འོད་གསལ་མྱུར་ལམ་ཐོད་རྒལ་ཟབ་མོའི་དོན་ཁྲིད་ལག་ལེན་དུ་བསྡེབས་པ་ཀློང་གསལ་དྲི་མེད།

From Dudjom Wiki
TTDL-ZABTER-11-DA-034
Wylie title 'od gsal myur lam thod rgal zab mo'i don khrid lag len du bsdebs pa klong gsal dri med TTDL-ZABTER-11-DA-034.pdf
Location bdud 'joms gling pa zab gter
Volume 11, Text 34, Pages 463-498 (Folios 1a1 to 18b2)
Author བདུད་འཇོམས་གཏེར་སྲས་དྲི་མེད་འོད་ཟེར་
Citation Bdud 'joms gter sras dri med 'od zer. 'od gsal myur lam thod rgal zab mo'i don khrid lag len du bsdebs pa klong gsal dri med. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: 463-498. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: thod rgal don khrid   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Contemplative Guide Books and Instructional Manuals - khrid yig
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Deity khros ma nag mo
Colophon

ཅེས་པ་འདི་ནི་རང་སློབ་སྒྲུབ་བརྩོན་དམ་པ་ཀརྨ་དོན་ཡོད་ཀྱིས་སྒྲུབ་པ་ཉམས་ལེན་གྱི་མཆོད་པ་དང་བཅས་ཏེ་བསྐུལ་ངོར་གཏེར་ཆེན་བླ་མའི་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་དྲི་མེད་འོད་ཟེར་གྱིས་བྲིས་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

ces pa 'di ni rang slob sgrub brtson dam pa karma don yod kyis sgrub pa nyams len gyi mchod pa dang bcas te bskul ngor gter chen bla ma'i slob 'bangs yongs kyi tha shal ba dri med 'od zer gyis bris pa'o/ /dge'o/ /dge'o/ /dge'o/ /sarba mang+ga laM//

[edit]
༄༅། །འོད་གསལ་མྱུར་ལམ་ཐོད་རྒལ་ཟབ་མོའི་དོན་ཁྲིད་ལག་ལེན་དུ་བསྡེབས་པ་ཀློང་གསལ་དྲི་མེད་ཅེས་བྱ་བ་བཞུགས་སོ། །


༄༅། །ན་མོ་གུ་རུ་ས་མནྟ་བྷ་དྲ་ཡེ། ཆོས་ཉིད་དབྱིངས་ན་གདོད་ནས་དྲི་མེད་རྣམ་དག་བརྗོད་པ་ཀུན་ལས་འདས། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོན་ཏན་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །མཁྱེན་པ་མ་འགགས་ཇི་ལྟ་ཇི་སྙེད་ཡེ་ཤེས་མིག་གཅིག་དྲི་མ་མེད། །ཐོག་མའི་མགོན་པོ་རྒྱལ་བ་འོད་ཀྱི་ཕུང་པོར་རྣམ་པ་ཀུན་ནས་འདུད། །རྒྱལ་ཀུན་མཁྱེན་རབ་དབང་ཕྱུག་འཇམ་དཔལ་དབྱངས། །གངས་ཅན་འགྲོ་བའི་སྐྱབས་གཅིག་པདྨ་འབྱུང་། །ཐེག་མཆོག་སྙིང་པོའི་ཤིང་རྟ་ཀློང་ཆེན་པ། །སྐྱབས་མཆོག་རྣམ་གསུམ་སྤྱི་བོའི་གཙུག་གིས་བསྙེན། །ལྷུན་གྲུབ་རིག་འཛིན་རྡོ་རྗེ་གྲོ་བོ་ལོད། །མི་ཡི་ཟོལ་བཟུང་གདུལ་བྱ་ཐུགས་རྗེས་སྐྱོབ། །བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན། །བདུད་འཇོམས་རྡོ་རྗེ་བདེ་ཆེན་འཁོར་ལོར་བསྙེན། །གང་གིས་ལེགས་གསུངས་ཟབ་གཏེར་རྒྱ་མཚོའི་བཅུད། །ཐེག་པའི་རིམ་དགུའི་མཐར་ཐུག་སྙིང་པོའི་ཆོས། །ཨ་ཏིའི་རྩེ་མོ་མྱུར་ལམ་ཐོད་རྒལ་གྱི། །གདམས་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ། །ཞལ་ཤེས་ཇི་བཞིན་མ་ནོར་འདི་རུ་འགོད། །ཆོས་བདག་དཔའ་བོ་མཁའ་འགྲོས་གནང་བ་སྩོལ། །དེ་ལ་ཐེག་པའི་རིམ་པ་མཐའ་ཡས་པ་ཀུན་གྱི་མཐར་ཐུག་ཅིང་དགོངས་པ་གཅིག་ཏུ་འདུས་པ་ཟབ་གསལ་རྡོ་རྗེ་སྙིང་པོའི་རྩེ་མོ་མྱུར་ལམ་ཐོད་རྒལ་ཟབ་མོའི་གདམས་པ་ཐབས་ཤེས་ལྟོ་སྦྱོར་གྱི་ལམ་ནས་ཉམས་སུ་ལེན་པའི་ཚུལ་ལ། ཐོག་མར་འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོ་རིག་སྟོང་ཀ་ནས་དག་པ་མཐའ་གྲོལ་ཀློང་ཡངས་རྫོགས་པ་ཆེན་པོའི་གཞི་ཁྲེགས་ཆོད་ཀྱི་ལྟ་བ་ཟབ་མོ་གོ་མྱོང་རྟོགས་གསུམ་གྱི་སྒོ་ནས་མ་ནོར་བར་ཤེས་པའི་ལྟ་བས་གཞི་བཟུང་། སྒོམ་པ་གསལ་སྟོང་འཛིན་བྲལ་ཆེན་པོར་ལ་བཟླ་ཞིང་། མྱུར་ལམ་ཐོད་རྒལ་ཟབ་མོའི་སྒོ་ཉམས་སུ་ལེན་པ་ལ། དབེན་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱུ་ཚོགས་ཚང་ཞིང་མི་མཐུན་པའི་རྐྱེན་དང་བྲལ་བའི་སར་ཕྱིན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་བརྟེན་ནས་ཉེས་ལྟུང་བཤགས་པ་སྟོབས་བཞི་ཚང་བའི་ཉམས་ལེན་གནད་དུ་ཐེང་ངེས་བྱས་མཐར། ད་ནི་འོད་གསལ་རྫོགས་པ་ཆེན་པོའི་གདམས་པ་ཟབ་མོ་ཉམས་སུ་བླང་ནས། ཚེ་ལུས་གཅིག་པོ་དེ་ཉིད་དུ་འཇའ་ལུས་འཕོ་བ་ཆེན་པོའི་གོ་འཕང་མངོན་སུམ་དུ་ཐོབ་པར་བྱ། དེ་ལ་དབང་དང་བྱིན་རླབས་ཐམས་ཅད་ཀྱི་འབྱུང་གནས་བླ་མའི་རྣལ་འབྱོར་ཟབ་མོ་བསྒོམ་པར་བྱ་སྙམ་པ་དང་ཆབ་གཅིག་བླ་མ་ལ་མོས་གུས་དུང་དུང་པ་ཞིག་བྱས་པའི་རྐྱེན་གྱིས། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་འཁོར་བར་མ་ཆགས་པའི་པདྨ་དང་། སྐྱོན་གྱིས་མ་གོས་པའི་ཉི་མ། སྐྱོན་ཐམས་ཅད་དང་བྲལ་བའི་ཟླ་བའི་གདན་གྱི་སྟེང་ངོ་བོ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཞལ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་ས་ལ་བསྡིགས་པའི་ཚུལ་གྱིས་འཛིན་པ། གཡོན་པ་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཁ་ཁེབས་ཀྱི་ལྟེ་བར་ཚེ་བུམ་བཅུད་ལྡན་རིགས་ལྔ་གང་རུང་གི་ཕྱག་མཚན་གྱིས་མཚན་པ། ཁ་རྒྱན་དཔག་བསམ་ཤིང་གི་ཡལ་འདབ་དང་བཅས་པ་བསྣམས་པ། སྐུ་ལ་སྡེ་སྣོད་གསུམ་མཚོན་ཕྱིར་འདུང་མ་དཀར་པོ་ཕོད་ཁ་ཐང་ཤམ་ཆོས་གོས་དང་བཅས་པ་མནབ་ཅིང་། དབུ་ལ་འདབ་ལྡན་པདྨ་མཐོང་གྲོལ་རྡོ་རྗེ་རྒོད་ལྡེམ་དང་བཅས་པ་གསོལ་བ། ཞབས་སག་ལྷྭམ་དང་བཅས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། སྐུ་དབྱིངས་དྭངས་གསལ་ལ་བརྒྱུད་གསུམ་གྱི་རིག་འཛིན་བླ་མའི་དཀྱིལ་འཁོར་ཐམས་ཅད་རྒྱ་མཚོའི་ནང་གི་གཟའ་སྐར་བཞིན་དུ་མ་འདྲེས་སོ་སོར་གསལ་བ། མཆན་ཁུང་གཡོན་དུ་སྦས་ཡུམ་མནྡྷ་ར་བ་ཁ་ཊྭཱཾ་གྱི་རྣམ་པར་བསྣམས་ཤིང་སྣང་སྟོང་འཇའ་ལུས་སྒྱུ་མའི་སྐུ་ཅན་འོད་དང་འཇའ་ཟེར་འཁྲིགས་པའི་ཀློང་ན་བཞུགས་པར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་སྙིང་པོ་ལས་འོད་ཟེར་འཕྲོས་པས་བརྒྱུད་གསུམ་རིག་འཛིན་བླ་མ་ཡི་དམ་རྒྱུད་སྡེ་བཞི་དྲུག་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ལ་བླ་མའི་གསང་གསུམ་དང་དབྱེར་མེད་པར་ཐིམ་པས་སྐུ་གསུང་ཐུགས་ཀྱི་གཟི་བརྗིད་རབ་ཏུ་འབར་ཞིང་རྒྱས་པར་བསམ། དེ་དག་རྣམས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འཇའ་ཡི་སྤྲིན་དཔུང་འཐིབས་པ་བཞིན་དུ་བྱུང་ནས་རང་ཉིད་ལ་ཐིམ་པས། རང་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་སྣོད་བཅུད་སྣང་སྲིད་ཐམས་ཅད་ཆོས་ཉིད་སྟོང་པ་ཆེན་པོའི་མཁའ། རྣམ་ཀུན་མཆོག་ལྡན་བདེ་ཆེན་མི་འགྱུར་རྡོ་རྗེ་བཙུན་མོའི་དབྱིངས་སུ་ཞིག་པར་བསམ་ལ་སྟོང་ཉིད་ཀྱི་ངང་དུ་མཉམ་པར་འཇོགདེ་ལས་ལྷུན་གྲུབ་ཀྱི་སྣང་ཆ་ཐམས་ཅད་སྐད་ཅིག་གིས་ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་ཁམས་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་པདྨ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། ཞབས་གཉིས་གར་སྟབས་ཀྱིས་པད་ཉི་རོ་ཡི་གདན་ལ་བརྫིས་པ། གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་ཞིང་སྤྱན་གསུམ་སྐུ་གསུམ་གྱི་དབྱིངས་ལ་ཧྲིག་གེར་གཟིགས་པ། ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ། ནུ་མ་འབུར་ཞིང་གསང་བའི་པདྨོ་རབ་ཏུ་རྒྱས་པ། དབུ་སྐྲ་ཐོར་ཅོག་ཏུ་བཅིང་ཞིང་ཟར་བུས་སྐུ་རྒྱབ་ཁེབས་པ། ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱཾ་རྩེ་གསུམ་མཆན་ཁུང་གཡོན་དུ་བསྟེན་པ། སྐུ་གཅེར་བུ་རུས་པའི་རྒྱན་དྲུག་དེ་ཡང་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྲེང་བ། སྐུ་རེག་མཆོད་ཕྱིར་ཐོགས། ཕྱག་ཞབས་ཀྱི་གདུ་བུ་རྣམས་གཅིག་ཏུ་བརྩིས་པས་རྒྱན་དྲུག་གོ། མཆན། གིས་སྤྲས་པ། ཡེ་ཤེས་འཇའ་འོད་ཐིག་ལེའི་ཀློང་དུ་སྣང་སྟོང་སྒྱུ་མའི་སྐུ་རུ་བསྒོམ་པའི་སྐུ་དབྱིངས་དྭངས་གསལ་རྒྱ་མཚོ་ལྟ་བུའི་ཀློང་དུ། དུས་གསུམ་གྱི་སངས་རྒྱས་ཡོངས་སུ་རྫོགས་པའི་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་མ་འདྲེས་སོ་སོར་གསལ་ལ། སྐུའི་འོད་ཟེར་གྱིས་ཁམས་གསུམ་འཁོར་བའི་སྣོད་བཅུད་ཀྱི་དྲི་མ་ཐམས་ཅད་སྦྱངས་ནས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་རྫོགས་སངས་རྒྱས་པར་མངོན་དུ་བྱས་ལ། ཡིད་ཁྱེད་ཤེས་ཀྱི་དད་པ་དྲག་པོ་ཁ་ཙམ་ཚིག་ཙམ་མ་ཡིན་པར་ལུས་བ་སྤུ་གཡོ་བ། མིག་མཆི་མ་འཁྲུག་པ། སེམས་བླ་མར་ཐིམ་འགྲོ་བ་ཙམ་གྱི་མོས་གུས་ཚད་མེད་པ་བྱས་ལ། བདག་སོགས་ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གསུམ་གྱིས་དམ་ལ་མ་བཞག་པ་གཅིག་ཀྱང་མེད་པས་འཁོར་བ་དང་ངན་སོང་གི་འཇིགས་པ་ཆེན་པོ་ལས་མྱུར་དུ་བསྐྱབ་ནས་ཡང་དག་པ་གདོད་མའི་གཞི་ཀློང་ཀ་དག་ཆོས་ཉིད་གཞོན་ནུ་བུམ་སྐུའི་དབྱིངས་སུ་སངས་རྒྱས་པར་མཛད་དུ་གསོལ། ཅེས་བསམ་ཞིང་། ཧཱུཾ་ཧྲཱིཿསྐྱབས་གནས་ཀུན་འདུས༴ སོགས་དང་། ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༴ སོགས་ཅི་རིགས་བརྗོད་མཐར། དབང་བཞི་བླང་བ་ནི། བླ་མའི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་སྤྲིན་ཕུང་འཐིབ་པ་བཞིན་དུ་བྱུང་སྟེ་རང་གི་སྤྱི་བོར་ཐིམ་པས། ལུས་དང་རྩ་ཡི་སྒྲིབ་པ་དགསྐུ་བུམ་པའི་དབང་ཐོབ། ལུས་རྡོ་རྗེ་སྐུའི་རོལ་པར་བྱིན་གྱིས་བརླབས། སྤྲུལ་སྐུའི་ནུས་པ་རྒྱུད་ལ་བཞག། རྣམ་སྨིན་རིག་འཛིན་གྱི་གོ་འཕང་ཐོབ། སྣང་སྟོང་དབྱེར་མེད་དང་དགའ་བའི་ཡེ་ཤེས་མངོན་དུ་གྱུར་པར་བསམ། བླ་མའི་མགྲིན་པར་པདྨ་ལ་གནས་པའི་ཨཱཿཡིག་དམར་པོ་ལས་འོད་ཟེར་དམར་པོ་སྤྲིན་ཕུང་འཐིབ་པ་བཞིན་དུ་བྱུང་ནས་རང་གི་མགྲིན་པར་ཐིམ་པས། ངག་དང་རླུང་གི་སྒྲིབ་པ་དགགསུང་གསང་བའི་དབང་ཐོབ། ངག་རྡོ་རྗེ་གསུང་གི་རོལ་པར་བྱིན་གྱིས་བརླབས། ལོངས་སྤྱོད་རྫོགས་སྐུའི་ནུས་པ་རྒྱུད་ལ་བཞགཚེ་དབང་རིག་འཛིན་གྱི་གོ་འཕང་ཐོབ། གསལ་སྟོང་དབྱེར་མེད་དང་མཆོག་དགའི་ཡེ་ཤེས་མངོན་དུ་གྱུར་པར་བསམ། བླ་མའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་མཐིང་ནག་ལས་འོད་ཟེར་མཐིང་ནག་སྤྲིན་ཕུང་འཐིབ་པ་བཞིན་དུ་བྱུང་ནས་རང་གི་སྙིང་གར་ཐིམ་པས་ཡིད་དང་ཐིག་ལེའི་སྒྲིབ་པ་དགཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་བྱིན་གྱིས་བརླབས། ཆོས་སྐུའི་ནུས་པ་རྒྱུད་ལ་བཞགཕྱག་རྒྱའི་རིག་འཛིན་གྱི་གོ་འཕང་ཐོབ། བདེ་སྟོང་དབྱེར་མེད་དང་ཁྱད་པར་དུ་དགའ་བའི་ཡེ་ཤེས་མངོན་དུ་གྱུར་པར་བསམ། སླར་ཡང་བླ་མའི་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་ཡི་སྤྲིན་ཕུང་འཐིབ་པ་བཞིན་དུ་བྱུང་ནས་རང་གི་གནས་ལྔར་ཐིམ་པས། ཉོན་ཤེས་ཀྱི་སྒྲིབ་པ་དགཀ་དག་ཚིག་གི་དབང་ཐོབ། ངོ་བོ་ཉིད་སྐུའི་ནུས་པ་རྒྱུད་ལ་བཞགལྷུན་གྲུབ་རིག་འཛིན་གྱི་གོ་འཕང་ཐོབ། རིག་སྟོང་དབྱེར་མེད་དང་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་མངོན་དུ་གྱུར་པར་བསམ། སླར་ཡང་བླ་མ་འོད་དུ་ཞུ་ནས་རང་ཉིད་ལ་ཐིམ་པས། བདག་དང་སྣང་བ་ཐམས་ཅད་སྨྲ་བསམ་བརྗོད་པ་དང་བྲལ་བ་ཆོས་ཉིད་དེ་བཞིན་ཉིད་དབྱིངས་འོད་གསལ་བློ་ལས་འདས་པ་སྐུ་དང་ཡེ་ཤེས་ཆེན་པོའི་དབྱིངས་སུ་ཞིག་པར་བསམ་ལ་དབྱིངས་རིག་མི་འགྱུར་བའི་ངང་དུ་སྟོང་པའི་ཡེ་ཤེས་མངོན་དུ་བྱེད། དེ་ནས་སྐད་ཅིག་གིས་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པ་ངོས་འཇམ་ཞིང་ཁོད་སྙོམས་པ། གཞོན་ནུ་མའི་ལག་མཐིལ་ལྟར་དྭངས་ཤིང་མནན་ན་ནེམ་ཞིང་བཏེགས་ན་དེ་སྙེད་ཀྱི་གྲངས་འཕར་བ། སྨན་གྱི་སྤང་རི་ལ་དྲི་བཟང་གི་ན་བུན་འཐུལ་བ། ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་པདྨོ་རྣམ་པར་མཛེས་པས་ཡོངས་སུ་ཁེབས་པ། ཞིང་ཁམས་དེའི་ཕྱོགས་བཞི་དབུས་ལྔར་ཡེ་ཤེས་ལྔའི་རང་མདངས་མ་འགགས་པའི་ཆུ་མིག་དབུས་མཐིང་ག་ཟུར་བརྒྱད་པ། ཤར་དཀར་ཞིང་ཟླུམ་པ། ལྷོ་སེར་གསལ་གྲུ་བཞི་པ། ནུབ་དམར་པོ་ཟླ་གམ། བྱང་ལྗང་གུ་གྲུ་གསུམ་པའི་མདོག་དབྱིབས་ཅན། བྱེད་ལས་ཉོན་མོངས་པ་དུག་ལྔའི་རྟོག་པ་གཞིལ་ཞིང་ཡེ་ཤེས་ལྔའི་སྣང་བ་མཆོག་ཏུ་སྦྱིན་པར་བྱེད་པ། མཚམས་རྣམས་སུ་དག་བྱེད་ཁྲུས་ཀྱི་རྫིང་བུ་ཡན་ལག་བརྒྱད་དང་ལྡན་པ་རིན་པོ་ཆེའི་ལྕགས་རིས་མཛེས་པ། མཚོ་དེ་དག་གི་འགྲམ་དུ་རིན་པོ་ཆེའི་གྲམ་པ། གསེར་གྱི་བྱེ་མ་དང་། གཡུའི་ནེའུ་སེང་བརྡལ་བ། ཞིང་དེའི་མཐའ་འཁོར་མོ་ཡུག་ཏུ་དཔག་བསམ་གྱི་ཤིང་ལྷུན་ཧ་ཅང་མི་འཐུག་ཅིང་རྒྱ་ཡོངས་སུ་མ་ཆད་པའི་བར་ཐམས་ཅད་དར་དང་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པས་བརྒྱན་པ། སངས་རྒྱས་ཀྱི་སྤྲུལ་པའི་བྱ་རིགས་སྐད་སྙན་པ་དང་། གཟུགས་མཛེས་པའི་རིགས་ཐམས་ཅད་རྒྱ་མཚོ་ལ་འཁོར་ཞིང་དཔག་བསམ་གྱི་ཤིང་ལ་འབབ་ཅིང་དམ་པའི་ཆོས་ཀྱི་སྒྲ་རྒྱུན་མི་ཆད་པར་སྒྲོགས་པ། རི་དྭགས་སྤུ་སྡུག་མཛེས་ཤིང་ཡིད་དུ་འོང་བ་རྣམས་ཀྱང་སྤང་ལྗོངས་ཀྱི་ཁབ་ཏུ་རྩེ་ཞིང་བྱ་རིགས་ལས་དམ་པའི་ཆོས་ཉན་པའི་ཚུལ་དུ་གནས་པ། དེའི་ཕྱི་རིམ་དུ་རིན་པོ་ཆེའི་འོབས་ཀྱིས་འཁོར་བའི་ནང་ཐམས་ཅད་རྒྱ་མཚོ་ཆེན་པོ་ཡོངས་སུ་འཁྱིལ་ཞིང་གང་བ་ནི་ས་གཞི་མཛེས་པའི་རྒྱན་ནོ། །བར་སྣང་གི་མཐའ་ཐམས་ཅད་འཇའ་ཡི་དྲྭ་བ་དང་དྲྭ་ཕྱེད་འོད་ཟླུམ་མུ་ཁྱུད་སོགས་ཀྱིས་རྣམ་པར་མཛེས་པའི་ཀློང་ན་མཆོད་པའི་ལྷ་མོ་བསམ་ཡས་པས་མཆོད་བསྟོད་ཀྱི་བཀུར་སྟིས་རིམ་གྲོ་རྟག་ཏུ་བགྱིད་པ་ནི་བར་སྣང་མཛེས་པའི་རྒྱན་ནོ། །ནམ་མཁའི་དབྱིངས་ཐམས་ཅད་འཇའ་ཡི་གདུགས་དང་། རྒྱལ་མཚན་དང་། ལྡ་ལྡི་དང་། འཕན་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་སོགས་ཀྱིས་ཡོངས་སུ་མཛེས་པར་བྱས་པ་ནི་ནམ་མཁའ་མཛེས་པའི་རྒྱན་ནོ། །ཞིང་ཁམས་དེའི་དབུས་སུ་འཁོར་བར་མ་ཆགས་པའི་པདྨ་འདབ་མ་སྟོང་དང་ལྡན་པ། ཕྱོགས་བཞི་ཕྱོགས་མདོགམཚམས་བཞི་མཐིང་གཟེའུ་འབྲུ་དམར་སེར། ལྟེ་བ་འབུར་ཞིང་མཐའ་ཅུང་ཟད་གཞོལ་བ། དེའི་སྟེང་དུ་སྐྱོན་གྱིས་མ་གོས་པའི་ཟླ་བ་དང་། སྐྱོན་ཐམས་ཅད་དང་བྲལ་བའི་ཉི་མ་གཉིས་ཀ་པདྨའི་རྒྱ་དང་མཉམ་པ། དེའི་སྟེང་དུ་རང་གི་རིག་པ་ཧཱུཾ་ཡིག་མཐིང་གསལ་འོད་དང་འོད་ཟེར་འབར་བའི་རྣམ་པར་གསལ་བ་འོད་ཟེར་ཁ་དོག་ལྔ་ལྡན་མཆོད་འཛིན་གྱི་ལྷ་མོ་དང་བཅས་པ་འཕྲོས། རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ། ཐུགས་རྗེ་བྱིན་རླབས་ཐམས་ཅད་འོད་ཕུང་མཐིང་ནག་གི་རྣམ་པར་བྱུང་ནས་ཧཱུཾ་ཡིག་ལ་ཐིམ། མར་འཕྲོས་འགྲོ་བ་རིགས་དྲུག་གི་གནས་ཡུལ་ཐམས་ཅད་དག་པར་སྦྱང་། ཚེ་བསོད་དཔལ་ཡོན་ཐམས་ཅད་བསྡུས་ནས་ཐིམ། སྐད་ཅིག་གིས་ཧཱུཾ་ཡིག་དེ་ཉིད་ཡོངས་སུ་གྱུར་པ་ལས་མ་ཅིག་ཁྲོས་མ་ནག་མོ་ཆོས་སྐུ་སྐྱེ་བ་མེད་པའི་སྐུ་མདོག་མཐིང་ནགཉག་གཅིག་བདེ་བ་ཆེན་པོའི་ཞལ་གཅིགཚད་མེད་རྣམ་བཞིའི་མཆེ་བ་ཟླ་ཚེས་ལྟར་གཙིགས་པ། སྐུ་གསུམ་དབྱེར་མི་ཕྱེད་པའི་སྤྱན་གསུམ་ནམ་མཁའི་མཐོང་ལ་གཟིགས་པ། དོན་གཉིས་ལྷུན་གྱིས་གྲུབ་པའི་ཤངས་བུག་ཧར་བ། བདེན་པ་གཉིས་དང་ལྡན་པའི་སྙན་གྱི་པདྨོ་མཛེས་པ། སྣང་སྟོང་གཉིས་སུ་མེད་པའི་རྫི་མ་འཁྱུགས་པ། ཞི་བའི་དཀྱིལ་འཁོར་རྫོགས་པའི་ཚེམས་ཕྲེང་དཀར་བ། ལོངས་སྐུ་འགགས་པ་མེད་པའི་ལྗགས་པད་སྲབ་པ། ཐབས་ཤེས་ཟུང་དུ་འཇུག་པའི་ཕྱག་གཉིས་ཀྱིས། སྐྱེ་འཆི་རྩད་ནས་གཅོད་པའི་གྲི་གུག་ནམ་མཁར་ཕྱར་ཞིང་། ཁམས་གསུམ་ཁྲག་ཏུ་རོལ་པའི་ཐོད་ཁྲག་ཐུགས་ཀར་བསྟེན་པ། སྲིད་ཞི་གཉིས་སུ་མེད་པའི་ཞབས་གཉིས། དེ་ཡང་གཟུགས་དང་གཟུགས་མེད་ཀྱི་སྒོ་འཕར་གྱེན་དུ་གནོན་པའི་ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་། འདོད་ཁམས་དང་ངན་སོང་འཁོར་བའི་སྒོ་འཕར་ཐུར་དུ་གནོན་པའི་ཞབས་གཡོན་པད་ཉི་རོ་གདན་ལ་བརྫིས་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཕྱིར་འོ་འཛིན་འབུར་ཞིང་། བདེ་དང་སྟོང་པའི་ཡེ་ཤེས་མཆོག་ཏུ་འབར་བའི་བྷ་ག་རྒྱས་པ། རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་ལྷུ་ཚིག་བཅུ་གཉིས་མཛེས་ཤིང་མཉེན་པ། སྐུ་དང་ཡེ་ཤེས་ཕར་ཕྱིན་སྟོབས་བཅུ་སོགས་རྫོགས་པའི་ཕྱག་ཞབས་ཀྱི་སོར་མོ་རྣམས་མཉེན་ཞིང་ལྕུག་པ། གདོད་ནས་འཁྲུལ་མི་ཤེས་ཤིང་རང་དོན་ཆོས་སྐུ་མངོན་དུ་གྱུར་པའི་བརྡར་དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འཁྱིལ་བ། འགྲོ་ཀུན་རྗེས་སུ་འཛིན་ཕྱིར་ཟར་བུས་སྐུ་རྒྱབ་ཁེབས་པ། ཡུལ་བརྒྱད་གནས་སུ་དག་ཕྱིར་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་། ཚོགས་དྲུག་ཡེ་ཤེས་སུ་ཤར་བའི་ཕྱིར་རུས་པའི་རྒྱན་དྲུག་གིས་སྤྲས་པ། མ་རིག་པའི་མུན་པ་བསལ་ཕྱིར་ཉི་ཟླའི་སྙན་རྒྱན་མཛེས་པ། སེམས་ཅན་ཐམས་ཅད་གཏི་མུག་གི་གཉིད་ལས་དཀྲོག་པར་བྱེད་པའི་ཕག་ཞལ་མཐིང་གས་ངུར་སྒྲ་སྒྲོགས་པ། གཟུང་འཛིན་གྱི་རྟོག་ཚོགས་ཐམས་ཅད་དབྱིངས་སུ་བསྲེག་པར་བྱེད་པའི་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུ་འབར་བའི་ཀློང་ན་བཞུགས་པ། ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱཾ་རྩེ་གསུམ་མཆན་ཁུང་གཡོན་དུ་བསྟེན་པ། དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཚོན་པའི་ཡར་གྱི་རྭ་གསུམ། རིམ་དགུའི་ཐེག་པ་རྫོགས་ཕྱིར་རྭ་ལ་ཨ་ལུང་དགུས་བརྒྱན་པ། སྐུ་གསུམ་རྫོགས་པའི་ཐོད་པ་སྐམ་རློན་རྙིང་གསུམ། གཞོན་ནུ་བུམ་སྐུ་མཚོན་ཕྱིར་ཚེ་བུམ་དཔག་བསམ་ཤིང་གི་ཁ་རྒྱན་ཅན། འཇིག་ལྟའི་རི་བོ་ཉི་ཤུ་གཞོམ་ཞིང་སྐུ་ལྔ་ཡེ་ཤེས་ལྔ་ཞིང་ལྔ་ཡུམ་ལྔ་རྫོགས་པའི་མཚོན་བྱེད་རྡོ་རྗེ་རྒྱ་གྲམ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མཚོན་ཕྱིར་ཆུ་ཤིང་ནག་པོའི་ཡུ་བ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་མཚོན་ཕྱིར་རྟིང་པ་རྡོ་རྗེ་རྩེ་ལྔ་པས་མཚན་པ་ཅན། སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དར་སྣ་ལྔ་དང་། གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་དབང་དུ་སྡུད་པའི་ཤི་གསོན་གྱི་སྐྲ་དང་སྟག་གཟིག་གི་རས་མ། ཆོས་སྐུའི་ཡེ་ཤེས་རྫོགས་པའི་མེ་ལོང་། ལོངས་སྐུའི་ཡེ་ཤེས་རྫོགས་པའི་ཌཱ་མ་རུ། སྤྲུལ་སྐུའི་ཡེ་ཤེས་རྫོགས་པའི་དྲིལ་བུ་གཡེར་ཁས་བརྒྱན་པའོ། །སྐུ་དབུས་རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་ཆོས་ཀྱི་འཁོར་ལོའི་ལྟེ་བར་ཙིཏྟ་རིན་པོ་ཆེའི་ནང་ཁོངས་ནས་ཡེ་ཤེས་ཀྱི་འོད་རྩ་དྭངས་པ་རྩ་བ་ཕྲ་བ་རྩེ་མོ་ཡངས་པ་རྒྱང་ཞགས་ཀྱི་དབུས་སུ་ཟུག་པ། སྐུ་དང་ཡེ་ཤེས་ཀྱི་རོལ་པར་འབྱམས་སུ་ཀླས་པའི་བདག་ཉིད་ཅན་དུ་བསྒོམ། ཕྱི་འོད་ཀྱི་ལྷ་སྐུའི་ཕྱག་རྒྱ་ཡང་དངོས་པོ་ཅན་དུ་མ་གྲུབ་པར་སྣང་སྟོང་ཆུ་ནང་གི་ཟླ་གཟུགས་ལྟ་བུ་ཕྱི་གསལ་ནང་གསལ་སྤྱན་གྱི་དཀར་ནག་གི་ཆ་ཡན་ཆད་མ་འདྲེས་སོ་སོར་གསལ་བ་ལ། དེར་འཛིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ་ཞིག་ཏུ་བསྒོམ། ཐུགས་ཀར་གཞིར་གནས་ཀྱི་སྒྲོན་མ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཅན་རྨ་བྱའི་སྒོ་ང་ལྟ་བུ་འོད་ཐིག་གི་རྣམ་པར་གནས་པ་དེ་ལས་འོད་ཟེར་ཡར་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མུ་མཐའ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་མོ་ཐམས་ཅད་འཇའ་སྤྲིན་འཐིབ་པ་བཞིན་དུ་བྱུང་ནས་རང་གི་སྒོ་གསུམ་དང་། ཁྱད་པར་དུ་ཡེ་ཤེས་ཀྱི་གསང་ལམ་ནས་ཞུགས། སྙིང་གའི་ཀུན་བཟང་གཞིའི་ཐིག་ལེར་ཐིམ་པས། སྒོ་གསུམ་རྡོ་རྗེ་གསུམ་དང་སྣང་སྲིད་སྣོད་བཅུད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་སངས་རྒྱས་པར་བསམ་ལ་ཡུན་ཅི་གནས་སུ་མཉམ་པར་འཇོག་པ་ཐབས་དང་། དེ་ནས་སྐུ་གསུམ་གྱི་བཞུགས་སྟངས་དང་གཟིགས་སྟངས་ཀྱི་གནད་ཀྱིས་དབྱིངས་ཐིག་ལེའི་ར་བར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ལ་གཟིར་ཞིང་སྤང་གཉེན་རེ་དོགས་ཀྱི་བློ་དང་བྲལ་བར་འོད་གསལ་ཆོས་ཉིད་ཀྱི་འཁོར་ལོ་ལ་མཉམ་པར་འཇོག་པ་ནི་ཤེས་རབ་ཀྱི་མཉམ་བཞག་ཡིན་ནོ། །དེ་ལས་ལྡང་བའི་ཚེ་ན་རྗེས་ཤེས་ཀྱི་སྣང་ཡུལ་ཐམས་ཅད་མ་དག་པ་འཁྲུལ་པའི་འཁོར་ལོར་མི་སྦྱོར་བར། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་དཔའ་བོ་མཁའ་འགྲོའི་རོལ་པར་ལམ་དུ་ཁྱེར་བ་ཐབས་དང་། དུས་དང་རྣམ་པ་ཀུན་ཏུ་རིག་པ་རང་བབ་བརྗོད་བྲལ་ཆེན་པོའི་ངང་ལས་མི་འདའ་བ་ནི་ཤེས་རབ་ཀྱི་རྗེས་ཐོབ་ཡིན་ནོ། །དེ་ལྟར་ཐབས་ཤེས་གཉིས་སུ་མེད་པའི་ཟབ་ལམ་དེ་ལ་ཟླ་བ་གཅིག་ཉམས་སུ་བླངས་པས་སྒོ་ཡི་གནད་བརྟན་ཅིང་ལས་སུ་རུང་བ་དང་། གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབ་པར་འགྱུར་བ་ཡིན་ནོ། །དེ་ནས་ཟླ་བ་གཉིས་པའི་ཉམས་ལེན་ནི། བླ་མའི་རྣལ་འབྱོར་སྐབས་རང་ཉིད་རྡོ་རྗེ་མཁའ་འགྲོ་མ་གཡས་རྡོ་རྗེའི་གྲི་གུག་སོགས་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་བསྒོམ་པའི་སྤྱི་བོར་གུ་རུ་རིན་པོ་ཆེའི་ཕྱག་གི་ཐོད་བུམ་གྱི་ཁ་རྒྱན་རྡོ་རྗེར་བསྒྱུར་བ་མ་གཏོགས་སྔར་ཇི་བཞིན་པ་དང་། མཐར་མངོན་པར་དགའ་བའི་ཞིང་ཁམས་ཀྱི་བཀོད་པ་སྔར་ཇི་བཞིན་ལ། རང་ཉིད་རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར་མོ་ཕྱག་གཡས་རྡོ་རྗེས་ཡུ་བ་བྱས་པའི་གྲི་གུག་དང་། གཡོན་པས་བྷནྡྷ་བདུད་རྩི་ཐུགས་ཀར་འཛིན་པ། དབུ་སྐྲ་ཐོར་ཅོག་དང་རྣ་ལྟག་གཡས་སུ་ཕག་ཞལ་ངུར་བ་རུས་པའི་རྒྱན་དྲུག་གིས་སྤྲས་པ་ཞིག་ཏུ་བསྒོམ་པའི་ཐུགས་ཀའི་འོད་ཀྱིས་བླ་མ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྤྲིན་ཕུང་འཐིབ་པ་ལྟ་བུར་ཐིབ་ཀྱིས་བྱུང་ནས་རང་གི་སྒོ་གསུམ་སོགས་སྔར་བཞིན་ནོ། །རྗེས་ཐོབ་ཏུ་སྣང་སྲིད་ཐམས་ཅད་མེ་ལོང་ཡེ་ཤེས་ཀྱི་ཞིང་དང་བཀོད་པར་གསལ་བའོ། །ཟླ་བ་གསུམ་པའི་ཉམས་ལེན་ནི། བླ་རྣལ་སྐབས་སྤྱི་བོར་བླ་མ་པདྨ་འབྱུང་གནས་གསལ་བའི་ཕྱག་གི་ཐོད་བུམ་གྱི་ཁ་རྒྱན་རིན་པོ་ཆེར་བསྒྱུར་བ་མ་གཏོགས་སྔར་བཞིན་ལ། དངོས་གཞིའི་དུས་སུ་རང་ཉིད་རིན་ཆེན་མཁའ་འགྲོ་སེར་མོ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཕྱག་གཡས་རིན་པོ་ཆེས་ཡུ་བ་བྱས་པའི་གྲི་གུག་དང་། གཡོན་པས་ཐོད་ཁྲག་ཐོགས་པ་ཁ་ཊྭཱཾ་ཀ་བཀལ་བ། དར་དང་རུས་པའི་རྒྱན་དྲུག་གསོལ་ཞིང་གར་སྟབས་ཀྱིས་པདྨ་ཉི་ཟླ་རོ་ཡི་གདན་ལ་རོལ་བ། ཡེ་ཤེས་འཇའ་འོད་ཐིག་ལེའི་ཀློང་དུ་སྣང་སྟོང་སྒྱུ་མའི་སྐུ་རུ་བསྒོམ་པའི་ཐུགས་ཀའི་འོད་ཀྱིས་བླ་མ་རིན་ཆེན་རིགས་ཀྱི་དཀྱིལ་འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་གསེར་མདོག་འོད་ཀྱི་རྣམ་པར་སྤྱན་དྲངས་ནས་རང་གི་སྒོ་གསུམ་སོགས་སྔར་ལྟར་ཐིམ་པས་སྣང་གྲགས་རིག་གསུམ་ཐམས་ཅད་མཉམ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པར་བསམ་ལ་མཉམ་པར་འཇོག་པ་སོགས་ཐབས་ཤེས་ཀྱི་ཉམས་ལེན་ནི་སྔར་བཞིན་ཡིན། རྗེས་ཐོབ་ཀྱི་དུས་སུ་སྣང་སྲིད་ཐམས་ཅད་མཉམ་ཉིད་ཡེ་ཤེས་ཀྱི་རྟེན་དང་བརྟེན་པའི་འཁོར་ལོར་ལམ་དུ་བྱ་བ་ཡིན་ནོ། །ཟླ་བ་བཞི་པའི་ཉམས་ལེན་ནི། བླ་རྣལ་སྐབས་སྤྱི་བོར་བླ་མ་པདྨ་འབྱུང་གནས་གསལ་བའི་ཕྱག་གི་ཐོད་བུམ་གྱི་ཁ་རྒྱན་པདྨར་བསྒྱུར་བ་མ་གཏོགས་སྔར་བཞིན་ལ། དངོས་གཞིའི་དུས་སུ་རང་ཉིད་པདྨ་མཁའ་འགྲོ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཕྱག་གཡས་པདྨས་ཡུ་བ་བྱས་པའི་གྲི་གུག་དང་། གཡོན་ཐོད་ཁྲག་ཐོགས་པ་ཁ་ཊྭཱཾ་ཀ་མཆན་དུ་བསྟེན་ཅིང་། རུས་པའི་རྒྱན་དྲུག་གིས་སྤྲས་པ། ཞབས་གཉིས་གར་སྟབས་ཀྱིས་པདྨ་ཉི་ཟླ་རོ་ཡི་གདན་ལ་རོལ་པར་བསྒོམ་པའི་ཐུགས་ཀའི་འོད་ཀྱིས་བླ་མ་པདྨ་རིགས་ཀྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དམར་གསལ་འོད་ཀྱི་རྣམ་པར་བྱུང་ནས་རང་གི་སྒོ་གསུམ་སོགས་སྔར་བཞིན་ཐིམ་པས་སྣང་གྲགས་རིག་གསུམ་ཐམས་ཅད་སོར་རྟོག་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་སངས་རྒྱས་པར་བསམ་ལ་མཉམ་པར་འཇོག་པ་སོགས་ཐབས་ཤེས་ཀྱི་ཉམས་ལེན་ནི་སྔར་བཞིན་ཡིན། རྗེས་ཐོབ་ཀྱི་དུས་སུ་སྣང་སྲིད་ཐམས་ཅད་སོར་རྟོག་ཡེ་ཤེས་ཀྱི་རྟེན་དང་བརྟེན་པའི་འཁོར་ལོར་ལམ་དུ་བྱ་བ་ཡིན་ནོ། །ཟླ་བ་ལྔ་པའི་ཉམས་ལེན་ནི། བླ་རྣལ་གྱི་སྐབས་སྤྱི་བོར་བླ་མ་པདྨ་འབྱུང་གནས་གསལ་བའི་ཕྱག་གི་ཐོད་བུམ་གྱི་ཁ་རྒྱན་རྒྱ་གྲམ་དུ་བསྒྱུར་བ་མ་གཏོགས་སྔར་བཞིན་ལ། དངོས་གཞིའི་དུས་སུ་རང་ཉིད་ལས་ཀྱི་མཁའ་འགྲོ་མ་ལྗང་མོ་ཕྱག་གཡས་རྒྱ་གྲམ་གྱིས་ཡུ་བ་བྱས་པའི་གྲི་གུག་དང་། གཡོན་པས་ཐོད་ཁྲག་ཐོགས་པ། དར་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ་མཚན་དང་དཔེ་བྱད་རྣམས་ཡོངས་སུ་རྫོགས་པ། ཞབས་གཉིས་གར་སྟབས་ཀྱིས་པདྨ་ཉི་ཟླ་རོ་ཡི་གདན་ལ་རོལ་པ། ཡེ་ཤེས་འཇའ་འོད་ཐིག་ལེའི་ཀློང་དུ་སྣང་སྟོང་སྒྱུ་མའི་སྐུ་རུ་བསྒོམ་པའི་ཐུགས་ཀའི་འོད་ཀྱིས་བླ་མ་ཀརྨ་རིགས་ཀྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ལྗང་གསལ་འོད་ཀྱི་རྣམ་པར་སྤྱན་དྲངས་ནས་རང་གི་སྒོ་གསུམ་སོགས་སྔར་བཞིན་ཐིམ་པས་སྣང་གྲགས་རིག་གསུམ་ཐམས་ཅད་བྱ་གྲུབ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པར་བསམ་ལ་མཉམ་པར་འཇོག་པ་སོགས་ཐབས་ཤེས་ཀྱི་ཉམས་ལེན་སྔར་བཞིན་ཡིན། རྗེས་ཐོབ་ཀྱི་དུས་སུ་སྣང་སྲིད་ཐམས་ཅད་བྱ་གྲུབ་ཡེ་ཤེས་ཀྱི་རྟེན་དང་བརྟེན་པའི་འཁོར་ལོར་ལམ་དུ་བྱ་བ་ཡིན་ནོ། །ཁ་བསྐང་ཟླ་བ་དྲུག་པའི་ཉམས་ལེན་ནི། བླ་རྣལ་སྐབས་སྤྱི་བོར་བླ་མ་པདྨ་འབྱུང་གནས་སུ་གསལ་བའི་ཕྱག་གི་ཐོད་བུམ་གྱི་ཁ་རྒྱན་འཁོར་ལོར་བསྒྱུར་བ་མ་གཏོགས་སྔར་བཞིན་ལ། དངོས་གཞིའི་དུས་སུ་རང་ཉིད་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་རྡོ་རྗེ་ཕག་མོ་མཐིང་ནག་གཡས་འཁོར་ལོས་ཡུ་བ་བྱས་པའི་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ། ནུ་མ་འབུར་ཞིང་བྷ་ག་རྒྱས་པ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་ཞིང་དར་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ། ཞབས་གཉིས་གར་སྟབས་ཀྱིས་པདྨ་ཉི་ཟླ་རོ་ཡི་གདན་ལ་བརྫིས་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བཞུགས་པར་གསལ་བའི་ཐུགས་ཀའི་འོད་ཀྱིས་བླ་མ་སངས་རྒྱས་རིགས་ཀྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཐིམ་པས་སྣང་གྲགས་ཐམས་ཅད་ཆོས་དབྱིངས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་སངས་རྒྱས་པར་བསམ་ལ་ཐབས་ཤེས་ཀྱི་ཉམས་ལེན་སོགས་སྔར་བཞིན་ལ། རྗེས་སུ་ཐོབ་པའི་སྣང་བར་སྣང་སྲིད་ཐམས་ཅད་ཆོས་དབྱིངས་ཡེ་ཤེས་ཀྱི་རྟེན་དང་བརྟེན་པའི་འཁོར་ལོར་ལམ་དུ་བྱ་བ་ཡིན་ནོ། །དེ་ལྟར་ཉམས་སུ་ལེན་པ་ལ་མཉམ་བཞག་གི་དུས་སུ་ཕྱི་ནང་གི་བར་ཆད་སེལ་ཞིང་ཆོས་ལམ་དུ་འགྲོ་བའི་ཕྱིར་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟ་བུར་གསལ་ཞིང་། དགོངས་རྒྱུད་ཀྱི་བྱིན་རླབས་འཕོ་ཕྱིར་དབང་བྱིན་བསྡུ་བ་གཉིས་ཀ་ཐབས་ཀྱི་ལམ་དང་། འོད་གསལ་དབྱིངས་རིག་གི་གནད་ལ་གཟིར་ཞིང་ལམ་དུ་བྱེད་པ་ཤེས་རབ་བོ། །རྗེས་ཐོབ་ཀྱི་དུས་སུ་ཡང་སྣང་ཞིང་སྲིད་པ་ཐམས་ཅད་མཁའ་འགྲོ་རང་རང་གི་ལྷ་དང་ཞིང་ཁམས་ཀྱི་རོལ་པར་ལམ་དུ་བྱེད་པ་ཐབས་དང་། དུས་དང་རྣམ་པ་ཀུན་ཏུ་རིག་པ་ཆོས་ཉིད་ཀྱི་དབྱིངས་ལས་མི་གཡོ་བར་འོད་གསལ་མངོན་གྱུར་དུ་འཇོག་པ་ཤེས་རབ་བོ། །དེ་ལྟར་དང་པོ་ཟླ་བ་དྲུག་པོ་གདན་ཐོག་གཅིག་གིས་མཐར་ཕྱིན་པར་བྱ་དགོས་མ་གཏོགས་གནས་དུས་སོ་སོར་ཉམས་ལེན་བྱས་པས་མི་ཆོགདེ་ཕྱིན་ཆད་སྐབས་དང་བསྟུན་ནས་བདུན་དྲུག