བྲེ་བོ་ཧོར་གྱི་བླ་མ་ཨ་བྷ་ཡ་ལ་གདམས་པའི་གླུ་དབྱངས་པུཎྜ་རི་ཀའི་དོ་ཤལ།

From Dudjom Wiki
TTDL-ZABTER-18-TSHA-024
Wylie title bre bo hor gyi bla ma a b+ha ya la gdams pa'i glu dbyangs puN+Da ri ka'i do shal TTDL-ZABTER-18-TSHA-024.pdf
Location bdud 'joms gling pa zab gter
Volume 18, Text 24, Pages 91-94 (Folios 46a1 to 47b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. bre bo hor gyi bla ma a b+ha ya la gdams pa'i glu dbyangs puN+Da ri ka'i do shal. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 91-94. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams  ·  Songs - mgur - glu dbyangs
Colophon

ཞེས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes nan du bskul ngor bdud 'joms rdo rjes smras/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
༄༅། །བྲེ་བོ་ཧོར་གྱི་བླ་མ་ཨ་བྷ་ཡ་ལ་གདམས་པའི་གླུ་དབྱངས་པུཎྜ་རི་ཀའི་དོ་ཤལ་བཞུགས། རང་སྣང་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ན། །རང་རིག་དོན་གྱི་བླ་མ་མཆོག་ལ་འདུད། །སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐལ་ལྡན་ཉོན། །ཚེ་འདིའི་སྣང་བ་རྨི་ལམ་སྒྱུ་མའི་དཔེ། །དེ་ལ་ཞེན་པ་ཆོད་ཅིག་སྐལ་ལྡན་བུ། །བླ་མ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ལ། །དད་མོས་གསོལ་འདེབས་མ་ཞན་སྐལ་ལྡན་བུ། །འགྲོ་དྲུག་སེམས་ཅན་ཕ་མའི་རང་བཞིན་ལ། །ཚད་མེད་རྣམ་བཞི་སྒོམ་མཛོད་སྐལ་ལྡན་བུ། །རྡོ་རྗེ་མཆེད་ལྕམ་དཔའ་བོ་མཁའ་འགྲོ་ལ། །དད་པ་མོས་གུས་མ་ཆུང་སྐལ་ལྡན་བུ། །སྒྲུབ་པ་ལྷུར་ལེན་གཏན་བདེའི་བསོད་ནམས་ཡིན། །སྙིང་རུས་སྡུག་སྲན་མ་ཞན་སྐལ་ལྡན་བུ། །སེམས་ལ་ལམ་བྱེད་ལམ་འཚོལ་གནས་སྐབས་སུ། །ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་འབྱུང་བ་དང་། །ནང་སློང་ལུས་ལ་ན་ཚ་མ་ངེས་འབྱུང་། །གསང་སློང་སེམས་ཀྱི་བདེ་སྡུག་སྣ་ཚོགས་འབྱུང་། །རིམ་པར་འབྱུང་བ་ས་དང་ལམ་གྱི་རྟགས། །གཞན་ལ་གོལ་ས་ཆོད་ཅིག་སྐལ་ལྡན་བུ། །རིག་པ་རང་ངོ་འཕྲོད་ནས་ཉམས་ལེན་དུས། །མྱོང་ཞེན་རྡུལ་ཙམ་མེད་དོ་སྐལ་ལྡན་བུ། །འཁོར་འདས་ཆོས་ཀུན་རྒྱ་མཚོའི་གཟའ་སྐར་བཞིན། །རིག་པའི་རང་ཀློང་རང་བབས་རྫོགས་པ་དེ། །ལྟ་བའི་རྒྱལ་པོར་བབ་ཀྱིས་ལྷུན་གྲུབ་རྫོགས། །ཡེ་གནས་ཤེས་པ་མངོན་དུ་གྱུར་པ་དེ། །བསམ་བརྗོད་བློ་འདས་ཁྱབ་བརྡལ་ཟང་མ་ཐལ། །ཅི་ཡང་མ་ཡིན་སྤྲོས་པའི་མཐའ་དང་བྲལ། །རང་ཁར་འདུག་ལས་ལྟ་སྒོམ་དམིགས་གཏད་མེད། །ཡུལ་མེད་ཟང་ཐལ་ཆེན་པོར་ཧར་སང་ཡན། །འཁོར་འདས་རང་སྣང་ཉིད་དུ་ངོ་ཤེས་ནས། །ཆོས་ཉིད་དེ་བཞིན་ཉིད་དུ་རོ་གཅིག་པའི། །ངང་ཚུལ་ངོ་ཤེས་ཐོག་ཏུ་ངེས་ཤེས་འདྲོངས། །ཤེས་ཐོག་ཐེ་ཚོམ་གཅོད་པ་གནད་ཀྱི་མཆོག།དེ་ཐོག་གདིང་ཆེན་ཐོབ་པ་མཆོག་ཏུ་ཟུངས། །མདོར་ན་དགའ་སྡུག་རེ་དོགས་བཟང་ངན་སོགས། །གང་བྱུང་གང་ཤར་ཉམས་ཀྱི་རི་མོ་རུ། །ཤེས་པ་ལམ་གོལ་གནད་འཆུགས་གེགས་སྒྲོལ་མཆོག།སྒོམ་པ་ཁ་ཕོ་མཐོ་ཡང་སྤྱོད་པས་སྟོན། །རང་མཐོང་ང་རྒྱལ་མགོ་འཕང་སྨད་པ་གལ། །སྣང་སེམས་གཉིས་ཀ་གཏའ་རུ་མངོན་ལ་ལྟོས། །གྲོལ་འཁྲུལ་ཤན་འབྱེད་གནད་ལ་མཁས་པར་སྦྱོང་། །གྲོལ་འཁྲུལ་རྨི་ལམ་ཉིད་ཀྱིས་སྟོན་ལ་ལྟོས། །འཆི་ཚེ་སྐྱེད་བཟང་ཐོན་འོང་མ་སེམས་ཅིག།འོད་གསལ་འཕོ་བ་ཆེན་པོའི་གྲོང་འཇུག་ཚེ། །ཤེས་པ་དང་པོ་འཁོར་བའི་སྣང་བ་རུ། །མཆེད་དེ་རྣམ་པར་རྟོག་པས་ཉེ་བར་ལེན། །འཁོར་བའི་འཁོར་ལོར་གནས་འགྱུར་བྱེད་པ་སྟེ། །དེ་ཕྱིར་ཤེས་པ་དང་པོ་དྭངས་དབྱིངས་སུ། །བཙན་ཐབས་ཉིད་དུ་འཕོ་ཞིང་གྲོང་འཇུག་ཕྱིར། །ལུས་ཀྱང་སྡོད་པ་གསུམ་གྱིས་ས་བཟུང་ནས། །ངག་གནད་རླུང་གི་འབྱུང་འཇུག་དལ་བར་བསླབ། །སྒོ་གནད་ལྡོག་ཕབ་ཐད་དྲང་བལྟ་བ་ཡིས། །ཤེས་རབ་མིག་ལ་ཡེ་ཤེས་སྤྱན་ཚུད་པའི། །ཤེས་པ་དང་པོ་འོད་གསལ་སྣང་བར་མཆེད། །སྒྲོན་མ་རྣམ་བཞི་མངོན་དུ་འགྱུར་བར་ངེས། །ཆོས་ཉིད་ཡིད་དཔྱོད་ལས་འདས་མངོན་སུམ་མཐོང་། །སྒོ་གསུམ་མི་གཡོ་ངང་འཐོབ་ལྷོད་འབོལ་གནས། །དེ་ལ་ཤིན་ཏུ་སྦྱངས་བའི་སྟོབས་ཤུགས་ཀྱིས། །སྣང་བ་འོད་དུ་འཕེལ་བའི་ཉམས་གོང་འཕེལ། །ཆོས་ཉིད་གཏད་མེད་རྒྱ་ཡན་ངང་ཐོབ་པས། །སྒོ་གསུམ་སྨྱོན་པ་ཅི་བཞིན་ཆལ་མ་ཆོལ། །དག་དང་མ་དག་སྣང་བ་དཔག་མེད་འབྱུང་། །ལྷ་འདྲེ་མཐོང་བའི་མངོན་པར་ཤེས་པ་དང་། །མཁའ་འགྲོས་བསླུ་བ་ལུང་བསྟན་གྲུབ་རྟགས་ཐོན། །གཏེར་འབྱིན་ཡུལ་གྱིས་བསླུ་བ་ཀུན་གྱིས་འདུད། །དེ་དག་ཀུན་ལ་མངོན་ཞེན་སྐྱེས་གྱུར་ན། །བདུད་ཀྱི་དབང་གྱུར་ཚེ་འདིར་ཆེ་བ་རྒྱས། །ཕྱི་མ་ས་དང་ལམ་གྱི་གེགས་སུ་བབ། །དེ་ཕྱིར་གནད་འདི་བློ་ལ་བཏགས་པ་གལ། །དེ་ནས་དེ་ལ་ཤིན་ཏུ་གོམས་སྟོབས་ཀྱིས། །ཆོས་ཉིད་རིག་པ་ཚད་ལ་ཕེབས་གྱུར་ནས། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་ཆེན་འཐོབ། །རིག་པ་བཅུད་དུ་སྨིན་པས་སྣང་བ་ཀུན། །སྐུ་དང་ཞིང་ཁམས་རོལ་པར་མངོན་དུ་གྱུར། །དེ་མཐར་གདིང་ཆེན་གཞི་ཐོབ་དབང་ཆེན་ནོད། །ཆོས་ཟད་བློ་འདས་ཆེན་པོར་འབྱམས་ཀླས་མཐར། །ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་པའི་སྐུར། །འཇའ་ལུས་འཕོ་བ་ཆེན་པོར་མངོན་འཚང་རྒྱ། །དེ་ལྟར་ཨ་ཏིའི་ལམ་བཟང་འབྲས་བུ་བཅས། །འདུས་ཤིང་རྫོགས་པའི་མན་ངག་ཟབ་མོ་འདི། །སྐལ་ལྡན་ཁྱོད་ལ་གཏད་ཀྱིས་ཉམས་སུ་ལོངས། །ཚེ་འདིར་སངས་རྒྱས་འགྲུབ་བོ་གདོན་མི་ཟ། །མི་རྒན་འཆལ་པོའི་ཁོངས་སྙིང་ཕྱུངས་པ་འདི། །མདོ་མེད་ཡུལ་དུ་མ་སྟེར་ཨ་ཐམ་རྒྱ། །ཞེས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།