DJYD-SUNGTHORBU-01-AA-012: Difference between revisions

From Dudjom Wiki
DJYD-SUNGTHORBU-01-AA-012
No edit summary
No edit summary
 
Line 16: Line 16:
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|volumeLetter=AA
|volumeLetter=AA
|pdflink=File:DJYD-SUNGTHORBU-01-AA-011.pdf
|pdflink=File:DJYD-SUNGTHORBU-01-AA-012.pdf
|InitCategories=Dudjom Tersar Project; DJYD-SUNGTHORBU-Volume-01-AA
|InitCategories=Dudjom Tersar Project; DJYD-SUNGTHORBU-Volume-01-AA
}}
}}

Latest revision as of 21:16, 9 November 2026

Wylie title dpal sprul o rgyan 'jigs med chos kyi dbang po'i gsung sgros zhal da lugs gnyis snying bcud
Location bdud 'joms rin po che'i gsung thor bu
Volume 1, Text 12, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpal sprul o rgyan 'jigs med chos kyi dbang po'i gsung sgros zhal da lugs gnyis snying bcud. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་སྒྲོས་ཞལ་ད་ལུགས་གཉིས་སྙིང་བཅུད་བཞུགས།།

དེབ་འདི་སྟེགས་ལ་མ་བཞག་རུམ་དུ་འཆོངས། །ནམ་ཁོམ་རུམ་ནས་ཕྱུངས་ཏེ་ཡང་ཡང་ཀློག །ཀློག་དོན་སེམས་ལ་བཞག་ནས་ལག་ཏུ་ལོངས། །དེ་ལས་ཡ་རབས་འདི་བདེ་ཕྱི་སྐྱིད་འབྱུང༌། དེའང་མདོ་སྨད་སའི་ཐིག་ལེ་ཁྲ་མོ་གླིང་དཀར་སྟོད་ཀྱི་ས་ཕྱོགས་སུ་ཁྱིམ་བདག་ཞིག་ལ་བུ་བློ་རིག་རྣོ་ཞིང་གཤིས་བཟང་བ་ཡ་རབས་ཀྱི་རྟགས་ཐམས་ཅད་ཚང་བ་གཞོན་ནུ་བློ་ལྡན་ཟེར་བ་ཞིག་ཡོད། ཁོ་ཆུང་ངུའི་དུས་ནས་ཕ་ཤི་སྟེ་བཟང་པོའི་ཁ་ད་སློབ་མཁན་མེད་པའི་རྐྱེན་གྱིས་ཡུལ་མི་གྲོགས་ངན་འགའ་ཞིག་གི་རྗེས་སུ་འབྲངས་ནས་རྐུ་རྫུན་གཡོ་ཁྲམ་སོགས་མ་རབས་ཀྱི་སྤྱོད་པ་ལ་ཕྱོགས་ནས་ཡོད་པའི་ཚེ། ཉིན་གཅིག་ཕྱི་རོལ་དུ་འཆགས་པའི་ལམ་ཁ་ཞིག་ན། མི་རྒན་སྐྲ་དང་སྨ་ར་དཀར་པོ་ལག་ན་འཁར་དབྱུག་རིང་པོ་ཞིག་ཐོགས་ནས་གོམ་པ་འདར་ལྡེམ་ལྡེམ་བྱས་ཏེ་འོང་བ་ཞིག་དང་འཕྲད། དེར་གཞོན་ནུས་མི་རྒན་ལ་བལྟས་ཏེ་ཁྲེལ་དགོད་ཅིག་བྱས་ནས་འདི་སྐད་སྨྲས། ཧ་ཧ། མགོ་ལ་ཚར་ཞྭ་མ་གྱོན་ཡང༌། །དགུན་འཁྱག་བ་མོ་འདི་ན་མེད། །ལྕང་དཀར་དབྱུག་པ་མ་བཟུང་ཡང༌། །སྒོ་ཁྱི་བཙན་པོ་འདི་ན་མེད། །ལྡེམ་ལྡེམ་གོམ་པ་མ་སྤོས་ཀྱང༌། །བྲོ་གར་འཁྲབ་ས་འདི་ན་མེད། །མི་རྒན་ས་ཕྱོགས་ག་ནས་ཡིན། །ད་ནངས་ཡོང་བ་གང་ནས་ཡོང༌། །དོ་ནུབ་འགྲོ་བ་གང་དུ་འགྲོ། །མ་གསང་དྲང་པོའི་གཏམ་ལན་ཤོད། །ཅེས་སྨྲས་པས། རྒན་པོས་ཚུར་གཞོན་ནུ་ལ་མིག་འབུར་ཚུགས་སུ་བལྟས་ནས། ཧ་ཧ། གོམ་པ་སྤོ་སྟངས་ཁྲེལ་ལུགས་ལ། །ལོ་ཆུང་སྣང་མཐོ་ཅན་ཞིག་འདྲ། །ཁ་རྒྱགས་རྩེད་མོ་མཁས་ལུགས་ལ། །མ་རབས་བློ་རིག་ཅན་ཞིག་འདྲ། །མགོ་ནག་རྒས་པ་འཕྱ་ལུགས་ལ། །ཕ་མེད་གྲོགས་ངན་ཅན་ཞིག་འདྲ། །རྒས་པ་རྡོ་རྗེའི་བྲག་ལ་ཡོད། །གྲ་རྒས་དམར་ཡག་སྟག་ལ་ཡོད། །བཟང་ངན་ཕ་གཅིག་བུ་ལ་ཡོད། །གཞོན་ནུ་ཤ་རྒྱས་ཁྲག་རྒྱས་དུས། །ཁྱོད་བས་མཛེས་ཤིག་ང་ཡང་ཡིན། །ཁ་མིག་དབང་པོ་གསལ་བའི་དུས། །ཁྱོད་བས་མཁས་ཤིག་ང་ཡང་ཡིན། །རང་ཡུལ་ཕ་ཁྱིམ་ཡོད་པའི་དུས། ཁྱོད་བས་དྲག་ཅིག་ང་ཡང་ཡིན། །ང་ས་ཆ་མདོ་ཁམས་སྒང་ནས་ཡིན། །ད་ནངས་འཁོར་བའི་གྲོང་ནས་འོངས། །དོ་དགོང་ཐར་པའི་གླིང་དུ་འགྲོ། །ཞེས་ཟེར་བ་ལ། གཞོན་ནུའི་བསམ་པར་འདིས་བཤད་ཚུལ་ལ་ཉན་ན་རྒན་པོ་མཁས་པ་ཞིག་རེད་འདུག་སྙམ་ནས། ཀྱེ་རྒན་པོ་འདིར་དར་ཅིག་སྡོད་ལ་གཏམ་ཞིག་ཤོད་དང་སྨྲས་པས། རྒན་པོ་ན་རེ། གཏམ་ཅི་ཞིག་སྨྲ། ཆོོས་ཀྱི་གཏམ་ནི་ངས་མི་ཤེས། འཇིག་རྟེན་གྱི་གཏམ་ལ་ནི་ཁྱེད་རང་གིས་མི་ཉན། དེ་བས་རྒན་པོ་འགྲོ་ལམ་དུ་སོང་ན་དགའ་ཟེར་བ་ལ། གཞོན་ནུས། འོ་ན་ཁྱེད་ཀྱིས་གང་བཤད་པ་དེ་ལ་བདག་གིས་ངེས་པར་ཉན་ནོ་ཞེས་ཁས་བླངས་པ་ན། དེར་རྒན་པོ་དལ་གྱིས་བསྡད་ནས་ན་རེ། འོ། ད་ཆོས་དང་འཇིག་རྟེན་གྱི་གཏམ་མང་པོ་ངས་ཤེས་ཡང་མི་ཤེས། ཤེས་རུང་དེང་སང་སྙིགས་མའི་སྐྱེ་བོ་ཐམས་ཅད་མ་རབས་སྡིག་སྤྱོད་ཅན་གྱི་རྗེས་སུ་ཞུགས། རང་འདོད་གཡོ་སྒྱུ་ཁོ་ནས་དུས་འདའ། གཞན་ལ་གནོད་སེམས་ཤ་སྟག་འཆང་ཞིང་ལོག་པར་སྤྱོད། བཟང་པོ་བས་ངན་པ་བྲིན་དུས། དྲང་པོ་བས་ཁྲེལ་མེད་རྒྱལ་དུས། དྲིན་ཅན་བས་གསར་གྲོགས་བདམས་དུས། སྟེང་དཔོན་གྱི་བཀའ་ཁྲིམས་འཕྱུག འོག་འབངས་ཀྱི་བྱ་སྤྱོད་འཕྱུག ཚེ་ཕྱི་མ་ཕར་ཞོག་དང༌། ཚེ་འདིའི་བྱ་སྤྱོད་ལའང་ཁྲེལ་མེད་བློ་མེད་གང་ཐུབ་བྱེད་མཁན་ལ་ཕོ་རྒོད་པོ་ཟེར་ཞིང་བསྟོད་ར་གཏོང༌། ལེགས་སྤྱད་བཟང་པོའི་བྱ་བཞག་ལ་བློ་འདྲི་གྲོས་བསྟུན་བྱེད་མཁན་ཞིག་ཡོད་ན་ངན་པར་རྩི་བ་ཙམ་དུ་མ་ཟད། མི་ལུགས་ཀྱི་བསླབ་བྱ་སློབ་རྒྱུ་ཡོད་པ་ཙམ་ཡང་གོ་མ་མྱོང་བའི་དུས་ངན་འདིར། ང་འདྲ་བས་བཤད་པ་ལ་དགོས་པ་མེད་ཀྱང༌། ད་ཁ་མི་མང་ཀ་མེད་རོགས་ཀྱིས་དྲི་ནན། ཝ་མི་བརྒྱལ་ཀ་མེད་འདྲེ་ཡིས་འགྲམ་ལྕག