TNR-SUNGBUM-03-HUM-009: Difference between revisions

From Dudjom Wiki
TNR-SUNGBUM-03-HUM-009
New collection pages (Thinley Norbu gsung 'bum / Dudjom gsung thor bu)
 
No edit summary
 
Line 16: Line 16:
|authortib=ཕྲིན་ལས་ནོར་བུ་
|authortib=ཕྲིན་ལས་ནོར་བུ་
|volumeLetter=HUM
|volumeLetter=HUM
|pdflink=File:TNR-SUNGBUM-03-HUM-009.pdf
|InitCategories=Dudjom Tersar Project; TNR-SUNGBUM-Volume-03-HUM
|InitCategories=Dudjom Tersar Project; TNR-SUNGBUM-Volume-03-HUM
}}
}}

Latest revision as of 21:29, 9 November 2026

Wylie title khrag 'thung bdud 'joms gling pa'i zab gsang mkha' 'gro'i snying thig gi chos sde'i khongs su bzhugs pa'i khro rgyal khams gsum rnam rgyal gyi sgrub thabs shin tu bsdus pa mchog thun dngos grub kyi snying po
Location phrin las nor bu'i gsung 'bum
Volume 3, Text 9, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Khrag 'thung bdud 'joms gling pa'i zab gsang mkha' 'gro'i snying thig gi chos sde'i khongs su bzhugs pa'i khro rgyal khams gsum rnam rgyal gyi sgrub thabs shin tu bsdus pa mchog thun dngos grub kyi snying po. In Phrin las nor bu'i gsung 'bum, Vol. 3.
Side notes  
More details More details
Genre

[edit]
༄༅། །ཁྲག་འཐུང་བདུད་འཇོམས་གླིང་པའི་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྡེའི་ཁོངས་སུ་བཞུགས་པའི་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་མཆོག་ཐུན་དངོས་གྲུབ་ཀྱི་སྙིང་པོ་བཞུགས།

༄༅། །ན་མོ་གུ་རུ། སྡུག་བསྔལ་གསུམ་གྱི་བཙོན་ར་ལ། །ཆུད་པའི་ཁམས་གསུམ་འགྲོ་བ་ཀུན། །སྐུ་གསུམ་ཀློང་དུ་སྒྲོལ་མཛད་པ། །ཁམས་གསུམ་རྣམ་པར་རྒྱལ་བས་སྐྱོངས། །དེའང་དབང་ཐོབ་ཅིང་དམ་ཚིག་ལ་གནས་ཏེ་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི་རྣལ་འབྱོར་ལ་འཇུག་པར་འདོད་པས། གཏེར་གཞུང་ལས། བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམས་རྒྱལ་གྱི༔ གསང་བ་སྒོས་སྒྲུབ་དགོས་འདོད་འབྱུང་གནས་བསྟན༔ ཞེས་གསུངས་པས་དེའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། བྱ་བའི་སྦྱོར་བ་དང་། ཆོ་གའི་སྦྱོར་བའོ། །དང་པོ་ནི་གཏེར་གཞུང་ལས། འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ དཀྱིལ་འཁོར་མདའ་གང་གྲུ་བཞི་ལ༔ སྤོས་དང་སྨན་ཆུས་བྱུག་བྱས་ཏེ༔ ཚོམ་ལྔའི་དབུས་མར་ཕུར་པ་བཙུག༔ མཆོད་རྫས་གསང་བ་ཚོམ་བུའི་ཚུལ༔ སྤྲོས་བཅས་འབྲལ་མེད་མཚོན་ཆ་དང་༔ དྲྭ་འཕན་དར་སྤེལ་མཛེས་རྒྱན་ལྡན༔ གཏོར་མ་སྒྲུབ་རྫས་ཕྱི་སྒྲུབ་ལྟར༔ གསང་བ་སྤྲོས་མེད་ལུགས་སུ་བྱ༔ ཞེས་གསུངས་པས་ཡིད་དང་མཐུན་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་མདུན་དཀྱིལ་འཁོར་མདའ་གང་གྲུ་བཞི་པར་བ་བྱུང་དང་བདུད་རྩི་ལྔས་ཆག་ཆག་བཏབ་ཅིང་འབྲུ་དཀར་དྲི་བཟང་གིས་གཤེར་བའི་ཚོམ་བུ་ལྔ་ཚོམས་སུ་བཀོད་པའི་སྟེང་མཉྫིའི་ཁར་ཐོད་པ་མཚན་ལྡན་འབྲུ་ནག་གིས་བཀང་བར་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་པ་བཙུགས་ཤིང་དར་གདུགས་ཀྱིས་སྤྲས་པ་བརྟན་པར་འགོད། མདུན་རྒྱབ་གང་བདེར་མཆོད་གཏོར་དཔལ་གཏོར་པད་འདབ་ཅན་རྒྱན་ལྡན་དར་གདུགས་ཀྱིས་སྤྲས་པ་དང་། གཡས་གཡོན་དུ་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ། ཆད་བརྟན་སྨན་རཀ་སོགས་ཕྱི་ནང་གསང་བའི་དམ་ཚིག་གི་མཆོད་པའི་ཡོ་བྱད་དང་། དར་འཕན་སྤྱན་གཟིགས་སྣ་ཚོགས་པའི་བཀོད་པ་མཛེས་ཤིང་ཕུན་སུམ་ཚོགས་པར་བཤམ་མོ། །གཉིས་པ་ཆོ་གའི་སྦྱོར་བ་ལ། གཏེར་གཞུང་ལས། དཀར་ཕྱོགས་རྣམས་ལ་དཀར་མཆོད་དང་༔ ནག་ཕྱོགས་རྣམས་ལ་དམར་མཆོད་སྦྱིན༔ ལན་ཆགས་མགྲོན་ལ་ཆངས་གླུད་སྦྱིན༔ བགེགས་བསྐྲད་རྡོ་རྗེའི་སྲུང་གུར་བསྒོམ༔ བྱིན་དབབ་མཆོད་རྫས་བྱིན་རླབས་སོགས༔ ཞེས་གསུངས་པ་ལྟར་བཅུ་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་དཔལ་ཆེན་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་རོལ་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ས་སད་པར་མོས་ལ། ཧོཿ བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ༔ ལྷུན་གྲུབ་ལོངས་སྤྱོད་ཡོན་ཏན་རྫོགས༔ མ་བཅོས་རང་གྲོལ་སྤྲུལ་པའི་སྐུ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ ཞེས་ལན་གསུམ། གཉིས་པ་སེམས་བསྐྱེད་ནི། ཧོཿ འཁོར་འདས་དག་མཉམ་ཆེན་པོའི་དབྱིངས༔ གཉིས་མེད་རོལ་པ་བྱང་ཆུབ་སེམས༔ རང་བྱུང་ཡེ་ཤེས་ཆེན་པོའི་དལ༔ བསྐྱེད་དུ་མེད་དེ་ཡེ་ཡིན་ངང་༔ ཞེས་ལན་གསུམ། གསུམ་པ་ཚོགས་བསགས་པ་ནི། ཧོཿ རང་རིག་དཔལ་ཆེན་ལྷ་ཚོགས་ལ། །གཉུག་མའི་རང་ཞལ་མཇལ་བས་འདུད། །སྣང་སྲིད་གཞིར་བཞེངས་ཕྱག་རྒྱས་མཆོད། །ཉམས་ཆག་དམིགས་མཐའ་བྲལ་བར་བཤགས། །ཡོན་ཏན་ལྷུན་རྫོགས་རྗེས་ཡི་རང་། །ཕྲིན་ལས་རོལ་པའི་ཆོས་འཁོར་བསྐོར། །བདག་རྟོག་འདུལ་ཕྱིར་མི་འདར་བཞུགས། །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཚོགས་བསགས་ཏེ། ཛཿཧཱུྃ་བཾ་ཧོཿ ས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་མོས། བཞི་པ་སྔོན་གཏོར་གཏོང་བ་ནི། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ་ལ། གཏོར་མ་དཀར་དམར་གཉིས་བཤམ་ལ། རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བལྟས་ལ། ཨོཾ་ཨཱཿཧཱུྃ་ཧོཿ ས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ས་ཞིང་སྐྱོང་གཞི་བདག་རྣམས་སྤྱན་དྲངས། དཀར་གཏོར་སྠཱ་ན་པ་ཏི་ཀྵེ་ཊ་པ་ལཉྩ་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །བྷཱུ་མི་པ་ཏི་ས་པ་རི་ལྦཱ་ར་གཙྪ། ཞེས་པས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ། གཏོར་མ་གཉིས་པ། སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿ ས་བགེགས་རྣམས་བཀུག་པ་ལ། སརྦ་བིགྷྣཱན་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སུ་ཁེ་བྷྱཿ སརྦ་ཐཱ་ཁཾཨུཏྒ་ཏེ་སྥ་ར་ཎ་ཨི་མིཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་སྔགས་དང་ཕྱག་རྒྱ་ལན་གསུམ་གྱིས་བསྔོས་ཏེ། བཀའ་བསྒོ་བ་ནི། ཧཱུྃ༔ ང་ནི་མ་བཅོས་ངང་གིས་ཁྲོས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཤུགས༔ རྟོག་གཉིས་རཱུ་ཏྲའི་གཤེད་དུ་ཆེ༔ བདག་མེད་ཆེན་པོར་དེངས་ཤིག་ཕཊ༔ ཅེས་དང་ཧཱུྃ་བཞིའི་དྲག་སྔགས་བརྗོད་པས་བགེགས་བསྐྲད། ལྔ་པ་མཚམས་གཅོད་པ་ནི། ཧཱུྃ༔ ཕྱོགས་དང་དབུས་མཐའ་བྲལ་བ་ཡི༔ ཀུན་ནས་ཟླུམ་པ་ཐིག་ལེའི་མཁའ༔ གཞོམ་བྲལ་མི་ཤིགས་རྡོ་རྗེ་སྟེ༔ སྲུང་དང་བསྲུང་བྱ་ཡེ་སངས་རྒྱས༔ དྷརྨ་དྷཱ་ཏུ་རཀྵ་རཀྵ༔ དྲུག་པ་བརྡ་སྒོ་དབྱེ་བ་ནི། ཧཱུྃ༔ སྣོད་བཅུད་དག་པ་ཁྲོ་བོའི་ཞིང་། །སྐུ་དང་ཡེ་ཤེས་དབྱེར་མེད་ཀྱང་། །མ་རིག་སྒྲིབ་པས་ཆོད་པ་རྣམས། །རང་གསལ་ལྷུན་གྲུབ་ངང་དུ་དབྱེ། །བཛྲ་པྲ་བེ་ཤ་ཡ་ཕཊ། བདུན་པ་བརྡ་ཕྱག་འཚལ་བ་ནི། ཧཱུྃ། སྟོང་གསལ་མ་བཅོས་གཉུག་མའི་དབྱིངས། །རང་རིག་དོན་གྱི་དཔལ་ཆེན་པོ། །མཉམ་ཉིད་ལྟ་བས་མཇལ་བའི་ཕྱག །དམིགས་བསམ་བརྗོད་བྲལ་ཀློང་དུ་འཚལ། །ན་མོ་ན་མ་མི། བརྒྱད་པ་དམ་བཅའ་བཟུང་བ་ནི། ཧཱུྃ། དོན་དམ་འགྱུར་མེད་རིག་པའི་གཤིས། །ཐབས་ཀྱི་སྤྱོད་པས་སྐུར་སྣང་བ། །དཔལ་ཆེན་ཁྲག་འཐུང་གསང་བ་གསུམ། །སྲོག་ཕྱིར་མི་གཏོང་བཟུང་བར་བགྱི། །ས་མ་ཡ་ཙིཏྟ་བཛྲ་ཧཱུྃ། དགུ་པ་བྱིན་དབབ་པ་ནི། སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ། ཧཱུྃ༔ ཁྱབ་བདག་རྡོ་རྗེ་མི་གཡོ་བ༔ རང་གསལ་གཞོན་ནུ་བསྒྲེས་རྒུད་བྲལ༔ ཡེ་གྲོལ་ཁམས་གསུམ་རྣམ་རྒྱལ་གྱིས༔ མཉམ་ཉིད་རོལ་པར་བྱིན་ཆེན་ཕོབ༔ བཛྲ་ཨཱ་བེ་ཤ་ཡ་ཨ༔ བཅུ་པ་མཆོད་རྫས་བརླབ་པ་ནི། ཧཱུྃ༔ དབང་པོ་ཡུལ་གྱི་གསལ་སྒོ་རུ༔ འདོད་ཡོན་སྣང་བ་རྒྱན་དུ་ཤར༔ ཚོགས་བརྒྱད་དག་པས་བྱིན་གྱིས་བརླབས༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཛྙཱ་ན་སརྦ་པཱུ་ཛ་ཧཱུྃ་ཧ་ཧོ་ཧྲཱིཿ ཞེས་སྤེལ་ལོ། །གཉིས་པ་དངོས་གཞི་ལ་བཅུ་ལས། དང་པོ་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་ཁོག་ཕུབ་སྟེ་རྟེན་གཞལ་ཡས་ཁང་བསྒོམ་པ་ནི། ཨ༔ བདག་དང་སྣང་བ་ཐམས་ཅད་ཀུན༔ གདོད་ནས་རྣམ་དག་སྟོང་པ་ཉིད༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ ཐབས་ཤེས་སྙིང་པོ་ས་བོན་ཧཱུྃ༔ ཆོས་དབྱིངས་མཁའ་ཀློང་ཡངས་པར་ཤར༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔ འབྱུང་བའི་ལྷ་མོ་བཞི་རིམ་མཁར༔སྟོང་གཟུགས་འདོད་པའི་དབང་ཕྱུག་མོ༔ རུས་པའི་རི་རབ་ལ་བརྫུས་སྟེང་༔ ཡུལ་བརྒྱད་དག་པའི་དུར་ཁྲོད་དུ༔ ཚོགས་བརྒྱད་དག་པའི་དཔའ་བོ་བརྒྱད༔ སྟོང་ཆེན་དཔའ་མོའི་བྷ་གར་ རོལ༔ ཕྲ་ཡུལ་བྲག་ཤིང་མེ་མཚོ་རླུང་༔ ཕྲ་རྟོག་གཅན་གཟན་འདྲེ་རུ་བརྫུས༔ དེ་དབུས་ལྷུན་གྲུབ་གཞལ་ཡས་ཁང་༔ མ་དག་རྟོག་གཉིས་སྒོ་འགགས་ཕྱིར༔ ཕྱི་ནང་ཐབས་ཤེས་རིམ་པར་ཤར༔ ཡེ་ཤེས་བཞི་ཡི་ངོ་བོ་ལ༔ རྒྱུ་དང་ཁ་དོག་བཞིས་ཕྱོགས་མཛེས༔ ཚད་མེད་བཞི་ཡི་འཆར་སྒོ་རུ༔ ཕྲིན་ལས་བཞི་ཡི་དབྱིབས་དང་ལྡན༔ ཐབས་ཤེས་ཉི་ཟླའི་གསེང་དཀར་ཧར༔ རྒྱུ་བརྒྱད་སེམས་ཀྱི་ཀྭ་གདན་བཏིང་༔ ཐེག་པ་བརྒྱད་ཀྱི་ཀྭ་བ་ལ༔ འབྲས་བུ་བརྒྱད་ཀྱི་གདུང་མ་བཀལ༔ ཆོས་ཕུང་བརྒྱད་ཁྲིའི་དྲལ་ཁེབས་བྱས༔ ཆོས་དབྱིངས་ཡེ་ཤེས་ཡ་ཕུབ་སྟེང་༔ བདེ་སྟོང་མི་འགྱུར་བུམ་པ་བྲེ༔ ས་ལམ་གཅིག་རྫོགས་ཆོས་འཁོར་གདུགས༔ ཨ་ཏི་སྡེ་གསུམ་མཚོན་པའི་ཏོག༔ ཆོས་ཉིད་སྒྱུ་མར་རོལ་པའི་འཕྲུལ༔ སྒོ་གྲུ་རྟ་བབ་དྲྭ་ཕྱེད་འཕན༔ རྟོག་ཚོགས་གནས་དག་མཆོད་རྟེན་དང་༔ རི་དྭགས་ཆོས་ཉན་རྒྱལ་མཚན་གདུགས༔ རྒྱན་དང་ཁོར་ཡུག་མཚན་ཉིད་རྫོགས༔ རྒྱུད་དྲུག་འཁོར་བ་གཞིག་པའི་ཕྱིར༔ བསྐལ་པའི་མེ་རླུང་རབ་ཏུ་འབར༔ འཁྲུལ་པའི་འཁོར་ལོ་གཞོམ་པའི་ཕྱིར༔ ཕོ་ཉ་མཚོན་ཐུན་བུ་ཡུག་འཚུབས༔ ཡེ་ནས་རང་བྱུང་ཆེན་པོར་བསྒོམ༔ དེ་དབུས་གནམ་ལྕགས་འཁོར་ལོ་དང་༔ མ་ཆགས་པདྨ་འདབ་བརྒྱད་ཁར༔ སྐྱོན་བྲལ་ཉི་མའི་དཀྱིལ་འཁོར་དུ༔ དགྲ་གདོན་བགེགས་དཔུང་བསྣོལ་བའི་སྟེང་༔ གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ནི། ཧཱུྃ་ལས་རང་རིག་ཡེ་ཤེས་ལྷ༔ ཁྲོ་ཆེན་ཁམས་གསུམ་རྣམ་པར་རྒྱལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ སེར་ནག་གཡས་དཀར་གཡོན་དམར་ཞལ༔ སྤྱན་དགུ་སྡང་མིག་མཁའ་ལ་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ དང་པོའི་ཕྱག་གཉིས་རྡོ་རྗེ་བྷན༔ བར་པ་གཉིས་ཀྱིས་མདའ་གཞུ་ཐོགས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ དུར་ཁྲོད་དཔལ་ཆས་ཀྱིས་བརྒྱན་ཅིང་༔ གར་དགུའི་ཉམས་དང་ལྡན་པ་ལ༔ གསོད་བྱེད་ཁྲོ་མོ་དམར་མོས་འཁྲིལ༔ དྲིལ་བུ་བྷན་ཁྲག་ཡབ་འཁྱུད་སྟོབ༔ ཁྲོ་མོའི་ཆས་རྫོགས་གཏུམ་རྔམས་ཞལ༔ མེ་ཕུང་ཀློང་དུ་འདོར་སྟབས་བཞུགས༔ སྤྱི་བོར་མཁའ་ལྡིང་ག་རུས་བརྒྱན༔ བདེ་ཆེན་འཁོར་ལོར་སངས་རྒྱས་ཁྲག་འཐུང་སྨུག༔ ལོངས་སྤྱོད་འཁོར་ལོར་པདྨ་ཁྲག་འཐུང་དམར༔ ཆོས་ཀྱི་འཁོར་ལོར་རྡོ་རྗེ་ཁྲག་འཐུང་དཀར༔ སྤྲུལ་པའི་འཁོར་ལོར་རིན་ཆེན་ཁྲག་འཐུང་སེར༔ བདེ་སྐྱོང་འཁོར་ལོར་ལས་ཀྱི་ཁྲག་འཐུང་ལྗང་༔ འཁོར་ལོ་ལྔ་ཡི་རྩ་འདབ་ལ༔ རྣམ་མང་དཔག་ཡས་ཞིང་དང་ལྷ༔ བཀོད་པ་རབ་འབྱམས་ཡོངས་སུ་རྫོགས༔ ཤར་སྒོར་སྒོ་མ་པུ་ཤུད་གདོང་༔ དཀར་མོ་ལྕགས་ཀྱུ་ཕུར་བུ་འདྲིལ༔ ལྷོ་སྒོར་སྒོ་མ་ཀང་ཀའི་གདོང་༔ སེར་མོ་ཞགས་པ་ཕུར་བུ་འདྲིལ༔ ནུབ་སྒོར་སྒོ་མ་སྲིན་བྱའི་གདོང་༔ དམར་མོ་ ལྕགས་སྒྲོགས་ཕུར་བུ་འདྲིལ༔ བྱང་སྒོར་སྒོ་མ་ཁྲ་ཡི་གདོང་༔ ལྗང་ནག་དྲིལ་བུ་ཕུར་བུ་འདྲིལ༔ དཀྱིལ་འཁོར་ཕྱི་ཁྱམས་ཁོར་ཡུག་ཏུ༔ ཤྭ་ན་མ་བཞི་རེ་ཏཱི་བཞི༔ བསེ་མོ་མཆེད་བཞི་ སྐྱེས་བུ་བཞི༔ འབར་མ་མིང་སྲིང་གིང་ལངྐ་༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་འདྲེས་ཡོངས་རྫོགས་ཆེན་ པོར་གསལ༔ ངོ་བོ་གཙོ་ལ་རང་རྩལ་འཁོར༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔ དུས་གསུམ་འདུ་འབྲལ་མེད་པའི་ངང་༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་ཤར༔ ཞེས་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ། གསུམ་པ་རྒྱས་གདབ་ཅིང་དབང་བསྐུར་བ་ནི། ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་བདག་སྩོལ་ཅིག །ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ། ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། བཞི་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ། ཧཱུྃ། ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔ རིག་སྟོང་ཁམས་གསུམ་རྣམ་རྒྱལ་ཆེ༔ ཐུགས་རྗེ་རང་རྩལ་འཁོར་དང་བཅས༔ དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿ ཞེས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་པར་བསམ། ལྔ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཕུང་ཁམས་གཤེགས་པ་གཤེགས་མའི་གདན༔ དབང་ཡུལ་སེམས་དཔའ་སེམས་མའི་གདན༔ ཡན་ལག་སྒོ་སྐྱོང་ཕོ་མོའི་གདན༔ གདོད་ནས་ཡོངས་གྲུབ་ཆེན་པོར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པར་མོས། དྲུག་པ་ཕྱག་འཚལ་བ་ནི། ན་མོ༔ རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ མཐའ་དང་ཕྱོགས་ལས་རྣམ་པར་རྒྱལ༔ མི་ཤིགས་རྡོ་རྗེ་སྲིན་པོའི་གར༔ རང་ངོར་རིག་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ བདུན་པ་མཆོད་པ་ནི། ཧཱུྃ༔ བདག་རྟོག་རཱུ་ཏྲ་བསྒྲལ་བ་ལས༔ དབང་ཡུལ་ཕུང་ཁམས་སྐྱེ་མཆེད་དང་༔ སྣ་ཚོགས་སྣང་བའི་ལོངས་སྤྱོད་དཔལ༔ ཁམས་གསུམ་རྣམ་རྒྱལ་ལྷ་ལ་འབུལ༔ བདག་མེད་ཆེན་པོར་བཞེས་ནས་ཀྱང་༔ འཁོར་འདས་དག་མཉམ་ངང་དུ་རོལ༔ ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཧོཿ བརྒྱད་པ་བསྟོད་པ་ནི། ཧཱུྃ༔ གདོད་ནས་མ་བཅོས་སྤྲོས་མཐའ་བྲལ༔ བརྡལ་ཁྱབ་རྡོ་རྗེ་སྲིན་པོར་བསྟོད༔ མཁྱེན་གཟིགས་ཡེ་ཤེས་ཡོན་ཏན་རྫོགས༔ ལྷུན་གྲུབ་གཞོན་ནུ་བུམ་སྐུར་བསྟོད༔ ཁམས་གསུམ་སྐུ་གསུམ་ཀློང་དུ་རོལ༔ ཁམས་གསུམ་རྣམ་པར་རྒྱལ་ལ་བསྟོད༔ སྒེག་ཅིང་དཔའ་བ་འཇིགས་སུ་རུང་༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ དགོད་དང་གཤེ་དང་དྲག་ཤུལ་ལྡན༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ སྙིང་རྗེ་རྔམས་དང་ཞི་ཚུལ་ལྡན༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ དཔལ་ཆེན་ཁྲོ་རྒྱལ་གསང་གསུམ་དང་༔ གཉིས་མེད་གཉིས་སུ་སྣང་བའི་ཚུལ༔ སྤྲུལ་འཁོར་མི་ཟད་རྒྱན་གྱི་ལྷར༔ ཟུང་འཇུག་ཆེན་པོར་ཕྱག་འཚལ་བསྟོད༔ དགུ་པ་ཛཔྲ་བཟླ་བ་ནི། ཧཱུྃ། འོད་གསལ་ཡེ་ཤེས་ལྷུན་རྫོགས་ལས། །རིག་རྩལ་མ་འགགས་བི་ཛ་ཡའི། །གྲགས་སྟོང་ཛཔྲ་སྒྲ་དེང་བསྐུལ་ན། །སྲིད་ལས་རྣམ་རྒྱལ་ཡོངས་འགྲུབ་མཛོད། །ས་མ་ཡ་ཝཱཀ་བཛྲ་ ཨཏྨ་ཀོ྅་ཧཾ། ཞེས་བསྐུལ་ཏེ། བསྙེན་པ་ནི། གདོད་ནས་ལྷན་སྐྱེས་རང་གཞིའི་ལྷ༔ རིག་རྩལ་རྫོགས་པའི་ཧེ་རུ་ཀ༔ ཉག་གཅིག་ཐིག་ལེ་ཐུགས་རྡོ་རྗེ༔ ཐབས་ཤེས་ཉི་ཟླའི་གྭའུའི་ནང་༔ །དྭངས་མ་ཐིག་ཟླུམ་ནང་ཁོངས་ཧཱུཾ༔ གསལ་འཚེར་འོད་དང་ཟེར་གྱི་གདངས༔ བཀྲ་ཞིང་བལྟར་མི་བཟོད་པ་ལ༔ འོད་ཀྱི་ལུག་རྒྱུད་འབྲེལ་བའི་སྔགས༔ མགལ་མེ་བཞིན་དུ་འཁོར་བ་ལས༔ གདངས་ཀྱིས་དོན་གཉིས་ལྷུན་གྲུབ་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཕཊ༔ བསྒྲུབ་པ་ནི། སླར་ཡང་ཐུགས་རྗེའི་ཟེར་གདངས་ཀྱིས༔ ངོ་བོ་རང་བཞིན་ཐུགས་རྗེ་ཡི༔ ལྷ་དང་དཀྱིལ་འཁོར་རྣམ་མང་བ༔ ཁམས་གསུམ་རྣམ་རྒྱལ་དལ་དུ་བསྒྲུབ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལཽཀྱ་བི་ཛ་ཡ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ལས་སྦྱོར་བཞི་སྙིང་གཅིག་ཏུ་འདྲིལ་བ་ནི། ཨོཾ་བཛྲ་ ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡོ་བྷིནྡྷ་བྷིནྡྷ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སྤུ་གྲིའི་དྲག་སྔགས་འདུས་པ་ནི། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་བྷིནྡྷ་བྷི་ནྡྷ་མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ ཤད་ཛཿ ཐུམ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷཱ་ན་ཡེ་ཧཱུྃ་ཕཊ༔ ཅེས་བཟླས་པའི་སྐྱོན་སྤང་ལ་ཆུ་བོའི་རྒྱུན་བཞིན་དུ་བཟླ་ཞིང་། དགོངས་པ་ཁྱད་པར་ཅན་གྱི་དམིགས་པའི་འཕྲུལ་འཁོར་རྣམས་ནི་མན་ངག་ལས་ཤེས་པར་བྱའོ། །བཅུ་པ་ཐུན་མཚམས་སུ་སྟོང་ཚིགས་ཀྱིས་མཆོད་པ་ནི། ཧཱུྃ། དཔལ་ཆེན་ཁྲོ་རྒྱལ་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །ཅེས་འདོད་དོན་གསོལ་ལོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་བཅུ་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། དམ་རྫས་སུ་འོས་པའི་བཟའ་བཏུང་གི་དངོས་པོ་ཕུན་སུམ་ཚོགས་པར་བཤམ་ལ། བདུད་རྩིས་བསངས་ཏེ། ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ནི་ཧཱུྃ་ཕཊ། ཨ༔ ཀུན་གཞི་ཡངས་པའི་མཁའ་ཀློང་དུ༔ ཀུན་རྟོག་ལྷ་མོའི་རྣམ་རོལ་རྩེ༔ ཀུན་སྣང་འདོད་ཡོན་རྒྱན་དུ་ཆེ༔ ཀུན་བཟང་མཆོད་སྤྲིན་བླ་ན་མེད༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བརླབ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཀུན་ཁྱབ་ཐིག་ལེའི་མཁའ་ཀློང་ནས༔ ལྷུན་གྲུབ་ཁམས་གསུམ་རྣམ་པར་རྒྱལ༔ སྒྱུ་འཕྲུལ་རོལ་པ་འཁོར་བཀའ་སྡོད༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤྲཱི་ཧེ་རུ་ཀ་ས་མ་ཡ་ཧྲཱིཾ་ཕེཾ་ཛཿཛཿ ཞེས་སྤྱན་དྲངས་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པ་ནི། ཧཱུྃ༔ ཁམས་གསུམ་འཁོར་བའི་ཆོས་རྣམས་ཀུན༔ འབྲུ་གསུམ་ནུས་པས་སྦྱངས་སྤེལ་གྱུར༔ བདེ་སྟོང་ཡེ་ཤེས་བདུད་རྩི་ཆེ༔ སྐུ་གསུམ་དབྱིངས་སུ་དག་མཉམ་རོལ༔ མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔ བར་པ་བསྐང་བཤགས་ནི། ཧཱུྃ༔ གདོད་ནས་སྐུ་གསུམ་ལྷུན་གྲུབ་ཀྱི༔ གནས་ལུགས་རྡོ་རྗེ་ཐེག་པའི་ཞལ༔ མ་རིག་གཉིས་འཛིན་སྒྲིབ་པའི་བག༔ རིག་པ་ཡེ་ཤེས་ཆེན་པོར་བཤགས༔ ཨོཾ་ག་ཎ་ཙཀྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་བཟླའོ། །ཐ་མ་བསྒྲལ་མཆོད་ནི། ཚོགས་ཟན་དེ་ཉིད་དགྲ་བགེགས་དངོས་སུ་མོས་ལ། སྤྲོ་ན་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བཾ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔ ཅེས་བཀུག་ལ་ཕུར་བུས་གཟིར་ཞིང་། ཧཱུྃ༔ ཁྱབ་བདག་ཁམས་གསུམ་རྣམ་རྒྱལ་གྱི༔ མཁྱེན་གཉིས་ཡེ་ཤེས་རྩལ་གྱི་མཚོན༔ བདག་ལྟའི་རཱུ་ཏྲའི་སྲོག་ལ་གདབ༔ ཁམས་གསུམ་འཁོར་བའི་འཆིང་རྒྱ་བཅད༔ རཱུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་བདུད་རྩིར་སྤར་ཏེ། ཧཱུྃ༔ གཟུང་འཛིན་རཱུ་ཏྲ་བསྒྲལ་བ་ལས༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ རྡོ་རྗེ་སྲིན་པོའི་ཞལ་དུ་བསྟབ༔ གཉིས་མེད་རོལ་པར་རྫོགས་སངས་རྒྱས༔ རཱུ་ཏྲ་ཨ་མུ་ཀ་མཱ་ར་ཡ་ཁཱ་ཧི༔ ཞེས་བསྟབ་པས་དགྱེས་པར་བསམ། དེ་ནས་བརྡ་དང་བརྡའི་འབུལ་ལན་དང་བཅས་ཚོགས་ཀྱི་དམ་རྫས་ནང་གི་བསྲེག་བླུག་ཏུ་རོལ། ལྷག་མའི་ཆོ་ག་ནི། ཕུད་ལྷག་བསྲེས་ལ་བདུད་རྩིའི་ཁ་ཕྲུས་བྲན་ཅིང་། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ ས་འདོད་ཡོན་གྱི་ཕུང་པོར་སྤེལ་ཏེ། ཧཱུྃ༔ ཀུན་བྱེད་རྒྱལ་པོ་ཧེ་རུ་ཀའི༔ བཀའ་ཉན་རང་རྩལ་ལྷག་སྡུད་མ༔ གཤེགས་བྱོན་མེད་དེ་ཡེ་ནས་རྫོགས༔ འཁོར་བ་མྱང་འདས་ཆེན་པོར་རོལ༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་བསྐྱལ་ལོ། །གཉིས་པ་ཐུགས་དམ་བསྐུལ་བ་ནི། ཨོཾ༔ མི་འགྱུར་རྡོ་རྗེ་སྐུ་ཡི་དབྱིངས༔ ཨཱཿ མ་འགགས་གསང་ཆེན་གསུང་གི་དབྱིངས༔ ཧཱུྃ༔ སྤྲོས་པ་བྲལ་བ་ཐུགས་ཀྱི་དབྱིངས༔ ཛཿ བསྐུལ་ལོ་ཀུན་ཟླུམ་ནམ་མཁའ་ཆེ༔ ཕེཾ༔ ཆོས་ཉིད་སྒྱུ་མའི་འཕྲུལ་བཞེངས་ཤིག༔ ཕཊ༔ བདག་རྟོག་མ་ཏྲཾ་རཱུ་ཏྲ་སྒྲོལ༔ བྷྱོ༔ འཁོར་བ་མྱང་འདས་ཆེ་པོར་ཟློག༔ ཨཿ ཨེ་ཝཾ་ཟུང་འཇུག་ཆེན་པོར་ཆོམས༔ གསུམ་པ་ཆད་མདོ་བཏང་བ་ནི། གཏོར་མར་སྨན་རཀ་བྲན་ཅིང་། ཧཱུྃ༔ དང་པོ་མཉམ་པ་ཉིད་ཀྱི་དུས༔ གནས་ལུགས་ཁམས་གསུམ་རྣམ་རྒྱལ་གྱིས༔ ཁམས་གསུམ་ཁྲག་ཏུ་རོལ་པའི་ཚེ༔ ཆོས་ཀུན་ཆོས་ཉིད་དམ་རྒྱར་བཅིངས༔ བར་དུ་གདུལ་བྱའི་དཔལ་མཚོ་རུ༔ གང་འདུལ་སྒྱུ་འཕྲུལ་ཆུ་ཟླའི་གར༔ སྟོན་དང་བསྟན་པར་ཤར་བའི་ཚེ༔ རྟེན་འབྲེལ་སྲིད་པ་སྟོང་རྒྱས་བཏབ༔ ཐ་མ་དོན་གྱི་འོག་མིན་མཁར༔ ཡེ་ཤེས་སྒྱུ་མའི་རྣལ་འབྱོར་གྱིས༔ འཁོར་འདས་དག་མཉམ་རོལ་པའི་ཚེ༔ སེམས་སྣང་བདག་མེད་ཀློང་རྒྱས་བཏབ༔ ད་ལྟ་གསང་ཆེན་དཀྱིལ་འཁོར་འདིར༔ ཐབས་ཤེས་སྒྱུ་འཕྲུལ་ལྷར་སྣང་བཀོད༔ འདོད་ཡོན་རྣམ་དག་གཏོར་མ་ལ༔ རྟོག་ཚོགས་གནས་དག་སྲུང་མས་རོལ༔ ཅེས་ཕྱི་རོལ་དུ་འབུལ་ལོ། །བཞི་པ་བརྟན་མ་བསྐྱང་བ་ནི། བཤལ་ཆུའི་གཏོར་མ་ཕུལ་ལ། ཧཱུྃ༔ སྲིད་པའི་རྟེན་འབྲེལ་ལུགས་འབྱུང་ལ༔ སྟོང་པའི་རྒྱས་འདེབས་བརྟན་མ་སྐྱོང་༔ བདེ་སྟོང་ཡེ་ཤེས་གཏོར་མའི་རོ༔ རོལ་ལ་འཁོར་བའི་བག་ཆགས་གཏོར༔ སརྦ་དྷཱ་ཀི་ནི་མཧཱ་པཱུ་ཛ་ཁཱ་ཧི༔ ལྔ་པ་བྲོ་མནན་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་དམ་སྲི་རྣམས་བཀུག་ནས་མནན་པར་བསམ་ཞིང་རྡོ་རྗེའི་རྒྱས་བཏབ་ལ། ཧཱུྃ༔ རང་བཞིན་རྣམ་དག་ཨེ་ཡི་མཁར༔ ལོག་རྟོག་མི་སྲུན་རཱུ་ཏྲ་བྲུབ༔ ཐབས་ཤེས་རྔམས་པའི་རྟ་བྲོ་བརྡུང་༔ ཡེ་ཤེས་རོལ་པའི་སྟོབས་ཀྱིས་མནན༔ སྟྭམྦྷ་ཡ་ནན་ཧཱུྃ་ཧཱུྃ་ཧཱུྃ༔ དྲུག་པ་དངོས་གྲུབ་བླང་བ་ནི། ཧཱུྃ༔ གདོད་མ་གཞི་ཡི་ཧེ་རུ་ཀའི༔ མི་གནས་ཡེ་ཤེས་གསང་བ་མཆོག༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ སྒོ་གསུམ་བུམ་པའི་སྣོད་དུ་བསྐྱིལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་དངོས་གྲུབ་བླང་ངོ་། །དེ་ནས་གཏང་རག་གི་དོན་དུ། ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད་ཅིང་། ཧཱུྃ༔ མི་འགྱུར་རྡོ་རྗེས་སྒྲིབ་གཉིས་བཅོམ༔ དག་གྲོལ་རོལ་པའི་ཧེ་རུ་ཀ༔ རྟོག་གཉིས་རཱུ་ཏྲའི་སྙིང་ཁྲག་འབྱིན༔ མི་སྲུན་རྡོ་རྗེ་སྲིན་པོར་བསྟོད༔ ཅེས་བསྟོད། བདུན་པ་ནོངས་བཤགས་ནི། ཧོཿ རང་བྱུང་ཡེ་ཤེས་ཡེ་སངས་རྒྱས༔ བསྲུང་དུ་མེད་དེ་ཉམས་དང་བྲལ༔ བཤགས་བྱ་བཤགས་བྱའི་ཡུལ་ལས་འདས༔ མཚན་འཛིན་མཚན་མ་བྲལ་བར་བཤགས༔ ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །བརྒྱད་པ་ཉེར་བསྡུ་ནི། མདུན་དཀྱིལ་དང་འབྲེལ་བའི་ཚེ་དེའི་ཡེ་ཤེས་པ་རྟེན་ལ་བརྟན་པར་གསོལ། ཏིང་འཛིན་གྱི་དཀྱིལ་འཁོར། སྣང་སྟོང་རྡོ་རྗེ་ནམ་མཁའི་ངང་༔ སྤྲོས་མཐའ་བྲལ་བའི་དབྱིངས་སུ་ཨ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས། སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་འཁོར་གྱི་ལྷ་རྣམས་ལ། འཁོར་རྣམས་རིམ་གྱིས་གཙོ་བོ་ལ། གཙོ་བོ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་རྡོ་རྗེ་ལ་ཐིམ། དེ་ཏིང་འཛིན་སེམས་དཔའ་ཧཱུྃ་ལ་ཐིམ། ཧཱུྃ་ཡང་ན་དཱའི་བར་དུ་རིམ་གྱིས་ཡལ་བར་བསམ་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག་པས་རྟག་པའི་མཐའ་བསལ་ལོ། །ཐབས་དང་ཤེས་རབ་གཉིས་སུ་མེད༔ མ་བསྐྱེད་མ་བསྒོམ་ཡེ་ཡིན་ལྷ༔ ཕཊ་ཕཊ་ཕཊ༔ ཅེས་པས། སླར་ཡང་སྐད་ཅིག་གིས་རང་ཉིད་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་གྱི་སྐུར་ལངས་ཏེ་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སྦྱར་བས་ཆད་པའི་མཐའ་བསལ་ལོ། །དགུ་པ་སྨོན་ལམ་ནི། ཧོ༔ དུས་གསུམ་བསགས་པའི་རྣམ་དཀར་དགེ༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྣམ་གྲོལ་སྐུ་གསུམ་ས་ཐོབ་ཤོག༔ བཅུ་པ་ཤིས་བརྗོད་ནི། ཧཱུྃ༔ འཁོར་འདས་དག་མཉམ་ལྟ་བའི་ཀློང་༔ མ་བཅོས་རང་གྲོལ་སྒོམ་པའི་ཀློང་༔ བྱ་རྩོལ་བྲལ་བ་སྤྱོད་པའི་ཀློང་༔ ལྷུན་གྲུབ་འབྲས་བུའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་རྒྱ་ཆེར་སྒྲོགས་ཤིང་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ། །དེ་ཡང་ཡུལ་ལྷོ་ལྗོངས་དབྱར་རྔའི་སྒྲ་ལྡན་དུ་གྲགས་པའི་ནང་སྤུངས་ཐང་ཁ་བདེ་བ་ཆེན་པོའི་ཕོ་བྲང་གི་ཉེ་འདབ་ཉི་ཟེར་སྒང་ཞེས་པའི་སའི་ཆར། མི་དབང་རྒྱལ་བཙུན་ཨ་ཞེ་ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གི་ཐུགས་བསྐྱེད་གཞན་དྲིང་དུ་མི་འཇོག་པའི་བདག་རྐྱེན་བླ་ན་མེད་པ་མཛད་པའི་བཀའ་དྲིན་ལ་བརྟེན་ནས་ཁྲག་འཐུང་བདུད་འཇོམས་གླིང་པའི་ཆོས་སྡེ་ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས་ལུང་དུ་བསྟན་པ་བཞིན་བླ་མ་བསོད་ནམས་བཟང་པོ་ནས་སྔགས་བཙུན་བླ་མ་པདྨ་དབང་ཆེན་ལ་དྲན་བསྐུལ་མཛད་པ་ལྟར། རྒྱལ་བསྟན་སྤྱི་སྒོས་ཡོངས་ཀྱི་རིམ་གྲོ་ལ་དམིགས་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་དང་། ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ། ཁྲོ་བོ་རྣམ་པར་རྒྱལ་བའི་ལྷ་ཚོགས་བཅས་ཀྱི་རྟེན་དང་བརྟེན་པར་བཅས་པ་བླ་མ་ཀུན་བཟང་དབང་འདུས་ནས་བཀོད་ཁྱབ་འགན་འཁུར་བཞེས་ཏེ་ལེགས་པར་འབྱོངས་ཤིང་། དེ་དག་གི་སྒྲུབ་ཐབས་བསྐྱེད་ཆོག་ཐད་ཕུར་པ་གནམ་ལྕགས་སྤུ་གྲིའི་ཁོངས་སུ་ལེགས་པར་བཞུགས་ཀྱང་། ཁམས་གསུམ་རྣམ་རྒྱལ་དང་རྣམ་པར་རྒྱལ་བའི་ལྷ་ཁང་བར་སྟེང་གཉིས་སུ་སོ་སོར་བཞེངས་པ་ལྟར། རྒྱུན་དུ་ལྷ་ཁང་སོ་སོར་མཆོད་བསྟོད་བྱ་སྟབས་བདེ་བའི་ཆེད་དུ་ལས་ཀྱི་བྱང་བུ་བསྡུས་པ་རེ་གྱིས་ཤིག་ཅེས་བླ་མ་ཀུན་བཟང་དབང་འདུས་ནས་ནན་བསྐུལ་མཛད་པ་ལྟར་ཕུར་པ་བདེ་གཤེགས་སྙིང་པོའི་ལས་བྱང་གིས་ཟུར་བརྒྱན་ཏེ་འདོན་སྟབས་བདེ་བར་བསྒྲིགས་པ་པོ་ནི་ཕྲིན་ལས་ནོར་བུའོ། །ཆགས་མེད་ཞི་བའི་དབྱིངས་ལ་དགྱེས་པའི་ཐུགས། །མི་བཟོད་ཁྲོ་བོ་རོལ་པའི་གར་བསྒྱུར་བས། །མི་སྲུན་བདུད་དཔུང་ཐལ་བར་བརླག་བྱས་ཏེ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །ཅེས་པའང་སྨྲས་སོ།། །།