དག་སྣང་ཡེ་ཤེས་དྲྭ་བ་ལས༔ བཀའ་སྲུང་མ་ལྷ་ཤན་གསུམ་གྱི་དྲིལ་སྒྲུབ་ཨོ་རྒྱན་ཆེན་པོའི་ཞལ་ནས་མངོན་སུམ་དུ་གསུངས་པ༔

From Dudjom Wiki
TTDL-ZABTER-15-BA-081
Wylie title dag snang ye shes drwa ba las: bka' srung ma lha shan gsum gyi dril sgrub o rgyan chen po'i zhal nas mngon sum du gsungs pa: TTDL-ZABTER-15-BA-081.pdf
Location bdud 'joms gling pa zab gter
Volume 15, Text 81, Pages 335-337 (Folios 1a1 to 2a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las bka' srung ma lha shan gsum gyi dril sgrub o rgyan chen po'i zhal nas mngon sum du gsungs pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 335-337. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dril sgrub   Verso: bdud 'joms srung ma ma lha shan gsum
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity ma lha shan gsum
Colophon

ཞེས་པ་འདི་ཡང་བུ་མོ་པདྨ་གསལ་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཕབ་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།།

zhes pa 'di yang bu mo pad+ma gsal gyis bskul ngor bdud 'joms rdo rjes phab ba'i yi ge pa ni phun tshogs bkra shis so/_/dge'o//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ བཀའ་སྲུང་མ་ལྷ་ཤན་གསུམ་གྱི་དྲིལ་སྒྲུབ་ཨོ་རྒྱན་ཆེན་པོའི་ཞལ་ནས་མངོན་སུམ་དུ་གསུངས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ བདུན་བསྐྱེད་བཀའ་ཡི་སྲུང་མ་འདི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ སྣང་སྲིད་ཀྱི་ཆོས་ཐམས་ཅད་ཀ་དག་སྟོང་ཉིད་ཆེན་པོའི་རོལ་པར་གྱུར༔ སྟོང་པའི་ངང་ལས་མཁའ་ལས་གློག་འཁྱུགས་པ་བཞིན་དུ་སྣང་སྲིད་ཐམས་ཅད་བདེ་ཆེན་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ་གྱུར་པའི་དབུས་སུ་རང་ཉིད་ཕག་ཁྲོས་སེང་གསུམ་གཅིག་དྲིལ་གྱི་ངོ་བོར་གསལ་བའི་མདུན་དུ་དུར་ཁྲོད་ཐོད་མཁར་འབར་བའི་དབུས་སུ་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་འཁོར་འདས་ཡོངས་ཀྱི་དབང་ཕྱུག་ཆེན་མོ་སྔགས་སྲུང་དབྱིངས་ཀྱི་རྗེ་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་དགྲ་སྙིང་ཕྱར་ཞིང་གཡོན་པས་སྡིགས་མཛུབ་ཀྱི་རྩེ་ནས་ལྕགས་སྤྱང་གི་ཚྭ་ཚྭ་འཕྲོ་བ༔ སྤྱན་གཅིག་དབྱིངས་ལ་གཟིགས་ཤིང་མཆེ་གཅིག་མན་དུ་གཙུགས་པ༔ རལ་གཅིག་གནམ་ལ་གཟེང་ཞིང་ནུ་གཅིག་ཁྲག་ཏུ་འབེབས་པ༔ ཞབས་གཉིས་བསྟན་དགྲ་ཕོ་མོའི་སྟེང་དུ་འདོར་སྟབས་སུ་བརྫིས་པ་བསྐལ་པའི་མེ་རླུང་འཚུབས་མའི་ཀློང་དུ་བསྐྱེད་དོ༔ དེའི་གཡས་སུ་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་གཡས་ལྕགས་ཀྱུས་ཁམས་གསུམ་འགུག་ཅིང་གཡོན་པས་ཉི་ཟེར་གྱི་ཞགས་པ་བསྣམ་པ་ཞབས་གཉིས་འདོར་སྟབས་སུ་བཞེངས་ཤིང་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང་བག་དྲོ་ལྷུན་ཆགས་གཟི་འོད་རབ་དུ་འབར་བ་རལ་པ་མཐིང་ནག་ས་ལ་སླེབ་ཅིང་སྤྱི་བོར་ཟླ་ཕྱེད་ཀྱིས་བརྒྱན་པ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད་དོ༔ དབྱིངས་ཀྱི་རྗེ་མོའི་གཡོན་ཕྱོགས་སུ་གནོད་སྦྱིན་ཤན་པ་དམར་ནག་གཡས་རལ་གྲི་ཕྱར་ཞིང་གཡོན་པས་ཐོད་ཁྲག་བསྣམས་པ་ཞལ་གྱི་མཆེ་བ་མན་དུ་གཙིགས་ཤིང་སྤྱན་གསུམ་སྡང་མིག་དུ་གཡོ་བ་༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་མེ་ལྟར་དུ་འབར་བ་ཁྲོ་གཉེར་སྡུད་ཅིང་སྨ་ར་དང་སྨིན་མ་དམར་སེར་མེ་ཡི་ཚྭ་ཚྭ་འཕྲོ་བ་མི་ལྤགས་ཀྱི་སྟོད་གཡོགས་དང་སྟག་ཤམ་གསོལ་བ་བ་སྤུའི་བུ་ག་ནས་གཟའ་བཙན་གཤིན་རྗེ་ལས་མཁན་ཐོག་སེར་ལྟར་འཕྲོ་བ་ཁམས་གསུམ་སྲིད་པ་གསུམ་གྱི་ལེགས་ཉེས་ལ་མངའ་དབང་བསྒྱུར་བར་བསྐྱེད་དོ༔ དེ་གསུམ་གྱི་མཐའ་བསྐོར་དུ་ཡེ་ཤེས་འཇིག་རྟེན་གྱི་མ་མོ་མཁའ་འགྲོ་བཀའ་སྲུང་དྲེགས་པ་ཅན་མ་ལུས་ཤིང་ལུས་པ་མེད་པས་བསྐོར་ནས་བཞུགས་པའི་གནས་གསུམ་དུ་ཡིག་འབྲུ་གསུམ་དང་ཐུགས་སྲོག་ས་བོན་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཐམས་ཅད་ཀྱི་དབྱིངས་ནས་སྤྱན་དྲངས་ལ་བསྟིམ་མོ༔ དེ་ནས་སྤྱན་འདྲེན་པ་ནི༔ ཛཿདད་པ་དང་ནི་དམ་ཚིགས་གིས༔ ཨེ་ཀ་ཙ་ཏི་གཤེགས་སུ་གསོལ༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ གནོད་སྦྱིན་ཆེན་པོ༴ འཁོར་དང་བཅས་པ༴ དམ་ཚིགས་ཆེན་པོའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ འདི་ནི་ཡེ་ཤེས་འཇིག་རྟེན་གྱི༔ བཀའ་སྲུང་ཕོ་མོའི་སྲོག་བཅུད་དྲིལ༔ གང་གིས་བསྒྲུབ་པ་ཙམ་གྱིས་འགྲུབ༔ བསྐྱེད་བསྒོམ་གནད་དང་ལྡན་པས་ན༔ བདུན་ཕྲག་གསུམ་ནས་ངེས་པར་འགྲུབ༔ བཟླས་སྔགས་ནི༔ མ་མ་ཨེ་ཀ་ཙ་ཏི་ཧཱུྃ༔ མ་ཧཱ་དཱེ་ཝ་ཧཱུྃ༔ རྨ་རུ་ཙེ་ས་མ་ཡ་ཛ་ཛཿས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་བུ་མོ་པདྨ་གསལ་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཕབ་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། །།