རྗེ་འགྲོ་བའི་མགོན་པོ་སོགས་མགོན་རྡོར་ལ་གདམས་པ།

From Dudjom Wiki
TTDL-ZABTER-18-TSHA-130
Wylie title rje 'gro ba'i mgon po sogs mgon rdor la gdams pa TTDL-ZABTER-18-TSHA-130.pdf
Location bdud 'joms gling pa zab gter
Volume 18, Text 130, Pages 473-474 (Folios 237a1 to 237b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rje 'gro ba'i mgon po sogs mgon rdor la gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 473-474. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཅེས་སློབ་བུ་མགོན་རྡོར་གྱི་ནན་དུ་བསྐུལ་ངོར་བདུད་འཇོམས་པས་སྨྲས་པ་དགེའོ། །ཞུས་སོ།།

ces slob bu mgon rdor gyi nan du bskul ngor bdud 'joms pas smras pa dge'o/_/zhus so//

[edit]
༄༅། །རྗེ་འགྲོ་བའི་མགོན་པོ་པདྨ་འབྱུང་། །གནས་མི་འབྲལ་སྙིང་གི་དབུས་སུ་བཞུགས། །སྣང་སྲིད་དང་འཁོར་འདས་ཆོས་རྣམས་ཀུན། །གཞི་ཁྱབ་བརྡལ་ངང་དུ་རོ་གཅིག་པའི། །ངང་རྨི་ལམ་སྣང་བ་སྣོད་བཅུད་ཆོས། །ཡུལ་འདོད་ཡོན་ལྔ་ཡི་ཆོས་སོ་ཅོག །གཉིད་སད་ཚེ་ནམ་མཁའ་ནམ་མཁར་ཞིག །ཉིན་སྣང་བ་དེ་བཞིན་ཆོས་རྣམས་ཀུན། །མཚན་རྨི་ལམ་གཉིད་དུ་ཕྱོགས་པའི་ཚེ། །འཇའ་ནམ་མཁར་ཡལ་བཞིན་དབྱིངས་ལ་ཐིམ། །དེའི་ཕྱིར་ན་འཁོར་འདས་གཉིས་བསྡུས་ཀྱི། །ཆོས་ཐམས་ཅད་ནམ་མཁའི་འཁོར་ཡུག་སྟེ། །ནམ་མཁའ་ནི་སྤྲོས་བྲལ་སྟོང་པ་ཉིད། །སྟོང་པ་ཡི་མཚན་ཉིད་དེ་བཞིན་ཉིད། །ཚུལ་ཇི་ལྟར་རིག་ན་གཞིའི་རིག་པ། །ངང་མངོན་གྱུར་ལམ་གྱི་རིག་པ་སྟེ། །རིག་པ་དེ་སྨྲ་བསམ་བརྗོད་ལས་འདས། །རིག་པ་ལ་མྱོང་ཞེན་སྤུ་ཙམ་མེད། །རིག་པ་ལ་བསྒོམ་དང་མི་བསྒོམ་མེད། །རིག་པ་ལ་གཟའ་དང་གཏད་སོ་མེད། །རིག་པ་ལ་རིག་དང་མ་རིག་མེད། །ཁྱབ་བརྡལ་གྱི་རིག་པ་ཟང་ཀ་མ། །ཤུགས་འབྱུང་གི་ཡེ་གནས་ཡེ་བབ་ཏུ། །འཇོག་པ་ནི་རྣལ་འབྱོར་ལམ་གྱི་མཆོག །མིག་ཤེས་དང་ཡེ་ཤེས་གཉིས་མེད་པས། །མངོན་བྱེད་ཀྱི་ཤེས་རབ་མིག་ཤེས་ཡིན། །སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་བཏང་། །མཉམ་བཞག་ཅེས་བྱ་བ་དེ་ལས་མེད། །ཟ་ཉལ་དང་འགྲོ་འདུག་དུས་ཀུན་ཏུ། །མངོན་གྱུར་གྱི་ངང་ལས་མི་འདའ་བ། །རྗེས་ཐོབ་ཅེས་ཟེར་བ་དེ་ལས་མེད། །ཆོས་བརྒྱད་ཀྱི་ཡུལ་ལ་མ་ཞེན་པར། །རྩེ་གཅིག་ཏུ་སྙིང་པོར་གཞོལ་བ་ན། །རྣམ་གྲོལ་གྱི་ས་ལ་རིང་མི་ཐོགས། །ཁ་བཤད་ཀྱི་གདམས་ངག་གསོན་པོ་ཡིས། །གོ་བ་དང་གཏིང་དཔོག་མི་འོང་ན། །ཡིག་རིས་ཀྱི་ཚིག་རོ་བྲིས་བྲིས་ཀྱང་། །གོ་བ་ནི་ཤིན་ཏུ་དཀའ་ལས་ཡོད། །བརྡ་འཕྲོད་ན་དེ་ག་གདམས་ངག་ཡིན། །དོན་གོ་བ་མེད་ན་ལམ་ཁ་ཡི། །རྡོ་བཞིན་དུ་ཐོབ་ལེན་མེད་ལ་ལྟོས། །ཐེ་ཚོམ་དང་ཡིད་གཉིས་བློ་སྤོངས་ལ། །ཐག་ཐད་ཀར་ཆོད་ལ་རང་ཐོག་ཏུ། །གདིང་ཚུགས་ལ་རང་ས་ཟིན་པར་གྱིས། །མི་རྒན་པོའི་འཆོལ་གཏམ་དེ་ག་ཡིན། །དེ་མ་བརྗེད་སྙིང་གི་མེ་ལོང་གྱིས། །ཅེས་སློབ་བུ་མགོན་རྡོར་གྱི་ནན་དུ་བསྐུལ་ངོར་བདུད་འཇོམས་པས་སྨྲས་པ་དགེའོ། །ཞུས་སོ།། །།