ཁྱི་མི་ཟུག་ཀ་མེད་རྐུན་མས་ནག་འབུར། ཟེར་བ་ལྟར་ཁྱོད་ཀྱིས་འདྲི་དུས་ངས་བཤད་དགོས་ཏེ། དྲིས་ན་བཤད་དགོས། བསླབ་ན་སློབ་དགོས་ཟེར་རྒྱུ་དེ་རེད། ད་མདོ་ཙམ་ཞིག་བཤད་ན། དམ་པའི་ཆོས་ལུགས་ཟེར་བ་དེ་ཐོག་མར་སུས་སྟོན་ན་བླ་མ་དགེ་བའི་བཤེས་གཉེན་ཞིག་གིས་སྟོན་ལ། ཕུགས་རྒྱལ་བའི་བཀའ་ལ་གཏུག་དགོས། བར་དུ་སོ་བྱང་སྔགས་གསུམ་གྱི་རྩ་བ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་སྒོམ་སོགས་སྒོ་གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་རེ་ཡོད་པས་རང་རང་གི་རྒྱུད་ཚོད་ལྟར་ཉམས་སུ་ལེན་དགོས། མཐར་རང་རྒྱུད་ཀྱི་ཉོན་མོངས་པའི་རྩ་བ་ཟད་ནས་སངས་རྒྱས་འཐོབ་ཐབས་ལ་དམ་པའི་ཆོས་ལུགས་ཐམས་ཅད་དེར་འདུས་པ་ཡིན། འཇིག་རྟེན་མི་ལུགས་ཟེར་བ་དེ། ཐོག་མར་སུས་སྟོན་ན་ཕ་མ་རྒན་རབས་སོགས་ཀྱིས་སྟོན་ལ། ཕུགས་སྔོན་བྱོན་དམ་པ་རྒྱལ་བློན་བྱང་སེམས་རྣམས་ཀྱི་ལུགས་ཀྱི་བསྟན་བཅོས་ལ་གཏུག་དགོས། བར་རྒྱལ་བློན་འབངས་གསུམ་མཐོ་དམན་ཕྱུག་དབུལ་ཐམས་ཅད་ཀྱིས་རང་རང་གི་ཚད་ལྟར། གོང་མ་བཀུར་ལུགས། འོག་མ་སྐྱོང་ལུགས། མཉམ་པོར་འགྲོགས་ལུགས་ཐམས་ཅད་རང་ཚོད་དང་མཐུན་པ་ཞིག་ལག་ཏུ་ལེན་དགོས། མཐར་ཚེ་འདིར་བདེ་ཞིང་སྐྱིད་ལ་ཕྱི་མ་ཐར་པའི་ལམ་སྣེ་ཟིན་ཐབས་ཡོང་བ་དེར་འཇིག་རྟེན་མི་ལུགས་ཐམས་ཅད་འདུས་པ་ཡིན། ད་ཆོས་ལུགས་ལ་བཀའ་བསྟན་བཅོས་གཞུང་མན་ངག་མཐའ་ཡས་པར་བཞུགས་ཡོད་པས་ངས་ཨེ་ཤེས་མི་ཤེས་བྱས་ཏེ་བཤད་མི་དགོས། ད་ལྟ་མི་ལུགས་མདོ་ཙམ་ཞིག་བཤད་ན། ཐོག་མར་གོང་མ་བཀུར་ལུགས་ལ། མཐོ་དམན་བཟང་ངན་ཐམས་ཅད་ཀྱིས་འདི་ཕྱི་གཉིས་ཀའི་རེ་ས་བླ་མ་དཀོན་མཆོག་གསུམ་ལས་མེད་པས། སྐུ་གཟུགས་གླེགས་བམ་སྭཙྪ་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་གསར་རྙིང་བཟང་ངན་གང་ཡིན་ཀྱང་རུང་དད་པ་རྩེ་གཅིག་གིས་ཞེ་ས་བཀུར་སྟི་ཕྱག་དང་མཆོད་པ་སོགས་བྱེད་དགོས་ཏེ། གང་གིས་མོས་པ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་རེད། ཁྱད་པར་དུ་བླ་མ་སེར་མོ་བ་ཆོས་པ་རྣམས་ལ་བཟང་ངན་ལོག་ལྟ་སྐྱོན་བརྗོད་བརྙས་བཅོས་སོགས་བྱེད་མི་རུང་སྟེ། ཤི་བོས་རྣམ་ཤེས་བཅོལ་ས། གསོན་པོས་སྐྱབས་འཇུག་ཞུ་ས། ཡོད་ན་མཆོད་ས། མེད་ན་ཞུ་ས་ཡིན། ཡུལ་དཀོན་མཆོག་གསུམ་ལས་གཉན་པ་ཞིག་སྲིད་པ་འདི་ན་མེད། ཡར་དད་གུས་དང་ཚོགས་བསགས་རེ་བྱས་རུང༌། མར་ངན་སྨྲས་དང་གནོད་སེམས་རེ་བྱས་རུང་འབྲས་བུ་བཟང་ངན་བསམ་གྱིས་མི་ཁྱབ་པ་ཡོད་པས། ཁོང་རྣམ་པ་ཚོའི་བཟང་ངན་རང་རེ་ཚོ་ལྟ་བུས་དཔྱད་མི་ཤེས་ཏེ། ང་དང་ང་འདྲ་བ་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་བཟུང་མི་རུང་ཞེས་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པ་རེད། རང་གི་མཐོང་སྣང་ལ་མ་དག་པ་རེ་ཡོད་དུ་གྱུར་ནའང་དག་སྣང་དང་དད་གུས་བྱེད་དགོས། རང་གིས་རང་ངན་དུ་མ་འཇུག་དང༌། གཞན་ངན་རུང་རང་ལ་མི་གནོད། ལར་དེང་སང་མཐོ་དམན་སྐྱ་སེར་ཕོ་མོ་སུ་ཡིན་ཀྱང་རུང༌། གཞན་སྐྱོན་ཞིག་བཙལ་ནས་བཤད་རྒྱུ་ཨེ་རྙེད་མི་རྙེད་བལྟ་གིན་འདུག་པ་དེ་ལས་ཐུ་བའི་སྐྱོན་ཞིག་ཆོས་དང་འཇིག་རྟེན་གཉིིས་ཀའི་ལུགས་ལ་མེད། གཞན་སྐྱོན་མ་ཡིན་རང་སྐྱོན་ཡིན། །མེ་ལོང་ངོས་ལ་གཟུགས་ཤར་འདྲ། །འོ་དེ་འདྲ་གཞན་སྐྱོན་བཤད་སྐབས་མི་བསམ་ཤེས་ཤིག་ཡིན་ན། བཤད་དུས་ཉན་ཉན་འདྲ་ཡང་གཏིང་ན་ཞེ་ཁྲེལ་ཡོང་སྟེ། ཁོས་བཤད་ལུགས་ལ་བལྟས་ན། ཚུར་འཁོར་གྱི་ཀ་ལི། ཕར་འཁོར་གྱི་རོགས་ལི་ཞིག་རེད་སྙམ་པ་འཆར་ཡོང། དེས་ན་གཞན་སྐྱོན་མ་བརྟག་རང་གི་སྐྱོན་ལ་བརྟག གཞན་མཚང་མ་འབྲུ་རང་གི་མཚང་ནས་བྲུས་གསུངས་པ་རེད། གཞན་ཡང་གོང་གི་དཔོན་པོ་རྒྱལ་བློན་གཙོ་བོ་ཡུལ་མི་རྒན་རབས་ཕ་མ་སློབ་དཔོན་གྲོགས་མཆེད་ཐམས་ཅད་ལ་ཞེ་ས་བཀུར་སྟི། སྒོ་ཕྱེ་གདན་འདིང༌། ཚུར་བསུ་ཕར་སྐྱེལ་སོགས་བྱེད་ནས་དད་དད་གུས་གུས་དང༌། རང་དམའ་དམའ་ཞུམ་ཞུམ་བྱེད་དགོས། དེང་སང་རེ་འགས་ཁོང་ཚོ་མཐོན་པོ་དང་མཁས་པ་ཕྱུག་པོ་ཡིན་བསམ་ནས་མི་ཐམས་ཅད་ལ་བརྙས་བཅོས་བྱེད་ཀྱིན་འདུག་པ་དེ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ཡོན་ཏན་རྒྱུད་ལ་མེད་པའི་མངོན་རྟགས་རང་མཚང་ཕྱི་རོལ་དུ་ཐོན་པ་རེད། ཡོན་ཏན་མེད་པ་ང་རྒྱལ་ཆེ། །སྙེ་མ་སྟོང་པ་མགོ་འཕང་མཐོ། །ཟེར་བའི་དཔེ་ལྟར་དང༌། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་གསུངས་པ་རེད། བཙན་ཕྱུག་བཟང་གསུམ་འཛོམ་པ་ཞིག་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བས་ལྷག་པ་ཞིག་བོད་ལ་ཡོང་མ་མྱོང་ཡང༌། དེས་ཀྱང་སྤྲང་པོོའི་ཚུལ་གྱི་རྣལ་འབྱོར་པ་ལ་ཕྱག་དང་བཀུར་སྟི་མཛད། གཞན་ལ་མི་ཆོས་གཙང་མ་བཅུ་དྲུག་གི་བཀའ་ཁྲིམས་བཅས་པ་རེད། དེས་ན་གོང་མ་རྣམས་ལ་ཁ་མིག་ཡར་ལྟ། སྔར་དཔེ་ཕྱི་འཇོག་བྱེད་དགོས་པ་ཡིན། གང་བཟང་བའི་ཡ་རབས་ཀྱི་མི་དེ་རྒྱུད་འཇམ་དུང་ངེ༌། སེམས་དྲང་ཤད་དེ། ཁོག་ཡངས་ཁྲོལ་ལེེ་བ་ཞིག་ཡོང༌། ད་འོག་མ་སྐྱོང་ལུགས་ནས་བཤད་ན། རང་བས་ཞན་པ་ཁས་དམན་ཉམ་ཆུང་རྒྱུ་མེད་སྤྲང་པོ་རྣམས་ལ་བརྙས་བཅོས་དམན་སྡང་ཐུབ་ཚོད་མི་བྱེད་པར་གཏམ་དང་ཟས་གོས་སོགས་ཀྱིས་ཕན་ཅི་ཐོགས་བྱ། གལ་སྲིད་ཕན་མ་ཐོགས་ནའང་ཁ་འཇམ་ཁོག་དྲང་རེ་བྱེད་དགོས། ཁས་དམན་ཐོག་ཏུ་དབང་ཤེད་བསྡིགས་ར་བརྡུང་བཙོག་བྱེད་ནས་མི་དཔའ་བོ་ཡིན་མདོག་ཁ་པོ་བྱེད་པ་དེ་ནི། ལག་པའི་ཐོག་ལ་གྲི་ངན་རྣོ། །སྤྲང་པོའི་ཐོག་ལ་ཁྱི་ངན་བཙན། །ཉམ་ཆུང་ཐོག་ལ་མི་ངན་སྡང༌། །ཟེར་བ་རེད། མཐོ་འདོད་ན་དམན་ས་འཛིན་དགོས། རྒྱལ་འདོད་ན་ཕམ་ཁ་ལེན་དགོས། ཟེར་བ་རེད། ལར་ང་རང་ཚོས་གཞན་གྱི་རྒྱུ་འབྱོར་པ་ཐོབ་མངའ་ཐང་སོགས་ཅུང་ཟད་རེ་མཐོང་ན་ཁ་ལག་པས་བཀབ་སྟེ་ཧ་ལས་འགྲོ་ཁུལ་དང༌། དམན་སྤྲང་པོ་ངན་པ་སོགས་མཐོང་ན་མར་ཞབས་སུ་བཅད་ནས་མགོ་མཐོ་མཐོ་བྱེད་ཅིང་ཅུང་ཟད་རེས་མཚར་འགྲོ་བ་དེ་མཐོ་དམན་སྐྱིད་སྡུག་ཆེན་པོ་གོམས་མ་མྱོང་བའི་རྟགས་ཡིན། མཐོ་དམན་བཟང་ངན་གང་མཐོང་ཡང༌། སྐྱིད་སྡུག་ལེགས་ཉེས་རང་ལའང་ཡོང་བས། ཧ་ཅང་མཐོ་དགའ་ཅན་དང༌། དམའ་སྡང་ཅན་དེ་བྱེད་མི་རུང༌། མཐོ་དམན་སྐྱིད་སྡུག་ཕྱུག་དབུལ་ཐམས་ཅད་མི་ཚེ་གཅིག་ལ་རྟག་ཐུབ་པའང་དཀོན་ཏེ། མཐུན་པ་ཡུན་དུ་འགྲོགས་པ་དཀོན། །ཕྱུག་པོ་ཚེ་གཅིག་སྐྱིད་པ་དཀོན། །མཁས་པ་ཉེས་མ་མྱོང་བ་དཀོན། །ཟེར་བ་རེད། ད་མཉམ་པོར་འགྲོགས་ལུགས་ནས་བཤད་ན། གཉེན་ཉེ་འབྲེལ། གྲོགས་དགའ་མཐུན། ཡུལ་མི་ཁྱིམ་མཚེས་སུ་ལའང༌། བརྐུ་རྫུན་གཡོ་སྒྱུ་དབྱེན་དཀྲུག་ཁྲེལ་མེད་གློ་མེད་ལྐོག་ལབ་འཕྱ་སྨོད་སོགས་མི་བྱ་བར་ཀུན་ལ་ཕན་གང་ཐོགས་དང༌། བྱ་སྤྱོད་ཅུང་ཟད་རེ་ལ་དགའ་སྡུག་སྐྱེན་པོ་མི་བྱེད་པར་སྐྱིིད་ཐེག་སྡུག་ཐེག བཟང་ཤོང་ངན་ཤོང། སེམས་ལ་གང་དྲན་གྱི་བྱ་བྱེད་མི་མང་བར་བློ་སྣ་གཅིག་གི་ཐོག་ཏུ་བརྟན་པོར་འདུག་དགོས། སུ་ལའང་ཁྲེལ་དང་ངོ་ཚ་མི་འབོར་བར་བསམ་བཟང་གྲོས་མཐུན་ངང་དུ་གནས་དགོས། རང་ས་མི་ལ་བཞག མི་ས་རང་ལ་བཞག་ནས་དཔྱད་རྒྱུ་འདི་གལ་ཆེ། ལར་སུ་ཡིན་ཀྱང་རང་སྐྱོན་འདི་གོ་དགོས། གཞན་སྐྱོན་འཚོལ་བའི་ཐུར་མ་རྣོ་རུང༌། རང་སྐྱོན་བལྟ་བའི་མེ་ལོང་ཡོད་པ་ཤིན་ཏུ་དཀོན། རང་གིས་རང་མ་བརྟག་ན་གཞན་ནས་བཤད་མཁན་མི་འོང༌། ཚུར་ངོ་གདོང་མཐོང་དུས་ངོ་བསྟོད་བཤད་རུང༌། རྒྱབ་ཕར་ཕྱོགས་དུས་ལྐོག་ལབ་བླ་བཙོང་ལས་མེད། གལ་ཏེ་མི་བསམ་བཟང་ཞིག་གིས་སྐྱོན་དངོས་སུ་བཏོན་ཏེ་བཤད་བྱུང་ཡང་དེ་ལ་ཉན་རྒྱུ་ཕར་ཞོག མི་གནོང་ཅན་ཁྲོ། རྟ་རྒྱབ་ཆད་འཕག ཟེར་བ་ལྟར་འཁོན་དུ་འཛིན་ཡོང༌། དེང་སང་མི་ཀུན་གྱིས་རང་ཉིད་བཟང་པོ་ཞིག་ལ་ཆ་འཇོག་པ་རེད་དེ། བཟང་ངན་མཁས་པའི་གཞུང་ལུགས་ལ་བལྟས་ནས། རང་གཤིས་འདི་རང་གིས་བརྟགས་ཤིང་རང་རྒྱུད་འདི་རང་གིས་བཅོས་ཤིག་ཨེ་གོ ཞེས་ཟེར་བ་ལ། ཡང་གཞོན་ནུ་བློ་ལྡན་གྱིས། མཐོ་དམན་བར་གསུམ་གྱི་འགྲོགས་ཚུལ་དེ་ལྟར་ཡིན་ན། དེང་སང་དཔོན་པོ་སོགས་རེ་འགས་རང་ཉིད་ཁྲིམས་མཐུན་གྱི་སྤྱོད་ལམ་ལ་གནས་ཤིང་ལུས་ངག་གིས་ཞབས་ཞུ་ཇི་ཙམ་བསྒྲུབ་ཀྱང་བྱ་སྤྱོད་ཅུང་ཟད་རེ་ཙམ་ཉེས་ན་བརྡུང་བརྡེག་དང་རྒྱུ་རྫས་ཀྱི་ཐོག་ནས་ཆད་པ་ཆེན་པོ་གཅོད་པ་དང༌། དེ་བཞིན་དུ་དམན་སྤྲང་པོ། བར་གཉེན་འབྲེལ་སྤུན་མཛའ་གྲོགས་ཚོའི་ནང་ལ་ཡང་ཕར་ཕན་གང་ཐོགས་ཀྱིས་བུ་བཞིན་བསྐྱངས་རུང༌། ཚུར་ནོར་རྫས་ཆུང་མ་སོགས་རྐུ་འཕྲོག་ཁ་བསླུས་ལ་སོགས་དགྲ་བཞིན་དུ་གནོད་སྐྱེལ་མཁན་ཡང་མང་པོ་ཡོང་གིན་འདུག་པས་དེ་ཚོ་ལ་ཐབས་ཇི་འདྲ་བྱེད་དགོས་བཤད་དུ་གསོལ། ཟེར་བ་ལ། རྒན་པོས། འོ་བློ་དང་ལྡན་པ་ཁྱོད་དེ་བཞིན་དུ་ཞིབ་པར་འདྲི་དགོས་ཏེ། རྣ་ཐོས་ཙམ་གྱིས་གོ་རྟོགས་དཀའ། ཉོན་དང་མཐོ་དམན་བར་གསུམ་སུ་ཡིན་རུང་ཐོག་མར་བཟང་ངན་བརྟག་དགོས། མི་ལ་རབ་འབྲིང་ཐ་གསུམ་ཡོད། རབ་ཀྱིས་ཡུལ་ཁམས་སྡེ་འབངས་ཀུན་གྱི་སྤྱི་དོན་བྱེད་ཅིང་རང་དོན་ཞོར་བྱུང་འགྲུབ་ནས་འོང༌། འབྲིང་གིས་གཞན་ལ་མི་གནོད་པར་རང་དོན་སྨོན་རྒྱུ་ཡོད་པ་ཞིག་འགྲུབ་ནས་འོང༌། ཐ་མས་གཞན་ལ་གནོད་པ་སྐྱེལ་བཞིན་རང་དོན་ཁོ་ན་ཙམ་བསྒྲུབ་ཀྱང་ཇི་བཞིན་འགྲུབ་དཀའ། གལ་སྲིད་མི་ངན་འགའ་ཞིག་གིས་ཁྲེལ་དང་ངོ་ཚ་ཁྱད་དུ་བསད་དེ་རང་དོན་ཨུ་ཚུག་སྦར་བཅིང་གིས་བསྒྲུབས་ནས་གཏམ་ངན་མི་ཁ་དང་བཅས་ཏེ་འགྲུབ་ཙམ་འོང་བ་ཡང་ཡོད། འོ་དེ་རེ་རེ་ལའང་རབ་འབྲིང་ཐ་གསུམ་ཡོད་དེ། ལར་ཆོས་དང་འཇིག་རྟེན་གཉིས་ཀ་ལ་རབ་འབྲིང་ཐ་གསུམ་རེ་ཕྱེ་རྒྱུ་ཡོད། དེང་སང་བསྟོད་ན་ཨ་སྔོན་གནམ་གྱི་དཀྱིལ་རེད། སྨད་ན་དོག་མོ་སའི་གཏིང་རེད། དེ་མིན་རང་རང་གི་ས་ནས་འཇོག་མི་ཤེས་པ་འདི་ཁོག་པ་ཆུང་བའི་སྐྱོན་རེད། ལར་རྒྱུས་མེད་མི་ལ་བསྟོད་ར་མ་སྔ། རྒྱུས་ཡོད་མི་ལ་དགའ་སྡུག་མ་སྔ། ཟེར་བ་རེད། བཟང་པོ་བླ་མ་མི་དཔོན་ཚོ་ལ་ཡང་སྐྱོན་སྣ་རེ་དང༌། ངན་པ་སྤྲང་པོ་ཆོམ་རྐུན་པ་ཚོ་ལའང་ཡོན་ཏན་སྣ་རེ་མེད་མཁན་མེད་ཀྱང༌། སྐྱོན་དང་ཡོན་ཏན་གང་ཆེ་དང་གང་མང་བརྟག་དགོས། སྐྱོན་མེད་ཡོན་ཏན་ལྡན་པའི་མི་དཀོན། འཛེར་མེད་དྲང་པོར་སྐྱེས་པའི་ཤིང་དཀོན། རྣོ་མཉེན་ངར་དང་ལྡན་པའི་ལྕགས་དཀོན། ཟེར་བ་རེད། མཁས་པའི་ཁོག གཡོ་ཅན་གྱི་སྒྱུ། བརྫུ་བག་ཅན་གྱི་གཤིས་འདི་ཚོ་གོ་དཀའ་བས་ངོ་ལྐོག་སྣ་ཚོགས་སྒོ་ནས་ཐབས་ཀྱིས་བརྟག་དགོས། དཔྱད་མཁས་ན་གང་རུང་གོམས་ཆ་སྐྱེ་བས་སྐྱིད། བརྟག་ཤེས་ན་གང་ཐོས་ཆ་རྒྱུས་ལོན་པས་སྐྱིད། ཟེར་བའི་དཔེ་ལྟར་ཞིབ་པར་མ་བརྟག་ན་གོ་དཀའ། དགྲ་འདྲེེ་གཉིས་དང་མ་འཕྲད་ན། །རང་ཚུགས་ཅན་དེ་སུ་ཡང་ཡིན། །རྒྱུ་ཚེགས་གཉིས་དང་མ་འཕྲད་ན། །ཁ་བཟང་བ་དེ་སུ་ཡང་ཡིན། །གྱོད་རྐྱེན་ངན་པ་མ་འཕྲད་ན། །ཁ་མཁས་པ་དེ་སུ་ཡང་ཡིན། །སྐྱིད་སྡུག་ཐོག་ཏུ་མ་བབས་ན། །ཨ་མའི་གོ་ཁར་སུ་ཡང་བཟང༌། །ཟེར་བ་རེད། བཟང་ངན་གང་ལའང་མྱུར་དུ་ཐག་མི་བཅད་པར་ཞིབ་ཏུ་བརྟག་དཔྱད་བྱེད་དགོས། གོང་གི་དཔོན་པོ་སོགས་གཙོ་བོ་རྣམས་ནི། སྤྱིར་ཁ་ཉུང༌། ཁོག་ཡངས། ཚོད་ཟིན། ཚུགས་ཐུབ། བསམ་པ་བཟང༌། སྤྱོད་ལམ་ཞིབ་པ་སོགས་ཡོན་ཏན་ཐམས་ཅད་ཚང་བ་དང༌། ཁྱད་པར་ཁྲལ་དང་ཁྲིམས་ཀྱི་ཐོག་ལ་རང་འདོད་ཞེ་བཞག གཞན་ངོ་མཐོ་དམན། མི་ངོ་ནོར་ངོ་སོགས་ཀྱི་དབང་དུ་མི་གཏོང་བར་རྒྱུ་འབྲས་དྲང་པོ་ཚད་འཛིན་ཕེར་བ་ཞིག་དགོས། ལར་དཔོན་མེད་ན་འབངས་མགོ་སུ་ཡིས་སྐྱོབ། །འབངས་མེད་ན་རྒྱལ་པོ་སུ་ལ་བྱེད། །དཔོན་དྲང་ན་རྗེ་འབངས་སྐྱིད་ཅིང་བཙན། །འབངས་རྒྱས་ན་རྒྱལ་པོའི་རྒྱན་ཆ་ཡིན། །དཔོན་བཟང་པོས་འབངས་ལ་ཁ་མགོན་མཛད། །འབངས་བཟང་པོས་དཔོན་ལ་རྩི་བཀུར་བྱེད། །དེ་ཡང༌། ཤིང་གིས་ཤིང་བཏེགས་ན་ཀ་བ་དང་གདུང་མ། །མི་ཡིས་མི་བཏེགས་ན་དཔོན་པོ་དང་གཡོག་པོ། །ཟེར་བ་ལྟར། རྗེ་འབངས་གཅིག་གིས་གཅིག་ལ་ཕ་དང་བུ་ལྟར་བརྟེན་དགོས། ཕ་ཁུ་ཞང་པོ་རྒན་རབས་རྣམས་ནི། ཁ་ཉུང་ཞིང་གཤིས་འཇམ་པ། བུ་ཚ་རྣམས་ཀྱི་ཐོག་ཏུ་ཁ་མཆུ་བུ་ལོན་སོགས་ཀྱི་ཤུལ་བཞག་ངན་པ་མེད་པ། ལུས་བདེ་སེམས་བདེ་འཆི་ཆོས་རྣམ་དག་ལ་འབད་ཀྱིན་སྡོད་པ་ཞིག་ཡིན་དགོས། ཕོ་སྐྱེས་པ་རྣམས་ནི། བློ་དང་བྱ་བ་ཚོད་ཟིན་པ། དགྲ་བོ་བཙན་པོ་ལ་ཡ་ཐུབ་པ། གཉེན་དང་དམན་པའི་ཚིག་ཐེག་པ༌། རྒྱུད་འཇམ་ཞིང་ཕྱི་ཐག་རིང་བ། རང་ཚུགས་ནམ་ཡང་མི་འཆོར་བ་ཞིག་དགོས། ཕུ་ནུ་ནང་འཛིང་བྱུང་ན་ཁྲེལ་མེད་རྒྱལ། །བཟའ་ཚང་ནང་འཛིང་བྱུང་ན་བུད་མེད་རྒྱལ། །ཟེར་བ་ལྟར༌། ཕྱིའི་དགྲ་འདུལ་བ་ལ་དཔའ་ཡང༌། ནང་གི་གཉེན་ཉེ་བ་ལ་ཕམ་ཁ་ལེན་གང་ཐུབ་བྱེད་པ་དེ་ཚོ་བུ་བཟང་པོ་ཡིན། བུད་མེད་རྣམས་ནི། ཁ་དང་བློ་སྣ་མི་མང་བར༌། རང་ཁྱོ་ལྷ་ལྟར་རྩི་བ། གཞན་ཁྱོ་དུག་ལྟར་འཛེམ་པ། ཚག་ཞིབ་གསོག་འཇོག་མཁས་པ། བྲན་གཡོག་སྒོ་ཕྱུགས་སྐྱོང་བདར་ལེགས་པ། སེམས་ཆུང་དམན་ས་འཛིན་ཅིང༌། ཁྲེལ་དང་ངོ་ཚ་ཆེ་བ་ཞིག་དགོས། བྲན་གཡོག་སོགས་དམན་པ་རྣམས་ནི། ངན་སེམས་གཡོ་སྒྱུ། ཁ་རྫུན་ལག་བརྐུ ལྐོག་ལབ་དཀྲུགས་ཤིང་སོགས་མི་བྱེད་པ། སྦྱིན་བདག་ལ་ཤ་ཚ་བ། གོ་ཆེ་ཆོད་ཆུང་ཆོད་གང་ཟེར་ཁ་ལ་ཉན་པ་ཞིག་དགོས། ལར་མཐོ་དམན་བར་གསུམ་སུ་ཡིན་ཡང་བསམ་ངན་གཡོ་སྒྱུ་ཅན། བློ་མང་ཁ་མང་ཚོད་མེད་སྤྲོ་ཐུང་གི་རིགས་སོགས་ངན་པ་རྣམས་ནི་ཐབས་ཀྱིས་སྤངས་དགོས་ཏེ། ཞེ་སྡང་གི་གྲོགས་པོ་མེད་ན་དགའ། ཤིག་ཚང་གི་དུག་སློག་མེད་ན་སྐྱིད། ཟེར་བ་རེད། སྤྱིར་གཅིག་ལ་བཟང་ཡང་ཀུན་ལ་མི་བཟང༌། གཅིག་ལ་ངན་ཡང་ཀུན་ལ་མི་ངན། སེམས་ཅན་རང་རང་གི་ལས་དང་ལས་ཀྱི་འབྲས་བུ་སྣ་ཚོགས་པའི་དབང་གིས་ཡིན། ལར་དགྲ་ལ་ཡང་སྔོན་ལས་ཀྱི་དབང་གིས་དགྲར་གྱུར་པ་དང༌། ཕ་རོལ་པོས་མ་ཤེས་པའམ་ཐབས་མེད་ཀྱིས་དགྲར་གྱུར་པ་དང༌། གཞན་གྱིས་དབྱེན་སྦྱོར་རམ་རང་གིས་དཔྱད་མ་ཤེས་པས་དགྲར་བཟུང་བ་སོགས་མང་པོ་ཡོད། དགྲ་ཡང་ཡ་རབས་བསྟེན་ཆོག་པ་ཞིག་ཡིན་ན་བྱམས་པའི་ཚིག་གིས་སེམས་ཕབ་སྟེ་ཐབས་ཀྱིས་གྲོགས་སུ་འགུགས་པ་མཁས་པའི་བྱེད་ལུགས་ཡིན། དགྲ་ངན་པ་མ་རུང་པའི་རིགས་ཞིག་ཡིན་ན་ཁ་འཇམ་ཁོག་གྱོང་ཁྲམ་གཡོ་ཐབས་སྣ་ཚོགས་ཀྱིས་འདུལ་དགོས། དཔུང་ཤེད་བཙན་པོས་འདུལ་བ་ནི་ཀུན་གྱི་སྤྱི་ལུགས་ཡིན། མི་ཐུབ་བཞིན་དུ་ཁས་ལེན་བྱེད་པ་བླུན་པོ་ཡིན་ཏེ།  