ལྷ་མཚོ་སྐྱེས་རྡོ་རྗེའི་སོགས་ཀུན་དགའ་ལ་གདམས་པ།

From Dudjom Wiki
TTDL-ZABTER-18-TSHA-131
Wylie title lha mtsho skyes rdo rje'i sogs kun dga' la gdams pa TTDL-ZABTER-18-TSHA-131.pdf
Location bdud 'joms gling pa zab gter
Volume 18, Text 131, Pages 475-476 (Folios 238a1 to 238b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Lha mtsho skyes rdo rje'i sogs kun dga' la gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 475-476. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཀུན་ཏུ་དགའ་བདེའི་གཏན་ནོར་གཏེར། །ཀུན་དགའ་ཁྱོད་ལ་ཐོབ་རྒྱུ་སྟེ། །ཀུན་ལས་ཡང་སྨྱོན་འཆོལ་པོས་སྨྲས། །ཞུས་སོ།།

kun tu dga' bde'i gtan nor gter/_/kun dga' khyod la thob rgyu ste/_/kun las yang smyon 'chol pos smras/_/zhus so//

[edit]
༄༅། །ལྷ་མཚོ་སྐྱེས་རྡོ་རྗེའི་ཞབས་ལ་འདུད། །བདག་འདི་ཕྱི་གཉིས་ཀྱི་མདོ་མེད་ལ། །ཕ་ཁྱོད་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ། །བློ་རེ་དོགས་བྲལ་བར་བྱིན་གྱིས་རློབས། །ཉམས་རྨི་ལམ་འདྲེས་པའི་སྣང་ཆ་ལ། །མ་མཁའ་འགྲོ་དགྱེས་པའི་གླུ་འདི་ཐོས། །ཨཻ།ཡུལ་སྲིབ་ཀ་ནག་པོའི་རྫོང་ཆེན་དུ། །ལྡིང་སྐྱ་གའི་ལུས་རྟེན་བོར་བ་ནས། །མཚོ་རྙོགས་མ་ཅན་དུ་ཉ་མོ་ཞུགས། །དེ་ནུབ་ཕྱོགས་ཨཱཪྻའི་ཡུལ་དུ་འཕོས། །ཆོས་བྱེད་པའི་རྟེན་བཟང་མི་ལུས་ཐོབ། །རྟེན་བོར་ནས་ལྷ་མིན་མོ་རུ་གྱུར། །དེའི་ལུས་རྟེན་བོར་ནས་རྒྱ་ནག་ཏུ། །ཆོས་དགེ་བ་བསྒྲུབ་པའི་རྟེན་བཟང་ཐོབ། །དེ་ཚེ་འཕོས་ར་སའི་ལྷ་ཁང་དུ། །ཡང་དགེ་བཙུན་བློ་འཕེལ་ལྷ་གཉེར་གྲགས། །དེའི་ལུས་རྟེན་བོར་ནས་མདོ་ཁམས་སུ། །སྔོན་དགེ་འབྲས་དུས་སྨིན་མི་ལུས་རྙེད། །མིང་ཀུན་དགའ་འཛིན་པ་ས་རུ་ན། །མཐོ་ལྷ་ལམ་བསྒྲོད་པའི་ནམ་མཁའ་ལྡིང་། །རླུང་སྤུ་གྲིའི་འཁོར་ལོར་ཕོད་བཙུག་ན། །དེའི་འདབ་གཤོག་འཐག་པས་ས་ལ་ལྷུང་། །བྲག་རྩུབ་རིམ་མེད་པའི་འཇམ་ངོས་ལ། །རྒྱ་ཙ་ར་རན་པར་ཚོད་ཟིན་ན། །དེའི་སྲོག་གི་རྟེན་ཡང་འགགས་མི་སྲིད། །མཚོ་མ་གི་ཁ་ཞེང་ཆེ་སྟེ་མཛེས། །དེ་སྐྱིད་ཐང་མཐོང་བའི་ལརྨ་ཏ། །རི་མཐོ་བའི་རྩེ་ནས་མྱུར་མགྱོགས་ཕྱིན། །ལྡིང་རན་ཚོད་བྱས་ན་བདེ་ཡང་སྐྱིད། །སླེབ་ཙམ་ནས་ལྡིང་རྩལ་ཆེས་ན་འཆི། །མི་ལུས་ངག་དབེན་པའི་སྐམ་ས་ན། །སླར་རླན་དང་འདམ་དུ་མི་འབོག་ན། །དེ་འདམ་དུ་ཚུད་པ་སྡུག་མི་བསྔལ། །བརྡ་གོ་འམ་ལེགས་ཉེས་དྲི་བ་མཁན། །ལྷ་ཡི་དམ་བསྒོམ་བསྒྲུབ་རྣལ་དུ་དབབ། །དེའི་བསྙེན་སྔགས་འབུམ་ཕྲག་སྟོང་དུ་བརྗོད། །སྔགས་སྲུང་མ་ཤ་ཟ་དེས་གྲོགས་བྱེད། །དཔལ་འཇམ་དཔལ་གཤིན་རྗེ་ལ་བརྟེན་ན། །ཚེ་ཚད་ཀྱང་བཅུ་ཕྲག་བདུན་དང་བཞི། །ལས་བྱ་བ་རང་ཚོད་འཛིན་མཁས་ན། །བདེ་སྐྱིད་ཀྱི་ཉི་མ་ནུབ་ནས་གསལ། །དེ་ལྟར་འཁྲུལ་བའི་སྣང་ཆ་ཤར། །ཀུན་གྱི་ཡང་ཐ་རྒན་པོ་ངས། །ཀུན་དང་མི་མཐུན་གྲོས་ཤིག་འདེབས། །ཀུན་ལ་འགྲན་པའི་ཆེ་དྲག་ཕྱིར། །ཀུན་གྱི་ཞོར་འདེབས་ཚིག་རྩུབ་དང་། །ཀུན་དང་འགལ་བའི་སྐྱོན་འདྲེན་གསུམ། །ཀུན་གྱི་འགོ་རུ་འཕེན་པའི་སྐྱོན། །ཀུན་དག་སྤོངས་དང་སྐུ་ཚེ་རིང་། །ཀུན་ཏུ་བཟང་པོའི་རྒྱལ་སྲིད་དུ། །ཀུན་མཁྱེན་རྡོ་རྗེས་གཤེགས་ཤུལ་སྙོགས། །ཀུན་གསལ་རང་གཞིའི་ཡུལ་དུ་ཤོག །ཀུན་ཏུ་དགའ་བདེའི་གཏན་ནོར་གཏེར། །ཀུན་དགའ་ཁྱོད་ལ་ཐོབ་རྒྱུ་སྟེ། །ཀུན་ལས་ཡང་སྨྱོན་འཆོལ་པོས་སྨྲས། །ཞུས་སོ།། །།