TNR-SUNGBUM-03-HUM-012: Difference between revisions

From Dudjom Wiki
TNR-SUNGBUM-03-HUM-012
New collection pages (Thinley Norbu gsung 'bum / Dudjom gsung thor bu)
 
No edit summary
 
Line 16: Line 16:
|authortib=ཕྲིན་ལས་ནོར་བུ་
|authortib=ཕྲིན་ལས་ནོར་བུ་
|volumeLetter=HUM
|volumeLetter=HUM
|pdflink=File:TNR-SUNGBUM-03-HUM-012.pdf
|InitCategories=Dudjom Tersar Project; TNR-SUNGBUM-Volume-03-HUM
|InitCategories=Dudjom Tersar Project; TNR-SUNGBUM-Volume-03-HUM
}}
}}

Latest revision as of 21:29, 9 November 2026

Wylie title spros pa ma gcog pa'i nyams len gsar bu ba rnams nas rgyun du 'jug pa bde ba'i tshogs bsags sgrib sbyong gi nyams len gnad 'dus dngos grub char 'bebs
Location phrin las nor bu'i gsung 'bum
Volume 3, Text 12, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Spros pa ma gcog pa'i nyams len gsar bu ba rnams nas rgyun du 'jug pa bde ba'i tshogs bsags sgrib sbyong gi nyams len gnad 'dus dngos grub char 'bebs. In Phrin las nor bu'i gsung 'bum, Vol. 3.
Side notes  
More details More details
Genre

[edit]
༄༅། །སྤྲོས་པ་མ་གཅོག་པའི་ཉམས་ལེན་གསར་བུ་བ་རྣམས་ནས་རྒྱུན་དུ་འཇུག་པ་བདེ་བའི་ཚོགས་བསགས་སྒྲིབ་སྦྱོང་གི་ཉམས་ལེན་གནད་འདུས་དངོས་གྲུབ་ཆར་འབེབས་བཞུགས།

༁ྃ༔ ཐོག་མར་དབང་སྡུད་ཟིལ་གནོན་ཁྲོས་མའི་གད་རྒྱང་། ཕཊ་ཕཊ་ཕཊ༔ སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་གི་སྣང་བའི་ཀློང་ཆེན་པོར་འུབ་ཏུ་འདུས་ཤིང་ཡོངས་སུ་ཆུབ་པར་གྱུར༔ ཕཊ༔ ཡེ་ཤེས་རང་རྩལ་སྒྱུ་འཕྲུལ་གྱི་མཁའ་འགྲོ་མ་དཔག་ཏུ་མེད་པས་གཟུང་འཛིན་རཱུ་དྲ་ལྷ་འདྲེ་ཐམས་ཅད་བདག་མེད་གནས་ལུགས་ཀྱི་ངང་དུ་བཤིག་པར་གྱུར༔ ཕཊ་ཕཊ་ཕཊ༔ རྐང་གླིང་འབུད་བཅས་ཌཱ་དྲིལ་འུར་ཆེམས་ཀྱིས་ཟིལ་གནོན་རང་གི་རྟ་དབྱངས་དང་བཅས། མ་དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མས༔ ཆོས་དབྱིངས་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ གཏི་མུག་ལྷ་འདྲེ་དབང་དུ་སྡུས༔ དབང་དུ་བསྡུས་ལ་ཟིལ་གྱིས་ནོན༔ ཕཊ་ཕཊ་ཕཊ༔ སྐུ་གསུམ་གྱི་ཀློང་དུ་བཤིག་པའི་ཕཊ་སྒྲའོ༔ མ་ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མས༔ མེ་ལོང་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ཞེ་སྡང་ལྷ་འདྲེ་དབང་དུ་སྡུས༔ དབང་དུ་བསྡུས་ལ་ཟིལ་གྱིས་ནོན༔ཕཊ་ཕཊ་ཕཊ༔ མ་ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མས༔ མཉམ་ཉིད་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ང་རྒྱལ་ལྷ་འདྲེ་དབང་དུ་སྡུས༔ དཔང་དུ་བསྡུས་ལ་ཟིལ་གྱིས་ནོབ༔ ཕཊ་ཕཊ་ཕཊ༔ མ་ནུབ་ཕྱོགས་པདྨ་མཁའ་འགྲོ་མས༔ སོར་རྟོག་ཡེ་ཤེས་བརྟུལ་ཞུགས་ཀྱིསཿ འདོད་ཆགས་ལྷ་འདྲེ་དབང་དུ་སྡུས༔ དང་དུ་བསྡུས་ལ་ཟིལ་གྱིས་ནོན༔ ཕཊ་ཕཊ་ཕཊ༔ མ་བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མས༔ བྱ་གྲུབ་ཡེ་ཤེས་བརྟུལ་ཞུགས་ཀྱིས༔ ཕྲག་དོག་ལྷ་འདྲེ་དབང་དུ་སྡུས༔ དབང་དུ་བསྡུས་ལ་ཟིལ་གྱིས་ནོན༔ ཕཊ་ཕཊ་ཕཊ༔ སྐྱབས་དཀོན་མཆོག་གསུམ་གྱི་བདེན་པ་དང་༔ སྐུ་གསུམ་མཁའ་འགྲོའི་ཐུགས་རྗེ་དང་༔ ཡུམ་ཆེན་ལྔ་ཡི་བྱིན་རླབས་ཀྱིས༔ ཕོ་གདོན་རྒྱལ་པོ་དབང་དུ་སྡུས༔ མོ་གདོན་འདྲེ་མོ་དབང་དུ་སྡུས༔ ཀླུ་གདོན་ས་བདག་དབང་དུ་སྡུས༔ གནས་གདོན་ལུས་གདོན་དབང་དུ་སྡུས༔ ཐམས་ཅད་ཟིལ་གྱིས་གནོན་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ ཌཱ་བུར་བཞག་ཐབས། ཚིག་བདུན་གསོལ་འདེབས། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ལན་གསུམ། དེ་ནས། བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །སྐུ་གསུམ་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་མཆོག །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྫོགས་ཆེན་པ། །བདུད་འཇོམས་གླིང་པའི་ཞབས་ལ་གསོལ་བ་འདེབས། །འཁོར་འདས་དག་མཉམ་ཆོས་ཉིད་རོལ་པ་རུ། །རྟོགས་གྲོལ་མངོན་གྱུར་སངས་རྒྱས་ཐོབ་པར་ཤོག །ཌཱ་འུར་ནས་ཟིལ་གནོན་རྟ་དབྱངས་ཀྱིས། སྐྱབས་འགྲོ། ཕཊ༔ ཡེ་གཞི་ཀ་དག་ཕྱོགས་ཡན་ཀུན་བཟང་མོ༔ རང་བཞིན་རང་ངོར་སངས་པ་མཁའ་སྤྱོད་མ༔ ཐུགས་རྗེ་ཀུན་ཁྱབ་བརྡལ་བ་ཁྲོས་མའི་སྐུར༔ སྐྱབས་སུ་མཆིའོ་དགོངས་པར་འུབ་ཆུབ་རོལ༔ ལན་གསུམ། སེམས་བསྐྱེད། ཕཊ༔ འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བར་བྱ༔ སྐྱབས་གནས་དམ་པའི་མཆོག་རྣམས་དགོངས་སུ་གསོལ༔ བདག་གིས་བྱང་ཆུབ་སེམས་བསྐྱེད་བསླབ་ལ་གནས༔ འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་ཤོག༔ ལན་གསུམ། མཎྜལ། ཕཊ༔ སྟོང་གསུམ་རབ་འབྱམས་བཀོད་པ་ཕྱི་ཡི་ཡུལ༔ རང་ལུས་བཀོད་པ་རབ་རྫོགས་ནང་གི་དཔལ༔ རང་སྣང་ལྷུན་གྲུབ་བཀོད་པ་གསང་བའི་དལ༔ ཚོགས་གཉིས་རྫོགས་ཕྱིར་རྒྱལ་བ་རྣམས་ལ་འབུལ༔ ལན་གསུམ། ཚོགས་བསགས། ཕཊ༔ སྐུ་གསུམ་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་ཐམས་ཅད་མཆོད་པ་འབུལ༔ སྒོ་གསུམ་ཉེས་པའི་སྒྲིབ་ཚོགས་མཐོལ་ལོ་བཤགས༔ རྣམ་དཀར་དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ གང་ལ་གང་འདུལ་ཆོས་འཁོར་བསྐོར་བར་བསྐུལ༔ རྒྱལ་རྣམས་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བདག་གི་དགེ་རྩ་འགྲོ་བ་ཡོངས་ལ་བསྔོ༔ མ་ལུས་ཕྱམ་གཅིག་སངས་རྒྱས་ས་ཐོབ་ཤོག༔ ལན་གསུམ་མམ་གཅིག །དེ་ནས་བླ་མའི་རྣལ་འབྱོར། ཕཊ༔ རང་སྣང་རྣམ་དག་དོན་གྱི་འོག་མིན་ན༔ སྐུ་དང་ཡེ་ཤེས་རབ་རྫོགས་བླ་མ་རྗེ༔ དོན་དམ་མི་ཤིགས་ངོ་བོ་ཐིག་ལེའི་སྐུ༔ སྨིན་གྲོལ་དབང་དང་གདམས་པའི་མཛོད་དུ་ཤར༔ ཕཊ༔ གསོལ་བ་འདེབས་སོ་སྐུ་བཞིའི་བདག་ཉིད་དཔལ༔ དད་མོས་གདུང་ཤུགས་དྲག་པོས་ཐུགས་རྒྱུད་བསྐུལ༔ མ་རིག་སྒོང་རྒྱར་དུབ་པའི་སེམས་སེམས་བྱུང་༔ ཡེ་གཞི་ཀ་དག་ཀློང་ཆེན་དགོངས་པར་རོལ༔ ཕཊ་ཕཊ་ཕཊ༔ དེ་ནས་ཌཱ་འུར་ནས་རྐང་གླིང་འབུད་དང་བཅས། ཚོགས་བསགས་དངོས་གྲུབ་ཆར་འབེབས་རང་གི་རྟ་དབྱངས་དང་བཅས། ཕཊ༔ གཟུང་འཛིན་འཁྲུལ་པའི་རྣམ་རྟོག་རང་ངོར་སངས༔ རྒྱུ་གཉིས་དབང་བསྡུས་རྐྱེན་སྣང་ཟིལ་གྱིས་གནོན༔ ཕཊ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་རྣམ་མཁྱེན་ཕྱིར་དུ་གོ་འཕང་བསྒྲུབ༔ ཕཊ༔ རང་རིག་ཀ་དག་རྡོ་རྗེ་རྣལ་འབྱོར་མ༔ སྤྱི་བོར་ཡར་ཐོན་འཁོར་འདས་ཁྱབ་བདག་མོ༔ ཕཊ༔ ཕྱག་གཡས་གྲི་གུག་རང་ལུས་ཐོད་པ་བྲེག༔ སྟོང་གསུམ་ཙམ་གྱི་མི་མགོའི་སྒྱེད་པུར་བཞག༔ དེ་ནང་བམ་ཆེན་བདུད་རྩིའི་རྒྱ་མཚོར་གྱུར༔ སྣང་སྲིད་འཁོར་འདས་མ་ལུས་ཐམས་ཅད་དུ༔ མཆོད་སྤྲིན་རྒྱ་མཚོ་རྒྱུན་མི་འཆད་པར་སྤྲོས༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཌཱ་འུར་ནས་རྐང་༣དང་བཅས། ཕཊ་ཕཊ་ཕཊ༔ སྐྱབས་གནས་དཀོན་མཆོག་རྩ་གསུམ་རྒྱ་མཚོ་མཆོད༔ སྐུ་གསུམ་བརྒྱུད་གསུམ་རིག་འཛིན་ཚོགས་རྣམས་མཆོད༔ ཡེ་ཤེས་དབྱིངས་ཀྱི་དམ་ཅན་རྒྱ་མཚོ་མཆོད༔ ཚོགས་རྫོགས་སྒྲིབ་དག་དོན་གཉིས་ལྷུན་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ རིགས་དྲུག་ཕ་མ་ལན་ཆགས་བགེགས་རིགས་སོགས༔ མཆོད་སྦྱིན་ཡུལ་གྱུར་ཀུན་ལ་མཉེས་མཆོད་འབུལ༔ བུ་ལོན་ལན་ཆགས་མ་ལུས་བྱང་ནས་ཀྱང་༔ ཐམས་ཅད་མངོན་རྫོགས་སངས་རྒྱས་ཐོབ་པར་ཤོག༔ ཕཊ་ཕཊ་ཕཊ༔ དགེ་བའི་རྩ་བ་འགྲོ་དྲུག་ཡོངས་ལ་བསྔོ༔ མ་ལུས་ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ རང་སེམས་མཆོད་སྦྱིན་དངོས་ཡུལ་དབྱེར་མེད་དུ༔ ཡུམ་ཆེན་ཆོས་སྐུའི་ཀློང་དུ་རོ་གཅིག་ངང་༔ ཨ་ཨ་ཨ༔ ཕཊ་ཕཊ་ཕཊ༔ ཌཱ་བཅད་རྗེས་སླར་ཌཱ་དྲིལ་བཅས། ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །རྒྱུ་དེ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཕཊ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག །ཡུམ་ཆེན་ཤེར་ཕྱིན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཌཱ་བཅད་གཅིག་གི་རྗེས་ཌཱ་འུར་མུ་མཐུད་ནས། ཁམས་གསུམ་དག་པའི་ཞིང་། །སྲིད་གསུམ་སྙིང་རྗེའི་མགྲོན། །མ་ལུས་ཁྱབ་པའི་ཟས། །ཆོས་ཉིད་ནུས་པའི་མཐུས། །མཆོད་སྦྱིན་མི་ཟད་པའི། །ལོངས་སྤྱོད་གཏེར་དུ་བསྔོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཌཱ་འུར་དང་སྦྲགས་ཡིག་དྲུག་གང་འོས་གྲངས་མཐར་བཞག་ཐབས་ཀྱིས་རྗེས་བསྐྱང་ནས་སྨོན་ལམ་ཌཱ་ཀི་དགྱེས་པའི་བཞད་སྒྲ། ཧོཿ བླ་མ་ཡུམ་ཆེན་ལྷ་ཚོགས་བདག་ལ་དགོངས། །དེང་འདིར་བསྒྲུབས་པའི་དགེ་བས་རབ་མཚོན་ཏེ། །དུས་གསུམ་བསགས་ཡོད་བསོད་ནམས་ཅི་མཆིས་པ། །མཁའ་ཁྱབ་འགྲོ་རྣམས་བྱང་ཆུབ་དོན་དུ་བསྔོ། །ཚེ་རབས་ཀུན་ཏུ་གསང་ཆེན་རིགས་མཆོག་གི། །སྐལ་ཅན་དྲུག་ལྡན་རྡོ་རྗེའི་ལུས་ཐོབ་ནས། །སྲིད་དང་ཞི་བའི་མཐའ་ལ་མི་སྨོན་པའི། །རྨད་བྱུང་ཐེག་པའི་ལམ་འདིར་འཇུག་པར་ཤོག །འགྲན་གྱི་ཟླ་བྲལ་ཁྲག་འཐུང་བདུད་འཇོམས་གླིང་། །གཅིག་ཆོག་སྐྱབས་ཀྱི་མཆོག་ཏུ་མི་འབྲལ་ཞིང་། །རྒྱུད་ལས། བུ་ཁྱོད་སློབ་དཔོན་མི་སྤང་ངོ་། །རྡོ་རྗེ་ཕག་མོའི་དམ་ཚིག་ཡིན། །ཅེས་སོ། །རང་རིག་གཤིས་སུ་གདོད་ནས་རོ་མཉམ་པར། །རྟོགས་པའི་གསོལ་བ་སྙིང་ལ་ཐེབས་པར་ཤོག །བླ་མེད་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ། །ལེགས་ཞུགས་དབང་བཞིའི་ཆོ་གས་བདག་རྒྱུད་སྨིན། །རྡོ་རྗེ་མཁའ་འགྲོས་ རྒྱུད་རྣམས་ལས། ཡོངས་བསྒྲགས་ རྩ་ལྟུང་བཅུ་བཞི་སོགས་ཐུན་མོང་སྤྱིའི། དམ་ཚིག་ཚུལ། །ཁ་ན་མ་ཐོ་མེད་པར་བསྲུང་ནུས་ཤོག །སྒྲུབ་པ་ཁྱད་པར་གྱི་དམ་ཚིག །སྣང་སྲིད་གཞིར་བཞེངས་ཡེ་རྫོགས་བསྐྱེད་རིམ་དང་། །འོད་གསལ་ཐིག་ལེ་ལྷུན་གྲུབ་རྫོགས་པའི་རིམ། །ཟུང་འཇུག་མཆོག་གསང་རྡོ་རྗེ་རྩེ་མོའི་གནད། །ནམ་མཁའི་ཀློང་མཛོད་ལམ་དུ་ལོངས་པར་ཤོག །མཁའ་འགྲོ་རིགས་ལྔ་ལྷག་པའི་དམ་ཚིག །ཀུན་ལ་བྱམས་ཤིང་ སངས་རྒྱས་མཁའ་འགྲོའི་དམ་ཚིག ཅི་ལའང་ཆགས་པ་མེད། རིན་ཆེན་མཁའ་འགྲོའི་དམ་ཚིག །ཤེས་རབ་ མ་མཚན་ལྡན་ བདུད་རྩི་ ལྔ་དང་ ཤ་ཆེན་ ལྔ་རྣམས་ བསྟེན་ཅིང་བཟའ། པདྨ་མཁའ་འགྲོའི་དམ་ཚིག །མཁའ་འགྲོ་སྤྱིའི་དམ་ཚིག །བརྟུལ་ཞུགས་ཆས་ལྡན་ རུས་རྒྱན་ཅང་ཏེའུ་སོགས་ གླུ་གར་འདོད་ཡོན་བཅས། །གདུག་གཏུམ་ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ རྒྱུག་མཆོང་སྤྱོད་པ་ ལས་ཀྱི་མཁའ་འགྲོའི་དམ་ཚིག་ མཐར་དབྱུང་ཤོག བསྡུས་པའི་དམ་ཚིག །མི་ཕོད་ཐོག་ཏུ་བརྫི་ཞིང་ ཟས་གོས་གཏམ་ལ་ འཁྲི་བ་བཅད། །ཞེན་པ་གཏིང་ལོག་ འཁོར་གཡོག་ལ་ གཅེས་འཛིན་སྙེམས་ཐག་ཆད། །ལུས་དང་ཆོས་ཀྱི་སྦྱིན་པས་རབ་བསྡུས་ནས། །སྣང་སྲིད་ལྷ་འདྲེ་སེམས་ཅན་ཀུན་སྒྲོལ་ཤོག །ཆོས་ཅན་འཁྲུལ་པའི་སྣང་བ་ཇི་སྙེད་པ། །ཆོས་ཉིད་བརྗོད་དུ་མེད་པའི་དབྱིངས་ཟད་དེ། །སྒྲིབ་བྲལ་འཇའ་ལུས་ཡེ་ཤེས་སྒྱུ་མའི་སྐུ། །ཚེ་འདི་ཉིད་ལ་མངོན་དུ་འགྱུར་བར་ཤོག །གལ་ཏེ་སྦྱངས་གོམས་བརྩོན་འགྲུས་སྟོབས་ཞན་པས། །ཚེ་འདིར་ལམ་གྱི་གྲུབ་མཐའ་མ་སྙོགས་ན། །འཆི་བའི་དུས་བབས་འདའ་ཀའི་ཏིང་ངེ་འཛིན། །དགོངས་པ་མི་གཡོའི་ངང་ནས་འཕོ་བར་ཤོག །རང་སྣང་དཔའ་བོ་མཁའ་འགྲོ་མ་ཚོགས་ཀྱིས། །གླུ་གར་རོལ་མོ་མཆོད་པས་མདུན་བསུས་ཏེ། །འོག་མིན་མཁའ་སྤྱོད་ཞིང་ཁམས་ཉམས་དགའ་བར། །རིགས་བདག་བླ་མའི་དྲུང་དུ་འཁྲིད་པར་ཤོག །སྣང་ཆ་མ་འགགས་ཐབས་མཆོག་ཧེ་རུ་ཀ །སྟོང་ཆེན་ཤེས་རབ་དབྱིངས་ཕྱུག་ཁྲོས་མའི་མཁར། །མཉམ་སྦྱོར་མཁའ་ཁྱབ་ཡེ༷་ཤེ༷ས་བདེ་བ་ཆེ། །ཟུང་འཇུག་རྡོ༷་རྗེ༷་འཛིན་རྒྱལ་བདག་འགྲུབ་ཤོག །ཅེས་གསུངས་པའི་དོན་ལ་སེམས་གཞོལ་ཏེ་དལ་བུའི་སྒོ་ནས་གསལ་དག་སྙན་གསུམ་གྱི་བཀླག་པས་དོན་ཡོངས་སུ་འགྲུབ་པར་འགྱུར་རོ། །འདི་ཡང་འབྲུག་བཀྲ་ཤིས་སྒང་བླ་མ་བཀྲ་ཤིས་དཔལ་ལྡན་ནས་འདི་ལྟར་གྱིས་ཤིག་ཅེས་ཨུ་ནན་ཆེན་པོས་བསྐུལ་ངོ་མ་ལྡོག་ཙམ་དུ་ཕྲིན་ལས་ནོར་བུ་ནས་བྲིས་པ་དགེ། །།