བསྙེན་པའི་ལས་བཞིའི་དམིགས་རིམ།

From Dudjom Wiki
TTDL-ZABTER-11-DA-001
Wylie title bsnyen pa'i las bzhi'i dmigs rim TTDL-ZABTER-11-DA-001.pdf
Location bdud 'joms gling pa zab gter
Volume 11, Text 1, Pages 1-3 (Folios 1a1 to 2a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Bsnyen pa'i las bzhi'i dmigs rim. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: 1-3. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las bzhi'i dmigs rim   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Stages of Visualization - dmigs rim
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

ཞེས་པ་འདི་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས་གསུངས་པ་ལ་བརྟེན་ནས་བདུད་འཇོམས་རྡོ་རྗེས་རྣལ་འབྱོར་དབང་ཕྱུག་སྨོན་ལམ་གྱི་ངོར་ཡི་གེར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di ye shes mkha' 'gro mtsho rgyal gyis gsungs pa la brten nas bdud 'joms rdo rjes rnal 'byor dbang phyug smon lam gyi ngor yi ger phab pa'o/__/dge'o/__/dge'o/__/dge'o/__/sarba mang+ga laM//

[edit]
༁ྃ༔ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཐུགས་ཀའི་སྔགས་ཕྲེང་རང་སྒྲ་དང་བཅས་ཏེ་མགལ་མེ་ལྟར་འཁོར་བ་ལས་འོད་ཟེར་མུ་མཐའ་མེད་པར་འཕྲོས་པས༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབང་བྱིན་མཐུ་ནུས་ཐམས་ཅད་འཇའ་ཡི་སྤྲིན་དཔུང་ལྟ་བུའི་འོད་ཕུང་གི་རྣམ་པར་བསྡུས་ཏེ་བདག་དང་སྒྲུབ་པའི་རྫས་ལ་ཐིམ་པར་ཡང་ཡང་བསྒོམ༔ སླར་ཡང་བདག་མདུན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྣང་སྲིད་དག་པ་རབ་འབྱམས་ཀྱི་རོལ་པར་གྱུར་ནས་སྔགས་སྒྲས་སྟོང་གསུམ་གང་བར་བསྒོམ༔ ཡང་སྐབས་སུ་རང་ཁྲོས་མའི་ཐུགས་ཀའི་སྔགས་ཕྲེང་དང་སྐུའི་འོད་ཟེར་གྱིས་མཆོག་གསུམ་སྐུ་གསུམ་རྩ་གསུམ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་དཔལ་ཡོན་དབང་བྱིན་དངོས་གྲུབ་ཐམས་ཅད་དང་ཁམས་གསུམ་སྣོད་བཅུད་ཀྱི་ཚེ་བསོད་ནམས་དཔལ་ཡོན་དྭངས་བཅུད་ནུས་པ་ཐམས་ཅད་འོད་ཕུང་ཁ་དོག་སྣ་ལྔའི་རྣམ་པ་ཅན་དུ་གྱུར་ནས་བདག་ལ་ཐིམ་པས་གཟི་བརྗིད་འོད་ཕུང་ཡེ་ཤེས་ཡོན་ཏན་མཐུ་ནུས་ཐམས་ཅད་ལྡན་པར་བསྒོམ༔ སྔ་དྲོ་བདག་ཉིད་ཁྲོས་མའི་ཐུགས་ཀའི་འོད་ཕུང་དཀར་པོ་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་བག་ཆགས་ནད་གདོན་སྡུག་བསྔལ་ཐམས་ཅད་སངས་ཀྱིས་དག་པར་བྱས་ཏེ་ཞི་བའི་ཕྲིན་ལས་ཡོངས་སུ་གྲུབ་པར་བསྒོམ༔ ཉིན་གུང་བདག་ཉིད་ཁྲོས་མའི་ཐུགས་ཀ་ནས་འོད་ཕུང་སེར་པོ་རབ་ཏུ་འཕྲོས་ཏེ་འཁོར་འདས་ཡོངས་ཀྱི་ཚེ་བསོད་ནམས་དཔལ་ཡོན་དྭངས་བཅུད་ཡེ་ཤེས་ཡོན་ཏན་དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་སེར་པོའི་རྣམ་པར་འདུས་ཏེ་རང་ལ་ཐིམ་པས་ཚེ་བསོད་དཔལ་ཡོན་ནུས་སྟོབས་ཤེས་རབ་ཡེ་ཤེས་ཐམས་ཅད་རབ་ཏུ་འབར་བར་བསྒོམ༔ དགོང་མོ་ཡང་རང་ཉིད་ཁྲོས་མའི་ཐུགས་ཀ་ནས་འོད་ཕུང་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་རང་དབང་མེད་པར་དབང་དུ་བསྡུས་ཏེ་ཟིལ་གྱིས་མནན་པར་བསྒོམ༔ སྲོད་ལ་རང་ཉིད་ཁྲོས་མ་ནག་མོའི་དཀྱིལ་འཁོར་དང་སྐུ་ཡི་གནས་ལྔ་ཐམས་ཅད་ནས་སྤྲུལ་པའི་ཁྲོ་ཆུང་དང་ལྕགས་སྡིག་བྱ་ཁྱུང་ཐུན་མཚོན་མེ་རླུང་དྲག་པོ་སེར་རླུང་ལྟར་དུ་འཕྲོས་པས་གཟུགས་ཅན་དང་གཟུགས་མེད་ཀྱི་དགྲ་གདོན་གནོད་བྱེད་ལོག་འདྲེན་ཐམས་ཅད་བརླག་གཏུབ་བསྲེགས་ཤིང་གཏོར་ནས་རྔམས་ཟས་བྱས་ཏེ་འཁྲུལ་མི་ཤེས་པའི་དབྱིངས་སུ་སད་པར་བསྒོམ༔ ཤེས་པ་གཞན་དུ་མ་ཡེངས་པར་ལྷའི་གསལ་སྣང་དང་ང་རྒྱལ་བརྟན་པར་བྱ་བ་དང་༔ མི་ཚིག་གིས་བར་མི་ཆོད་ཅིང་སྔགས་སྒྲ་རྒྱུན་མི་ཆད་པར་བཟླ་བ་དང་༔ བར་བར་དུ་འཕྲོ་འདུའི་དམིགས་གནད་ལ་བརྩོན་པ་གནད་དོ༔ ས་མ་ཡ༔ ཞེས་པ་འདི་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས་གསུངས་པ་ལ་བརྟེན་ནས་བདུད་འཇོམས་རྡོ་རྗེས་རྣལ་འབྱོར་དབང་ཕྱུག་སྨོན་ལམ་གྱི་ངོར་ཡི་གེར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།