་གམ་ཞག་དྲུག་སོགས་ཇི་ལྟར་རིགས་པར་ཉམས་སུ་བླངས་པས་ཀྱང་ཆོག་པར་གསུངས་སོ། །ལར་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་དུ་འཁྲུལ་སྣང་གཟུང་འཛིན་གྱི་འཁོར་ལོར་འཕྱན་པ་ཡིན་མོད། གནས་སྐབས་ཙམ་གྱི་ཉམས་ལེན་རེ་འགའ་བ་ཞིག་གིས་ནི་སངས་རྒྱས་པར་ག་ལ་འགྱུར་ཏེ། རྩེ་གཅིག་ཏུ་ཉམས་ལེན་ལ་བར་མེད་པར་སྐད་ཅིག་ཀྱང་ལེ་ལོ་དང་རྣམ་པར་གཡེང་བའི་དབང་དུ་མི་གཏོང་བར་སྙིང་ལ་རྡོ་རུས་གཏུག་ནས་ཚེ་དང་སྒྲུབ་པ་མཉམ་ནུས་པ་ཞིག་བྱེད་ན་ནི། ལམ་འོག་མ་ལྟར་བྱང་ཆུབ་དུས་ཅན་མ་ཡིན་པར་ཚེ་གཅིག་ལུས་གཅིག་གམ། རབ་མི་ལོ་བཅུ་གསུམ་ནས་འཇའ་ལུས་འཕོ་བ་ཆེན་པོའི་དབྱིངས་སུ་སངས་རྒྱས་པར་འགྱུར་བ་ནི་མགོན་པོ་རྡོ་རྗེ་འཆང་གི་བཀའ་བསླུ་བ་མེད་པ་ཡིན་ནོ། །ཐབས་ཤེས་ལྟོ་སྦྱོར་གྱི་ལམ་འདི་ནི་དེ་ལས་ཀྱང་ཆེས་མྱུར་བ་ཡིན་པར་གཏེར་ཆེན་བླ་མས་ཡང་ཡང་གསུངས་མོད། མཐོང་ཆོས་སུ་གྱུར་པ་ལའང་སྒོ་འདི་ནས་འཇའ་ལུས་འཕོ་བ་ཆེན་པོའི་ས་མཐོར་གཤེགས་པ་བཅུ་གསུམ་ཙམ་མངོན་སུམ་ཚད་མར་བྱུང་བ་ཡིན་ནོ། །དེང་སང་སྙིགས་མའི་དུས་ཀྱི་སློབ་འབངས་ཕལ་ཆེར་ཁ་ལྟ་ཡུག་པོར་སོང་ནས་ཁྲེགས་ཆོད་ཐོད་རྒལ་གྱི་གནད་གསང་ཟབ་མོའི་སྐབས་དབྱེ་མི་ཤེས་པར་གཅིག་ཏུ་འདྲེས་ནས་ཁྲེགས་ཆོད་ལས་ཟབ་པའི་ཐོད་རྒལ་གྱི་ཟབ་གནད་གཞན་བསྒོམ་མི་དགོས་ཟེར་ནས་བག་ཡངས་མདོ་མེད་དུ་སྡོད་པ་ཤིན་ཏུ་མང་བར་མཐོང་མོད། གཏིང་ནས་ནི་འཁོར་འདས་ཆོས་སྐུ་ཆེན་པོར་རོ་མཉམ་དུ་རྟོགས་པ་ཕར་ཞོགརྨི་ལམ་གྱི་སྣང་ཆ་ལའང་ཞེན་ཆགས་ཆེ་བ་དང་། ན་ཚ་གློ་བུར་བ་ཙམ་ཡང་ལམ་དུ་སློང་མི་ནུས་པར་ཐ་མལ་པ་ལས་ཁྱད་པར་སྤུ་ཙམ་མེད་པར་རེ་དོགས་འཁུ་འཕྲིག་སོགས་ཆེ་རུ་སོང་ནས་ཉེར་ལེན་གྱི་དབང་གིས་སྲུང་རིམ་སྨན་དཔྱད་ལ་སོགས་པར་རེ་ལྟོས་འཆའ་བ་ནི་སྒོམ་མཚང་སྤྱོད་པས་ཕུད་པ་ཡིན་པས་ཁྲེགས་ཐོད་གཉིས་ཀ་ཉམས་ལེན་གྱི་སྙིང་པོར་དྲིལ་བ་གནད་ཡིན་ནོ། །ཁྲེགས་ཆོད་ལས་ཀྱང་ཐོད་རྒལ་འཕགས་ཚུལ་སྔོན་ཆད་བི་མ་ལ་ཤྲཱི་སིང་ཧའི་མདུན་དུ་བྱོན་ནས་རྫོགས་པ་ཆེན་པོ་གསང་སྐོར་ཡན་ཞུས་ཏེ། སླར་བི་མས་ཡེ་ཤེས་མདོར་བཤད་དེ་བླ་སློབ་ཏུ་གྱུར་པ་ཡིན་མོད། ཡེ་ཤེས་མདོ་ཤིན་ཏུ་དབང་པོ་ཡང་རབ་ཏུ་གྱུར་པས་ཐུགས་མ་ཚིམ་པར་སླར་ཤྲཱི་སིང་ཧའི་མདུན་དུ་བྱོན་ནས་ཡང་གསང་བླ་ན་མེད་པའི་སྐོར་རྣམས་ཞིབ་པར་ཞུས་པས་རྟོགས་གྲོལ་དུས་མཉམ་དུ་གྱུར་པ་ཡིན། རྗེས་སུ་བི་མ་མི་ཏྲ་ཡེ་ཤེས་མདོའི་སློབ་མར་གྱུར་པ་སོགས་སྙིང་ཐིག་གི་ལོ་རྒྱུས་ཆེན་མོ་རྣམས་སུ་ཤིན་ཏུ་གསལ་བ་བཞིན་དང་། ཁྱད་པར་བདུན་གྱིས་འཕགས་ཚུལ་སོགས་ལ་ཞིབ་པར་བལྟ་ཞིང་ངེས་པ་རྙེད་པར་བྱ་བ་ནི་གནད་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ལྟར་ཉིན་མོ་སྣང་བ་རྒྱ་ཡིས་འདེབས་ཤིང་མཚན་མོ་གཉིད་འོད་གསལ་དུ་སྦ་བ་སོགས་ལ་གསུམ་སྟེ། དང་པོ་གཉིད་འོད་གསལ་དུ་སྦ་བ་ནི། གཉིད་དུ་འགྲོ་ཁར་རང་ལུས་འོད་ཀྱི་ཕུང་པོར་གསལ་བའི་དབུས་རྩ་དབུ་མ་ཤེལ་དཀར་གྱི་ཀྭ་བ་བཙུགས་པ་ལྟ་བུར་གསལ་བའི་ནང་སྙིང་གའི་ཐད་དུ་ཨ་དཀར་པོ་ཟླ་བའི་མདངས་ལྟར་འབར་བ་ཞིག་བསྒོམ། དེ་ནས་མས་རིམ་གྱིས་ཚངས་པའི་བར་ཨ་དཀར་བཅུ་དགུ་བརྩེགས་མར་གསལ། དེ་རྣམས་ཀྱང་འོད་དང་འོད་ཟེར་འབར་བའི་རྣམ་པར་བསྒོམ་ལ་མཐར་ཡས་རིམ་གྱིས་གཅིག་ཐིམ་གཉིས་ཐིམ་གྱི་ཚུལ་དུ་སྙིང་གའི་ཨ་ལ་བསྡུ་ཞིང་། སྙིང་གའི་ཨ་དེ་ཟླ་བ་འབུམ་གྱི་འོད་ལྟར་གསལ་ཞིང་འཚེར་བ་ལ་སེམས་བསྲེས་ཏེ་གཉིད་དུ་ཕྱོགས། གཉིས་པ་སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི། ལུས་ཀྱི་དབུས་སུ་ཨ་ཝ་དྷུ་ཏིའི་ནང་ལྟེ་བར་ཚིགས་ཀྱིས་བཅད་པའི་སྟེང་དུ་མ་ལས་ཐོབ་པའི་རཀྟ་དམར་ཆ་ཨ་ཐུང་གི་རྣམ་པར་གནས་པ་ལས་མེ་འབར། སྤྱི་བོར་ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་ཧཾ་ཡིག་གི་རྣམ་པར་གནས་པ་ལས་བདུད་རྩི་བབ་པ་མེ་ཡི་གསོས་བྱས་ནས་བདེ་སྟོང་གི་ཉམས་རྒྱས། མེ་དང་བདུད་རྩི་ཆེར་མཆེད་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་འོད་ཀྱི་ངང་དུ་སྲེག་སྟེ་སྣོད་བཅུད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་སྦྱངས་པར་བསམ་ལ་མཉམ་པར་བཞགདེ་ནས་མེ་དང་དབུ་མ་ཇེ་ཆུང་དུ་སོང་སྟེ་དབུ་མ་རྟ་རྔ་བརྒྱད་གཤགས་ཀྱི་ཆ་ཙམ་གྱི་སྦུབས་སུ་མེ་ཡང་ཤིན་ཏུ་ཕྲ་བར་སེམས་འཛིན་པར་བྱའོ། །གསུམ་པ་འབྱུང་ཁམས་དག་སྦྱོར་ནི། ཐོ་རངས་ཡར་ལངས་མ་ཐག་ཏུ་ཧ་ཞེས་དབུགས་རིང་བ་གསུམ་ཕྱིར་འཕངས་ནས་ནད་གདོན་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་སངས་ཀྱི་དག་པར་བསམ། མཐར་རང་གི་སྙིང་གར་ཨ་ཡིག་དཀར་པོ་གསལ་ཞིང་འཚེར་བ་ལས་ཞག་དང་པོར་འབྱུང་བ་ས་ཡི་ངོ་བོ་ཨ་སེར་བཞི་བརྩེགས་ཞིག་ཆད་ནས་སྨིན་མཚམས་ཐད་ཀྱི་ནམ་མཁར་གནས་པ་ལ་ཤེས་པ་གཏད་ནས་སེང་གེའི་འདུག་སྟངས་ཀྱིས་སྡོད་པར་བྱེད། ཨ་ལས་འོད་ཟེར་སེར་པོ་དཔག་ཏུ་མེད་པ་འཕྲོས། ཕྱི་ནང་སྣོད་བཅུད་བདག་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ཐམས་ཅད་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་འོད་སེར་པོའི་རོལ་པར་ཞུ་ནས་ཨ་ལ་ཐིམ། ཨ་ཡང་འོད་དུ་ཞུ་ནས་འབྱུང་བ་ས་ཡི་དཀྱིལ་འཁོར་འོད་སེར་གྲུ་བཞི་པའི་རྣམ་པར་འགྱུར་པ་ལ་སེམས་འཛིན་ནོ། །ཞག་གཉིས་པར་རླུང་རོ་འབུད་པ་སོགས་ནི་སྔར་བཞིན་ལ་སྙིང་གའི་ཨ་ལས་འབྱུང་བ་ཆུ་ཡི་ངོ་བོ་ཨ་དཀར་གཅིག་མདུན་དུ་སྤྲོས་པ་ལས་འོད་ཟེར་དཀར་པོ་འཕྲོས། ཕྱི་ནང་སྣོད་བཅུད་བདག་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