བཤད་མི་ཤེས་ཁ་རོག་བསྡད་ན་མཛེས། ལས་མི་ཐོན་འགོ་ནས་བསྐྱུར་ན་མཛེས། དཔའ་མི་ཐུབ་རྒྱང་ནས་བཞག་ན་མཛེས། ཟེར་བ་རེད། གཉེན་གྱི་རིགས་ལ་ཁ་གསག་ངོ་བསྟོད་མེད་པར་ཉེས་པ་བྱུང་ན་བཤད་དེ་རྒྱུད་བཅོས་ཐབས་བྱ། ལེགས་ན་གཏང་རག་ཚིག་གིས་ཕན་ཐོགས་ཐབས་བྱེད་དགོས།   ཁྱད་པར་བུ་དང་ཚ་བོ་བྲན་དང་ཆུང་མ་ལ་སོགས་ངན་ལང་དུ་མི་བཏང་བར་འཇམ་རྩུབ་རན་པ་ཞིག་གིས་ལམ་ལ་འཇོག་དགོས། མི་ངན་ཁ་ཅིག་ནི་འཇམ་པོ་ལས་རྩུབ་པོས་འདུལ་ན་དགའ་བ་ཡང་ཡོང་སྟེ།   རྔ་དང་རོལ་མོ་བརྡུང་ན་སྙན། །གྱང་དང་ཕུར་བ་བརྡུང་ན་སྲ།   །ཀོ་བ་མི་ངན་བརྡུང་ན་དུལ། །བུ་དང་ཆུང་མ་བརྡུང་ན་ཉན།  །ཟེར་བ་ལྟར་ཡིན་པའང་ཡོད༌། ཡང་མི་ངན་ལ་ལས་རང་ལ་བཟའ་ཚང་དང་གྲོགས་པོ་བཟང་པོ་ཡོད་དུས་ཧ་མི་གོ་བར་ཁྱད་གསོད་འཐབ་རྩོད་ཡི་ཆད་འགྲོ་བ་བྱེད། ཕྱིས་ནས་སོ་སོར་བྲལ་སོང་དུས་ད་གཟོད་འགྱོད་པ་སྐྱེ་བའང་ཡོད་དེ། འདྲིས་ཆེ་ན་སེངྒེ་ཁྱི་ཡིས་སྨོད། ཐག་ཉེ་ན་མིག་གིས་རྫི་མ་མི་མཐོང༌། ཟེར་བའི་དཔེ་ལྟར་འདྲིས་ཡུན་མེད་པའི་རྟགས་རེད། ལར་ཤེས་དགོས་རྒྱུ་ཞིག་ལ་མིའི་བཟང་ངན་འདི་ལས་ཐུ་བ་མེད། མི་རབ་རེ་རེས་ཡུལ་ཁམས་གྲོང་སྡེ་མང་པོ་བདེ་བར་བཀོད་ནས་བསྡད་པ་ཡང་ཡོད། མི་ངན་ར་ེརེས་ཡུལ་སྡེ་ཁྱིམ་མཚེས་མང་པོའི་དཀྲུགས་ཤིང་བྱས་ནས་བསྡད་པའང་ཡོད། གྲོགས་བཟང་པོ་དང་འགྲོགས་ན་བཟང་དུ་འགྲོ། གྲོགས་ངན་པ་དང་འགྲོགས་ན་ངན་དུ་འགྲོ། དགེ་བའི་གྲོགས་པོ་གསེར་བས་དཀོན། །གཞན་དུ་ཡོད་ཀྱང་གཉེན་དུ་ཁུག །སྡིག་པའི་གྲོགས་པོ་དུག་ལས་ཐུ། །རང་ཕྱོགས་ཡོད་ཀྱང་བོར་ན་ལེགས། །གསུངས་པ་རེད། དེས་ན་གཙོ་ཆེ་བ་གྲོགས་འདིའི་བཟང་ངན་ལེགས་པར་ཤེས་པ་གལ་ཆེ་ཟེར་བ་ལ། ཡང་གཞོན་ནུ་བློ་ལྡན་གྱིས། བྱ་སྤྱོད་ཉུང་ཞིང་ཚོད་ཟིན་དགོས་རྒྱུའི་བྱ་བ་དང་སྤྱོད་པ་དེ་ལ་ཇི་ལྟར་སློབ་དགོས་བཤད་པར་ཞུ་ཟེེར་བ་ལ། རྒན་པོས། འོ་ཡ། ད་བྱ་བ་ནི་འགྲོ་འདུག་ལས་ཀ་དགྲ་འདུལ་གཉེན་སྐྱོང་སོགས་ཡིན། སྤྱོད་པ་ནི་རང་གི་རྒྱུན་དུ་བཟའ་འཐུང་ཉལ་འདུག་བཤད་ལུགས་འགྲོ་ལུགས་སོགས་ཡིན་ཏེ། དེ་གཉིས་ཀ་ལ་བཟང་ངན་ལེགས་ཉེས་ཐམས་ཅད་རང་གིས་བརྟག གཞན་ལ་འདྲི། སྔར་སོང་ལ་དཔེ་བཞག ཕྱིས་ཡོང་ལ་བློ་བཀོད། རང་གི་ཚོད་དང་བསྟུན༌། ཡུལ་གྱི་སྲོལ་དང་བསྟུན། ཆེན་པོ་ལ་མི་ཞུམ། ཆུང་ངུ་ལ་མི་བརྙས། ཁེ་ཉེན་བཟང་ངན། འགྲུབ་དང་མི་འགྲུབ། འགྲུབ་ན་དོན་འབྲས་ཆེ་ཆུང་སོགས་བརྟགས་ཤིང་དཔྱད། ཐབས་རིམ་གྲོ་དང་ཚོགས་བསགས་སོགས་ལ་འབད་དེ་དང་པོ་ནས་སྟབས་གཟབ་དགོས་ཏེ། གཏམ་གྱི་འགོ་དཀའ། བྱ་བའི་གཞུང་དཀའ། ཆོས་ཀྱི་མཐར་དཀའ། ཟེར་བ་ལྟར་ཡིན་པས། བྱ་བ་གང་བརྩམ་པ་དེ་མཐར་མ་ཕྱིན་གྱི་བར་དུ་སྙིང་སྟོབས་དང་བཟོད་བསྲན་བསྐྱེད་དགོས། བློ་སེམས་གཞན་མི་མང་ཁ་མང་གི་རྗེས་སུ་མི་རྒྱུག་པར་ཐབས་དང་ཡུན་གྱིས་བསྒྲུབ་དགོས།  མཐར་བྱ་བ་དེ་ལེགས་ན་ཚོད་འཛིན།  ཉེས་རུང་བློ་འགྱོད་དང་ལེ་ལན་མེད་པར་རྐྱེན་ཐེག་དགོས། ལར་བྱ་བ་ཐམས་ཅད་བརྟག་དཔྱད་མཁས་པས་འགྲུབ་པ་དང། བསོད་ནམས་ཤུགས་ཀྱིས་འགྲུབ་པ་གཉིས་ལས་མེད་པས། རང་ཉིད་འདི་ཕྱི་གཉིས་ཀའི་བདེ་ཐབས་སྐྱིད་ཐབས་ལ་འཕྱུག་པ་མེད་པ་ནི་དཀོན་མཆོག་གསུམ་གྱི་ཞིང་ལ་ཚོགས་བསགས་པ་འདི་ཁོ་ན་ཡིན་ཏེ།  འབད་རྩོལ་རི་བོ་ཙམ་ཞིག་བྱེད་པ་བས། །བསོད་ནམས་མེ་སྟག་ཙམ་ཞིག་བསགས་ན་དགའ། །ཟེར་བ་རེད། བསོད་ནམས་ཤུགས་ཀྱིས་དོན་འགྲུབ་པ། །ཉི་མའི་འོད་བཞིན་ལྟོས་པ་མེད། །འབད་པའི་ཤུགས་ཀྱིས་དོན་འགྲུབ་པ། །མར་མེའི་འོད་བཞིན་ཀུན་ལ་ལྟོས། །ཞེས་གསུངས་པ་རེད། མཁོས་དམན་རྣམས་ནས་ཁ་སྐྱིད་འདོད་འཕྱོར་འདོད་མི་ཆེ་ཞིང༌། ཟས་ངན་དུ་བ་ཆང་རག་དང༌། སྤྱོད་ངན་ཤྭ་རྒྱན་འགྱེད་པ་སོགས་མ་རབས་མགོ་སྟོང་གི་བྱ་བ་མི་བྱེད་པར། རང་གི་ནོར་རྫས་རྩོལ་སྒྲུབ་ཉིན་རྫི་མཚན་སྲུང་ཚག་དམ་ཞིབ་པར་བྱས་ཏེ་བོར་བརླག་དང་དོན་མེད་ཆུད་ཟོས་སུ་མ་སོང་བར་བསགས་དགོས། ཁྲེལ་མེད་ལ་གཡར་སྐྱི་མི་རུང༌། ནོར་མེད་ལ་ཚོང་བཞག་མི་རུང༌།  སྤྱིར་རྐུ་དང་གཡོ་སྒྱུ་ཕྲག་དོག་གིས་ནོར་བཙལ་ན།   མཐར་ནོར་རྫས་ཀྱི་མི་ཚད་རང་གི་སྲོག་ཀྱང་བརླག་བྱེད་དུ་འགྲོ་བ་ཡིན། ལར་རང་ལ་སྔོན་བསགས་ཞིག་མེད་ན་འབད་རྩོལ་ཁོ་ནས་ཡར་མི་ཞོག་སྟེ། ནོར་བསགས་པས་མི་སོག་བསོད་ནམས་བསགས་པས་སོག གོས་གྱོན་པས་མི་འཛད་དབང་ཐང་ཟད་ཉིན་ཟད།  མི་ན་བས་མི་འཆི་དུས་ལ་བབ་ཉིན་འཆི།  ཟེར་བ་རེད།  