ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་ལ་གཉེར་བཅོལ་ཡིད་བཞིན་ཆར་འབེབས༔

From Dudjom Wiki
TTDL-ZABTER-13-PA-122
Wylie title chos nyid nam mkha'i klong mdzod las: rdza rgyal rdo rje 'phan phyug la gnyer bcol yid bzhin char 'bebs: TTDL-ZABTER-13-PA-122.pdf
Location bdud 'joms gling pa zab gter
Volume 13, Text 122, Pages 433-434 (Folios 1a1 to 1b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las rdza rgyal rdo rje 'phan phyug la gnyer bcol yid bzhin char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 433-434. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gnyer bcol   Verso: bdud 'joms rdza rgyal 'phan phyug
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Exhortations to Act - phrin bcol
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity rdza rgyal rdo rje 'phan phyug
Colophon
  • First colophon: ཅེས་ཀུན་བཟང་བསྟན་འཛིན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་རང་སློབ་དམ་པ་ངག་དབང་ཕྲིན་ལས་ཀྱིས་བྲིས་པ་དགེ་བས་བསྟན་འགྲོ་ཡོངས་ལ་ཕན་བདེའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།
  • Second colophon: ཞེས་པ་འདི་ཆོས་རྒོད་ཀྱི་ངོར་བདུད་འཇོམས་པས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།
  • First colophon: ces kun bzang bstan 'dzin gyis bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'i yi ge pa ni rang slob dam pa ngag dbang phrin las kyis bris pa dge bas bstan 'gro yongs la phan bde'i rgyur gyur cig_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//
  • Second colophon: zhes pa 'di chos rgod kyi ngor bdud 'joms pas smras pa yongs su dge bar gyur cig_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//
[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་ལ་གཉེར་བཅོལ་ཡིད་བཞིན་ཆར་འབེབས་བཞུགས༔ སངས་རྒྱས་ཆོས་དང་དགེ་འདུན་རྣམ་པ་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་རྩ་གསུམ་ལྷ༔ ཁྱད་པར་འགྲོ་བའི་མགོན་པོ་པདྨ་འབྱུང་༔ མི་མངོན་དབྱིངས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས༔ སྣང་སྲིད་སྡེ་བརྒྱད་དྲེགས་པ་ཅན་རྣམས་དང་༔ ཡུལ་འདིའི་གཞི་བདག་ཆེ་གེ་འཁོར་བཅས་ལ༔ སྔོན་གྱི་བཀའ་དམ་གཉན་པོ་གསལ་ཐོབ་ཅིག༔ བདག་ཅག་བརྒྱུད་འཛིན་ཡོན་མཆོད་འཁོར་བཅས་ཀུན༔ རྟག་ཏུ་བསྲུང་སྐྱོབ་གཡེལ་བ་མེད་པ་དང་༔ གང་བསམ་ཕྲིན་ལས་བསྒྲུབ་པའི་བཀའ་ནན་ཐོབས༔ ཞེས་ལན་གསུམ་བརྗོད༔ ཀྱཻ༔ རིག་འཛིན་བརྒྱུད་པར་བཅས་པའི་བཀའ་ཐ་ཚིག༔ གཏའ་རུ་བཙུགས་ཏེ་དཔང་དུ་བཞག་ནས་སུ༔ རྫ་རྒྱལ་ཁྱོད་ལ་ཕྲིན་ལས་གཉེར་བཅོལ་ནི༔ ཕྱོགས་འདིར་ཁྲོམ་ཟ་དཔོན་སྡེ་འབངས་འཁོར་དང་༔ དགོན་སྡེ་དགྲ་ཚན་མི་ནོར་དཀོར་བཅས་ཀུན༔ ཁྱེད་ལ་བཅོལ་ལོ་མི་འབྲལ་སྲུང་སྐྱོབ་མཛོད༔ དེ་རིང་ནས་བཟུང་རྟག་ཏུ་ཁྱེད་མཆོད་ཀྱིས༔ ཡུལ་གཞིའི་སྲུང་མ་ཁྱེད་ལ་རྟེན་འཆའ་འོ༔ ཁྱེད་ཀྱང་ཐུགས་མ་གཡེལ་བར་བྱམས་བརྩེས་སྐྱོངས༔ དགྲ་ཇག་ཆོམ་རྐུན་མ་ལུས་རྡུལ་དུ་རློག༔ ཆར་ཆུ་དུས་འབབ་རྩི་ཤིང་ལོ་འབྲས་སྨིན༔ རྟ་ལུག་གནག་ཕྱུགས་འཕེལ་ཁ་རྒྱས་པར་མཛོད༔ དུས་གསུམ་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ བཀའ་བསྒོ་ཡིན་ནོ་བཀའ་བཞིན་བསྒྲུབ་མཛོད་ཅིག༔ དམ་ཚིག་ཡིན་ནོ་དམ་ལས་མ་འདའ་བར༔ བཅོལ་བའི་ལས་དེ་ཐོགསས་མེད་འགྲུབ་པར་མཛོད༔ ཅེས་ཀུན་བཟང་བསྟན་འཛིན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་རང་སློབ་དམ་པ་ངག་དབང་ཕྲིན་ལས་ཀྱིས་བྲིས་པ་དགེ་བས་བསྟན་འགྲོ་ཡོངས་ལ་ཕན་བདེའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །། ༁ྃ༔ ཀྱཻ༔ རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་དང་༔ རྫ་སྙིང་རྡོ་རྗེ་ཐོག་རྒོད་རྩལ༔ འདིར་བྱོན་འབྱོར་ཚོགས་མཆོད་འབུལ་བཞེས༔ བདག་ལ་མི་འབྲལ་སྲུང་སྐྱོབ་དང་༔ གང་བསམ་འདོད་དོན་ཡོངས་གྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ ཞེས་པ་འདི་ཆོས་རྒོད་ཀྱི་ངོར་བདུད་འཇོམས་པས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།