ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོའི་མེ་གཏད་ཟབ་མོ༔

From Dudjom Wiki
TTDL-ZABTER-10-THA-056
Wylie title chos nyid nam mkha'i klong mdzod las: mkha' 'gro'i me gtad zab mo: TTDL-ZABTER-10-THA-056.pdf
Location bdud 'joms gling pa zab gter
Volume 10, Text 56, Pages 513-520 (Folios 1a1 to 4b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las mkha' 'gro'i me gtad zab mo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 10: 513-520. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: me gtad   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

སྤྲང་རྒན་མི་གསོབ་ཁ་འགུལ་གྱིས། །ཆོས་ཉིད་ནམ་མཁའི་མཛོད་ལས་བཏོན། །འགྲོ་ཕན་སེམས་ཀྱིས་གཏན་ལ་ཕབ། །ཡིག་སྨྱོན་བུ་སྨྱོན་དྷརྨས་བྲིས། །དགེའོ། །དགེའོ། །དགེའོ།།

sprang rgan mi gsob kha 'gul gyis/_/chos nyid nam mkha'i mdzod las bton/_/'gro phan sems kyis gtan la phab/_/yig smyon bu smyon d+harmas bris/_/dge'o/_/dge'o/_/dge'o//

[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོའི་མེ་གཏད་ཟབ་མོ་བཞུགས་སོ༔


ཕྚ༔ (བརྡ་ཡིག་) མཁའ་འགྲོའི་མེ་ཡི་གཏད་གཟེར་ལ༔ གྲུ་གསུམ་སྟེང་དུ་ཆོས་འབྱུང་ནག༔ མཐའ་མར་མེ་རི་དབུས་སུ་ཧཱུྃ༔ སྟེང་དུ་དྲག་ཤིང་ཆག་གང་བས༔ མེ་ཡི་ཧོམ་གཟར་གྲུ་གསུམ་བརྩིགས༔ འབྲུ་སྣ་ལིང་རོ་ཤ་ཁྲག་བསྲེས༔ སྦྱངས་སྔགས་ལན་གསུམ་ཧ་ཧོ་ཧྲཱིས༔ བསྲེག་རྫས་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་འདོད་ཡོན་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པར་གྱུར་པ་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་བསྟབ་པ་ཙམ་གྱིས་ཁམས་གསུམ་གྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཡེ་ཤེས་ལྔའི་མེ་ཧོམ་དུ་ལྷག་མ་རྗེས་ཤུལ་ཙམ་ཡང་མ་ལུས་པར་སྦྱོང་བྱེད་ཀྱི་རང་བཞིན་ཅན་དུ་གྱུར༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས༔ སྟོང་པའི་ངང་ལས་མདུན་དུ་དུར་ཁྲོད་རབ་འཇིགས་མེ་རླུང་འཚུབས་མའི་ཀློང་དུ་ཧཱུྃ་ཡིག་མཐིང་ནག་གནས་སུ་གྱུར་པ་ལས་པདྨ་ཉི་མ་སྡེ་བརྒྱད་གཅལ་དུ་བཀྲམ་པའི་སྟེང་དུ་མ་ཅིག་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ནམ་མཁའི་དབྱིངས་ལ་གཟིགས་པ་ཞལ་གདངས་ཤིང་མཆེ་བ་བཞི་གཙིགས་པ༔ ལྗགས་གློག་དམར་ལྟར་འདྲིལ་ཞིང་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་སྲོག་དབུགས་ཐམས་ཅད་ཆེམ་ཆེམ་གསོལ་བ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་མེ་ལྟར་འབར་བའི་ཁྲོད་དུ་ཕག་ཞལ་ནག་པོ་གྱེན་དུ་ངུར་བ༔ ཕྱག་གཡས་འཁོར་བ་རྩད་ནས་གཅོད་པའི་གྲི་གུག་དང་གཡོན་པས་ཁམས་གསུམ་ཁྲག་ཏུ་རོལ་པའི་ཐོད་ཁྲག་ཐུགས་ཀར་བསྣམས་པ༔ ཞབས་གཉིས་པད་ཉི་རོའི་གདན་ལ་གར་སྟབས་སུ་བཞུགས་ཤིང་ཁ་ཊཱྃ་ཀ་བརྟེན་པ༔ དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་ཡི་གེ་གསུམ་ལས་འོད་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ༔ ཧཱུྃ༔ དག་པ་མཁའ་སྤྱོད་གཞལ་ཡས་ནས༔ ཁྲོས་མ་ནག་མོ་གཤེགས་སུ་གསོལ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་ཚོགས༔ ཁྲོས་མའི་རྣམ་པར་གཤེགས་སུ་གསོལ༔ དམ་ཚིག་ཡེ་ཤེས་གཉིས་མེད་ངང་༔ ཁམས་གསུམ་རོལ་ཕྱིར་བཞུགས་སུ་གསོལ༔ འགྲོ་ཀུན་མྱང་འདས་ཀློང་སྒྲོལ་ཕྱིར༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕཊ་ཕཊ་ཕཊ༔ སྲི་གདོན་ཁམས་གསུམ་འཁོར་བའི་གཤེད༔ བསྒྲལ་བའི་ཁྲག་གི་ཡོབ་ཆབ་དང་༔ ཆུ་སེར་ཞབས་བསིལ་དབང་པོ་ལྔའི༔ མེ་ཏོག་དང་ནི་ཤ་ཆེན་སྤོས༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དང་༔ ཐོད་རྔ་ལ་སོགས་མཉེས་མཆོད་འབུལ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས༔ ཡོངས་འདུས་ཁྱབ་བདག་ཁྲོས་མའི་སྐུ༔ འཁོར་བ་མྱང་འདས་ངང་སྒྲོལ་བའི༔ དབྱིངས་ཀྱི་ཡུམ་ཆེན་ཁྱོད་ལ་བསྟོད༔ ཕཊ་ཕཊ་ཕཊ༔ གདོན་དུག་གསུམ་བསྒྲལ་བའི་ཤ་ཁྲག་རུས༔ སྐུ་གསུམ་མཁའ་འགྲོའི་ཞལ་དུ་བསྟབ༔ རྗེས་ཤུལ་མེད་པར་བཞེས་ཤིག་རོལ༔ སྐྱེ་མེད་ཀློང་དུ་ཛྭ་ལ་རཾ༔ ཕཊ༔ བགེགས་དུག་ལྔ་བསྒྲལ་བའི་ཕུང་པོ་འདི༔ རིགས་ལྔའི་མཁའ་འགྲོའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཆེམ་ཆེམ་རོལ༔ རྗེས་ཤུལ་མེད་པར་ཛྭ་ལ་རཾ༔ ཕཊ༔ སྲི་བདུད་བཞི་བསྒྲལ་བའི་ཕུང་པོ་འདི༔ ལས་བཞིའི་མཁའ་འགྲོའི་ཞལ་དུ་བསྟབ༔ ལྷག་མ་མེད་པར་ཆེམ་ཆེམ་རོལ༔ རྗེས་ཤུལ་མེད་པར་ཛྭ་ལ་རཾ༔ ཕཊ༔ འདྲེ་ལས་ཉོན་བསྒྲལ་བའི་ཕུང་པོ་འདི༔ མ་ཁྲོས་མ་ནག་མོའི་ཞལ་དུ་བསྟབ༔ ལྷག་མེད་ཆེམ་ཆེམ་རོལ༔ རྗེས་ཤུལ་མེད་པར་ཛྭ་ལ་རཾ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ བདག་སོགས་ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྣམ་མཁྱེན་ཐར་ལམ་བགྲོད་ལ་གེགས་བྱེད་ཅིང་༔ ངན་སོང་འཁོར་བའི་བཙོན་དུ་འཆིང་བྱེད་དགྲ༔ མ་ལུས་བསྡུས་ཏེ་གཅིག་ཏུ་བཟླུམ་བྱས་ནས༔ དབྱིངས་ཀྱི་ཡུམ་ཆེན་ཁྲོས་མ་ཁྱོད་ལ་གཏད༔ མཉམ་ཉིད་ཧོམ་ཁུང་ཡངས་པའི་ཞལ་དུ་བསྟབ༔ འགགས་མེད་རོལ་པ་ཆེན་པོའི་མགྲིན་པར་བྲུབ༔ ཆོས་ཉིད་རོལ་པ་ཆེན་པོའི་ཐུགས་སུ་བསྲེ༔ བདེ་གཤེགས་སྙིང་པོའི་དབྱིངས་སུ་སངས་རྒྱས་ཤོག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ས་མ་ཡ་སྲི་གདོན་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི༔ ལན་བརྒྱ་བརྗོད་དེ་སྟོབ༔ སྣང་སྲིད་ཐམས་ཅད་ཡེ་ཤེས་འཁའ་འགྲོའི་ཀློང་དུ་རིག་སྟེ༔ སྲི་གདོན་གནོད་བྱེད་བསྲེག་རྫས་དང་མཉམ་དུ་འུབ་ཀྱིས་བསྡུས་ཏེ་ཁྲོས་མའི་ཞལ་དུ་མགོ་མཇུག་ལོག་ནས་རྐང་མཐིལ་སྐྱ་ལྷག་གེ་སོང་བར་བསམ༔ ཞེས་ཕུལ་ནས༔ ཨོཾ༔ ཡེ་ཤེས་ཁྲོས་མ་དབྱིངས་སུ་གཤེགས༔ དམ་ཚིག་ཁྲོས་མ་མེ་རུ་དེངས༔ སྤྲོས་པ་བྲལ་བའི་དབྱིངས་སུ་བཞག༔ ཆོས་སྐུའི་ཀློང་དུ་བདེ་བར་གཤེགས༔ ཅེས་བརྗོད་མི་དམིགས་ངང་དུ་མཉམ་པར་བཞག༔ དེ་ནས་ཐལ་སོལ་མཆོད་རྟེན་ནམ་ལམ་རྒྱ་གྲམ་མམ་བྲག་ཞབས་སུ་མནན་ཏེ༔ ཕཊ་ཕཊ་ཕཊ༔ རང་ཉིད་ཁྲོས་མ་ནག་མོ་ཡི༔ ཕྱག་གཡས་གྲི་གུག་སར་གདབ་པས༔ ས་གཞི་གས་པའི་འོག་རིམ་ནས༔ འཆི་བདག་ལས་ཀྱི་གཤིན་རྗེ་ཐོན༔ གནམ་ས་ཙམ་གྱི་ཞལ་གདངས་ཤིང་༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ཙམ་གྱི་ལྗགས་འདྲིལ་བར༔ ཟ་འདྲེ་ཤི་གཤེད་དཔུང་ཚོགས་བཅས༔ ལྷག་མ་མེད་པར་བསྟབ་པར་བསམ༔ ཧོཿ ཀླུ་བདུད་ནག་པོ་སྟོབས་པོ་ཆེ༔ ཡ་མ་རཱ་ཛ་དྲག་ཤུལ་བདག༔ ཁྱེད་ཅག་སྔོན་གྱི་ཐ་ཚིག་ཅན༔ དམ་ཚིག་གཉན་པོ་རྗེས་བསྐུལ་གྱི༔ གནོད་བྱེད་སྲི་གདོན་མ་ལུས་པ༔ ཁྱོད་ལ་གཏད་དོ་གཉེར་རོ་བཅོལ༔ མ་བཏང་ཟུངས་སྡོམས་འཆིང་མཛོད་ཅིག༔ མཐུ་རྩལ་ཅི་འདུག་ཁྱོད་ལ་བལྟ༔ རེམ་ཞིག་བཀའ་དང་དམ་ཚིག་རྒྱ༔ གནས་འདིའི་ལྷ་འདྲེ་དྲག་རྩལ་ཅན༔ ཁྱོག་ལ་མཐུ་རྩལ་ཅི་འདུག་བལྟ༔ ངས་ནི་གཏད་འདི་བཅོལ་གཏམ་བགྱིས༔ གང་དུ་སུ་ལ་མ་ཤོར་རེམ༔ སླན་ཆད་ལྡང་མེད་བཀའ་རྒྱ་ཡིན༔ མ་འདའ་བཛྲ་ས་མ་ཡ༔ ཞེས་གཏད་ནས་སླར་སྦྱིན་བདག་གི་ཁྱིམ་དུ་འགྲོ་ན་གོམ་པ་དགུའི་མཚམས་སུ་ཐོ་བརྩིག་ལ་ཁྱུང་དུ་བསྒོམ་ནས་མཚམས་བཅད༔ རང་ཁྱིམ་དུ་འགྲོ་རྒྱུ་བྱུང་ན་ཕཊ་ཀྱིས་བེམ་རིག་བྲལ་ནས་ཤ་ཁྲག་ཐར་གྱིས་ཞིག་སྟེ་སྣང་སྲིད་ཁྱབ་པའི་འདོད་ཡོན་དུ་དམིགས་ནས་ལྷ་འདྲེ་རྣམས་ལ་གཟན་དུ་བོར་ཏེ་རྣམ་པར་ཤེས་པ་ཁྲོས་མ་བརྒྱད་དུ་གྱུར་ནས་ཕྱོགས་བཞི་མཚམས་བཞིར་འགྲོ་བར་བསམ་ལ་མིག་མཐོང་ཙམ་ལ་ཕྱིན་ནས་སླར་ཆོས་དབྱིངས་ཀུན་ཏུ་བཟང་མོའི་ཀློང་ནས་གཅིག་ཏུ་འདྲེས་པ་ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་ཐུགས་ཀའི་འོད་ཟེར་གྱི་སྦུ་གུ་དར་སྐུད་ལྟ་བུའི་ནང་ནས་རང་གི་རིག་པ་ཐིག་ལེ་ཉུང་འབྲུ་ཙམ་དཀར་གསལ་འོད་དང་ལྡན་པར་གྱུར་ཏེ་ཧྲི་ལི་ལི་སོང་ནས་རང་གི་གནས་ཁང་གི་སྟེང་ནས་བབ་པར་བསམ་ཞིང་འགྲོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ རྗེས་གཅོད་ཟབ་མོའི་མཐར་ཐུག་འདིས༔ ནད་གདོན་མི་མཐུན་ཕྱོགས་ཀུན་སེལ༔ བཀྲ་ཤིས་དགེ་ལེགས་ཐམས་ཅད་འཕེལ༔ གནས་ཁང་རིན་ཆེན་དམིགས་གནད་ཟུངས༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ ཨ་ཐཾ༔ སྤྲང་རྒན་མི་གསོབ་ཁ་འགུལ་གྱིས། །ཆོས་ཉིད་ནམ་མཁའི་མཛོད་ལས་བཏོན། །འགྲོ་ཕན་སེམས་ཀྱིས་གཏན་ལ་ཕབ། །ཡིག་སྨྱོན་བུ་སྨྱོན་དྷརྨས་བྲིས། །དགེའོ། །དགེའོ། །དགེའོ།། །།ཧཱུྃ་ཧྲཱིཿ ཡེ་ཤེས་མཁའ་འགྲོའི་ཐུགས་རྗེའི་གདངས༔ ཡེ་ཤེས་ལྔ་ཡི་མེ་བྱུང་བས༔ ཚེ་འདས་དུག་ལྔའི་ཕུང་པོ་བསྲེག༔ ཡེ་ཤེས་རྩལ་ཆེན་འབར་གྱུར་ཅིག༔ ཨ་ནྲྀ་སུ་ཏྲི་པྲེ་དུ་ཛྭ་ལ་རཾ་ཁཱ་ཧི༔