འབྱོར་ལྡན་རྣམས་ནས་རང་ནོར་རང་ལ་དབང་ཡོད་དུས་རབ་དམ་པའི་ཆོས་ཕྱོགས་སུ་གཏོང་གང་ཐུབ་བྱེད། འབྲིང་གཞན་ལ་ཕན་ཅི་ཐོགས་བྱ། ཐ་མ་རང་གི་ཁ་རྒྱབ་སྐྱིད་པོ་རེའི་བེད་ཆོད་དགོས་ཏེ། དེ་མིན་ནམ་ཞིག་རྒྱུ་རྫས་ཐམས་ཅད་བསྐྱུར་ནས་གཅེར་བུ་ལག་སྟོང་དུ་འགྲོ་རན་དུས་ཕྱིས་ཚར་བ་རེད། སེམས་བསམ་པ་ལ་མུན་པ་རུབ་ན་རྒྱུ་ནོར་རྫས་རི་རབ་ཙམ་ཡོད་ཀྱང་མི་ཕན་ཟེར་བ་ཡིན། སྤྱིར་སེམས་རྒྱུད་འཇམ་ཡང་རང་ཚུགས་མ་ཤོར། བཟང་ངན་གང་ལ་དགའ་སྡུག་མ་སྔ། ལར་བཟང་བྱས་ངན་བྱས་ལ་ཁྱད་པར་ཡོད་དགོས། གཏམ་ཐོས་ཚད་གོ་ཚད་ཁ་ནས་བཤད་མི་རུང་སྟེ། གཏམ་ཅི་དྲན་བཤད་ན་སྨྱོན་པ་ཡིན། ཟས་གང་མཐོང་ཟ་ན་ཁྱི་ཕག་ཡིན། ལས་གང་དྲན་བསྒྲུབ་ན་མགོ་སྟོང་ཡིན། ཟེར་བ་རེད། ཆུ་བྲག་དགྲ་རྐུན་གཅན་གཟན་སོགས་ལ་ཕོད་མ་འཛུག གནོད་པ་ཆུང་ཡང་དོགས་ཟོན་གྱིས། ཕན་ཐོགས་ཆུང་ཡང་ངོས་ལེན་གྱིས། བཟང་ངན་སུ་ལའང་ངན་བཤད་ལྐོག་ལབ་མ་བཏང༌། ཁ་ཉུང་ལ་ཁོག་ཡངས་པོར་གྱིས། དམིགས་བསལ་གལ་ཆེན་ཐབས་མེད་བྱུང་ན་མ་གཏོགས་རྫུན་མ་སྨྲ་བར་དྲང་པོར་ཤོད། ཁས་ལེན་མ་མང་བར་སྨྲས་ཚད་མི་རྫུན་པར་གྱིས། བཟང་པོ་ལ་རྒྱུ་ཚེགས་གང་ལ་ཐུག་ཀྱང་ཕོད་པ་ཞིག་གྱིས། ངན་པ་ལ་རྒྱུ་མཚན་གོ་བར་ཤོད་ལ་གཉའ་རེངས་སུ་མ་འཇུག རྒྱུས་མེད་ལ་ཞེ་ས་དང་ཟས་མགྲོན་གྱིས་ངོ་བསུས་ལས་ནོར་རྫས་དང་སྙིང་གཏམ་རང་རྒྱུས་མ་ཤོར། རྒྱུས་ཡོད་ལ་ཕན་གང་ཐོགས་གྱིས་ལ་གློ་ཁྲེལ་དང་མནའ་རྫུན་མ་ཤོར། གཞན་རྒུད་དུས་དང་ཉེས་དུས་སྨ་ཕབ་དང་སྨད་ར་མ་གཏོང༌། རང་དར་དུས་དང་རྒྱགས་དུས་རང་མཐོང་དང་ཁེངས་སེམས་མ་ཆེ། བླ་དཔོན་གཉན་པོ་དང་སྔགས་པ་བན་བོན་སོགས་ལ་དོ་མ་བསྡོ།   མི་བློ་མང་དང་དགའ་སྡུག་སྐྱེན་པའི་རྗེས་སུ་མ་འབྲང༌།  བཤད་ཚད་བདེན་དུ་མ་འཛིན།   གནོད་ཚད་དགྲ་རུ་མ་ལྟ། མཐུན་ཀྱང་སྙིང་གཏམ་མ་བཤད། འཁོན་ཀྱང་སྐྱོན་མཚང་མ་འབྲུ། ཕར་སོང་མེད་པའི་མི་ལ་རེ་བ་མ་ཆེ། ཆུར་ཕན་ཐོགས་པའི་མི་ལ་ཕྱི་ཐག་མ་ཐུང༌། རྒྱུས་མེད་སུ་ལའང་བློ་མ་གཏོད། མང་པོའི་ནང་དུ་གཏམ་མ་མང༌། གཅིག་པུར་འདུག་དུས་ལག་མ་མང༌། ནམ་དང་ནམ་ཡངབྱ་བ་མ་མང༌། བློ་གཏད་ཅན་གྱི་གྲོགས་པོ་མ་སླུ། གཞན་ནོར་ལ་འདོད་རྔམས་མ་ཆེ། བྱ་བ་གང་ལ་ཡང་རང་རང་གི་ཚད་ལྟར་ཚོད་ཟིན་དགོས། བྱ་བའི་གྲུབ་དོན་དཔྱད་དགོས། གྲོགས་ཀྱི་སེམས་འཛིན་དགོས། མིའི་སེམས་རྒྱུད་གོ་དགོས། ལོངས་སྤྱོད་ལ་བེད་ཆོད་དགོས༌། སེར་སྣ་མེད་ཀྱང་ཚགས་དམ་ཞིབ་དགོས། མི་གཞི་འཇམ་ལ་བསྒྱུར་དུ་མེད་པ་ཞིག་དགོས། རྒྱུད་དྲང་ཞིང་ཚོད་དཔོག་པ་ཞིག་དགོས། སྤྱིར་མིའི་བཟང་ངན་འདི་རང་གིས་ཞིབ་ཏུ་དཔྱད་ན་མ་གཏོགས་དེང་སང་ཕལ་ཆེར་ཞིག་གིས་ཡ་རབས་དམ་པའི་ལུགས་སྲོལ་དང་མཐུན་མི་མཐུན་མི་བརྟག་པར། རང་ལ་ཕན་ཐོགས་ཕྲན་བུ་རེ་དང་ངོ་འཛུམ་བསྟན་བྱུང་ན་བསྟོད་ཅིང༌། རང་གི་བསམ་ཐོག་ཏུ་མ་བཏང་བ་སོགས་མི་དགའ་བ་རེ་བྱས་བྱུང་ན་ངན་སྨྲས་བྱེད་པ་དང༌། གཞན་གྱི་མི་ཁའི་རྗེས་སུ་རྒྱུག་ནས་བསྟོད་སྨད་བྱེད་པ་ཉན་རྒྱུ་མེད། མཁས་པ་རང་གིས་དཔྱད་ཤེས་ཀྱིས། །བླུན་པོ་གྲགས་པའི་རྗེས་སུ་འབྲངས། ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །གསུངས་པ་ལྟར། གཏམ་མི་ཁ་བརྒྱུད་ན་ཇེ་མང༌།  ཟས་མི་ལག་བརྒྱུད་ན་ཇེ་ཉུང༌། ཟེར་བ་རེད།  ལར་ནི། རང་དབང་ཐམས་ཅད་བདེ་བ་ཡིན། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །ཐུན་མོང་བ་ནི་རྩོད་པའི་གཞི། །དམ་བཅའ་བ་ནི་འཆོར་བའི་རྒྱུ། །ནོར་གྱི་མཆོག་ནི་ཆོག་ཤེས་ཡིན། །ཡོན་ཏན་མཆོག་ནི་ཕན་སེམས་ཡིན། །རྒྱན་གྱི་མཆོག་ནི་མཁས་པ་ཡིན།  །གྲོགས་ཀྱི་མཆོག་ནི་མི་བསླུ་བ། །བདེ་བའི་མཆོག་ནི་སེམས་བསྐྱེད་པ། །ཞེས་གསུངས་པ་རེད། དེའང་ནོར་ཅན་བླུན་པོའི་ནང་དུའང་ཡོད། དཔའ་བོ་གཅན་གཟན་ཁྲོད་ནའང་ཡོད། རང་འདོད་ཙམ་དུད་འགྲོ་ཚོས་ཀྱང་བསྒྲུབ་ཤེས་མོད། མཁས་པ་ཡ་རབས་དེ་ནི་འཇིག་རྟེན་འདི་ན་དཀོན་ཟེར་བ་ཡིན་པས། སྐྱེ་བོ་ཡ་རབས་དམ་པའི་ལུགས་ལ་ཅི་ནས་སློབ་ཅིག རེམ་རེམ། ཞེས་ཟེར་བ་ན། གཞོན་ནུ་བློ་ལྡན་གྱིས། འོ་ལགས་སོ། ཁྱེད་ཀྱིས་བསླབ་བྱ་ཞིབ་ཏུ་གསུངས་པ་བཀའ་དྲིན་ཆེ། འོན་ཀྱང་དེ་འདྲ་མང་པོ་སེམས་ལ་མི་ཟིན་པས་དོན་མདོར་བསྡུས་ནས་བཤད་པར་ཞུ་ཟེར་པ་ལ། རྒན་པོས། འོ་ཡ་ཁྱོད་བདེན། ཉོན་དང་ངས་བཤད། ད་མི་ལུགས་ཐམས་ཅད་གཙོ་བོར་ཚུར་བསྡུ་ན། རྒྱུད་འཇམ་པ་དང་གཅིག བྱ་སྤྱོད་ཚོད་ཟིན་པ་དང་གཉིས། ཁོག་ཡངས་ཤིང་ཚུགས་བརྟན་པ་དང་གསུམ། བྱ་བ་ཀུན་ལ་ཐོག་མར་བརྟག་དཔྱད་མཁས་པ་དང་བཞི། དེ་ཐམས་ཅད་ཕན་སེམས་དྲང་པོས་ཟིན་པ་དང་ལྔ་པོ་དེ་ལ་འདུས་ཡོད། དང་པོ་རྒྱུད་ཁོང་ཁྲོ་ཚིག་རྩུབ་ཅན་ཞིག་ཡིན་ན་མི་སུ་དངཡང་མི་མཐུན། ཕར་ལ་ཕན་ཐོགས་བྱས་རུང་ཚུར་ལ་བཅར་སྙིང་མི་འདོད། ཀུན་གྱིས་མཐོང་ས་འགྲོགས་ས་མེད་པ་ཡོང་བས་རྒྱུད་འཇམ་དགོས། རྒྱུད་འཇམ་ཟེར་བ་དེ་མི་ཐམས་ཅད་ལ་ཁོང་ཁྲོ་ཚིག་རྩུབ་མེད་པར་རྒྱུད་འཇམ་ལྷོད་དེ་ཡོད་པ་ཞིག་ལ་ཟེར་བ་རེད་མ་གཏོགས་གླ་ལྤགས་འདྲ་བའི་གར་འཐེན་ས་ནས་ནུར་འགྲོ་བ། སྦྲང་རྩི་འདྲ་བ་གར་ཐུག་ས་རུ་འགོས་འགྲོ་བ་ཞིག་ལ་ཟེར་བ་མ་རེད། དེ་གཅིག་ཡིན། བྱ་བ་མང་ཞིང་རང་ཚོད་མ་ཟིན་ན་ཁེ་ཉེན་ཆེ་ཞིང༌། སྐབས་རེ་ལེགས་རུང་སྐབས་རེ་བརླག