་འོད་དཀར་གྱི་རོལ་པར་ཞུ་ནས་ཨ་ལ་ཐིམ། ཨ་ཉིད་འོད་དུ་ཞུ་ནས་འབྱུང་བ་ཆུ་ཡི་དཀྱིལ་འཁོར་འོད་དཀར་ཟླུམ་འཁྲིག་གི་རྣམ་པར་གྱུར་པ་ལ་སེམས་འཛིན་ནོ། །ཞག་གསུམ་པར་སྙིང་གའི་ཨ་ལས་འབྱུང་བ་མེ་ཡི་ངོ་བོ་ཨ་དམར་ཉིས་བརྩེགས་མདུན་དུ་སྤྲོས་པ་ལས་འོད་ཟེར་དམར་པོ་འཕྲོས། ཕྱི་ནང་སྣོད་བཅུད་བདག་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་འོད་དམར་གྱི་རོལ་པར་ཞུ་ནས་ཨ་ལ་ཐིམ། ཨ་ཉིད་འོད་དུ་ཞུ་ནས་འབྱུང་བ་མེ་ཡི་དཀྱིལ་འཁོར་ཟླ་གམ་པའི་རྣམ་པར་གྱུར་པ་ལ་སེམས་འཛིན་ནོ། །ཞག་བཞི་པར་སྙིང་གའི་ཨ་ལས་འབྱུང་བ་རླུང་གི་ངོ་བོ་ཨ་ལྗང་གུ་ལྔ་བརྩེགས་མདུན་དུ་སྤྲོས་པ་ལས་འོད་ཟེར་ལྗང་གསལ་འཕྲོས་པས་ཕྱི་ནང་སྣོ་བཅུད་བདག་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་འོད་ལྗང་གི་རོལ་པར་ཞུ་ནས་ཨ་ལ་ཐིམ། ཨ་ཉིད་འོད་དུ་ཞུ་ནས་འབྱུང་བ་རླུང་གི་དཀྱིལ་འཁོར་ལྗང་གསལ་གཞུའི་དབྱིབས་ལྟ་བུའི་རྣམ་པར་གྱུར་པ་ལ་སེམས་འཛིན་ནོ། །ཞག་ལྔ་པར་སྙིང་གའི་ཨ་ལས་འབྱུང་བ་ནམ་མཁའི་ངོ་བོ་ཨ་མཐིང་ལྔ་བརྩེགས་མདུན་དུ་སྤྲོས་པ་ལས་འོད་ཟེར་མཐིང་ནག་འཕྲོས། ཕྱི་ནང་སྣོད་བཅུད་བདག་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ལ་རྣམ་པ་འོད་མཐིང་གི་རོལ་པར་ཞུ་ནས་ཨ་ལ་ཐིམ། ཨ་ཉིད་འོད་དུ་ཞུ་ནས་འོད་མཐིང་ལས་གྲུབ་པའི་འབྱུང་བ་ནམ་མཁའི་དཀྱིལ་འཁོར་ཟུར་བརྒྱད་པའི་རྣམ་པར་གྱུར་པ་ལ་སེམས་འཛིན་ནོ། །སླར་དམིགས་མེད་ཀྱི་དབྱིངས་སུ་འཇོག་པའམ་ཨ་ཉིད་སྙིང་གར་བསྡུས་ཀྱང་ཆོག་གོ། །དེས་ཟད་པར་གྱི་སྐྱེ་མཆེད་གྲུབ་ནས་ཆུས་མི་ཁྱེར། མེས་མི་ཚིགརླུང་གིས་མི་གཡོ། སས་མི་ནོན། ནམ་མཁར་བྱ་ལྟར་དུ་རྒྱུ་བ་སོགས་འབྱུང་ལྔ་ལ་རང་དབང་བསྒྱུར་ནུས་པར་གྱུར་རོ། །སྐབས་སྐབས་སུ་འཆི་བ་སྦྱངས་པའི་མན་ངག་འདི་ལ་ཡང་གསུམ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུར་སྦྱངས་པའོ། །གང་ལྟར་ཡང་རི་མཐོ་སར་ཕྱིན་ནས་དང་པོ་སེང་གེའི་ཉལ་སྟབས་སུ་འདུག་ཅིང་ཤེས་པ་མིག་ལ་གཏད། མིག་བར་སྣང་ལ་གཏད་ནས། ད་ང་འཆི་བའི་དུས་ལ་བབ་པ་ཡིན་པས་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་མྱ་ངན་ལས་འདའོ་བསམ་ཞིང་བར་སྣང་ལམ་དུ་བྱེད་ཅིང་ཅུང་ཟད་འདུག་པ་དང་། ད་ནི་སྤྲོ་བསྡུ་གང་ཡང་མེད་པའི་ཆོས་ཉིད་འོད་གསལ་ཆེན་པོའི་ངང་དུ་མྱ་ངན་ལས་འདའོ་བསམ་ཞིང་སྡོད། གཉིས་པ་གླང་པོའི་འདུག་སྟངས་ཀྱིས་སྡོད་ཅིང་ཤེས་པ་མིགམིག་བར་སྣང་ལ་ཕྱེད་བཙུམ་ཟིམ་བུས་བལྟ་ཞིང་། ད་ནི་ང་འཆི་བའི་དུས་ལ་བབ་པ་ཡིན་པས་དབྱིངས་རིག་མི་འགྱུར་བའི་ངང་དུ་མྱ་ངན་ལས་འདའ་བར་བྱའོ་བསམ་ཞིང་འོད་སྣང་མངོན་དུ་བྱེད་ཅིང་སྡོད། གསུམ་པ་ནི་ལུས་གན་རྐྱལ་གྱིས་སྡོད་ཅིང་ཤེས་པ་མིགམིག་བར་སྣང་ལ་གཏད་ནས་མིག་ལ་སེང་རས་བཀབ་ནས་འོད་ཀྱི་སྣང་བ་ཐམས་ཅད་ཞི་ཁྲོའི་ཚོམ་བུར་ཤར་བར་བློ་ལ་སྦྱངས་ནས་ང་ད་ལྟ་བར་དོ་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སྐུ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་དུ་ཤར་བའི་དུས་ལ་ཐུག་འདུག་པས། ད་ནི་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དབྱིངས་སུ་གཏན་སྲིད་ཟིན་པར་བྱའོ་སྙམ་ཞིང་དབྱིངས་རིག་མི་འགྱུར་བའི་ངང་དུ་མཉམ་པར་བཞག་གོ། །དེ་ལྟར་ཡང་ཡང་བསྒོམ་པའི་ཚེ་དབྱིངས་དང་རིག་པ་མི་འགྱུར་བའི་གདིང་ཞིག་ཡོད་ན་བར་དོ་མེད་པར་སངས་རྒྱས་པར་འགྱུར་རོ། །དེ་ལྟར་སྦ་བསྡུ་དག་གསུམ་འཆི་བ་སྦྱངས་པའི་མན་ངག་དང་བཅས་པ་རིག་པ་ཚད་ལ་མ་ཕེབས་ཀྱི་བར་དུ་གནད་དུ་བསྣུན་པ་གནད་གལ་པོ་ཆེ་ཡིན་ནོ། །འདི་ལྟ་བུའི་མན་ངག་ཟབ་ཁྱད་ཅན་ནི་སྣང་སྲིད་ཀྱི་ཁམས་སུ་ཡོད་པ་མ་ཡིན་ཏེ་ཡིད་ཆེས་ཤིང་ངང་བརྟན་པས་ཉམས་སུ་ལོངས་དང་། ཚེ་འདིར་གྲོལ་བ་ཞིག་མ་ཐོབ་ན་པདྨ་བདག་གིས་བརྒྱུད་འཛིན་དེ་བསླུས་པ་ཡིན། འདི་ནི་མི་འགྱུར་བའི་གཏན་ཚིག་གོ། །ཞེས་རྡོ་རྗེའི་ལུང་གིས་གསལ་བར་བྱས་སོ། །དེ་ལྟར་ཉམས་སུ་བླངས་པས་ཆོས་ཉིད་མངོན་སུམ་གྱི་དུས་སུ་ཚེའི་དུས་བྱས་ན་ཡང་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་གྲོལ་བ་དང་། ཉམས་གོང་འཕེལ་གྱི་དུས་སུ་ཆོས་ཉིད་བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་རུ་གྲོལ་བ་དང་། རིག་པ་ཚད་ཕེབས་ཀྱི་དུས་ཕན་ཆོད་ནས་འཆི་བའི་ལམ་ལ་མི་ལྟོས་པར་ཚེ་འདིར་ལུས་འཇའ་ལུས་ཟང་ཐལ། སེམས་རིག་སྟོང་གཞོན་ནུ་བུམ་པའི་སྐུ་རུ་སངས་རྒྱས་ནས་ཁམས་གསུམ་འཁོར་བ་མ་སྟོང་གི་བར་དུ་གཞན་དོན་སྤྲུལ་པའི་སྐུས་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་རྒྱུན་མི་ཆད་པར་འབྱུང་བ་ཡིན་ནོ། །འདིའི་སྐབས་སུ་དབྱིངས་དང་ཐིག་ལེའི་ཀློང་དུ་རིག་པ་གཡོ་མེད་དུ་བཅིངས་པས་འཁྲུལ་སྣང་རང་འགག་ཤར་ཆ་གྱ་གྱུའི་འགྱུ་འཕྲིག་ལྟར་ཤར་བ་འདྲ་ཡང་དོན་དུ་ཤེས་རབ་ཆེན་པོའི་རང་རྩལ་འབའ་ཞིག་ལས་མེད་པས་གསེར་དང་དེའི་མདངས་བཞིན་ཡེ་ཤེས་དང་ཆོས་ཉིད་དབྱེར་མི་ཕྱེད་པས་སྤང་བླང་གང་ཡང་མི་དགོས། དབྱིངས་ཐིག་སོགས་ཤར་གྱི་རེ་བ་མི་ཤར་གྱི་དོགས་པ་རྣམས་ནི་ཡིད་ཤེས་ཀྱི་བརྫུ་བག་འཛིན་པའི་རྟོད་ཕུར་ཡིན་པས། དབྱིངས་ཐིག་མངོན་དུ་བྱེད་པ་ཙམ་ལས་རེ་དོགས་གང་ཡང་མི་བྱེད་པར་རིག་པ་བློ་ལས་འདས་པའི་དབྱིངས་འོད་གསལ་མ་བཅོས་བཞི་ལྡན་གྱི་ཆོས་སྐུ་ཆེན་པོར་ལ་བཟླ་བར་བྱེད་དགོས་པ་ལགས་སོ། །ལུས་སེམས་ལ་བདེ་དང་མི་བདེ་བའི་ཟུག་རྔུ་ཇི་ལྟར་དུ་བྱུང་ཡང་ཉེར་ལེན་རྣམ་རྟོག་གིས་ཞབས