ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་འདུས་པའི་སྐོར་ལས་དུར་གཅོད་དངོས་གྲུབ་བང་མཛོད༔

From Dudjom Wiki
TTDL-ZABTER-10-THA-042
Wylie title chos nyid nam mkha'i klong mdzod las: mkha' 'gro 'dus pa'i skor las dur gcod dngos grub bang mdzod: TTDL-ZABTER-10-THA-042.pdf
Location bdud 'joms gling pa zab gter
Volume 10, Text 42, Pages 337-354 (Folios 1a1 to 9b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las mkha' 'gro 'dus pa'i skor las dur gcod dngos grub bang mdzod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 10: 337-354. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dur gcod   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Severance Texts - gcod gzhung
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon
  • First colophon: ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་སྒྱུ་མའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །
  • Second colophon: རྣལ་འབྱོར་སྐྱ་རིས་ཀྱིས་བསྐུལ་བས། །དོན་ཡོད་ཕྱིར་ན་བདུད་འཇོམས་པས། །སྨྲས་པ་ཡོངས་སུ་དགེ་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།།
  • First colophon: zhes pa 'di yang 'od gsal rdzogs pa chen po klong yangs sgyu ma'i rnal 'byor pa bdud 'joms rdo rjes chos nyid nam mkha'i klong mdzod las dag par phab pa'i yi ge'i ris byed pad+ma bkra shis so/_/dge'o/_/dge'o/_/dge'o/_/
  • Second colophon: rnal 'byor skya ris kyis bskul bas/_/don yod phyir na bdud 'joms pas/_/smras pa yongs su dge gyur cig_/dge'o/_/sarba mang+ga laM//
[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་འདུས་པའི་སྐོར་ལས་དུར་གཅོད་དངོས་གྲུབ་བང་མཛོད་བཞུགས་སོ༔


ཕྚ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དུར་གཅོད་དངོས་གྲུབ་བང་མཛོད་ལ༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མ༔ འཁོར་འདས་དབང་ཕྱུག་དྲག་མོའི་སྐུ༔ ཁྲོས་མ་ནག་མོའི་སྐུར་གསལ་ཞིང་༔ ལས་རྣམས་གང་དང་གང་ལ་ཡང་༔ རེ་དོགས་འཁུ་འཁྲིགས་ཐམས་ཅད་སྤངས༔ བཟང་ངན་རོ་སྙོམས་མན་ངག་གནད༔ དང་པོ་འགགས་སྲི་གཅོད་པ་ལ༔ དབང་སྡུད་ཟིལ་གནོན་གཞན་ལས་ཤེས༔ དེ་ནས་རོ་རྩར་སླེབ་མ་ཐག༔ ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་འགྱེད༔ ཆོས་དབྱིངས་ཡེ་ཤེས་གྲི་གུག་གིས༔ མ་རིག་འཁྲུལ་པའི་རྒྱུན་ཐག་གཅོད༔ གཏི་མུག་མུན་པའི་དྲྭ་བ་བཤིག༔ གཟུང་འཛིན་རཱུ་དྲ་དབྱིངས་སུ་སྒྲོལ༔ ཨོཾ་བུདྡྷ་ཀྲོ་དྷི་ས་མ་ཡ་དུ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད༔ ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ རྡོ་རྗེ་མཁའ་འགྲོ་ལས་ལ་འགྱེད༔ མེ་ལོང་ཡེ་ཤེས་གྲི་གུག་གིས༔ ཞེ་སྡང་འཁྲུལ་པའི་འབྲེལ་ཐག་གཅོད༔ ཁམས་གསུམ་འཁོར་བའི་དྲྭ་བ་བཤིག༔ གཟུང་འཛིན་རཱུ་དྲ༴ ཨོཾ་བཛྲ་ཀྲོ་དྷི་སོགས༔ ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ རིན་ཆེན་མཁའ་འགྲོ་ལས་ལ་འགྱེད༔ མཉམ་ཉིད་ཡེ་ཤེས་གྲི་གུག་གིས༔ ང་རྒྱལ་ཉོན་འཁྲུལ་འབྲེལ་ཐག་གཅོད༔ ཁམས་གསུམ་འཁོར་བའི་དྲྭ་བ་བཤིག༔ གཟུང་འཛིན་རཱུ་དྲ༴ ཨོཾ་རཏྣ་ཀྲོ་དྷི་སོགས༔ ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ པདྨ་མཁའ་འགྲོ་ལས་ལ་འགྱེད༔ སོར་རྟོག་ཡེ་ཤེས་གྲི་གུག་གིས༔ འདོད་ཆགས་འཁྲུལ་པའི་འབྲེལ་ཐག་གཅོད༔ ཁམས་གསུམ་འཁོར་བའི་དྲྭ་བ་བཤིག༔ གཟུང་འཛིན་རཱུ་དྲ༴ ཨོཾ་པདྨ་ཀྲོ་དྷི་སོགས༔ ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ལས་ཀྱི་མཁའ་འགྲོ་ལས་ལ་འགྱེད༔ བྱ་གྲུབ་ཡེ་ཤེས་གྲི་གུག་གིས༔ ཕྲག་དོག་འཁྲུལ་པའི་འབྲེལ་ཐག་གཅོད༔ ཁམས་གསུམ་འཁོར་བའི་དྲྭ་བ་བཤིག༔ གཟུང་འཛིན་རཱུ་དྲ༴ ཨོཾ་ཀརྨ་ཀྲོ་དྷི་སོགས༔ ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ འཁོར་འདས་དབང་སྡུད་གྲི་གུག་གིས༔ སྐྱེ་འཆི་གཉིས་ཀྱི་འབྲེལ་ཐག་གཅོད༔ ལུས་དང་སེམས་ཀྱི་འབྲེལ་ཐག་ཆོད༔ གཟུང་འཛིན་གཉིས་ཀྱི་འབྲེལ་ཐག་གཅོད༔ ཉོན་མོངས་བདུད་བགེགས་དབྱིངས་སུ་བསྒྲལ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ས་མ་ཡ་ཛ་ཛཿ དུ་ཏྲི་རཱུ་དྲ་མཱ་ར་ཡ་རྦད་སོད༔ ཕཊ་ཕཊ་ཕཊ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་ཆོས་ཉིད་རྣམ་དག་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ ཚེ་འདས་བླ་ཡིད་སེམས་གསུམ་འདི༔ ཟ་བའི་འདྲེ་དང་འབྲེལ་ཐག་ཆོད༔ ཤི་བའི་གཤེད་དང་འབྲེལ་ཐག་ཆོད༔ ཕུང་བའི་སྲི་དང་འབྲེལ་ཐག་ཆོད༔ ཉམས་པའི་བདུད་དང་འབྲེལ་ཐག་ཆོད༔ གནོད་བྱེད་ཤི་འདྲེ་ཤི་གཤེད་སྲི༔ མ་ལུས་ཐལ་བར་བརླག་གྱུར་ཅིག༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་སྲི་གདོན་ཐམས་ཅད་མཱ་ར་ཡ་རྦད་རྦད་ཐུམ་སོད༔ ཅེས་བདེན་བརྗོད་ལན་གསུམ་གྱི་རྗེས་སུ་མགུལ་ལུང་ནས་གྲི་གུག་གིས་བཅད་པའི་ཚེ་ཁམས་གསུམ་འཁོར་བི་འབྲེལ་ཐག་ཐམས་ཅད་རྦད་ཀྱིས་བཅད་ནས་རྣམ་པར་ཤེས་པ་ཆོས་སྐུའི་ཀློང་དུ་ཐིམ་པར་བསམ་ལ་ཕཊ་ཉེར་གཅིག་བརྗོད༔ དེ་ནས་སྲི་ངན་འདུལ་བའི་དམིགས་པ་འདི་ལྟར་བྱའོ༔ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཕྱག་གཡས་ཡེ་ཤེས་ལྔ་མཚོན་པའི་གཡང་གཞི་ཡར་ལ་བཏེགས་པས་སྲིད་པའི་རྩེ་མོ་ན་ལྷབ་ལྷབ་བྱེད་ཅིང་ས་ལ་བརྡབ་པས་གནོད་བྱེད་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཐལ་བ་རླུང་གིས་གཏོར་བ་ལྟར་རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ཕྱག་གཡས་མི་ལྤགས་གཡང་གཞི་རྡེབ༔ བརྡབ་པས་ཁམས་གསུམ་འཁྲུལ་འཁོར་བཤིག༔ གཡོན་པས་མི་རྐང་གླིང་བུ་འབུད༔ འབུད་པས་སྣང་སྲིད་དབང་དུ་སྡུད༔ རང་འདྲའི་ཡེ་ཤེས་མཁའ་འགྲོ་འགྱེད༔ ཕཊ་ཕཊ་ཕཊ༔ མི་ལྤགས་གཡང་གཞི་དབུས་སུ་རྡེབ༔ ཆོས་དབྱིངས་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ གཏི་མུག་འཁྲུལ་པའི་འཁོར་ལོ་བཤིག༔ འཁོར་བ་མྱང་འདས་དབྱིངས་སུ་གཅོད༔ ཕཊ༔ མི་ལྤགས་གཡང་གཞི་ཤར་དུ་རྡེབ༔ མེ་ལོང་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ཞེ་སྡང་འཁྲུལ་པའི་འཁོར་ལོ་བཤིག༔ གཉིས་འཛིན་རང་གྲོལ་ངང་དུ་གཅོད༔ ཕཊ༔ མི་ལྤགས་གཡང་གཞི་ལྷོ་རུ་རྡེབ༔ མཉམ་ཉིད་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ང་རྒྱལ་འཁྲུལ་པའི་འཁོར་ལོ་བཤིག༔ གཟུང་འཛིན་རང་གྲོལ་ཆེན་པོར་གཅོད༔ ཕཊ་ཕཊ་ཕཊ༔ མི་ལྤགས་གཡང་གཞི་ནུབ་ཏུ་རྡེབ༔ སོར་རྟོག་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ འདོད་ཆགས་འཁྲུལ་པའི་འཁོར་ལོ་བཤིག༔ བདག་འཛིན་ཀློང་གྲོལ་ཆེན་པོར་གཅོད༔ ཕཊ༔ མི་ལྤགས་གཡང་གཞི་བྱང་དུ་རྡེབ༔ བྱ་གྲུབ་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ཕྲག་དོག་འཁྲུལ་པའི་འཁོར་ལོ་བཤིག༔ རེ་དོགས་རོ་སྙོམས་ཆེན་པོར་གཅོད༔ ཕཊ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ མི་ལྤགས་གཡང་གཞི་རབ་ཏུ་རྡེབ༔ དུག་གསུམ་སྐུ་གསུམ་ཀློང་དུ་བཤིག༔ དུག་ལྔ་ཡེ་ཤེས་ལྔ་རུ་བཤིག༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བགེགས༔ ཆོས་ཉིད་རོལ་པ་ཆེན་པོར་གཅོད༔ ཕཊ་ཕཊ་ཕཊ༔ དེ་ནས་རོ་ཡི་སྟེང་དུ་རྐང་པས་མནན་ཏེ་ངན་སོང་འཁོར་བའི་སྒོ་ཐམས་ཅད་ཐག་གིས་བཅད་པར་བསམ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ འཁོར་འདས་མ་ལུས་ང་ཡི་མཁའ༔ ཡེ་ཤེས་རོལ་པའི་སྟོབས་ཤུགས་ཀྱིས༔ ངན་སོང་འཁོར་བའི་སྒོ་འཕར་གཅོད༔ བདེ་བ་ཆེན་པོའི་གསེང་ལམ་ཕྱེས༔ འོད་གསལ་མ་བུ་རོ་གཅིག་བསྲེས༔ ཕཊ༔ ཅེས་འཕོ་ལུས་སྦྱིན་གཞན་དུ་ཤེས༔ ས་མ་ཡ༔ སྐབས་དང་པོའོ༔ དེ་ནས་རོ་འདུལ་བྱ་བ་ནི༔ དང་པོ་གནམ་ལྕགས་འཁོར་ལོས་བརྡེག་ལ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ འཁོར་བ་དབྱིངས་སྒྲོལ་འཁོར་ལོ་འདེབས༔ ཚེ་འདས་འདི་ལ་གནོད་བྱེད་པའི༔ གཏི་མུག་ལས་བྱུང་ཟ་འདྲེ་རྣམས༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ སངས་རྒྱས་མཁའ་འགྲོ་འབུམ་སྡེ་བསྐུལ༔ ཨོཾ་བུདྡྷ་ཀྲོ་དྷི་ཤྭ་རི་ས་མ་ཡ་ཛ་ཛཿ ཟ་འདྲེ་ཤི་གཤེད་ཐམས་ཅད་མཱ་ར་ཡ་རྦད་སོད༔ ཅེས་མཁའ་འགྲོ་དཀར་སེར་དམར་ལྗང་བསམ་གྱིས་མི་ཁྱབ་པས་ཟ་འདྲེ་ཤི་གཤེད་ཐམས་ཅད་བསད་བཅད་གཏུབ་སྟེ་རྔམས་ཟས་བྱས་ནས་རྗེས་ཚུལ་ཙམ་ཡང་མེད་པར་བསམ༔ ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ༴ རྒྱ་མཚོ་ཆུ་ཡི་དཀྱིལ་འཁོར་འདེབས༔ ཚེ་འདས་འདི་ལ༴ ཞེ་སྡང་ལས་བྱུང་༴ ཐལ་བུའི་རྡུལ་དུ༴ རྡོ་རྗེ་མཁའ་འགྲོ་འབུམ་སྡེ་བསྐུལ༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་ས་མ་ཡ་སོགས༔ ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ༴ རྡོ་རྗེ་འབར་བའི་ཐོ་ལུམ་འདེབས༔ ཚེ་འདས་འདི་ལ༴ ང་རྒྱལ་ལས་བྱུང་༴ ཐལ་བའི་རྡུལ་དུ༴ རིན་ཆེན་མཁའ་འགྲོ་འབུམ་སྡེ་བསྐུལ༔ ཨོཾ་རཏྣ་ཀྲོ་དྷི་ཀ་ལི་སོགས༔ ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ༴ རི་རབ་འབར་བའི་ས་ཐུན་འདེབས༔ ཚེ་འདས་འདི་ལ༴ འདོད་ཆགས་ལས་བྱུང་༴ ཐལ་བའི་རྡུལ་དུ༴ པདྨ་མཁའ་འགྲོ་འབུམ་སྡེ་བསྐུལ༔ ཨོཾ་པདྨ་ཀྲོ་དྷི་ཀ་ལི་སོགས༔ ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ༴ གནམ་ལྕགས་གྲི་གུག་ཕུར་པ་འདེབས༔ ཚེ་འདས་འདི་ལ༴ ཕྲག་དོག་ལས་བྱུང་༴ ཐལ་བའི་རྡུལ་དུ༴ ཀརྨ་མཁའ་འགྲོ་འབུམ་སྡེ་བསྐུལ༔ ཨོཾ་ཀརྨ་ཀྲོ་དྷི་ཀ་ལི་སོགས༔ ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ༴ ཞིང་ཆེན་གཡང་གཞི་སྟྭ་རེ་འདེབས༔ ཚེ་འདས་འདི་ལ༴ ཟ་འདྲེ་ཤི་གཤེད་སྲི་བདུད་བགེགས༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ སྐུ་གསུམ་མཁའ་འགྲོ་འབུམ་སྡེ་བསྐུལ༔ ཨོཾ་ཤྲཱི་པདྨ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ས་མ་ཡ་ཛ་ཛཿ གནོད་བྱེད་ཟ་འདྲེ་ཤི་གཤེད་དུར་སྲི་གྲིབ་གདོན་གནོད་བྱེད་ཐམས་ཅད་མཱ་ར་ཡ་རྦད་སོད་རྦད་ནན་རྦད་ཕཊ་པཱ་པཾ་ཛྭ་ལ་རཾ་རཾ་བཛྲ་བཛྲ་སུམ་སུམ་ཕཊ་ཕཊ་རྦད་རྦད་ནན་ནན༔ ཕཊ་ཕཊ་ཕཊ༔ ཅེས་ནམ་མཁའ་ཁྱབ་པའི་འོད་ནག་པོ་མུན་པ་དགུ་རིམ་བྱུང་ནས་ཟ་འདྲེ་ཤི་གཤེད་སྲི་གདོན་ཐམས་ཅད་ས་རིམ་པ་དགུའི་འོག་ཏུ་ཚུད་དེ་ནན་པར་བསམ་ལ་སྟེང་དུ་བྲོ་བརྡུང་བ་ནི༔ ཕཊ༔ ཡངས་ས་ཡ༔ ཁ་ས་ལར༔ མ་གྲལ་ནས༔ མནར་ར་འཁྲབ༔ ལྔ་སྡེ་མ༔ དལ་ལས་བཞིར༔ གྱི་ལི་ལི༔ ཏིར་ཏིར་ཀར༔ གླུ་རིང་ལེན༔ གྲུ་གསུམ་འབར་བའི་ཧོམ་ཁུང་དུ༔ དུ་ཏྲི་བྲུབ༔ སྟེམ་སྟེམ་མནན༔ ཐིབ་ཐིབ་མྱོས༔ གམ་གམ་བཅད༔ ལམ་ལམ་བསད༔ མ་ལྡང་ལྡང་མེད་བྲོ་རྒྱས་གདབ༔ ཡེ་ཤེས་རོལ་པའི་སྟོབས་ཀྱིས་མནན༔ ཆོས་ཉིད་རྣམ་དག་གི་རྒྱ༔ རྟེན་འབྲེལ་བསླུ་མེད་ཀྱི་རྒྱ༔ མ་ཤོར་མ་མོ་མཁའ་འགྲོ་རྣམས༔ རེམ་ཅིག་བཛྲ་ས་མ་ཡ༔ གཟུགས་མེད་ཨ༔ སྒྲ་གྲགས་སྟོང་༔ རྣམ་པར་རྟོག་པ་མེད༔ ཛ་མའི་རུང་༔ ངུར་མོ་སྡེ༔ སྟོང་རས་སྟོབས༔ ཏྲི་ཤིས་ཐོག༔ སྟེམ་སྟེམ་བརྡེག༔ ལྟོ་རུ་སྦྲུམ༔ འཁྲུལ་པ་མེད་པར་ཐུགས་རྗེས་ཟུངས༔ ཨོཾ་ལཾ་ཨཱཿ ལཾ་ཧཱུྃ་ལཾ་སུཾ་ལཾ༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ སྐབས་གཉིས་པའོ༔ དེ་ནས་རོ་དུར་ཁྲོད་དུ་འཕངས་ཏེ་འགྱེད་ལས་བྱ་བ་ནི༔ གནས་ཉི་ཤུ་རྩ་བཞི་ཡུལ་སུམ་ཅུ་སོ་གཉིས་དུར་ཁྲོད་ཆེན་པོའི་གནས་བརྒྱད་ཧེ་རུ་ཀ་ཡི་གནས་བཅུ་ན་བཞུགས་པའི་དཔའ་བོ་མཁའ་འགྲོ་ཐམས་ཅད་དུར་ཁྲོད་དེར་འདུས་པར་བསམ་ལ༔ ཕཊ༔ སྣང་བ་ཐམས་ཅད་མཁའ་འགྲོའི་མཁའ༔ སྲིད་པ་ཐམས་ཅད་མཁའ་སྤྱོད་ཞིང་༔ དོན་གྱི་འོག་མིན་ཆེན་པོར་བརྡལ༔ ཉོན་མོངས་དབྱིངས་སྒྲོལ་བམ་ཁྲོད་དུ༔ ཡེ་ཤེས་རོལ་པའི་ཤ་ཟ་འཁྲིགས༔ ཕཊ་ཕཊ་ཕཊ༔ གནས་མཆོག་ཉི་ཤུ་རྩ་བཞི་ན༔ བཞུགས་པའི་དཔའ་བོ་མཁའ་འགྲོ་མ༔ དམ་ཚིག་ཐུགས་རྗེའི་རྒྱུད་བསྐུལ་གྱི༔ དུར་ཁྲོད་བམ་གྱི་ཚོགས་ལ་བྱོན༔ ཛ་ཛཿ ཕཊ༔ ཡུལ་ནི་སུམ་ཅུ་སོ་གཉིས་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ དམ་ཚིག་ཐུགས་རྗེའི༴ དུར་ཁྲོད་བམ༴ ཛ་ཛཿ ཕཊ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ན༔ བཞུགས་པའི༴ དམ་ཚིག་ཐུགས་རྗེའི༴ དུར་ཁྲོད་བམ༴ ཛ་ཛཿ ཕཊ༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི༴ དམ་ཚིག་ཐུགས་རྗེའི༴ དུར་ཁྲོད་བམ༴ ཛ་ཛཿ ཕཊ༔ ཁྱོད་ལ་འགྲོ་བའི་དོན་ལས་མེད༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ རང་དམ་གཉན་པོ་དཔང་བཙུག་གོ༔ ངས་ཀྱང་འགྲོ་བའི་དོན་ཕྱིར་དུ༔ ཁྱོད་ཀྱི་དམ་ཚིག་དེང་བསྐུལ་གྱི༔ མ་རིག་འཁྲུལ་པའི་སེམས་ཅན་འདི༔ འཁོར་བའི་མཚོ་ལས་སྒྲོལ་བའི་ཕྱིར༔ བམ་ཆེན་ཚོགས་ལ་རོལ་ཕྱིར་གཤེགས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྣམ་པར་རྟོག་པ་ཆོས་སྐུར་སྒྲོལ༔ རེ་དོགས་རོ་སྙོམས་རྒྱ་ཡིས་ཐོབ༔ ཀུན་བཟང་རྡོ་རྗེའི་ས་ལ་སྐྱོལ༔ ཕྲིན་ལས་འགྲོ་དོན་མཐར་ཕྱིན་མཛོད༔ ཛ་ཛཿ བཛྲ་ས་མ་ཡ༔ དེ་ནས་རོ་ཁ་སྦུབ་ཏུ་བསྒྱེལ་ཏེ་རྒྱབ་ཏུ་གྲི་གུག་གིས་ཁྲམ་རིས་སུ་གཤགས༔ ཡང་གན་རྐྱལ་དུ་བཞག་ནས་སྙིང་ཁར་ཁྲམ་རིས་སུ་གཤགས་ཏེ་ལྤགས་པ་བཤུས་མགོ་བོ་བཅད་དེ་བཞག་ནས་ཤ་ཚིལ་གྱི་གསུར་བྱས་ཏེ༔ ལས་གཞུང་ཚོགས་བསྐང་ཚང་བར་བྱས་ནས་སླར་ཡང་བྱ་འབོད་བྱ་བ་ནི༔ ཌཱ་དྲིལ་དང་བཅས་ཏེ་གདུང་བའི་དབྱངས་ཀྱིས༔ ཕཊ་ཕཊ་ཕཊ༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ ཨུ་ཙ་ལ་ཡི་དུར་ཁྲོད་ཆེར༔ རི་བོ་ཐམས་ཅད་ཀེང་རུས་རི༔ རྩི་ཤིང་ཐམས་ཅད་མདའ་དང་མདུང་༔ ཆུ་འབབ་ཐམས་ཅད་ཁྲག་དང་རྣག༔ གཟུགས་སྣང་ཐམས་ཅད་མཁའ་འགྲོའི་གར༔ སྒྲ་སྐད་ཐམས་ཅད་ཕཊ་དང་ཕེཾ༔ དུས་གསུམ་སངས་རྒྱས་ཡ་ང་བ༔ ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང་༔ རྡོ་རྗེ་ཅན་ཡང་འཇིགས་པའི་ས༔ ཤིན་ཏུ་འཇིགས་པའི་དུར་ཁྲོད་དེར༔ བཞུགས་པའི་དཔའ་བོ་མཁའ་འགྲོའི་གཙོ༔ མཁའ་ལྡིང་རྒོད་ཀྱི་སྐུར་བཞེངས་ལ༔ དམ་ཚིག་ཐུགས་དམ་གནད་བསྐུལ་གྱི༔ དུར་ཁྲོད་བམ་ཚོགས་རོལ་ལ་གཤེགས༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ ཁྲོས་མ་ནག་མོ་གཤེགས་སུ་གསོལ༔ ཐང་དམར་ཐང་ནག་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཚོགས་ཀྱི་མཆོད་པ་ཆེན་པོ་འདི༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ དམ་ཚིག་ཐུགས་རྗེས་བཞེས་སུ་གསོལ༔ རྗེས་ཤུལ་ཙམ་ཡང་མ་བཞག་པར༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཛ་ཛཿ བཛྲ་ས་མ་ཡཿ ཕཊ་ཕཊ་ཕཊ༔ ཧཱུྃ༔ དབུས་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ སངས་རྒྱས་མཁའ་འགྲོ་མུན་སེལ་མ༔ ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ སྤྲུལ་འཁོར་ཡོངས་རྫོགས་མ་ལུས་པ༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ དུར་ཁྲོད་བམ་གྱི་ཚོགས་ལ་བྱོན༔ ཐང་ནག་བདུད་འདུལ་གཤེགས་སུ་གསོལ༔ ཡེ་ཤེས་བདུད་རྩིའི་ཚོགས་མཆོད་འདི༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ དམ་ཚིག་དབང་གིས་བཞེས་སུ་གསོལ༔ རྗེས་ཤུལ་ཙམ་ཡང་མ་ལུས་པར༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཛ་ཛཿ བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ཤར་ཕྱོགས་རབ་འཇིགས་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་དྲག་མོ་རྒྱལ༔ ཁྱོད་ཀྱི་ཐུགས་དམ༴ དམ་ཚིག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ བྱ་རྒྱལ་རྒོད་ཀྱི་སྐུར༴ དུར་ཁྲོད་བམ་གྱི༴ ཐང་དཀར་ཞིང་རྒྱལ་གཤེགས་སུ་གསོལ༔ བྱིན་རླབས་བམ་གྱི་བདུད་རྩི་འདི༔ འགྲོ་བའི་དོན་ཕྱིར༴ དམ་ཚིག་དབང་གིས༴ རྗེས་ཤུལ་ཙམ་ཡང་༴ ལྷག་མ་མེད་པར༴ ཛ་ཛཿ བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་དཔལ་བསྐྱེད་མ༔ ཁྱེད་ཀྱི་ཐུགས་དམ༴ དམ་ཚིག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ བྱ་རྒྱལ་རྒོད་ཀྱི་སྐུར༴ དུར་ཁྲོད་བམ་གྱི༴ ཐང་སེར་རྔམ་པ་གཤེགས་སུ་གསོལ༔ བྱིན་རླབས་བམ་ཆེན་བདུད་རྩི་འདི༔ འགྲོ་བའི་དོན་ཕྱིར༴ དམ་ཚིག་དབང་གིས༴ རྗེས་ཤུལ་ཙམ་ཡང་༴ ལྷག་མ་མེད་པར༴ ཛ་ཛཿ བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་ཆགས་བྲལ་བ༔ ཁྱེད་ཀྱི་ཐུགས་དམ༴ དམ་ཚིག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ བྱ་རྒྱལ་རྒོད་ཀྱི་སྐུར༴ དུར་ཁྲོད་བམ་གྱི༴ ཐང་དམར་རོལ་བྱེད་གཤེགས་སུ་གསོལ༔ བྱིན་རླབས་བམ་གྱི་བདུད་རྩི་འདི༔ འགྲོ་བའི་དོན་ཕྱིར༴ དམ་ཚིག་དབང་གིས༴ རྗེས་ཤུལ་ཙམ་ཡང་༴ ལྷག་མ་མེད་པར༴ ཛ་ཛཿ བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ བྱང་ཕྱོགས་ཀཱི་ལའི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་དོན་གྲུབ་མ༔ ཁྱེད་ཀྱི་ཐུགས་དམ༴ དམ་ཚིག་ཆེན་པོའི༴ སྤྲུལ་པ་ཆེན་པོའི༴ བྱ་རྒྱལ་རྒོད་ཀྱི་སྐུར༴ དུར་ཁྲོད་བམ་གྱི༴ ཐང་སྨུག་ཟ་བྱེད་གཤེགས་སུ་གསོལ༔ བྱིན་རླབས་བམ་ཆེན་བདུད་རྩི་འདི༔ འགྲོ་བའི་དོན་ཕྱིར༴ དམ་ཚིག་དབང་གིས༴ རྗེས་ཤུལ་ཙམ་ཡང་༴ ལྷག་མ་མེད་པར༴ ཛ་ཛཿ བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ གནས་མཆོག་ཉི་ཤུ་རྩ་བཞི་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ མ་ལུས་དམ་ཚིག་ཐུགས་རྒྱུད་བསྐུལ༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ དུར་ཁྲོད་བམ་གྱི་ཚོགས་ལ་བྱོན༔ ཛ་ཛཿ བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ཡུལ་ནི་སུམ་ཅུ་སོ་གཉིས་ན༔ བཞུགས་པའི༴ མཁའ་འགྲོ་དང་ནི༴ དམ་ཚིག་ཐུགས་དམ་རྒྱུད་བསྐུལ་ལོ༔ བྱ་རྒྱལ་རྒོད་ཀྱི་སྐུར༴ དུར་ཁྲོད་བམ་ཚོགས་འདི་ལ་བྱོན༔ ཛ་ཛཿ བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ན༔ བཞུགས་པའི༴ མཁའ་འགྲོ་དང་ནི༴ དམ་ཚིག་ཐུགས་དམ་རྒྱུད་བསྐུལ་ལོ༔ བྱ་རྒྱལ་རྒོད་ཀྱི་སྐུར༴ དུར་ཁྲོད་བམ་ཚོགས་རོལ་དུ་ཤོག༔ ཛ་ཛཿ བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི༴ མཁའ་འགྲོ་དང་ནི༴ དམ་ཚིག་ཐུགས་དམ་རྒྱུད་བསྐུལ་ལོ༔ བྱ་རྒྱལ་རྒོད་ཀྱི་སྐུར༴ དུར་ཁྲོད་བམ་གྱི་ཚོགས་ལ་བྱོན༔ ཛ་ཛཿ བཛྲ་ས་མ་ཡ༔ ཕཊ་ཕཊ་ཕཊ༔ ཧེ་ཧེ་ཕེཾ༔ ཛཿ ཡེ་ཤེས་མཁའ་འགྲོ་གཤེགས་སུ་གསོལ༔ དམ་ཚིག་མཁའ་འགྲོ༴ ཤ་ཟ་མཁའ་འགྲོ༴ འཇིག་རྟེན་མཁའ་འགྲོ༴ ཤུགས་འགྲོ་མ་ཚོགས༴ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ཤིག༔ དམ་ཚིག་གཉན་པོས་འབོད་དོ་ཡ༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ མ་འདའ་བཛྲ་ས་མ་ཡ༔ དུར་ཁྲོད་བམ་ཆེན་བརྗིད་པ་འདི༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས༔ འགྲོ་བའི་དོན་དུ་འབུལ་ལགས་ཀྱི༔ རྗེས་ཤུལ་མེད་པར་ཧབ་ཐོབ་རོལ༔ ལྷག་མ་མེད་པར་བཞེས་སུ་གསོལ༔ དམ་ལས་མ་འདའ་ད་རོལ་ཅིག༔ ཛ་ཛཿ བཛྲ་ས་མ་ཡ༔ མ་བྷྱོ་ཛ་ཧྲཱིང་བཾ་རོལ་སྟོབ༔ དེ་ཡང་ཡང་བརྗོད་ནས་ཕྱོགས་བཞི་རུ་ཐོ་བཞི་བཙུགས་པའི་རྩེ་ནས་མཁའ་འགྲོ་ལྔས་ཕྱོགས་ཀྱི་བྱ་སྣ་འདྲེན་པར་བསམ་ལ༔ བྱ་འགྲོས་ཀྱི་ནང་དུ་འགྲོ་ཚེ་འདི་སྐད་དུ༔ ཀྱཻ༔ མ་ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་ལས༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ སྤྲུལ་འཁོར་བྱ་ཡི་རྣམ་པར་ཐོང་༔ ང་ཡི་རྗེས་སུ་བཞུད་ལ་ཤོག༔ ནམ་མཁར་སྐར་ལྟར་འཁྲིགས་ལ་ཤོག༔ བར་སྣང་སྤྲིན་ལྟར་གཏིབ་ལ་ཤོག༔ ས་གཞིར་ཆར་ལྟར་ཕོབ་ལ་ཤོག༔ དམ་ཚིག་གཉན་པོས་འབོད་ཀྱི་གཤེགས༔ ཨོཾ་བཛྲ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛཿ ཕེཾ་ཕེཾ༔ ཀྱཻ༔ མ་ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་ལས༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ སྤྲུལ་འཁོར་བྱ་ཡི་རྣམ་པར་སོགས་ ཨོཾ་རཏྣ་ཌཱ་ཀི་ནཱི༴ ཀྱཻ༔ མ་ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་ལས༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ སྤྲུལ་འཁོར་བྱ་ཡི་རྣམ་པར་སོགས་ ཨོཾ་པདྨ་ཌཱ་ཀི་ནཱི༴ ཀྱཻ༔ མ་ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་ལས༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ སྤྲུལ་འཁོར་བྱ་ཡི་རྣམ་པར་སོགས་ ཨོཾ་ཀརྨ་ཌཱ་ཀི་ནཱི༴ ཀྱཻ༔ མ་ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་ལས༔ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མ༔ སྤྲུལ་འཁོར་བྱ་ཡི་རྣམ་པར་སོགས་ ཨོཾ་བུདྡྷ་ཌཱ་ཀི་ནཱི་སརྦ་བཛྲ་ས་མ་ཡ་ཛ་ཛཿ ཕེཾ་ཕེཾ༔ ཞེས་བརྗོད་དེ་ནང་དུ་འོང་ངོ་༔ དེ་ལྟར་བྱ་འབོད་ཀྱི་དུས་སུ་རེ་རློམ་ཆགས་དང་དོགས་པ་ཐམས་ཅད་རོ་སྙོམས་སུ་གཅོད་པ་གནད་དོ༔ རྡེའུ་བཅུ་ལ༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་མ་བྷྱོ་ཛཿ ཧྲཱིང་བཛྲ་ས་མ་ཡ་ཛ་ཛཿ བམ་ག་ཎ་ཙཀྲ་ལ་ཁཱ་ཧི་སྭཱ་ཧཱ༔ ཞེས་བརྒྱ་བཏབ་ལ་རོ་ཐོག་དུ་གཏོར༔ གཞན་ཡང་སྔགས་ཅི་རིགས་ཟླའོ༔ ཤ་ཟོས་པའི་རུས་པ་ཐམས་ཅད་ཐོ་བས་འཐག་ཅིང་སྦྱིན༔ སླར་ཡང་ཤ་དུམ་ཀླད་རུས་བསྲེས་ཏེ་ལྷག་མའི་མགྲོན་ལ་ཚོགས་ལྷག་དང་བཅས༔ ཕཊ་ཕཊ་ཕཊ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ཏེ༔ ཕཊ༔ ལྷག་ལ་དབང་བའི་ལྷག་སྐྱོང་རྣམས༔ ས་མ་ཡ་ཕེཾ་ཛ་ཛ༔ ལྟེབ༔ ར་རུ་པ་ཀོར་ལྷང་བ་རྔུབ༔ ཧ་གཡེང་བ་ཡི་རུས་པའི་ཛཿ ཐ་དང་བསྲུང་ཚིག་དེ་དྲང་པའི༔ ཧེ་ལ་བུདྡྷ་ཡེ་ཡང་ཡིན༔ ན་ནི་ཤག་གི་ཀོང་བའི་རྡ༔ ཐ་གང་ཤིང་རུང་ན་ཡང་ཟེར༔ མ་མ་རེ་རི་བཾ་པ་ཀ༔ ཐང་ཀང་ཐ་མིན་དེ་ཀཾ་ཛཿ ཧ་ས་ནི་ལ་ཁ་ཁཱ་ཧི༔ ཞེས་གཞུང་ལྷག་ཀྱང་བྱ༔ གལ་ཏེ་བྱ་རྣམས་ཀྱིས་མི་རོལ་ན༔ བགེགས་བསྐྲད་ཐུན་བྲབ༔ དེས་ཀྱང་མི་ཕན་ན་སྭ་བྷཱ་ཝ་སོགས་སྦྱོང་སྔགས་ཀྱིས་བཀྲུ་སྦྱང་ཡང་ནན་དུ་བྱའོ༔ ཨ་མྲྀ་ཏས་བདུད་རྩིར་བསྒྱུར་ལ་སྦྱིན༔ དེས་ཀྱང་མི་ཕན་ན་རང་ཉིད་ཁྲོས་མ་ནག་མོར་བསྒོམས་ཏེ་ཡེ་ཤེས་དང་འཇིག་རྟེན་གྱི་མ་དང་མཁའ་འགྲོ་རྒྱ་མཚོ་ཐམས་ཅད་རང་ལ་རྫོགས་པར་བསམ་ལ༔ སྙིང་ཁྲག་རུས་གོང་གང་རོལ་བས་ངེས་པར་ཕན་ནོ༔ དེས་ཀྱང་མ་ཕན་ན་མགོ་ཟོར་ལན་ལྔ་བོར༔ དེ་དག་གང་གིས་མི་ཕན་ན་དམ་ཉམས་སུ་ངེས་པས་བཤགས་པ་དང་ཁས་བླང་བ་སོགས་བྱའོ༔ དེ་ལྟར་ལས་རྣམས་རྫོགས་པའི་རྗེས༔ གནས་གཏད་ཕྱི་རུ་ཟིལ་གནོན་སོགས༔ སྤྱི་དང་མཐུན་པ་ཉིད་དུ་སྤྱོད༔ འདི་ལྟར་བམ་གྱི་ཚོགས་མཆོད་ནི༔ གང་གིས་ཉམས་སུ་ལེན་པའི་མི༔ ཚོགས་རྫོགས་སྒྲིབ་པ་ཀུན་བྱང་ནས༔ དམིགས་དང་བསྒོམ་བཟླས་བརྟུལ་ཞུགས་སོགས༔ གཙང་དམེས་བྲལ་བའི་གནད་ཀྱིས་སོ༔ རྐྱེན་ངན་བར་ཆད་ཀུན་ཀྱང་སེལ༔ རོ་སྙོམས་རྟོགས་པ་མངོན་དུ་འགྱུར༔ ས་མ་ཡ༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ སྐལ་ལྡན་བུ་ལ་བུ་བཞིན་སྐྱོངས༔ གསང་བ་སྐུ་གསུམ་ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་སྒྱུ་མའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། ། ༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ མཁའ་འགྲོ་དབང་དུ་འདུ་བའི་སྔགས༔ ཨོཾ་མ་མ་ཌཱ་ཀི་ནཱི་ཧཱུྃ༔ ཧ་རི་ཐ་གིང་ཕེཾ་ཛཿ རང་སྣང་ཡེ་ཤེས་དཀྱིལ་འཁོར་གྱི༔ མ་དང་མཁའ་འགྲོ་རིག་པའི་ངང་༔ འདི་བརྗོད་སྐྱེས་བུ་གང་སུ་དག༔ དོན་དེ་འགྲུབ་པར་གདོན་མི་ཟ༔ མཁའ་འགྲོ་ཆོས་ཉིད་དབང་མོས་སྨྲས༔ ས་མ་ཡ༔ རྣལ་འབྱོར་སྐྱ་རིས་ཀྱིས་བསྐུལ་བས། །དོན་ཡོད་ཕྱིར་ན་བདུད་འཇོམས་པས། །སྨྲས་པ་ཡོངས་སུ་དགེ་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།། །།