མིས་འཕྱ་གཞི་ཞིག་ལས་མི་ཡོང་བས། གྲོགས་དང་བྱ་བ་རང་ཚོད་གཅིག་གི་ཐོག་ནས་བློ་སྣ་འགྱུར་ལྡོག་མི་མང་བར་བྱ་བྱེད་ཐམས་ཅད་ཚོད་ཟིན་དགོས། བྱ་བ་རང་ཚོད་ཟིན་ཟེར་བ་དེ་བྱ་བ་གང་བྱེད་རུང་རང་གི་རྒྱུད་ཚོད་ཐུབ་ཚོད་ནུས་ཚོད་མི་ཚོད་སོ་སོར་བསྟུན་ཤེས་པ་ཞིག་ལ་ཟེར་བ་རེད་མ་གཏོགས་གླེན་པ་ཨུ་ཚུགས་ཅན་བྱ་སྤྱོད་གང་ཡང་ཁས་མི་ལེན་པ་ཞིག་ལ་ཟེར་བ་མ་རེད། དེ་དང་གཉིས་ཡིན། ཁ་ཟས་ནོར་རྫས་བུད་མེད་སོགས་མི་འདོད་མཁན་མེད་ཀྱང་ལོངས་སུ་སྤྱད་ལུགས་ཕུགས་ཀྱི་ཁེ་ཕན་ཆེ་ཆུང་ལ་བསམ།  འཕྲལ་གྱི་ངོ་ཚ་ཁྲེལ་འཛེམ་ལ་བསམ།   ཡང་ཚིག་ངན་གནོད་པ་སོགས་ལ་མ་ཁྲོ་མཁན་མེད་ཀྱང༌།   སྤྱིར་གྱིས་བཀའ་ཁྲིམས་ཆད་པ་སོགས་ལ་བསམ། སྒོས་ཀྱིས་འདི་ཕྱི་ལས་འབྲས་ལ་བསམ་དགོས། བཟང་ངན་སྐྱིད་སྡུག་གང་གིས་ཀྱང་གཤིས་མི་འགྱུར་བའི་ཚུགས་ཐུབ་པོ་དེ་ནམ་ཕུགས་རྒྱལ་ཁམས་ཀུན་གྱིས་བསྟོད་ནས་ཡོང་ངེས།  དེས་ན་གང་ལའང་འགྱུར་ལྡོག་མེད་པའི་ཚུགས་ཟིན་པ་ཞིག་དགོས།   ཚུགས་ཐུབ་ཟེར་བ་དེ་རང་གིས་དྲན་ཚད་མིས་ཟེར་ཚད་ཚང་མའི་རྗེས་སུ་མི་རྒྱུག་པར་བྱ་སྤྱོད་བརྟག་ཐུབ་པ་ཞིག་ལ་ཟེར་བ་རེད་མ་གཏོགས། སྒལ་ཚིགས་ནང་དུ་དབྱུག་པ་བརྒྱུས་པ་འདྲ་བ་བཀུག་རྒྱུ་མེད་པ་ཞིག་ལ་ཟེར་བ་མ་རེད། དེ་དང་གསུམ་ཡིན། དེ་ལྟར་བྱ་སྤྱོད་ཐམས་ཅད་ལ་སྔ་བསམ་ཕྱི་བསམ་གཏོང༌། རང་དང་གཞན་ལ་འཕྲལ་དང་ཕུགས་སུ་གང་ཕན་གང་གནོད་སོགས་ཁེ་ཉེན་ལེགས་ཉེས་ཐམས་ཅད་ཞིབ་པར་བརྟག  དཔྱད་མཁས་ན་གང་བསམ་ལེགས་པར་འགྲུབ་ནས་འོང༌།  བརྟག་ལོང་དཔྱད་ལོང་མེད་པར་བྱ་བ་བསྒྲུབ་ན་ངེད་རང་ཚོ་ལྟ་ཞོག  རྒྱལ་པོ་དཔའ་བའི་བྱིན་དང་ལངྐའི་རྒྱལ་པོས་ཀྱང་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་དང་དྲང་སྲོང་བཟོད་པར་སྨྲ་བ་བཙུན་མོ་རྣམས་དང་ལྷན་ཅིག་འཁོད་ཚུལ་ལ་བལྟས་ནས་འདོད་པས་བཙུན་མོ་དབང་དུ་བསྡུ་འདོད་རེད་སྙམ་སྟེ་ཤན་པའི་ལག་ཏུ་སྤྲད་ནས་བཀྲོངས། ཕྱིས་ནས་འགྱོད་པ་སྐྱེས་ཀྱང་བཅོས་ཐབས་མེད་པ་ལྟ་བུའང་ཡོད། ཡང་གཞན་གྱི་ངག་རྗེས་སུ་རྒྱུག་པ་དང་གཡོ་སྒྱུས་མགོ་བསྐོར་བའང་ཡོད་དེ། གཡོ་ཅན་པདྨའི་རྩ་ལག་གིས་བཟང་མོ་བསད་ནས་རལ་གྲི་ཁྲག་ཅན་གཽ་ཏ་མའི་མདུན་དུ་འཕང་བས་གཽ་ཏ་མ་ཁྲིམས་ཕོག་པ་དང༌། རྐུན་མ་ཞིག་གིས་བེའུ་བརྐུས་ཏེ་ནགས་སུ་རང་སངས་རྒྱས་ཀྱི་མདུན་དུ་འཕངས་ནས་བྲོས་པས་རང་སངས་རྒྱས་ཁྲིམས་ལ་ཐུག་པ་ལྟ་བུའང་ཡོད། དེས་ན་བྱ་བྱེད་གང་ལའང་བརྟག་དཔྱད་ཞིབ་པར་བྱེད་དགོས། ཧ་གོ་ངེས་མ་བྱུང་བར་དུ་གཏམ་མ་བཤད། དོན་རྟོགས་ངེས་མ་བྱུང་བར་དུ་མནའ་མ་བསྐྱལ། ཟེར་བའི་དཔེ་ལྟར་བརྟག་དཔྱད་དེ་ཡང་རང་གཞན་གྱི་བྱ་སྤྱོད་གང་ཡིན་ཡང་བརྩམ་ན་འགྲུབ་དང་མི་འགྲུབ། འགྲུབ་ན་དོན་འབྲས་ཆེ་ཆུང་སོགས་ལ་དཔྱད་མཁས་པ། མདའ་གང་འཕང་ཐང་ལ་མི་ཡར་བ། ལས་གང་བསྒྲུབ་ཐུར་ལ་མི་ལྷུང་བ་ཞིག་ལ་ཟེར་བ་རེད་མ་གཏོགས། རང་སྐྱོན་བལྟ་བའི་མེ་ལོང་མེད་པར་གཞན་སྐྱོན་འཚོལ་བའི་ཐུར་མ་བཟུང་ནས་མི་ཐམས་ཅད་ཀྱི་ཚོད་བླངས་ཏེ་གཡོ་སྒྱུའི་རིག་པ་བཀྱེ་ཐབས་ཞིག་ལ་ཟེར་བ་མ་རེད། དེ་དང་བཞི་ཡིན། དེ་ལྟར་རང་གཞན་གྱི་བྱ་བ་བྱེད་ཚད་ཐམས་ཅད་ལ་བསམ་པ་ཕན་སེམས་དྲང་པོ་ཞིག་ཡོད་ན་རང་གཞན་གྱི་དོན་ཐམས་ཅད་འགྲུབ། ཚེ་འདིར་དཀར་ཕྱོགས་ཀྱི་སྲུང་མ་རྣམས་ཀྱིས་སྲུང་སྐྱོབ་མཛད་དེ་ཁ་རྗེ་རླུང་རྟ་དར། མི་ཐམས་ཅད་ཀྱིས་བྱམས་ཤིང་བཀུར་བསྟི་བྱེད། ཚེ་ཕྱི་མའི་ཆོས་ཀྱང་རང་བཞིན་ཤུགས་ཀྱིས་འགྲུབ་ཡོང་བས། བསམ་པ་བཟང་པོ་འདི་དང་མི་འབྲལ་བ་ནི་ཤིན་ཏུ་གལ་ཆེ་བ་ཡིན། བསམ་པ་གཞན་ལ་གནག་ན་སྦྱོར་བ་རང་ལ་རྩུབ་ཟེར་བ་རེད། ཕན་སེམས་དེའང་རང་ལ་ཕན་བཏགས་མིན་དང་ཆ་རྒྱུས་ཡོད་མེད་ལ་མ་ལྟོས་པར་མཐོ་དམན་བཟང་ངན་བར་མ་ཡོངས་ལ་ཕན་འདོགས་པའི་བསམ་པ་བཟང་པོ་ཞིག་ཡོད་དགོས་པ་རེད་མ་གཏོགས། རང་གི་གཉེན་གྲོགས་དགའ་མཐུན་བུ་ཚ་ཆུང་མ་ཚོ་ལ་གཅེས་འཛིན་བརྩེ་སེམས་འཆང་བ་ཙམ་ལ་ཟེར་བ་མ་རེད། དེ་དང་ལྔ་ཡིན། དེ་ལྔ་ཀ་ཚང་ན་གཞན་ཅི་ཡང་མེད་རུང་མིའི་དམ་པ་མཆོག་ཏུ་གྱུར་པ་ཞིག་ཡིན་ནོ། །ཞེས་ཟེར། ཡང་གཞོན་ནུ་བློ་ལྡན་གྱིས། དེ་ལྟར་བསླབ་བྱ་ཐམས་ཅད་ཤེས་ཀྱང་ལག་ལེན་ལ་མི་ཐེབས་ཏེ། དེང་སང་སྐྱེ་བོ་ཕལ་མོ་ཆེས་ཁ་ནས་བཤད་ཚུལ་བལྟས་ན་མི་ཡ་རབས་མཁས་པ་ཞིག་མ་ཡིན་པ་མེད་པ་ལྟ་བུ་དང༌། ལག་གི་བྱ་སྤྱོད་ལ་བལྟས་ན་མ་རབས་ཁོ་ན་མ་གཏོགས་མེད་པ་ལྟ་བུ་ཞིག་འདུག་པས་དེ་ཚོ་ཅིའི་ལན་པ་རེད་གསུང་བར་ཞུ་ཟེར་བ་ལ། རྒན་པོས། འོ་གཞོན་ནུ་བློ་ལྡན་ཁྱོད་ཀྱིས་ལེགས་པར་ཉན་ཏེ་སེམས་ལ་ཞོོག་དང༌། ད་དེང་སང་གི་སྐྱེ་བོ་ཐམས་ཅད་ཀྱིས་ཤེས་རུང་ལག་ལེན་ལ་མི་ཐེབས་པ་ནི་རང་འདོད་ཉོན་མོངས་པའི་དབང་དུ་ཤོར་བས་ལན་པ་རེད།   