་ཏོག་མི་བསྒྲུབ་པར་ཤར་གྲོལ་དུས་མཉམ་སྤང་གཉེན་རང་སྟོང་ཕན་གནོད་གཞི་མེད་བདེ་སྡུག་རོ་སྙོམས་ཆེན་པོའི་གནད་ལ་འདྲིས་པར་བྱས་ནས་རིག་པ་ངར་བཏོན་ནས་བཞག་པས་རང་ཞི་རང་ཡལ་དུ་འགྲོ་བ་ལ་ཐེ་ཚོམ་མེད་དོ། །རྫོགས་ཆེན་ནས། ཉམས་སྣང་ན་བུན་བཞིན་དུ་ཡལ་ནས་འགྲོ། །གསུངས་པ་བཞིན་ཡིན་ནོ། །དེང་དུས་ཀྱི་ཟོག་པོ་མདོ་མེད་རྣམས་ཀྱི་ལད་མོ་མི་བྱེད་པར་སྔོན་བྱོན་གྱི་རྒྱལ་བ་གོང་མ་རྣམས་ཀྱི་རྗེས་སུ་ཞུགས་ནས་བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་གྲོག་སྟོང་ལ་གཏད། ཇོ་བོ་བཀའ་གདམས་པའི་གཏད་ས་བཞི་པོ་མཐར་ཕྱིན་པར་བྱས་ནས་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱེད་དགོས་མ་གཏོགས་གོ་ཡུལ་འུད་གོག་ཙམ་གྱིས་སྟོང་ལྟ་ཁ་རུ་འདོན། རྒྱུ་འབྲས་ཁྱད་དུ་བསད། གཏོ་ཡས་ལ་མགོ་འཁོར། ཉོན་མོངས་པའི་རྫོང་མཁར་བརྩེགས། གཟུང་འཛིན་གྱི་རྟོག་པ་ལང་ལ་ཤོར། བརྟུལ་ཞུགས་ཐོ་ཅོའི་སྤྱོད་པ་ལ་བཞུགས་པ་ཙམ་གྱིས་ནི་སངས་རྒྱས་ཐོབ་པར་ག་ལ་འགྱུར། དེ་ལྟར་གྱུར་ན་སེམས་ཅན་གཅིག་ཀྱང་ལམ་སྦྱངས་པ་མི་དགོས་པར་སངས་རྒྱས་སུ་ཐལ་བས། རྒྱལ་བ་གོང་མ་རྣམས་ཀྱི་ལྟོ་ཚད་ལ་ཕབ། གཉིད་སྲང་ལ་གཅུར། རིག་པ་གཞུར་ལ་དྲངས་གསུངས་པ་དང་རྒྱབ་འགལ་དུ་འགྱུར་བས། དེ་ལྟར་མི་བྱེད་པར་དམའ་མོའི་ས་བཟུང་། ཧྲུལ་པོའི་གོས་གྱོན། སྣང་བ་གཏད་མེད་དུ་བཏང་། གཏིང་ནས་འཆི་བདག་གཤིན་རྗེའི་རྒྱལ་པོ་ལ་ཡང་མི་འཇིགས་པ་ལ། ལྟར་སྣང་དུ་ངང་པའི་རྒྱལ་པོ་ཡུལ་འཁོར་སྲུང་ལས་ཀྱང་རྒྱལ་བས་གཞན་སྣང་དགེ་ལ་བསྒྱུར་ནུས་པ་ཞིག་དགོས། ཨོ་རྒྱན་ཆེན་པོས། ང་རྟོགས་པ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །གསུངས་པ་དང་། རྡོ་རྗེའི་གསུང་ལས་ཀྱང་། མ་འོངས་པའི་དུས་སྙིགས་མ་ལྔ་བདོ་བའི་ཚེ་གདམས་པ་འདི་ཉིད་ཉམས་སུ་ལེན་པའི་བུ་མཆོག་སྐལ་པ་བཟང་པོ་ཉིན་མོའི་སྐར་མ་ཙམ་ཞིག་སྲིད་ན་དེ་ལ་ཁ་ཆེམས་སུ་གདམས་པས་ཉོན་ལ་ཟུངས་ཤིག་དེང་སང་གི་སྣང་སེམས་འདི་ཅི་ལྟ་བུ་ཞིག་ཡིན་ཡང་མ་འོངས་པ་ན་ཡང་དེ་ལྟ་བུ་ཡིན་པས་གྲོལ་དང་མི་གྲོལ་ད་ལྟའི་སྣང་སེམས་ལ་ལྟོས་ཤིགརྟོགས་ཤིགད་ལྟ་ཇི་ལྟར་འཁྲུལ་ན་ཕྱིས་ཀྱང་དེ་ལྟར་འཁྲུལ། ད་ལྟ་ཇི་ལྟར་གྲོལ་ན་ཕྱི་མ་ཡང་དེ་ཙམ་གྲོལ་བ་ཡིན། རྨི་ལམ་གྱི་སྣང་བ་ལ་ཡང་ལྟོས་དང་ཚད་གསུམ་རྟགས་སུ་མཆིས་ཏེ། རབ་ཀྱིས་རྨི་ལམ་དབྱིངས་སུ་ནུབ་སྟེ་འོད་གསལ་གྱི་རོལ་པར་འབྱམས་ཀླས། འབྲིང་གིས་རྨི་ལམ་རྨི་ལམ་དུ་ཤེས་ནས་རང་རྒྱུད་བདེན་ཞེན་མེད་པར་སྤྲུལ་བསྒྱུར་སོགས་ལ་དབང་བྱེད། ཐ་མས་མ་འོངས་པའི་དུས་སུ་ལས་དང་ལུས་ངན་པའི་འཕྲོ་རྒྱུན་ཆད་ནས་གོང་ནས་གོང་དུ་འཕགས་པའི་ལྟས་སུ་བག་ཆགས་ངན་པའི་རྨི་ལམ་དབྱིངས་སུ་ཟད་ནས། བཟང་པོ་ཤ་སྟག་རྨི་བ་ཡིན་ཞེས་གསུངས་པ་བཞིན་དུ། རིག་པ་ཚད་ལ་མ་ཕེབས་ཀྱི་བར་དུ་བརྩོན་འགྲུས་དྲག་པོ་གཞུ་བརྡུངས་པ་ལྟ་བུའི་ཉམས་ལེན་ལ་རྩེ་གཅིག་ཏུ་བརྩོན་པར་བྱ་བ་ནི་གནད་ཡིན་པས། གདམས་ངག་དཔེ་ཐོག་ཏུ་མི་འཇོག་པར་རང་རྒྱུད་དང་སྦྱར་བ་གལ་ཆེའོ། །འདིར་ནི་ཉམས་ལེན་གྱི་གནད་འགགས་རྣམས་བཤད་པ་ཡིན་གྱིས་རྒྱས་པར་ནི་ཁྲིད་ཡིག་ཆེན་མོ་རྣམས་ལས་ཤེས་པར་བྱའོ། །སྨྲས་པ། སྐུ་གསུམ་སྟོན་པ་རྒྱལ་དབང་པད་འབྱུང་གི། །ཐུགས་བཅུད་ཡང་གསང་བླ་མེད་ཨ་ཏིའི་ཐེག། མྱུར་ལམ་ཐོད་རྒལ་ཟབ་མོའི་ཤིང་རྟ་ཆེ། །གཏེར་ཆེན་བླ་མའི་དྲིན་གྱིས་གསལ་བར་བྱས། །ཕུང་ཁམས་སྐྱེ་མཆེད་དག་སྦྱོར་ལྷའི་རྣལ་འབྱོར། །དབྱིངས་རིག་དབྱེར་མེད་ཟབ་མྱུར་ཨ་ཏིའི་ལམ། །ཟུང་འཇུག་ཉམས་ལེན་ཐབས་ཤེས་ལྟོ་སྦྱོར་གྱི། །གདམས་པ་འདི་འདྲ་རྒྱ་བོད་གཉིས་ཀར་དཀོན། །ཤིན་ཏུ་རྣལ་འབྱོར་ཆེན་པོའི་གསང་བའི་ཆོས། །ཐེག་པ་གཞན་གྱིས་གདུལ་དཀའ་སྙིགས་མའི་འགྲོ། །ལེ་ལོ་ཅན་ཡང་ཆོས་སྐུར་སྦྱོར་བར་མཛད། །ཀུན་བཟང་ཐུགས་ཀྱི་བསྟན་པ་འདི་རྨད་བྱུང་། །སྔོན་གྱི་ཚོགས་བསགས་སྨོན་ལམ་བཟང་པོ་དང་། །ཐེག་ཆེན་ལམ་ལ་འབྲེལ་པ་ཐོབ་པ་ཡི། །གང་ཟག་ལས་སྐལ་ལྡན་པ་མ་གཏོགས་པ། །སྒོ་འདིར་མོས་པའི་བློ་ཙམ་འབྱུང་མི་སྲིད། །འདི་དང་སུ་འཕྲད་སྲིད་པ་ཐ་མ་ཡིན། །ཀུན་ཏུ་བཟང་པོའི་གདུང་འཚོབ་རིག་པ་འཛིན། །ལྷར་བཅས་འགྲོ་བ་ཀུན་གྱི་ཕྱག་གི་གནས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་འགྱུར། །སྐྱེ་བ་དུ་མར་སྔོན་སྦྱངས་སྨོན་ལམ་འབྲས། །ཡང་ཟབ་ཐེག་མཆོག་སྟོན་པའི་བླ་མར་འཕྲད། །དད་པའི་སྟོབས་དང་རྟོགས་པའི་ཤེས་རབ་ལྡན། །ལམ་འདིར་མོས་གུས་ཐོབ་པ་སྐལ་བ་བཟང་། །ད་ནི་ལེ་ལོ་རྣམ་གཡེང་ཕྱི་བཤོལ་དང་། །རྒྱུ་འབྲས་ཆོས་ཀྱིས་བློ་མིག་མ་བསླུ་བར། །རྩེ་གཅིག་སྙིང་པོའི་ལམ་ལ་བརྩོན་པ་ཡིས། །མངོན་རྟོགས་ལག་རྩེར་སོན་པ་ཞིག་མཛོད་ཅིག། བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ། །གཏེར་ཆེན་བླ་མས་རྗེས་སུ་འཛིན་པ་དང་། །དེ་ཡི་བསྟན་ལ་འཛིན་སྐྱོང་སྤེལ་བ་ཡི། །ཕྲིན་ལས་རླབས་ཆེན་འབད་མེད་འགྲུབ་པར་ཤོག། དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །མ་འབད་གདོད་མའི་གཞི་དབྱིངས་མངོན་གྱུར་ནས། །སྐུ་དང་ཡེ་ཤེས་ཡོན་ཏན་རྫོགས་པའི་དབྱིངས། །གདོད་མའི་མགོན་པོར་རྫོགས་པའི་སངས་རྒྱས་ཤོག། ཅེས་པ་འདི་ནི་རང་སློབ་སྒྲུབ་བརྩོན་དམ་པ་ཀརྨ་དོན་ཡོད་ཀྱིས་སྒྲུབ་པ་ཉམས་ལེན་གྱི་མཆོད་པ་དང་བཅས་ཏེ་བསྐུལ་ངོར་གཏེར་ཆེན་བླ་མའི་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་དྲི་མེད་འོད་ཟེར་གྱིས་བྲིས་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།