ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆོས་སྐྱོང་རྒྱལ་པོ་ཆེན་པོའི་སྲོག་སྒྲུབ་ཡིད་བཞིན་འཁོར་ལོ༔

From Dudjom Wiki
TTDL-ZABTER-09-TA-028
Wylie title zab gsang mkha' 'gro'i snying thig las: chos skyong rgyal po chen po'i srog sgrub yid bzhin 'khor lo: TTDL-ZABTER-09-TA-028.pdf
Location bdud 'joms gling pa zab gter
Volume 9, Text 28, Pages 205-208 (Folios 1a1 to 2b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las chos skyong rgyal po chen po'i srog sgrub yid bzhin 'khor lo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 205-208. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: 'dzab gnad   Verso: bdud 'joms bka' srung rnam sras
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Key Points - gnad yig  ·  Mantra Repetition Preparatory Liturgies - dzab khang dbye ba - dzab bskul
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཉིད་ཚུལ་ཁྲིམས་དང་དབང་འདུས་གཉིས་ཀྱིས་བསྐུལ་ངོར་བདུད་འཇོམས་པས་སོ། །དགེའོ། །དགེའོ། །དགེའོ།།

zhes pa 'di nyid tshul khrims dang dbang 'dus gnyis kyis bskul ngor bdud 'joms pas so/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆོས་སྐྱོང་རྒྱལ་པོ་ཆེན་པོའི་སྲོག་སྒྲུབ་ཡིད་བཞིན་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཆོས་སྐྱོང་རྒྱལ་པོ་ཆེན་པོ་ཡི༔ སྲོག་གི་སྒྲུབ་པ་ཟབ་མོ་འདི༔ སྒྲུབ་པའི་གནད་ཡིག་དམ་པ་ཡིན༔ དང་པོ་འཛབ་གནད་ཟབ་མོ་ནི༔ རང་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་མདུན་དུ་རིན་ཆེན་གསེར་གྱི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་གསལ་བར་གྱུར༔ གཙོ་བོའི་ཐུགས་ཀར་བཻཿསེར་པོ༔ འཁོར་རྣམས་ཀྱི་ཐུགས་ཀར་རང་རང་གི་སྲོག་ཡིག་ཕྲ་མོ་རྣམས་གསལ་བའི་མཐའ་བསྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ༔ རང་ཉིད་དྲག་པོའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པའི་ཐུགས་སྲོག་ལ་ཕོག་པས་དམ་ཚིག་གཉན་པོའི་སྲོག་ཐོབ་སྟེ་བདག་ལ་གཡེལ་བ་མེད་པའི་གྲོགས་མཛད་ཅིང་ཁམས་གསུམ་སྲིད་གསུམ་གྱི་བློ་ཡིད་སེམས་གསུམ་ལ་དབང་བསྒྱུར་ཞིང་དགྲ་བགེགས་ཐམས་ཅད་ཚར་གཅོད་པ་དང་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པའི་དབང་ཐོབ་པར་བསྒོམ༔ བཟླས་པ་ཙམ་གྱིས་ཐུགས་བདེ་སྟོང་གི་ཉམས་དང་ལྡན་ཏེ་དངོས་གྲུབ་ཆར་ལྟར་འབེབས་པར་བསམ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ འབུམ་ཕྲག་བཅུ་བཟླས་མཐར༔ སྒྲུབ་པ་ནི༔ བདག་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཆོས་སྐྱོང་ཆེན་པོའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་ཐུགས་རྗེ་བྱིན་རླབས་དབང་བྱིན་དངོས་གྲུབ་ཐམས་ཅད་བསྡུས་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་མཐུ་ནུས་དབང་བྱིན་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོར་གྱུར་པར་བསམ་ལ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ས་མ་ཡ་སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ འབུམ་ཕྲག་བརྒྱད་བཟླས༔ མཐར་ལས་སྦྱོར་ནི༔ རང་ཉིད་དྲག་པོའི་ཐུགས་ཀའི་འོད་ཟེར་གྱིས་ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་ཐུགས་སྲོག་ལས་འོད་ཟེར་སྣང་སྲིད་ཀྱི་ཁམས་ཐམས་ཅད་ལ་ཁྱབ་པར་འཕྲོས་ལྷ་འདྲེ་མི་གསུམ་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱི་བློ་ཡིད་སེམས་གསུམ་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ཏེ་བདག་གི་མངའ་འོག་ཏུ་བསྡུས་ནས་བྲན་དུ་ཁོལ་བར་བསམ༔ གཞན་ཡང་ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་བསྡུས་ཏེ་བདག་གི་གནས་ཡུལ་ཐམས་ཅད་ལྟེམ་གྱིས་གང་བར་བསྒོམ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ས་མ་ཡ་ཨ་ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ་ཛཿ མི་སྙིང་བསྒུལ་བསྒུལ༔ བློ་ཡིད་ཁུག་ཁུག༔ དུང་དུང་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་འབུམ་ཕྲག་ལྔ་བཟླ༔ བཟླས་པས་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ཏེ་ཟས་ནོར་ལོངས་སྤྱོད་རྟ་ཕྱུགས་སྤུ་ནག་ལ་སོགས་པའི་འདོད་ཡོན་ཆར་ལྟར་ཕབ་སྟེ་དཀོར་སྲུང་བྱེད་པར་བསམ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ཨཿ ཡཿ མཿ དུཿ རུཿ ཙཿ ཤཿནཿ ཨ་ནྲྀ་ཨ་ཀཪྴ་ཡ་ཛ་ཛཿ སྲོག་དུང་དུང་༔ སྙིང་བསྒུལ་བསྒུལ༔ པཱ་ཤཾ་ཀུ་རུ་ཡེ་སརྦ་སིདྡྷི་བསྡུས་བསྡུས་སྭཱ་ཧཱ༔ ཞེས་འབུམ་གཉིས་བཟླས་མཐར༔ ཨོཾ་ཨཱཿཧཱུྃ༔ རྒྱལ་པོ་ཆེན་པོའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་གནོད་སྦྱིན་ཛམ་བྷ་ལའི་གཏེར་ལོངས་སྤྱོད་གནས་མལ་དང་བཅས་པ་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས་ནས་སྒྲུབ་རྟེན་ལ་ཐིམ་པས་བདག་གི་གནས་དང་ཁང་ཁྱིམ་ཐམས་ཅད་རྒྱལ་པོ་ཆེན་པོའི་གནས་དང་གཞལ་ཡས་ལོངས་སྤྱོད་ཡོངས་སུ་རྫོགས་ཤིང་འགྱུར་བ་མེད་པར་རྒྱས་ཤིང་བརྟན་པར་གྱུར་ཅིག༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སརྦ་སིདྡྷི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ འབུམ་གཅིག་བཟླས་པས་འདོད་རྒུ་ཆར་དུ་འབེབས༔ འདི་ནི་ཨོ་རྒྱན་པདྨ་ཐོད་ཕྲེང་ངས༔ རྗེས་འཇུག་གདུལ་བྱ་སྐྱོབ་པའི་དཔལ་དུ་བཞག༔ ཉར་ཚག་མ་བྱེད་རྒྱུན་དུ་ཉམས་ལེན་འབུངས༔ གསང་རྒྱ་གང་ནུས་བྱིན་རླབས་རྣོ་ནུས་ཆེ༔ བཀའ་སྲུང་ནོར་བདག་ཨ་པར་ཙིཏྟས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཚུལ་ཁྲིམས་དང་དབང་འདུས་གཉིས་ཀྱིས་བསྐུལ་ངོར་བདུད་འཇོམས་པས་སོ། །དགེའོ། །དགེའོ། །དགེའོ།། །།