དག་སྣང་ཡེ་ཤེས་དྲྭ་བ་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དྲག་སྒྲུབ་རྣོ་བའི་མདེའུ་ཐུང་ལས༔ ཆ་ལག་འདོད་དོན་ལྷུན་གྲུབ༔

From Dudjom Wiki
TTDL-ZABTER-15-BA-023
Wylie title dag snang ye shes drwa ba las: dpal chen rdo rje gzhon nu'i drag sgrub rno ba'i mde'u thung las: cha lag 'dod don lhun grub: TTDL-ZABTER-15-BA-023.pdf
Location bdud 'joms gling pa zab gter
Volume 15, Text 23, Pages 117-127 (Folios 1a1 to 6a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las dpal chen rdo rje gzhon nu'i drag sgrub rno ba'i mde'u thung las cha lag 'dod don lhun grub. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 117-127. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: drag srgub cha lag   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Rdo rje phur pa
Colophon

ཞེས་པ་འདི་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཡེ་ཤེས་རྡོ་རྗེ་བསྐུལ་ངོར་ཁྲག་མཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་འདིས་ཞིང་བཅུའི་བསྟན་དགྲ་མ་ལུས་ཐུལ་བལ་ཤོག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di smon lam las kyis 'brel ba'i skyes bu ye shes rdo rje bskul ngor khrag mthung bdud 'joms rdo rjes dag snang ye shes drwa ba las bsgyur ba 'dis zhing bcu'i bstan dgra ma lus thul bal shog_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
སྱྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དྲག་སྒྲུབ་རྣོ་བའི་མདེའུ་ཐུང་ལས༔ ཆ་ལག་འདོད་དོན་ལྷུན་གྲུབ་བཞུགས༔


སྱྃ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ (བརྡ་ཡིག་) ཕུར་བ་བསྒྲུབ་པའི་རྣམ་འབྱོར་པས༔ གནོད་འཚེའི་དགྲ་བགེག་འབྱུང་བའི་ཚེ༔ བསྒྲལ་ལས་དུག་མདའ་ནག་པོ་ཉིད༔ ལག་ཏུ་ལེན་པའི་རིམ་པ་ལ༔ ཆ་ལག་འདི་ཉིད་མཆོག་ཏུ་གལཿདང་པོ་མངོན་སྤྱོད་ལས་བྱེད་ལ༔ གསེར་སྐྱེམས་རྒྱུག་ཆང་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོས་སྣང་སྲིད་ཀྱི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར༔ ནམ་མཁའ་མཛོད་སྔགས་ལན་གསུམ་བརྗོད༔ ཀྱཻབརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་རྒྱུད་སྡེ་རྒྱ་མཚོའི་ལྷ༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་དང་༔ ཁྱད་པར་མངོན་སྤྱོད་དྲག་པོའི་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ ཡབ་ཡུམ་སྤྲུལ་པ་འཁོར་བཀའ་སྡོད་༔ ཕུར་སྲུང་རྒྱ་མཚོའི་ཚོགས་བཅས་ཀྱིས༔ གསེར་སྐྱེམས་རྒྱུག་ཆང་འདི་བཞེས་ལ༔ དགྲ་བགེགས་བསྒྲལ་བའི་ལས་བཅོལ་གྱི༔ ཕྲིན་ལས་ཐོག་པ་མེད་པར་མཛོད༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ ས་ཡི་ལྷ་མོ་བརྟན་མ་སོགས༔ སྟོང་གསུམ་གཞི་བདག་ལྷ་ཀླུ་གཉན༔ མ་ལུས་འཁོར་བཅས་འདིར་གཤེགས་ནས༔ གསེར་སྐྱེམས་རྒྱུག་ཆང་འདི་བཞེས་ལ༔ དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར༔ གོ་བགོས་མཚོན་ཐོགས་ལས་ལ་ཆོས༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ གསེར་སྐྱེམས་ཕྱི་རོལ་དུ་དོར༔ དེ་ནས་གཟུ་དཔང་བྱ་བ་ལ༔ ཀྱཻ༔ བཀའ་བརྒྱུད་བླ་མ་གཟུ་དང་དཔང་༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་༔ མ་རྒྱུད་མཁའ་འགྲོ་གཟུ་དང་དཔང་༔ བཀའ་སྲུང་དམ་ཅན་གཟུ་དང་དཔང་༔ ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་༔ སྟོང་གསུམ་གཞི་བདག་གཟུ་དང་དཔང་༔ མདོར་ན་མཁོར་འདས་ཐམས་ཅད་དུ༔ གཏོགས་པའི་ལྷ་དང་སྲུང་མ་རྣམས༔ གཟུ་དང་དཔང་དུ་དགོངས་སུ་གསོལ༔ བདག་ནི་མ་ཉེས་མ་ཡོའོ༔ རང་བཞིན་རང་ཁར་འདུག་པ་ལ༔ དགྲ་བགེགས་གདུག་པས་རྒོལ་ཞིང་འཚེ༔ བསམ་པ་ངན་པའི་རྒྱུ་བྱས་ཏེ༔ སྦྱོར་རྩུབ་དྲག་པོས་ལ་ཡོག་ཕབ༔ ནོར་རྫས་ལོངས་སྤྱོད་དཀོར་རྣམས་ལ༔ དྲག་པོས་འཕྲོག་བཅོམ་ཐབས་ཀྱིས་སྐུ༔ ལུས་དང་སེམས་ལ་སྡུག་བསྔལ་བསྐྱེད༔ དུག་ལྔ་དྲག་པོ་མེ་ལྟར་སྦར༔ བྱང་ཆུབ་བསྒྲུབ་པའི་གེགས་སུ་བབས༔ འདི་འདྲའི་ལས་ངན་སྐལ་ངན་ལ༔ ཡེ་ཤེས་སྤྱན་གྱིས་མ་གཟིགས་སམ༔ མངོན་ཤེས་ཐུགས་ཀྱི་མ་དགོངས་སམ༔ དེ་ཕྱིར་ཐུགས་དམ་གནད་ནས་བསྐུལ༔ ཞིང་བཅུ་ཚང་བའི་དགྲ་བོ་འདི༔ ཁམས་གསུམ་སྲིད་པ་གར་གནས་ཀྱང་༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ བཀུག་བསྒྲལ་མནན་བསྲེགས་ཕྲིན་ལས་མཛོད༔ ཡེ་ཤེས་ལྷ་དང་འཇིག་རྟེན་གྱི༔ སྲུང་མ་དམ་ཅན་རྒྱ་མཚོ་རྣམས༔ ཐུགས་དམ་གཉན་པོ་མ་གཡེལ་བར༔ དུས་ལ་བབ་པོ་ས་མ་ཡཿདེ་ནས་མཁྱེན་དཔང་བྱ་པ་ནི༔ ཧོཿ གསོན་ཅིག་དགོངས་ཤིག་ཡེ་ཤེས་ལྷ༔ དུས་གསུམ་རྒྱལ་བ་ཞི་ཁྲོའི་ཚོགས༔ བསྟན་པ་གཉན་ལ་དགྲ་དར་བས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་བསྒྲལ་དུས་ལ་བབ༔ ཉེས་མེད་རང་ཁར་འདུག་པ་ཡི༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ བསམ་ངན་སྦྱོར་རྩུབ་བྱེད་པ་འདི༔ དཀོན་མཆོག་གསུམ་གྱིས་མཁྱེན་པར་གསོལ༔ རྩ་གསུམ་སྲུང་མས་མཁྱེན་པར་གསོལཿཕུར་སྲུང་རྒྱ་མཚོས་མཁྱེན་པར་གསོལ༔ སྡེ་བརྒྱད་དྲེགས་པས་མཁྱེན་པར་གསོལ༔ གཞི་བདག་ལྷ་འདྲེས་མཁྱེན་པར་གསོལ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ས་འོག་ས་སྟེང་ས་བླ་དང་༔ ཁམས་གསུམ་གར་ཡོད་གར་གནས་ཀྱང་༔ བླ་སྲོག་དབུགས་དང་བཀྲག་མདངས་སྟོབས༔ རྗེས་ཤུལ་ལྷག་མ་མ་ལུས་པར༔ རང་དབང་མེད་པར་བཀུག་པ་དང་༔ བཀུགས་ནས་བསྒྲལ་བསད་ཕྲིན་ལས་མཛོད༔ བསྟན་དང་འགྲོ་པའི་བདེ་བཅོམ་པའི༔ ཉེས་ཅན་ཉམས་པ་བདུན་ལྡན་གྱི༔ དགྲ་འདི་མཁྱེན་བཞིན་ད་ལྟར་སོད༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ ཞག་དང་ཟ་མའི་ཁོངས་སུ་སྒྲོལ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ མ་གཡེལ་མ་འགྱངས་ཕྲིན་ལས་མཛོད༔ ས་མ་ཡ༔ གསེར་སྐྱེམས་གཏོར་མ་ཕྱི་རུ་དོར༔ དེ་ནས་བླ་འགུགགས་བྱ་བ་ལ༔ ཧོཿ བརྒྱུད་གསུམ་རིག་འཛིན་བླ་དམ་པ་དང་༔ ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་དང་༔ ཁྱག་པར་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ སྤྲུལ་པ་སྲས་བཞི་ཁྲོ་བཅུ་ཟ་གསོད་དང་༔ སྒོ་སྐྱོང་མ་བཞི་ཕུར་སྲུང་རྒྱ་མཚོའི་ཚོགས༔ ཛཿདམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ བཀའ་སྡོད་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་མོའི་དུས་ལ་བབ༔ ལས་ཀྱི་མ་བཞིའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ སྐྱེས་བུ་ཆེན་པོའི་དུས་ལ་བབ༔ གིང་འབར་སྡེ་བརྒྱད་དུས་ལ་བབ༔ གཞི་བདག་ཡུལ་ལྷའི་དུས་ལ་བབ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུ་ལ་བབ༔ དུས་ལ་བབ་པོ་ས་མ་ཡ༔ བདག་ལ་སྡང་བའི་དགྲ་བོ་ཆེ་གེ་མོའི༔ བླ་གདགས་མི་དང་ཤ་བ་རྒོ་བ་ལུག༔ ར་བྱ་གཡག་ལུགས་གླང་བུ་ལ་སོགས་པའི༔ འདབ་ཆགས་སྡེར་ཆགས་རྨིག་ཆགས་འགྲོ་བའི་རིགས༔ གང་གི་གཟུགས་སུ་སྤྲུལ་པ་དེའི་གཤེད་དུ༔ ཁྱུང་ཆེན་ཁྲ་གླག་ནེ་ལེ་བྱིའུ་དང་༔ སེང་སྟག་གཟིག་དོམ་དྲེད་དང་འཕར་སྤྱང་སོགས༔ སྤྲུལ་ཏེ་འགུགས་པའི་ཕོ་ཉ་ལས་ལ་རྒྱུག༔ ནམ་མཁའ་བར་སྣང་ས་གཞི་ཕྱོགས་མཚམས་ནས༔ ཤ་ཁྱིས་རི་དྭགས་བྱིའུ་ཆུང་ཁྲས་དེད་བཞིན༔ རང་དབང་མེད་པར་ཁུག་ལ་ལིང་གར་ཕོབ༔ བྷྱོ༔ སྔ་དྲོ་ཕྱི་དྲོ་དགོང་མོ་སྲོད་ཀྱི་དུས༔ རྒྱུ་ཞིང་ཉུལ་བའི་ཕོ་ཉ་དྲེགས་པ་ཅན༔ རང་རང་དུས་སུ་རྒྱུག་ལ་ཆེ་གེ་འདིའི༔ བླ་འགྱུ་བླ་འཁྱམས་དུས་དེར་ཁུག་ལ་ཤོག༔ ཁྱད་པར་ནམ་གྱི་ཕར་མ་ཚུར་ཕྱེད་ལ༔ སྲོག་མེད་འབྱུང་བ་ཆུ་ཡང་གཉིད་ལོག་གི༔ དེ་ཚེ་བླ་རྐུན་ཇག་པ་ལས་ལ་ཁྱེས༔ བླ་འཁྱམས་ཟུངས་ལ་འཆོར་མེད་ཞགས་པས་ཆིངས༔ སྟོབས་རྩལ་ལས་ཀྱི་ལྕགས་སྒྲོག་འབར་བས་སྡོམས༔ དབང་ཤེས་དྲིལ་བུ་འབར་བས་མྱོས་སུ་ཆུགས༔ ལས་ཀྱི་ལིང་གར་ཆུ་ལ་ཆུ་བཞག་བཞིན༔ གཉིས་མེད་མི་ཕྱེད་ཕྱེ་མི་བཏུབ་པར་བསྲེས༔ གསོད་བྱེད་ལས་ཀྱི་ཤན་པས་མཐའ་ནས་བསྐོར༔ སླར་ཡང་ལིང་པས་ཁྱི་འགྱེད་ཇི་བཞིན་ཏུ༔ ཕོ་ཉ་འགྱེད་ཅིང་བཀུག་བསྟིམ་བསྒྲལ་ལས་མཛོད༔ འབོད་སྔགས་མཐར༔ དགྲ་བོ་ཆེ་གེ་མོའི་ནྲྀ་ཤ་ཨ་ཡུ་རཱུ་པ་ཨ་ཀཪྴ་ཡ་ཛ༔ ཛཿཧཱུྃ་བཾ་ ཧོཿ བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག༔ ལིང་ཤོག༔ ལིང་ཐུམ་ཙ་མུནྟྲི་ཛ༔ ཧཱུྃ་བཾ་ ཧོཿ ཞེས་བར་མ་ཆད་པར་ཆུ་བོའི་རྒྱུན་བཞིན་དུ་བཟླ༔ བླ་རྟགས་བརྟན་པོ་འཁྲུལ་མེད་དུ་བྱུང་ནས༔ ལྷ་དབྱེ་བ་ནི༔ བྱ་རོག་གི་དང་རུ་ལ༔ བཛྲ་མ་མ་ཁ་ཁ་མུ་ཁ་ཧེ༔ འུག་པའི་དང་རུ་ལ༔ པདྨ་ཀྲོ་ཏེ་ཧུ་ལུ་མུ་ཁ་ཧེ༔ ཞེས་བྲིས་ལ་ཐོགས༔ དབྱེ་རྫས་ཀྱི་དུ་བས་སུབ་ཐུམ་དུ་བདུག་ལ༔ རང་དང་དཀྱིལ་འཁོར་ལ་དུ་བ་མི་ཕོག་པ་གནད་དུ་ཤེས་པར་བྱའོ༔ སྒྲོ་གཉིས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྤྲུལ་པའི་ཁྲོ་མོ་ནག་མོ་བྱ་རོག་གདོང་ཅན་དང་སེར་ནག་འུག་པའི་གདོང་ཅན་གཉིས་ཀྱིས་མཆུ་བརྡར་གཤོག་པ་བརྡབ་པས་བྲུབ་ཁུང་གི་སྟེང་དུ་འཛིང་འཐབ་བྱེད་པའི་ཁ་དང་གཤང་ལམ་སྤུ་གསེབ་ཀུན་ནས་དུག་དང་གྲིབ་དང་རྫས་ངན་གྱི་རང་བཞིན་ན་བུན་བཞིན་དུ་འཐུལ༔ ཁ་ཆར་བཞིན་དུ་བབ༔ དེ་གཉིས་ལས་དེ་འདྲ་བ་དཔག་དུ་མེད་པ་འཕྲོས་པས་སྣང་སྲིད་ཀྱི་ཁམས་ཐམས་ཅད་གང་ནས་དགྲ་བོའི་ལྷ་དང་སྲུང་མ་ཐམས་ཅད་བྱ་སྤུ་རླུང་གིས་དེད་པ་བཞིན་ཏུ་མཐའི་རྒྱ་མཚོའི་ཕ་མཐའ་དང་གླིང་བར་མུན་པའི་ཁྲོད་རི་རབ་ཆེན་པོའི་ཟོམས་སུ་འཕང་ཞིང་བསྐྲད་ནས་ཤེས་པ་རྨུག་རྨོངས་འཐིབ་མྱོས་བརྒྱལ་དུ་སོང་ནས་གནས་དེ་རུ་འཐུམ་པར་བསམ༔ དེ་ནས་ཕོ་ཉ་འགྱེད་པ་ལ༔ ཛཿཉིན་གྱི་ལས་བྱེད་མཐུ་མོ་ཆེ༔ ཁ་ཁ་མུ་ཁའི་དུས་ལ་བབ༔ ཤ་ལོག་བྱེད་ཅིང་སྡང་མིག་བསྒྲད༔ ཐབས་མཁས་ཆེན་མོའི་དུས་ལ་བབ༔ ཕོ་རྒྱུད་རྐང་གཡས་རྡོག་ཐོས་འཕེན༔ མོ་རྒྱུད་རྐང་གཡོན་རྡོག་ཐོས་བསྒྱེལ༔ ཐབས་མཁས་ཕྲ་མ་སྣ་ཚོགས་ཀྱིས༔ དགྲ་བོ་སྐྱོབ་པའི་ལྷ་དང་ཕྱེས༔ བྷྱོ༔ མཚན་གྱི་ལས་བྱེད་མཐུ་མོ་ཆེ༔ ཧུ་ལུ་མུ་ཁའི་དུས་ལ་བབ༔ ཤ་ལོག་བྱེད་ཅིང་སྡང་མིག་བསྒྲད༔ ཕོ་རྒྱུད་རྐང་གཡས་རྡོག་ཐོས་འཕེན༔ མོ་རྒྱུད་རྐང་གཡོན་རྡོག་ཐོས་བསྒྱེལ༔ ཐབས་མཁས་ཕྲ་མ་སྣ་ཚོགས་ཀྱིས༔ དགྲ་བོ་སྐྱོབ་པའི་ལྷ་དང་ཕྱེས༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་རྒྱུ་འབྲས་བསླུ་མེད་མཐུས༔ ཉམས་པའི་དགྲ་བོ་ཆེ་གེ་འདི༔ ལུས་སྐྱོབ་ཀྱི་ལྷ་དང་ཕྱེས་ཤིག༔ ངག་སྐྱོབ་ཀྱི་ལྷ་དང་ཕྱེས་ཤིག༔ ཡིད་སྐྱོབ་ཀྱི་ལྷ་དང་ཕྱེས་ཤིགཿའགོ་བའི་ལྷ་ལྔ་དང་ཕྱེས་ཤིག་ཕྲོལ་ཅིག༔ སྐྱོབ་པའི་ལྷ་དགུ་དང་ཕྱེས་ཤིག་ཕྲོལ་ཅིགཿཕ་མྱེས་རྒྱུད་ཀྱི་སྲུང་མ་དང་ཕྱེས་ཤིག་ཕྲོལ་ཅིགཿསློབ་དཔོན་རྒྱུད་ཀྱི་སྲུང་མ་དང་ཕྱེས་ཤིག་ཕྲོལ་ཅིག༔ དབེན་གནས་གཉན་གྱི་སྲུང་མ་དང་ཕྱེས་ཤིག་ཕྲོལ་ཅིག༔ ཉ་སྟོང་དུས་དྲུག་གི་སྲུང་མ་དང་ཕྱེས་ཤིག་ཕྲོལ་ཅིགཿསྔོན་ལས་འཕྲལ་རྐྱེན་གྱི་དབང་གིས་འཁོར་ཏེ་འགོ་ཞིང་སྡོང་གྲོགས་བྱེད་པའི་གཞི་བདག་ཡུལ་ལྷ་ས་བདག་ཀླུ་གཉན་སྡེ་བརྒྱད་ཐམས་ཅད་དང་ཕྱེས་ཤིག་ཕྲོལ་ཅིག༔ རྩ་སྔགས་མཐར༔ ཁ་ཁ་མུ་ཁ་ཛ༔ ཧུ་ལུ་མུ་ཁ་ཛ༔ རླུང་ཡཾ་ཡཾ་སང་སང་མ་ཆགས་ཀུ་ཏ་ཡ་དགྲ་བོའི་ལྷ་སྲུང་ཐམས་ཅད་མཱ་ར་ཡ་ཕྱེས་ཕྱེས་པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ་ཕཊཿཅེས་སྒྲོ་རླུང་གིས་གཡབ༔ དེ་ཕན་ཆད་བྲུབ་ཁུང་གི་ཁ་རུ་སྒྲོ་དང་དང་རུ་རྫས་ཀྱི་ཐུམ་བུ་རྣམས་བཏགས་དེ་བཞག༔ དེ་ལྟར་ཚུལ་བཞིན་གནད་ལྡན་པས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀུན༔ ཐོགས་པ་མེད་པར་འགྲུབ་འགྱུར་རོ༔ བཀའ་སྲུངས་མ་ཧཱ་དཱེ་ཝ་དང་༔ གནོད་སྦྱིན་གཟའ་བཙན་དྲེགས་པས་སྲུངས༔ དམ་ཉམས་ལག་ཏུ་མ་ཤོར་རྒྱ༔ དམ་ལྡན་སྒྲུབ་པའི་རྣལ་འབྱོར་གྱིས༔ དྲག་པོ་མངོན་སྤྱོན་ལས་འགྲུབ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཡེ་ཤེས་རྡོ་རྗེ་བསྐུལ་ངོར་ཁྲག་མཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་འདིས་ཞིང་བཅུའི་བསྟན་དགྲ་མ་ལུས་ཐུལ་བལ་ཤོག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།