔ ཀྱཻ༔ དམ་ཅན་རྡོ་རྗེ་ལེགས་པ་ལ༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ འདོད་ཡོད་ལྔ་ཡི་མཆོད་པ་འབུལ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ ར་ཡི་ཤ་ཁྲག་ཚོགས་མཆོད་འབུལ༔ དར་གདུགས་བླ་བྲེ་རྒྱལ་མཚན་འབུལ༔ འཕན་དར་ལྷབ་ལྷུབ་མཆོད་པ་འབུལ༔ དཀར་གསུམ་མངར་གསུམ་མཆོད་པ་འབུལ༔ ཤ་ཁྲག་འདོད་ཡོན་ར་གསུར་འབུལ༔ འབྲུ་སྣ་ཟས་སྣ་ཡོས་སྣ་འབུལ༔ ཇ་ཆང་འོ་སྐྱེམས་ཚོགས་ཀྱིས་མཆོད༔ བཟའ་བའི་ཟས་ཀྱིས་གསོལ་ཞིང་མཆོད༔ བཅའ་བའི་ཟས་ཀྱིས༴ ལྡག་པའི་ཟས་ཀྱིས༴ གཞིབ་པའི་ཟས་ཀྱིས༴ བཏུང་བའི་སྐོམ་གྱིས༴ དར་རས་ཚོགས་ཀྱིས༴ ཟ་འོག་ཚོགས་ཀྱིས༴ སྣམ་ཕྲུག་ཚོགས་ཀྱིས༴ གཅན་གཟན་པགས་པས༴ གོ་ཁྲབ་ཚོགས་ཀྱིས༴ མཚོན་ཆའི་ཚོགས་ཀྱིས༴ རྒྱན་ཆའི་ཚོགས་ཀྱིས༴ ཀ་ཆའི་ཚོགས་ཀྱིས༴ དཀོར་ཆའི་ཚོགས་ཀྱིས༴ མཆོད་རྫས་དུ་མས༴ བསྐང་རྫས་དུ་མས༴ རྟེན་རྫས་དུ་མས༴ སྒྲུབ་རྫས་དུ་མས༴ མཐུན་རྫས་དུ་མས༴ དམ་རྫས་དུ་མས༴ རི་དྭགས་ཚོགས་ཀྱིས༴ གཡུང་དྭགས་ཚོགས་ཀྱིས༴ གཅན་གཟན་ཚོགས་ཀྱིས༴ བྱ་རིགས་ཚོགས་ཀྱིས༴ ཆུ་གནས་ཚོགས་ཀྱིས༴ སྨན་སྣའི་ཚོགས་ཀྱིས༴ མེ་ཏོག་ཚོགས་ཀྱིས༴ དྲི་ཞིམ་སྤོས་ཀྱིས་གསོལ་ཞིང་མཆོད༔ ནམ་མཁའ་གང་བའི་མཆོད་རྫས་ཀྱིས༔ དམ་ཅན་རྡོ་རྗེ་ལེགས་པ་མཆོད༔ བར་སྣང་ཁྱབ་པའི་མཆོད་རྫས་ཀྱིས༔ དམ་ཅན་རྡོ་རྗེ་ལེགས་པ་མཆོད༔ ས་གཞི་འགེང་བའི་མཆོད་རྫས་ཀྱིས༔ དམ་ཅན་རྡོ་རྗེ་ལེགས་པ་མཆོད༔ གཟུགས་མེད་དངོས་པོར་སྤྱོད་མིན་ཕྱིར༔ དངོས་སུ་འབྱོར་བ་མ་མཆིས་ཀྱང་༔ ཡིད་སྤྲུལ་ནམ་མཁའི་མཛོད་དུ་འབུལ༔ འཕྲུལ་དགའ་གཞན་འཕྲུལ་ཏིང་འཛིན་གྱིས༔ བསྒོམ་དམིགས་ལྷ་ཡི་སྤྱོད་ཡུལ་དུ༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ བདག་ཅག་སྒྲུབ་པའི་སྐྱེས་བུ་ལ༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ དགོས་འདོད་ཡིད་བཞིན་དངོས་གྲུབ་སྩོལ༔ དགྲ་བགེགས་མ་ལུས་བརླག་པར་མཛོད༔ སྲུང་སྐྱོབ་ཕྲིན་ལས་རྟག་ཏུ་སྒྲུབ༔ མ་གཡེལ་མ་འགྱངས་ས་མ་ཡ༔ ཧོཿ དགོངས་སུ་གསོལ་ལོ༔ ལན་གསུམ༔ རྫོགས་པའི་སངས་རྒྱས་ཀྱི་ཕྲིན་ལས༔ དམ་པའི་ཆོས་ཀྱི་སྲུང་མ༔ དགེ་འདུན་ཡོངས་ཀྱི་བསྟན་སྲུང་དམ་ཅན་སྐྱེས་བུ་ཆེན་པོ་ལ་གསོལ་ལོ༔ ནམ་མཁའ་ལྷ་ཡི་དབང་པོ་སེང་ཞོན་བརྒྱ་དང་ཉི་ཤུ་ལ་གསོལ་ལོ༔ བར་སྣང་སྡེ་བརྒྱད་ཀྱི་གཙོ་བོ་བྱ་ཞོན་བརྒྱ་དང་ཉི་ཤུ་ལ་གསོལ་ལོ༔ ས་གཞི་ཀླུ་གཉན་གྱི་གཙོ་བོ་ར་ཞོན་བརྒྱ་དང་ཉི་ཤུ་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ ཧོཿ གནས་མཆོག་ཉི་ཤུ་རྩ་བཞིའི་བདག་པོ་དཔའ་བོ་སྟག་ཆས་ཅན་ལ་གསོལ་ལོ༔ ཡུལ་སུམ་ཅུ་རྩ་གཉིས་ཀྱི་བདག་པོ་ཀེང་རུས་མཆེ་གཙིགས་ཅན་ལ་གསོལ་ལོ༔ དུར་ཁྲོད་ཆེན་པོ་གནས་བརྒྱད་ཀྱི་བདག་པོ་ཨ་ཙ་ར་དང་ཐེའུ་རང་བརྒྱ་དང་བརྒྱད་ཅུ་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ ཧོཿ གཙུག་ལག་ཁང་གི་སྲུང་མ་དགེ་བསྙེན་དང་དགེ་བཙུན་གྱི་ཆ་ལུགས་འཛིན་པ་ལ་གསོལ་ལོ༔ དགོན་གནས་ཡོངས་ཀྱི་སྲུང་མ་བླ་མ་དང་དགེ་བཤེས་སུ་བརྫུས་ཏེ་མངོན་སུམ་བསྟན་པ་འཛིན་པ་ལ་གསོལ་ལོ༔ བཀའ་སྲུང་དྲེགས་པ་ཅན་གྱི་ཁ་དཔོན་བྱེད་ཅིང་བསྟན་དགྲའི་སྲོག་གི་བདུད་དུ་བབ་པ་གསོལ་ལོ༔ ཆོས་འཁོར་གཉན་པོ་སྲུང་ཞིང་བར་ཆད་ཐམས་ཅད་སྲུང་བཟློག་བྱེད་པོ་ལ་གསོལ་ལོ༔ དབེན་གནས་གཉན་པོ་ལ་རྒྱུ་ཞིང་རྣལ་འབྱོར་སྒྲུབ་པ་པོའི་ཞབས་ཏོག་སྒྲུབ་པ་ལ་གསོལ་ལོ༔ ངེས་མེད་ཀྱི་རི་སུལ་ལ་རྒྱུ་ཞིང་རྣལ་འབྱོར་རི་ཁྲོད་པའི་མཐུན་རྐྱེན་སྒྲུབ་པ་པོ་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ ཧོཿ འཛམ་བུ་གླིང་གི་རི་བྲག་ཐམས་ཅད་ལ་གནས་ཤིང་ཡུལ་ལྷ་ཡོངས་ཀྱི་ཁ་དཔོན་བྱེད་པོ་ལ་གསོལ་ལོ༔ མི་ཆེན་དང་རྗེ་དཔོན་རྒྱལ་བློན་དུ་བརྫུས་ནས་ཡུལ་སྡེ་ཐམས་ཅད་ཆོས་ལ་གཟུད་པོ་ལ་གསོལ་ལོ༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཅིང་དམ་ཚིག་གཉན་པོའི་རྗེས་གཅོད་པ་ལ་གསོལ་ལོ༔ མུ་སྟེགས་ཡོངས་ཀྱི་ངན་སྔགས་ཀྱི་བདག་པོ༔ བོན་པོ་ཡོངས་ཀྱི་ནུས་མཐུ་ལ་དབང་བ༔ བནྡེ་ཡོངས་ཀྱི་མཐུ་དམོད་ལ་རྒྱུག་པའི་སྲིད་པའི་ལྷ་སྲུང་ཆེན་པོ་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ ཧོཿ དམ་ཅན་རྡོ་རྗེ་ལེགས་པ་ལ་གསོལ་ལོ༔ ཕ་མོན་པ་ནག་པོ་ལ་གསོལ་ལོ༔ མ་མོན་མོ་ནག་མོ་ལ༴ བུ་སྐྱེས་བུ་ཆེན་པོ་ལ༴ བཛྲ་ཐིག་ལེ་རྩལ་ལ༴ མགར་བ་ནག་པོ་ལ༴ བཙན་རྒོད་ཆེན་པོ་ལ༴ དགེ་བསྙེན་ཆེན་པོ་ལ༴ དམ་ཅན་ཆེན་པོ་ལ༴ བཀའ་སྲུང་ཆེན་པོ་ལ༴ ཆོས་སྐྱོང་ཆེན་པོ་ལ༴ འཇིགས་བྱེད་ཆེན་པོ་ལ༴ དྲག་ཤུལ་ཆེན་པོ་ལ༴ དགྲ་ལྷ་ཆེན་པོ་ལ༴ ཚོང་དཔོན་ཆེན་པོ་ལ༴ དམག་དཔོན་ཆེན་པོ་ལ༴ ནོར་ལྷ་ཆེན་པོ་ལ༴ ཇག་དཔོན་ཆེན་པོ་ལ༴ མདོར་ན་གནམ་ས་ཕྱེད་ཀྱི་བདག་པོ་ལ༴ གཙང་ཆབ་ཕྱེད་ཀྱི་བདག་པོ་ལ༴ སྐྱེ་འགྲོ་ཡོངས་ཀྱི་བདག་པོ་ལ༴ བསྒྲུབ་ན་སྙིང་ཉེ་བ་ལ༴ གསོལ་ན་ཞལ་སྟོན་པ་ལ༴ མཆོད་ན་གྲོགས་བྱེད་པ་ལ༴ བསྐུལ་ན་བང་མྱུར་བ་ལ༴ བཅོལ་ན་ལས་མགྱོགས་པ་ལ༴ རྦད་ན་མཐུ་ཆེ་བ་ལ༴ མངག་ན་དྲག་ཤུལ་དང་ལྡན་པ་ལ་གསོལ་ལོ༔ མཆོད་དོ༔ འབུལ་ལོ༔ བསྟོད་དོ༔ སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག༔ དཀོན་མཆོག་གི་དབུ་འཕང་བསྟོད་ཅིག༔ དགེ་འདུན་པའི་སྡེ་སྐྱོངས་ཤིག༔ རྣལ་འབྱོར་པའི་ཕྲིན་ལས་སྒྲུབས་ཤིག༔ བདག་འཁོར་དང་བཅས་པ་ལ་དགྱེས་པའི་ཞལ་སྟོན་ཅིག༔ སྒྲུབ་པའི་རྟགས་ཕྱུངས་ཤིག༔ འདོད་པའི་དོན་སྒྲུབས་ཤིག༔ ཉིན་གྱི་བྱ་ར་གྱིས་ཤིག༔ མཚན་གྱི་མེལ་རྩེ་གྱིས་ཤིག༔ ཆུ་ལ་འགྲོ་ན་ཟམ་པ་ཚུགས་ཤིག༔ བྲག་ན་འགྲོ་ན་ཐེམ་པ་མཛོད་ཅིག༔ དགྲ་ལ་འཐབ་ན་གོ་ཁྲབ་དང་རྣོ་མཚོན་མཛོད་ཅིག༔ ར་མདའ་འགྲོ་ན་མགྱོགས་བང་མྱུར་སྣོན་སླེབས་པར་མཛོད་ཅིག༔ དགྲ་བོའི་རྐང་ལག་གྲུམ་འཆིང་གྱིས་ལ་དཔའ་ཀོངས་ཤིག༔ རྩུབ་པ་དང་ངམ་འབྲོག་ན་གནས་ཚེ་རྟེན་ས་འཇུ་ས་དང་མགོན་སྐྱབས་མཛོད་ཅིག༔ དབེན་ཁྲོད་ངེས་མེད་དུ་རྒྱུ་ཚེ་ཞབས་ཏོག་གྱིས་ལ་འཚོ་བ་སྦྱོར་ཅིག༔ གནས་ངེས་མེད་དང་ཡུལ་ངེས་མེད་དུ་རྒྱུ་ཚེ་མདུན་ནས་བསུ་མ་དང་རྒྱབ་ནས་སྐྱེལ་མ་མཛོད་ཅིག༔ གནས་གང་དུ་བསྡད་ཀྱང་བློ་ཕུག་ཆོས་ལ་འདྲེས་ཤིང་བྱ་བྱེད་ཐམས་ཅད་དམ་པའི་ཆོས་ལམ་ལ་འཛུད་པར་མཛོད་ཅིག༔ ཡུལ་ངན་དང་གྲོགས་རྐྱེན་ངན་པའི་དབང་དུ་མ་བཏང་ཞིག༔ མཐུན་རྐྱེན་དང་རོགས་ལྡན་མཛོད་ཅིག༔ སྙན་པའི་དུང་བུས་ཤིག༔ གྲགས་པའི་བ་དན་ཕྱོར་ཅིག༔ ཚེ་བསོད་དཔལ་ཡོན་མངའ་ཐང་རླུང་རྟ་བླ་གཟའ་གདུལ་བྱ་བསྟན་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་གོང་ནས་གོང་དུ་སྤེལ་བར་མཛོད་ཅིག༔ དགྲ་འོང་ན་སྙིང་ཐད་ཀར་ཕྱུང་ནས་བདག་ལ་སྤྲོད་ཅིག༔ བགེགས་བྱུང་ན་མགོ་ལུས་ཚལ་པ་སྟོང་དུ་ཁོས་ལ་རྗེས་ཤུལ་མེད་པར་མཛོད་ཅིག༔ བྱད་བྱུང་ན་བྱད་མ་ཁོ་རང་ལ་རང་གཤེད་དུ་ཕོབ་ལ་བསྒྲལ་བར་མཛོད་ཅིག༔ མདོར་ན་རྣལ་འབྱོར་པ་བདག་གི་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་ཅིང་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ས་རུ་དྲོངས་ཤིག༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ སརྦ་བཛྲ་ས་མ་ཡ༔ ཞེས་བརྗོད་བསྟོད་པ་བྱ༔ དེ་ཡིས་དམ་ཅན་བྲན་ཁོལ་ཞིང་༔ ཕྲིན་ལས་སྒྲུབ་པར་གདོན་མི་ཟ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོར་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་གཏན་ལ་ཕབ་པའོ། །དགེའོ། །སརྦ་མངྒ་ལཾ།།