ཟུར་ནས་བལྟས་ན་གླེན་པ་མཁས།   །ལག་ཏུ་བཞག་ན་གཅིག་མི་ཤེས།   །ཟེར་བ་ལྟར་རེད།  དེས་ན་རང་རྒྱུད་འདི་ཉོན་མོངས་པའི་དབང་དུ་གཏོང་མི་རུང༌། འདོད་ཆགས་ཀྱི་དབང་དུ་སོང་ན་གཞན་གྱི་ནོར་རྫས་རྐུ་བ། ལྐོག་ཟས་ཟ་བ། བུད་མེད་འཕྲོག་ཅིང་ཉེས་གྱོད་འཁྱེར་བ། ལྷ་རྟེན་བཤིགས་ཤིང་གྲོགས་པོ་བསླུ་བ། སྲོག་གཅོད་པ་སོགས་བྱེད་ཡོང༌། ཞེ་སྡང་གི་དབང་དུ་སོང་ན་ཕ་མ་སོགས་ལ་རྡུང་རྡེག་ཚིག་ངན། གྲོགས་ལ་འཁོན་འཛིན་སྐྱོན་བརྗོད། སུ་དང་སུ་ལའང་འཛིང་རྩོད་བསད་བརྡུང་སོགས་ཀྱིས་རང་གཞན་ཚང་མ་སྡུག་ལ་སྦྱོར་ཡོང། ང་རྒྱལ་གྱི་དབང་དུ་སོང་ན་རང་མཐོང་ཁེངས་སེམས་ཀྱིས་རྒྱུད་སྦོས་ཏེ་གཞན་ལ་བརྙས་བཅོས་ངན་བཤད་འཕྱ་སྨོད་དམན་སྡང་སོགས་བྱེད་ཡོང༌། ཕྲག་དོག་གི་དབང་དུ་སོང་ན་གོང་མ་རྣམས་ལ་སྐུར་འདེབས་ངན་སྨྲས། རང་མཉམ་རྣམས་ལ་འགྲན་སེམས་ཟུར་ཟ། གཞན་གྱི་སྟོབས་འབྱོར་མངའ་ཐང་སོགས་ལ་མི་དགའ་བ་བྱེད་ཡོང༌། སེར་སྣའི་དབང་དུ་སོང་ན་རང་ལ་ནོར་རྫས་ཇི་ཙམ་ཡོད་ཀྱང་ཡར་མཆོད་མར་སྦྱིན་མི་བྲ། ཕན་ཐོག་གཡར་སྐྱི་མི་བྲ། ཆོག་དུས་འགྲིགས་དུས་མི་འོང། ཐ་ན་རང་གི་ལྟོ་རྒྱབ་ལེགས་པོ་ཞིག་གི་བེད་སྤྱོད་ཙམ་མི་བྲ་བ་བསེ་རག་དངོས་ཡིན། གཏི་མུག་གི་དབང་དུ་སོང་ན་དགེ་སྒྲུབ་སྡིག་སྤོང། བྱ་བ་ལེགས་ཉེས། མིའི་བཟང་ངན་བླང་དོར་གང་ཡང་མི་ཤེས་པར་ཐོམ་ཡོ་རེ་བ་དེ་ཡིན། དེ་ལྟར་ཉོན་མོངས་དུག་ལྔ་སེར་སྣ་དང་དྲུག་འདིས་འདི་ཕྱི་གཉིས་ཀྱི་སྡུག་བསྔལ་མི་འདོད་པ་ཐམས་ཅད་ཀྱི་སྣ་འདྲེན་ཡོང་བས་ན། ཆོས་དང་འཇིག་རྟེན་གཉིས་ཀའི་བྱ་བ་ཉེས་འགྲོ་བའི་རྐྱེན་རྩ་ཉོན་མོངས་པ་རང་འདོད་འདིས་གང་བསམ་བསམ་བསྒྲུབ་ནས་རང་ཚུགས་མ་ཟིན་པའི་ལན་པ་ཡིན་པས། ད་ནི་འདི་ཕྱིའི་བདེ་སྐྱིད་ལ་ལོངས་སྤྱོད་འདོད་ཡོད་པ་ཚོས་གདོང་ཕར་ཕྱོགས་ནས་གཞན་གྱི་བཟང་ངན་ཡིན་མིན་ཞིག་ཤོད་ཀྱིན་མི་སྡོད་པར། ཚུར་རང་གི་གདོང་པར་ལྟོས་ལ་དུས་རྒྱུན་དུ་རང་སེམས་འདི་རང་གིས་བརྟག རང་རྒྱུད་འདི་རང་གིས་འཆོས། རང་གིས་རང་ལམ་ལ་ཞོག་དང༌། ཆོས་དང་འཇིག་རྟེན་གཉིས་ཀའི་སྒྲུབ་ཐབས་ཐམས་ཅད་དེ་ལ་འདུས་ནས་ཡོད་དོ། །ཨེ་གོ་བུ་བློ་དང་ལྡན་པ་ད་དུང་ཅུང་ཟད་ཉོན་དང༌། ནོར་ནི་ཁེ་ཉེན་ཆེ་བའིརྒྱུ། །མཆོད་སྦྱིན་བསོད་ནམས་སྙིང་པོ་ལོངས། །མི་ལུས་རྙེད་དཀའ་ད་རེས་ཙམ། །བསྙེན་གནས་དགེ་བསྙེན་ཚུལ་ཁྲིམས་བསྲུང༌། །ཞེ་སྡང་དམྱལ་བར་སྐྱེ་བའི་རྒྱུ། །གང་ལ་བཟོད་པའི་གོ་ཆ་གྱོན། །ལེ་ལོས་འདི་ཕྱིའི་དོན་མི་འགྲུབ། །བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན། །རྣམ་གཡེང་ཅན་གྱིས་མི་ཚེ་འདས། །དོན་ཆེན་དགེ་ལ་རྩེ་གཅིག་གཞོལ། །ལུགས་གཉིས་བྱ་བ་ཤེས་པ་ལ། །ཐོས་བསམ་སྒོམ་པའི་ཤེས་རབ་བསྟེན། །ང་རྒྱལ་ཅན་ལ་མགུ་དུས་མེད། །ཕྲག་དོག་ཅན་ལ་བདེ་དུས་མེད། །འདོད་ཆགས་ཅན་ལ་ཆོག་དུས་མེད། །ཞེ་སྡང་ཅན་ལ་མཐུན་དུས་མེད། །སེར་སྣ་ཅན་ལ་ཡོད་དུས་མེད། །གཏི་མུག་ཅན་ལ་འགྲུབ་དུས་མེད། །འཁྲུལ་པའི་སེམས་ལ་བདེ་དུས་མེད། །ཉོན་མོངས་ཆུང་ན་སྡུག་བསྔལ་ཆུང༌། །ཉོན་མོངས་ཟད་དུས་སྡུག་བསྔལ་ཟད། །དེ་ཕྱིར་མི་འདོད་ཀུན་གྱི་གཞི། །ཉོན་མོངས་དགྲ་བོ་བཅོམ་ན་ལེགས།   །ཞེས་ཟེར་ཏེ་དལ་གྱིས་ལངས་པ་ན།   གཞོན་ནུ་བློ་ལྡན་དེ་སྙིང་ནས་ཡིད་ཆེས་དགའ་མགུ་ཡི་རང་སྟེ་རྒན་པོ་ལ་ཕྱག་དང་ཞ་ེས་བྱས་ནས་འདི་སྐད་ཅེས། ཀྱེ། བསྐལ་པ་བཟང་པོའི་སྐྱེས་བུ་དེ།   །ལེགས་བཤད་ནོར་བུའི་གཏེར་དང་འདྲ།   །དྲིན་ཆེན་ཕ་མ་རྒན་རབས་དེ།  །ཡ་རབས་སྐྱེ་བོའི་སྙིང་དང་འདྲ། །བསླབ་བྱ་སྙིང་གི་བདུད་རྩི་འདི། །དེ་སྔོན་ཁོ་བོས་ཐོས་མ་མྱོང༌། །དེ་རིང་མཁས་པ་རྒན་པོའི་དྲིན། །དྭ་ཕྲུག་ཕ་མའི་ཁ་ད་འདྲ། །ད་ན་ིཕ་དང་བུ་བཞིན་དུ། །ཡང་ཡང་ཞལ་ད་གནང་བར་ཞུ། །བཀའ་དྲིན་འཁོར་མེད་རིན་པོ་ཆེ། །དགྱེས་ཞལ་ཡང་ཡང་མཇལ་བར་སྨོན། །ཞེས་ཞུས་པས། རྒན་པོ་དགྱེས་ཤིང་བརྩེ་བའི་ཉམས་ཀྱིས། འོ་ཡ་ཡ། ཨ་བུ་བུ་ལོ་ཁྱོད་བདེ་བར་སྡོད་ཅིག་ཨ་ཟེར་ནས་དལ་གྱིས་བཞུད་སོང་ངོ༌། །དེ་ལྟར་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་སྒྲོས་ཞལ་ད་འདི་ཉིད། བྱ་བྲལ་བླ་མ་བྱང་ཆུབ་རྡོ་རྗེ་ནས་ཡོངས་སྨན་ཆེད་དམིགས་སྤར་འདེབས་བྱ་རྒྱུར། འདི་ལ་ཚིག་གི་མཚམས་སྦྱོར་ཅི་རིགས་སྐབས་དེའི་གསུང་ཡུལ་འབྲོག་པའི་ཡུལ་སྐད་དུ་སྣང་བ་རྣམས་ད་ལྟ་ཕལ་གྱིས་གོ་དཀའ་བར་འདུག་པས་ཚིག་བསྒྱུར་ཕྲན་བུ་རེ་དང་བཅས་ཞུས་དག་བྱེད་པར་ནན་གྱིས་བསྐུལ་བ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཞུས་དག་པར་བགྱིས་པའོ། །སརྦ་མངྒ་ལཾ།། །།