ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ནོར་བདག་ཨ་པ་ར་ཙིཏྟའི་སྒྲུབ་ཐབས་དངོས་གྲུབ་གཏེར་བུམ༔

From Dudjom Wiki
TTDL-ZABTER-09-TA-022
Wylie title zab gsang mkha' 'gro'i snying thig las: nor bdag a pa ra tsit+ta'i sgrub thabs dngos grub gter bum: TTDL-ZABTER-09-TA-022.pdf
Location bdud 'joms gling pa zab gter
Volume 9, Text 22, Pages 167-180 (Folios 1a1 to 7b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las nor bdag a pa ra tsit+ta'i sgrub thabs dngos grub gter bum. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 167-180. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgrub thabs   Verso: bdud 'joms bka' srung a pa ra tsit+ta
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སླད་རྔ་ལ་སྟག་རྩེའི་གཡས་ལོགས་ན་བཏོན་ཏེ། མཐར་རྟེན་འབྲེལ་དུས་ལ་བབ་ཚེ་ཆོས་ཀྱི་བདག་པོ་གདོང་དབོན་ལྷུན་གྲུབ་རྡོ་རྗེ་དང་དགེ་ལེགས་དཔལ་བཟང་པོ་དབལ་ཤུལ་ཐུབ་བསྟན་གྲགས་པ་གསུམ་གྱིས་ནན་དུ་བསྐུལ་ངོར་གཏན་ལ་དབབ་པའི་ཡི་གེ་པ་ནི་སྐལ་ལྡན་གྱི་སློབ་བུ་མཁྱེན་རབ་རྒྱ་མཚོའོ། །དགེའོ། །དགེའོ། །དགེའི། །སརྦ་མངྒ་ལཾ།།

zhes pa 'di nyid khrag 'thung bdud 'joms rdo rjes gser slad rnga la stag rtse'i g.yas logs na bton te/_mthar rten 'brel dus la bab tshe chos kyi bdag po gdong dbon lhun grub rdo rje dang dge legs dpal bzang po dbal shul thub bstan grags pa gsum gyis nan du bskul ngor gtan la dbab pa'i yi ge pa ni skal ldan gyi slob bu mkhyen rab rgya mtsho'o/_/dge'o/_/dge'o/_/dge'i/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ནོར་བདག་ཨ་པ་ར་ཙིཏྟའི་སྒྲུབ་ཐབས་དངོས་གྲུབ་གཏེར་བུམ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) འགྲོ་བའི་དབུལ་འཕོངས་འབྱོར་རྒུད་ཀུན༔ སེལ་བྱེད་གནོད་སྦྱིན་ཨ་པ་རའི༔ སྒྲུབ་ཐབས་དངོས་གྲུབ་བང་མཛོད་འདི༔ ལག་ཏུ་ལེན་པའི་རིམ་པ་ལ༔ དང་པོ་ཤོག་བུ་དཀར་ཞིང་དྭངས་པ་བུག་རལ་མེད་པའི་ངོས་ལ་ནོར་བདག་ཨ་པར་དཀར་པོའི་སྐུ་གཟུགས་བསྐྱེད་ཆོག་ཇི་བཞིན་པ་བྲིས་ཏེ་རི་བོང་གི་སྙིང་ནང་དུ་གཞུག་ལ༔ དེ་ཡང་རི་བོང་གི་ཀླད་ཁུང་དུ་བཅུག་ལ༔ ཐོད་པ་སྟོང་ཁྱིམ་ཐམས་ཅད་སྨན་དང་རིན་པོ་ཆེ་འབྲུ་སྣས་བཀང་༔ བུག་ཚང་ཐམས་ཅད་ལ་ཆས་བཅད་ནས་ཕྱི་ཚོན་སྐུད་སྣ་ལྔས་བཅིང་བ་སྒྲུབ་རྟེན་བླ་རྡོ་དང་སྒྲུབ་པའི་རྫས་ཀྱི་མཆོག་ཏུ་སྟ་གོན་བྱས་ཏེ༔ སྒྲུབ་པ་པོ་མི་སྐད་ཁྱི་སྐད་མི་ཐོས་པའི་ས་རུ་ཕྱིན་ཏེ༔ དཀར་གསུམ་མངར་གསུམ་གྱི་སྦྲུས་པའི་གཏོར་མ་ཆེ་བརྗིད་འབྲུ་སྣས་བརྒྱན་པ་གསུམ་བྱས་ནས༔ གཅིག་བྲན་ལ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པར་སྦྱངས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་ཕྱི་ནང་གསང་བའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་ཁྱབ་ཅིང་བརྡལ་བར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད་མཐར༔ ཨོཾ་ཨཱཿཧཱུྃ༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ འདོད་ཡོན་རྒྱན་གྱི་གཏོར་མ་དང་༔ བདུད་རྩི་ཕུད་ཀྱི་མཆོད་པ་འབུལ༔ བདག་གི་ཚོགས་གཉིས་རབ་རྫོགས་ནས༔ ནོར་བདག་ཨ་པར་འགྲུབ་པ་དང་༔ འདོད་ཡོན་འབད་མེད་འབྱུང་བར་མཛོད༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུའི༔ དཀྱིལ་འཁོར་རབ་འབྱམས་ཐམས་ཅད་ལ༔ འདོད་ཡོན་རྒྱན་གྱི་གཏོར་མ་དང་༔ བདུད་རྩི་ཕུད་ཀྱི་མཆོད་པ་འབུལ༔ བདག་གི་ཚོགས་གཉིས་རབ་རྫོགས་ནས༔ ནོར་བདག་ཨ་པར་འགྲུབ་པ་དང་༔ འདོད་ཡོན་འབད་མེད་འབྱུང་བར་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ སྲུང་མ་དམ་ཅན་གཏེར་བདག་ལ༔ འདོད་ཡོན་རྒྱན་གྱི་གཏོར་མ་དང་༔ བདུད་རྩི་ཕུད་ཀྱི་མཆོད་པ་འབུལ༔ བདག་གི་ཚོགས་གཉིས་རབ་རྫོགས་ནས༔ ནོར་བདག་ཨ་པར་འགྲུབ་པ་དང་༔ འདོད་ཡོན་འབད་མེད་འབྱུང་བར་མཛོད༔ ན་མོ་དྷརྨ་ནིརྨ་སཾ་བྷོ་ཀཱ་ཡ༔ བུདྡྷ་དྷརྨ་སངྒ་ཡཿགུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ༔ ཀྵེ་ཊ་པཱ་ལ༔ ལོ་ཀ་པཱ་ལ༔ སརྦ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི༔ ཞེས་མཆོད་ཅིང་གཏོར་མ་ཕྱིར་དོར་རོ༔ དེ་ནས་ཡང་གཏོར་མ་གཅིག་བྲན་ལ༔ གོང་བཞིན་བསང་སྦྱངས་བྱས་ལ༔ སྟོང་པའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་སྟོང་གསུམ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ནམ་མཁའ་མཛོད་སྔགས་གོང་ལྟར་བརྗོད༔ ཀྱཻ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ འབྱུང་བ་ལྔ་ལ་དབང་མཛད་ཅིང་༔ འཇིག་རྟེན་ཁམས་སུ་རྒྱུ་བ་ཡི༔ ས་བདག་ཀླུ་གཉན་གཞི་བདག་རྣམས༔ འདིར་གཤེགས་འདོད་ཡོན་གཏོར་མ་དང་༔ བདུད་རྩི་ཕུད་ཀྱི་མཆོད་འབུལ་བཞེས༔ སྒྲུབ་པའི་མཐུན་རྐྱེན་ཀུན་བསྒྲུབ་ཅིང་༔ འགལ་རྐྱེན་བར་ཆད་ཐམས་ཅད་བཟློག༔ ཁྱད་པར་ས་གནས་འདི་དང་ནི༔ ཕྱོགས་མཚམས་སྟེང་འོག་ལ་གནས་པའི༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་༔ ས་བདག་ཀླུ་གཉན་ལྷ་འདྲེ་རྣམས༔ མ་ལུས་ལུས་པ་མེད་པ་ལ༔ འདོད་ཡོན་ཕུན་ཚོགས་གཏོར་མ་དང་༔ བདུད་རྩི་ཕུད་ཀྱི་མཆོད་པ་འབུལ༔ སྒྲུབ་པའི་མཐུན་རྐྱེན་ཀུན་སྒྲུབ་ལ༔ འགལ་རྐྱེན་བར་ཆད་ཐམས་ཅད་བཟློག༔ དགྲ་བགེགས་གནོད་བྱེད་གང་ཡང་རུང་༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སརྦ་ལོ་ཀ་པཱ་ལ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་གཏོར་མ་ཕྱི་རོལ་དུ་དོར༔ ཡང་གཏོར་མ་གཅིག་བྲན་ལ༔ གོང་ལྟར་སྦྱངས་སྤེལ་གྱི་སྔགས་དང་བསྐྱེད་གསལ་བྱས་ཏེ༔ ཀྱཻ༔ འབྱུང་བ་ལྔ་ཡི་ལྷ་དང་ནི༔ གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས༔ དམ་ཚིག་ཐུགས་དམ་རྒྱུད་བསྐུལ་ལོ༔ ཨ་པར་ཙིཏྟའི་སྐུར་བཞེངས་ལ༔ འདིར་གཤེགས་བདུད་རྩིའི་གཏོར་མ་བཞེས༔ མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད༔ ཁམས་གསུམ་ལ་གནས་གཡང་ལྷ་དང་༔ ནོར་ལྷ་གཏེར་བདག་གནོད་སྦྱིན་གྱི༔ ཚོགས་རྣམས་མ་ལུས་འཁོར་དང་བཅས༔ ཨ་པར་དཀར་པོའི་སྐུར་བཞེངས་ལ༔ འདིར་གཤེགས་བདུད་རྩིའི་གཏོར་མ་བཞེས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་ལ་གནས་ནོར་ལྷ་དང་༔ གཡང་ལྷ་གཏེར་བདག་མ་ལུས་པ༔ དམ་ཚིག་ཐུགས་དམ་བརྒྱུད་བསྐུལ་ལོ༔ ཀུན་ཀྱང་གནོད་སྦྱིན་ཨ་པ་རའི༔ སྐུར་བཞེངས་འདིར་གཤེགས་གཏོར་མ་བཞེས༔ བདེ་སྟོང་ཡེ་ཤེས་རོ་ལ་རོལ༔ ཀུན་ཀྱང་རྟེན་འདིར་རྟེན་ཆོས་ལ༔ དབྱེར་མེད་དུ་མ་རོ་གཅིག་ཏུ༔ བརྟན་བཞུགས་ནོར་དང་ལོངས་སྤྱོད་ཀྱི༔ དངོས་གྲུབ་སྩོལ་ལ་འཕེལ་རྒྱས་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ སརྦ་ས་མ་ཡ༔ བ་ལིང་ཏ་ཁཱ་ཧི༔ པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཨོཾ་ཨ་པ་ར་ཙིཏྟ་ས་མ་ཡ་ཛ་ཛ༔ ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ ཞེས་བླ་རྡོའི་མདུན་སར་འབུལ་ལོ༔ མེ་ཏོག་གམ་རིན་པོ་ཆེའམ་འབྲུ་དང་སྨན་སྣ་སོགས་ཀྱི་ཚོམ་བུ་དགུ་བཀོད་པའི་དབུས་ཚོམ་གྱི་སྟེང་དུ་ཐོད་པ་བཙུགས་ཏེ་བཞག༔ དེའི་མདུན་སར་ནོར་བུ་འབར་བའི་མཐར་རི་དྭགས་གཡུང་དྭགས་སོགས་གཟུགས་འགྲོས༔ ཉེར་སྤྱོད་དང་འདོད་ཡོན་གྱི་བྱེ་བྲག་སྤར་བཤོས་ཀྱིས་བསྐོར༔ མི་རྣམས་ཀྱི་ཟ་འོས་སུ་གྱུར་པའི་ཟས་དང་བཏུང་བར་འོས་པའི་སྐྱེམས་སོགས་མང་དུ་བཤམ་མོ༔ བདག་ཉིད་སྐད་ཅིག་གིས་གསང་བདག་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་ནོར་བདག་ཨ་པར་ཙིཏྟ་ལ་གནོད་སྦྱིན་ནོར་ལྷ་རྒྱ་མཚོས་བསྐོར་བ་དང་བཅས་པ་སྤྱན་དྲངས་ཏེ་གཏོར་མ་ལ་སིབ་སིབ་ཐིམ་པར་བསྒོམ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་པའི་བདེན་པ་དང་༔ ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པས༔ ནོར་བདག་ཨ་པར་ཙིཏྟ་གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བསྒྲུབ་པའི་རྟེན་གཟུགས་འདི་ལ་གཉིས་སུ་མེད་པར་ཁུག་ཅིག༔ གཉིས་སུ་མེད་པར་ཐིམ་པར་གྱུར་ཅིག༔ འགྱུར་བ་མེད་པར་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ ཅེས་བརྒྱ་རྩ་བརྗོད་ཅིང་བསྟིམས༔ དེ་ནས་སྨོན་ལམ་འགྲུབ་པའི་བདེན་ཚིག་སྔགས་རྣམས་བདུན་རེ་འདོན་ཅིང་རབ་གནས་བྱའོ༔ དེ་ནས་ལྷ་བསྐྱེད་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ༴ ཀོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མདུན་དུ་རིན་པོ་ཆེའི་ས་གཞི་རྒྱ་ཆེ་ལ་ཁྱོན་ཡངས་པ་མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པའི་དབུས་སུ་ཡིད་བཞིན་གྱི་ནོར་བུ་དཀར་པོའི་ཤར༔ སེར་པོའི་ལྷོ༔ དམར་པོའི་ནུབ༔ ལྗང་གུའི་བྱང་སོགས་ལོགས་བཞི་གྲུབ་པ༔ རིན་པོ་ཆེ་གསེར་གྱི་ཡ་ཕུབ་ལ་བཻ་ཌཱུཪྻའི་ཏོག་གིས་མཛེས་པ༔ ནམ་མཁའ་མཛེས་པའི་རྒྱན་དུ་དར་སྣ་ཚོགས་པའི་གནམ་ཡོལ་དང་དར་དང་གདུགས་དང་འཕན་དང་རྒྱལ་མཚན་སྣ་ཚོགས་པས་བརྒྱན་པ༔ བར་སྣང་མཛེས་པའི་རྒྱན་དུ་འདོད་ཡོན་དང་ལོངས་སྤྱོད་སྤེལ་བའི་ལྷ་མོ་མང་པོས་མཛེས་པའི་གར་འཁྱུག་ཅིང་སྙན་པའི་གླུ་ལེན་པ༔ འཇའ་དང་འོད་ཀྱི་དྲྭ་བ་དང་དྲྭ་ཕྱེད་ཀྱི་ཚུལ་དུ་བརྒྱན་པའི་གཞལ་ཡས་ཁང་དེའི་དབུས་སུ༔ རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ༔ བདག་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་ཧཱུྃ་དཀར་པོ་འཕྲོས་པ་ལས་འོད་ཟེར་ཡར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཚུར་འདུས་ཧཱུྃ་ལ་ཐིམ༔ མར་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་གཏན་དུ་བདེ་བའི་ས་ལ་བཀོད༔ ཁམས་གསུམ་སེམས་ཅན་གྱི་ཚེ་བསོད་འབྱུང་བ་ལྔའི་དྭངས་བཅུད་དང་བཅས་པ་ཚུར་འདུས་ཧཱུྃ་ལ་ཐིམ༔ བླ་རྡོ་མི་དམིགས་པ་ཡི་གེ་ཧཱུྃ་དུ་གྱུར༔ ཧཱུྃ་ཡོངས་སུ་གྱུར་པ་ལས་ཨ་པ་ར་ཙིཏྟ་ནོར་བདག་ཆེན་པོ༔ སྐུ་མདོག་དཀར་པོ་ཁྲོ་བོའི་ཆ་བྱད་ཅན༔ རལ་པ་རྟིང་རྩར་སླེབས་པ༔ སྤྱན་མིག་འབུར་ཞིང་དྲུལ་ལ་ཁད་པ༔ ཁྲོ་གཉེར་སྡུད་ཅིང་མཆེ་བ་གཙིགས་ལ༔ ཕྱག་གཡས་རིན་པོ་ཆེ་འབར་བ་བསྣམས་ཤིང་༔ གཡོན་པས་ནེའུ་ལེའི་རྐྱལ་བའི་ཁ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུག་ནས་སྒྲུབ་པ་པོ་ལ་ནོར་ལོངས་སྤྱོད་དཔག་ཏུ་མེད་པ་སྟེར་ཞིང་༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་སུ་བསྒྲད་པ༔ སྐུ་སྨད་ལ་སྟག་ཤམ་གསོལ་ཞིང་ནོར་བུ་ཁ་དོག་ལྔའི་ཕྲེང་བས་རབ་ཏུ་སྤྲས་ཤིང་བརྒྱན་པ༔ རྒྱ་མཚོའི་ནང་གི་ཟླ་གཟུགས་བཞིན་དུ༔ དབུའི་དུང་ཁང་ན་སྨུག་འཛིན་དཀར་པོ་འབྲུག་ལ་ཞོན་པ་གཡས་བེ་ཅོན་དང་གཡོན་ནེའུ་ལེ་བསྣམས་པ༔ མགྲིན་པ་ན་ཛམ་ལྷ་དམར་པོ་གཡས་ནོར་བུ་དང་གཡོན་ནེའུ་ལེ་བསྣམས་པ༔ སྙིང་ག་ན་རྣམ་སྲས་སེར་པོ་གཡས་རྒྱལ་མཚན་དང་གཡོན་ནེའུ་ལེ་བསྣམས་པ༔ ལྟེ་བར་ཛམ་ལྷ་སེར་པོ་གཡས་ནོར་བུ་དང་གཡོན་ནེའུ་ལེ་བསྣམས་པ༔ གསང་གནས་སུ་ཛམ་ལྷ་ནག་པོ་གཡས་བྷན་ཁྲག་དང་གཡོན་ནེའུ་ལེ་བསྣམས་པ༔ ཀུན་ཀྱང་དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ བག་དྲོ་ཞིང་ལྷུན་ཆགས་པ༔ འོད་དང་འོད་ཟེར་འཁྲིགས་པའི་ཀློང་དུ་བཞུགས་པར་བསྒོམ༔ དེ་ལྟར་ནོར་བདག་ཨ་པ་ར་དཀར་པོ་ནོར་ལྷ་ཡོངས་འདུས་ཀྱི་བདག་ཉིད་ཆེན་པོ་རུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཙིཏྟ་ཧཱུྃ་མཐིང་ནག་བསྒོམ༔ དེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་གནོད་སྦྱིན་ནོར་གྱི་བདག་པོ་ཨ་པར་ཙིཏྟ་ལ་གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་དང་བཅས་པ་སྤྱན་དྲངས་ཏེ་བསྐྱེད་པའི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ་ལ༔ དེ་ནས་སྤྱན་འདྲེན་པ་ནི༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ༔ ནོར་གྱི་བདག་པོ་གཤེགས་སུ་གསོལ༔ ཨ་པར་ཙིཏྟ་གཤེགས་སུ་གསོལ༔ ཛམ་ལྷ་རིགས་ལྔ་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿ དེ་ནས་བཞུགས་སུ་གསོལ་བ་ནི༔ རྟེན་རྫས་འདི་དང་གཉིས་མེད་དུ༔ གཏན་དུ་བཞུགས་ནས་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་མངལ་གསོལ་ཕྱག་འཚལ་བྱ་བ་ནི༔ གཏན་གྱི་སྲུང་མར་མངའ་གསོལ་ལོ༔ སྒོ་གསུམ་གུས་པས་ཕྱག་ཀྱང་འཚལ༔ ན་མོ་པུ་རུ་ཤ་ཡ་ ཧོཿ དེ་ནས་མཆོད་འབུལ་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་རྒུའི་དཔལ་ཡོན་ནམ་མཁའ་མཛོད༔ རང་རང་ཡིད་ལ་གང་འདོད་པའི༔ ལོངས་སྤྱོད་དཔག་བསམ་ཤིང་དང་ནི༔ ནོར་བུ་ཅི་བཞིན་འབྱུང་འགྱུར་གྱི༔ མཆོད་སྤྲིན་མི་ཟད་གཏེར་དུ་འབུལ༔ བཞེས་ནས་དངོས་གྲུབ་ཆར་དུ་ཕོབ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུཥྤེ་སོགས་ནས ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྟོད་པ་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་འདོད་འབྱུང་གནས༔ འགྲོ་བའི་དབུལ་ཕོངས་འབྱོར་རྒུད་སྐྱོབ༔ ནོར་བདག་རྒྱལ་པོ་ཨ་པ་ར༔ གནོད་སྦྱིན་ཡོངས་ཀྱི་མངའ་བདག་ལ༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་ཅིང་༔ འདོད་རྒུའི་དཔལ་ཡོན་ཆར་དུ་ཕོབ༔ མི་ཟད་གཏེར་དུ་འཕེལ་རྒྱས་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ དེ་ནས་འབོད་པའི་དམིགས་པ་དང་༔ གསལ་བའི་གཟེར་གྱིས་སྔགས་འདི་བརྗོད༔ ཨོཾ་ཙིཏྟ་ཡཀྵ་ཁུག་དུང་དུང་ཤོག༔ ཨོཾ་ཙིཏྟ་ཁ་ལ་ཡ༔ སྙིང་ལ་བྲེང་བྲེང་༔ དུང་དུང་༔ མི་སྙིང་སྒུལ་སྒུལ་སྭཱ་ཧཱ༔ ཙིཏྟ་སྲོག་སྙིང་གཞན་སྣང་དབང་དུ་སྡུད་པ་ལ༔ ཨོཾ་ཙིཏྟ་ནྲྀ་འགུལ་འགུལ༔ རྒྱུག་རྒྱུག༔ བྲེང་བྲེང་༔ དུང་དུང་༔ མི་སྙིང་སྒུལ་སྒུལ༔ སྭཱ་ཧཱ༔ ཙིཏྟ་སྲོག་སྙིང་མཁའ་འགྲོ་གནད་ལ་དབབ་པ༔ ཨོཾ་ཙིཏྟ་ཧ་རི་ནི་ས་ས་མ་ཡ་མ་མ་ཁ་ཤི་བཾ་སྭཱ་ཧཱ༔ བསྒྲུབ་གནད་མི་ཚིག་གང་གིས་བར་མི་གཅོད༔ སྟན་གྱི་དྲོད་མི་ཡལ་བར་སྒྲུབ་ཚུགས་ཟུངས༔ ཤེས་པ་གཞན་དུ་མི་ཡེངས་ལྷ་གསལ་ཞིང་༔ སྤྲོ་བསྡུའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་དང་༔ རྒྱལ་སྲས་བྱང་ཆུབ་སེམས་དཔའ་མ་ལུས་པ༔ ནོར་བདག་ཆེན་པོའི་སྐུར་གྱུར་རྟེན་ལ་བསྟིམས༔ ཡང་གཅིག་བཀའ་སྲུང་དྲེགས་པའི་ཚོགས་རྣམས་དང་༔ གནོད་སྦྱིན་རིགས་དང་འབྱུང་བ་ལྔ་ཡི་ལྷ༔ སྟོང་གསུམ་ཡུལ་ལྷ་གཞི་བདག་རྟེན་བརྟེན་པ༔ ནོར་བདག་ཨ་པར་དཀར་པོའི་སྐུར་གྱུར་ཏེ༔ རྒྱ་མཚོ་ལ་ནི་ཁ་ཆར་བབ་པ་བཞིན༔ བསྐྱེད་དང་གསལ་བའི་ལྷ་ལ་ཡང་ཡང་བསྟིམ༔ དམིགས་པ་བར་སྐབས་ཡང་ཡང་བསྐྱར་བ་གནད༔ གཉིད་དུ་ཕྱོགས་པའི་ཚེ་ཡང་གསལ་གཟེར་གྱི༔ ངང་དང་མི་འབྲལ་བ་ནི་བརྟན་འཐས་གནད༔ དེ་ཡིས་རིང་པོར་མི་ཐོགས་འབྲས་བུར་འགྱུར༔ ཞེས་སྨྲ་བཅད་མི་དང་མི་འཕྲད་བཟླས་པས་རྟགས་འདི་ལྟར་འབྱུང་༔ མལ་དུ་མགོ་འཇུག་བཟློག་པ་དང་༔ ཁྱིམ་འོད་ཀྱིས་གང་བ་དང་༔ བྲང་བརྡུང་བ་ཡང་འོང་ངོ་༔ དེའི་དུས་སུ་རང་གསང་བདག་གི་ང་རྒྱལ་གྱིས་གོང་ནོན་དུ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་བརྒྱའམ་སྟོང་ཙམ་རེ་བཟླས་ན༔ ཡང་འགྲུབ་པའི་ལྟས་འདི་ལྟར་འབྱུང་༔ ལོ་ཏོག་རྒྱས་པ་དང་༔ ཉི་ཟླ་ཤར་བ་དང་༔ བྱ་དཀར་མང་པོ་ལྡིང་ཞིང་འབབ་པ་དང་༔ ཁྲོམ་མང་པོ་འདུ་བ་དང་༔ མི་མང་པོས་ཕྱག་འཚལ་བ་དང་༔ ཚོགས་པ་མང་པོ་འདུ་བ་དང་༔ གཞན་གྱིས་ཟས་ནོར་མང་པོ་སྟེར་བ་དང་༔ ཁྱིམ་ལ་ཟས་ནོར་ལོངས་སྤྱོད་ཀྱིས་གང་བ་དང་༔ རྐང་འགྲོས་མང་པོ་འདུ་བ་སོགས་བྱུང་ན་ཤིན་ཏུ་བཟང་བ་ཡིན༔ ཁྱིམ་སྟོང་པ་དང་༔ རྟ་ཆུས་ཁྱེར་བ་དང་༔ ཨ་ཙ་ར་འཐབ་པ་དང་༔ གཞན་གྱིས་རང་ལ་རྒོལ་བ་རྣམས་བྱུང་ན་རྡོ་རྗེ་གཏུམ་པོའི་སྔགས་ཀྱི་མགོ་མཇུག་འདྲེན་ཏེ༔ སྔགས་མཐུད་མཇུག་བཟློག་ནས་བཟླས༔ དེས་ཀྱང་མི་ཕན་ན༔ ཐོད་པ་ལ་ཟངས་ཁབ་ཀྱིས་གཟིར༔ རང་གི་མལ་འོག་ཏུ་དོང་བྲུས་པའི་ནང་དུ་གཞུག་སྟེ་འགུགས་གཞུག་ནན་དུ་བྱས༔ དེ་ནས་ཡང་སྔགས་འབྲུ་བཟློག་ཏུ་བཟླས་པས་གོང་བཞིན་དུ་བཟང་པོ་རྨིས་བྱུང་ཚེ་དེ་དུས་ཁོ་ལ་བདེན་པ་བདར་བསང་སྦྱངས་བྱ༔ བསྐང་གསོལ་ལ་འབད་པར་བྱའོ༔ ཟངས་ཁབ་དར་སྣ་ལྔ་ཡིས་དྲིལ་ཏེ་རང་གི་གོང་བ་ལ་བཏགས་པ་གོང་ནོན་དུ་མཆོག་གོ༔ འཁུ་དུས་ཐམས་ཅད་ལ་ཟངས་ཁབ་ཀྱིས་གཟིར་རོ༔ བྱ་སྦྱིན་དང་ཡས་གླུད་བཏང་བར་བྱ་བ་དང་༔ ཆུ་སྦྱིན་དང་༔ ཚོགས་མཆོད་ཅི་མང་བཏང་བར་བྱའོ༔ དང་པོ་རྫས་འབྱོར་ན་ཕྱིས་ལོངས་སྤྱོད་འཕེལ་བའི་གནད་དུ་ཆེ་བས༔ ནས་ཁལ་ཕྱེད་ལ་གཏོར་མ་བྱ༔ བྲེ་ལྔའི་ཆངས་བུ་བྱ༔ མར་སྲང་བརྒྱད་ཀྱིས་དཀར་རྒྱན་བྱ་བ་དང་༔ ཤ་ཁོག་ཕྱེད་ཀྱིས་ཚོགས་ཤ་དང་གཏོར་ཤ་བྱ་བ་གནད་ཡིན་ནོ༔ དེ་ལྟར་རྩེ་གཅིག་ཏུ་འབད་ཅིང་བསྒྲུབ་པས་རབ་ཞག་བཅུ་ནས་འགྲུབ༔ འབྲིང་ཟླ་བ་ཕྱེད་ཀྱིས་འགྲུབ༔ ཐ་ན་ཞག་ཉེར་གཅིག་གིས་འགྲུབ༔ ཡང་ཐ་བསོད་ནམས་ཤིན་ཏུ་དམན་པས་ཀྱང་ཞག་བཞི་བཅུ་ནས་ངེས་པར་འགྲུབ་པ་སྟེ༔ དང་པོ་ཕྱུགས་འཕེལ་ཞིང་དེ་ནས་ཟས་ནོར་ལོངས་སྤྱོད་རིམ་གྱིས་འཕེལ་བར་འགྱུར་རོ༔ སྤྱིར་གནོད་སྦྱིན་ཕོ་མོ་གང་བསྒྲུབ་ཀྱང་དུག་དང་གྲིབ་ཆེ་སྟེ་ཕྱུགས་ལ་གོད་ཁ་འབྱུང་སྲིད་པས་དེ་ཕྱིར་དབེན་པའི་རི་ལ་བསྒྲུབ་ཅིང་རྟགས་བརྟན་པོ་བྱུང་མཐར་ཁྱིམ་དུ་སྒྲུབ་པ་ལག་ལེན་གྱི་གནད་ཡིན་ནོ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སླད་རྔ་ལ་སྟག་རྩེའི་གཡས་ལོགས་ན་བཏོན་ཏེ། མཐར་རྟེན་འབྲེལ་དུས་ལ་བབ་ཚེ་ཆོས་ཀྱི་བདག་པོ་གདོང་དབོན་ལྷུན་གྲུབ་རྡོ་རྗེ་དང་དགེ་ལེགས་དཔལ་བཟང་པོ་དབལ་ཤུལ་ཐུབ་བསྟན་གྲགས་པ་གསུམ་གྱིས་ནན་དུ་བསྐུལ་ངོར་གཏན་ལ་དབབ་པའི་ཡི་གེ་པ་ནི་སྐལ་ལྡན་གྱི་སློབ་བུ་མཁྱེན་རབ་རྒྱ་མཚོའོ། །དགེའོ། །དགེའོ། །དགེའི། །སརྦ་མངྒ་ལཾ།།