TTDL-ZABTER-06-CHA-021: Difference between revisions

From Dudjom Wiki
TTDL-ZABTER-06-CHA-021
m (Text replacement - "ཧོཿ" to "ཧོཿ ")
m (Text replacement - "༴" to "༴ ")
 
Line 43: Line 43:




ཐྂ༎༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ ག་ཎ་ཚོགས་ཀྱི་འཁོར་ལོ་གཅེས༔ སྒྲུབ་ཁང་བྱིན་ཆགས་ཉམས་དགའ་བར༔ ཞིང་ཆེན་ལྤགས་པ་གཅལ་བཀྲམ་སྟེང་༔ ཐབས་རྫས་མཆོག་ནི་ཞིང་ཆེན་ཤ༔ ཡང་ན་སྡིག་དང་མ་འདྲེས་ཤིང་༔ ནད་ཀྱི་འཚོ་བ་མ་ཞུར་པའི༔ དངོས་གཙང་བྷ་ལ་བཟང་པོ་ནི༔ བཙོས་དང་རློན་པ་གང་ཡང་རུང་༔ ཐབས་རྫས་ཡིན་ཕྱིར་གཡས་སུ་དགོད༔ རྣལ་ཐོད་མ་འདས་བཀང་བྱས་ནས༔ དཀར་གསུམ་སྤོད་ཀྱང་ལེགས་པར་གདབ༔ གྲོང་པའི་སྐྱོན་གྱིས་མ་གོས་པའི༔ ཁྱེའུ་བུ་མོ་གཙང་མ་ཡི༔ ཁུ་རྡུལ་དང་ནི་བདུད་རྩི་ལྔ༔ སེལ་མེད་མྱོང་གྲོལ་རྫས་ཀྱང་བླུག༔ ཤེས་རབ་རྫས་ཀྱི་མཆོག་ཡིན་ཕྱིར༔ དཀྱིལ་འཁོར་གཡོན་དུ་དགོད་པར་བྱ༔ གཉིས་མེད་རྫས་མཆོག་འབྲུ་བཅུད་ནི༔ གཡོས་སྦྱར་བཟའ་འོས་ཟས་ཀྱང་བཏབ༔ ཞིང་ཕྲན་གཟུགས་སུ་ལེགས་པར་བྱ༔ དམར་གྱི་གུར་ཕུབ་དཀར་ཐིག་གདབ༔ བཀྲག་ལྔ་ལྡན་པའི་རྒྱན་ཀྱང་བྱ༔ གཉིས་མེད་རྫས་མཆོག་དབུས་སུ་འགོད༔ མཐའ་བསྐོར་རི་རབ་རོལ་མཚོ་བཞིན༔ རི་སྒོག་ཀླུང་སྒོག་ལ་སོགས་པའི༔ སྤོད་ཀྱི་རིགས་བྱེད་རྣམས་དང་ནི༔ ཁྱི་ཤ་ཕག་ཤ་བོང་བུའི་ཤ༔ རྨེ་བར་འཛིན་པའི་རྫས་རྣམས་དང་༔ དཀར་གསུམ་མངར་གསུམ་ཟླ་ཁྲོམ་སོགས༔ ཡིད་འོང་རྫས་ཀྱི་དངོས་པོ་རྣམས༔ འབྱོར་ཚད་ལེགས་བསྒྲིབས་འགོད་པར་བྱ༔ དེ་ནི་བཤམས་བཀོད་དགོད་ཚུལ་ལོ༔ ཚོམ་བུའི་གྲངས་མཉམ་རབ་དང་ནི༔ གཙོ་བོ་ཡབ་ཡུམ་གྲངས་སུ་འཚོགས༔ ཡང་ན་གཙོ་བོའི་གྲངས་ཀྱང་རུང་༔ ཕོ་གཡས་མོ་གཡོན་ཧེ་རུ་དབུས༔ དེ་ཉིད་གསུམ་དང་ལྡན་པའི་ངང་༔ རྒྱུ་རྐྱེན་རྣམ་དག་ཤིན་ཏུ་གཅེས༔ ཚོགས་ཀྱི་ངོ་བོ་བྱང་ཆུབ་སེམས༔ སྐུ་དང་ཡེ་ཤེས་རབ་ཏུ་རྫོགས༔ ཚོགས་ཀྱི་རང་བཞིིན་བདུད་རྩིར་གནས༔ རྟོག་བཅོམ་ཡེ་ཤེས་སྣང་བ་བསྐྱེད༔ ཚོགས་ཀྱི་རྣམ་པ་ཤ་ལྔ་དང་༔ བདུད་རྩི་ལྔ་སྟེ་ཐབས་ཤེས་རབ༔ གཉིས་མེད་རྫས་སུ་འཚོགས་པ་ཡི༔ ཚོགས་ཀྱི་བྱེད་ལས་འཁོར་བའི་དྲི༔ སྦྱོང་ཞིང་ཚོགས་གཉིས་རྫོགས་པར་བྱེད༔ ཡོ་བྱད་འབྱོར་བ་འཚོགས་པའི་ཚོགས༔ རྣམ་རྟོག་གཅོད་པའི་འཁོར་ལོ་སྟེ༔ ག་ཎ་ཙཀྲའི་སྒྲ་བཤད་བཞག༔ ཚོགས་ཀྱི་འབྲས་བུ་མཐར་ཐུག་པ༔ ཚེ་འདིར་བསམ་པ་འགྲུབ་པ་དང་༔ ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་༔ དོན་གཉིས་ལྡན་པའི་སངས་རྒྱས་ཐོབ༔ གནས་སྐབས་ཉམས་ཆག་བྱང་བ་དང་༔ རྟོགས་པའི་ཡོན་ཏན་གོང་འཕེལ་རྒྱས༔ དཔའ་བོ་མཁའ་འགྲོ་འདུ་བ་དང་༔ དངོས་གྲུབ་རྣམ་གཉིས་ཆར་དུ་འབེབས༔ དབང་སྡུད་ཆེ་ཞིང་ཟིལ་གནོན་ལྡན༔ ལྷ་འདྲེ་མི་གསུམ་བྲན་དུ་ཁོལ༔ ཀུན་གྱི་ཡིད་དུ་འོང་བ་དང་༔ གཞན་སྣང་དགེ་ལ་སྦྱོར་བ་སོགས༔ དབང་བཅུའི་དངོས་གྲུབ་ཐོགས་མེད་འགྲུབ༔ ས་མ་ཡ༔ དང་པོ་བྱིན་གྱིས་བརླབས་པ་ནི༔ ལྷ་ཡི་ང་རྒྱལ་ལྡན་པའི་ངང་༔ ཧཱུྃ་ཧྲཱིཿབདག་ཉིད་དཔལ་ཆེན་ཡི་དམ་ལྷའི༔ གཏུམ་མོའི་བདེ་དྲོད་འབར་བའི་མེས༔ རྩལ་ལས་རཾ་གྱི་ཚོགས་འཕྲོས་ཏེ༔ གཟུང་འཛིན་རྟོག་པའི་དྲི་མ་བསྲེགས༔ ཧཾ་ཡིག་བདེ་ཆེན་བྱང་ཆུབ་སེམས༔ འཛད་མེད་བདེ་སྟོང་ཡེ་ཤེས་རྒྱུན༔ རྩལ་ལས་ཁཾ་གི་ཚོགས་འཕྲོས་པས༔ མི་གཙང་འབག་རྩོག་རྣམ་རྟོག་བཀྲུས༔ རྩ་ཁམས་ཡེ་ཤེས་དག་པའི་རླུང་༔ རྩལ་ལས་ཡཾ་གི་ཚོགས་འཕྲོས་པས༔ དངོས་པོར་འཛིན་པའི་རྣམ་རྟོག་དང་༔ གཉིས་སྣང་ཞེན་འཛིན་དབྱིངས་སུ་གཏོར༔ རཾ་ཡཾ་ཁཾ༔ རྒྱལ་ཀུན་སྐུ་ཡི་ས་བོན་ནི༔ ཡི་གེ་ཨོཾ་གྱི་རྣམ་པར་སྤྲོས༔ རྒྱལ་ཀུན་བྱིན་རླབས་ཨོཾ་དུ་བསྡུས༔ ཡོངས་གྱུར་སྐུ་ཡི་བདུད་རྩིར་གྱུར༔ རྒྱལ་ཀུན་གསུང་གི་ས་བོན་ནི༔ ཨཱཿདམར་འོད་དང་བཅས་པ་འཕྲོས༔ རྒྱལ་ཀུན་གསུང་གི་བྱིན་རླབས་བསྡུས༔ ཡོངས་གྱུར་གསུང་གི་བདུད་རྩིར་གྱུར༔ རྒྱལ་ཀུན་ཐུགས་ཀྱི་ས་བོན་ནི༔ ཧཱུྃ་མཐིང་བཀྲག་དང་ལྡན་པར་འཕྲོས༔ རྒྱལ་ཀུན་ཐུགས་ཀྱི་བྱིན་རླབས་བསྡུས༔ ཡོངས་གྱུར་ཐུགས་ཀྱི་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་དངོས་པོ་ཐམས་ཅད་ཀུན༔ ཡེ་ཤེས་རླུང་གི་ཤུགས་ཀྱིས་དྲངས༔ རོ་རྐྱང་ལམ་བརྒྱུད་དབུ་མར་བསྐྱིལ༔ སྤྲུལ་པ་ཆོས་ཀྱི་འཁོར་ལོ་ནས༔ ཧེ་རུ་ཡབ་ཡུམ་སྦྱོར་བ་ཡིས༔ བདེ་ཆེན་བདུད་རྩིར་དབྱེར་མེད་འདྲེས༔ བདེ་སྐྱོང་འཁོར་ལོའི་སྦུབས་རྩ་ནས༔ སྟོང་ཉིད་ཡུམ་གྱི་ལྟོ་རུ་དབབ༔ འཁོར་འདས་དྭངས་བཅུད་བསྡུས་ཏེ་བསྟིམས༔ དཀར་དམར་འདྲེས་པའི་བྱང་ཆུབ་སེམས༔ མཁའ་ནས་ཕྱིར་བཏོན་བདེ་སྐྱོང་སྣོད༔ ཡངས་ཤིང་རྒྱ་ཆེའི་ནང་དུ་གཏམས༔ ཤ་ལྔ་བདུད་རྩི་རྣམ་ལྔར་གྱུར༔ རིགས་ལྔ་ཡབ་ཡུམ་ས་བོན་ལས༔ འོད་ཟེར་སྤྲོ་བསྡུས་ལྷར་གྱུར་པ༔ དགྱེས་ཆགས་སྦྱོར་བས་གཟི་བྱིན་འབར༔ འོད་ཞུ་རྫས་དང་དབྱེར་མེད་འདྲེས༔ ཡེ་ཤེས་ལྔ་ཡི་འོད་ཟེར་འབར༔ འདོད་ཡོན་མཆོད་པའི་སྤྲིན་ཚོགས་འཕྲོ༔ རྒྱལ་ཀུན་དགྱེས་མཆོད་རྫས་སུ་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ པཉྩ་ཧ་ཧོ་ཧྲཱིཿགདུང་དབྱངས་རོལ་མོའི་སྒྲ་དང་བཅས༔ ལྷ་དང་རང་སྣང་དབྱེར་མེད་ངང་༔ ལྟ་བ་གྱད་ཀྱི་ལྷར་གསལ་བའི༔ འདུ་འཕྲོ་ཚོགས་ཀྱི་ཞིང་དུ་གསལ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ༔ རིགས་ལྔ་ཡབ་ཡུམ་འཁོར་གྱིས་བསྐོར༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ མ་འགགས་རང་གསལ་འོད་ལྔའི་ཞིང་༔ ཚོགས་ཡུལ་རྟོག་པ་གནས་དག་པ༔ སེམས་དཔའ་ཡབ་ཡུམ་བཅུ་དྲུག་འཁོར༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ གང་འདུལ་སྤྲུལ་པའི་ཞིང་ཁམས་ནས༔ ཐུབ་དྲུག་སྒོ་བ་ཡབ་ཡུམ་བརྒྱད༔ རང་རང་སྒྱུ་འཕྲུལ་སྤྲུལ་འཁོར་བཅས༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་ཕྱོགས་ཆ་ན༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས༔ དད་དང་གདུང་བས་སྤྱན་འདྲེན་ནོ༔ དབྱིངས་ནས་སྐུར་བཞེངས་དབང་བཞི་བསྐུར༔ གནས་ཡུལ་སྒྲུབ་ཁང་སྒྲུབ་པའི་རྫས༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷ༔ མྱོང་གྲོལ་རྣམས་སུ་བྱིན་གྱིས་རློབས༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ དད་དང་གདུང་༴དབྱིངས་ནས་སྐུར༴གནས་ཡུལ་སྒྲུབ༴ཞིང་དང་གཞལ༴མྱོང་གྲོལ་རྣམས༴ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་རྣམས༔ དད་དང་གདུང་༴དབྱིངས་ནས་སྐུར༴གནས་ཡུལ་སྒྲུབ༴ཞིང་དང་གཞལ༴མྱོང་གྲོལ་རྣམས༴ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ པདྨ་གསུང་གི་ལྷ་ཚོགས་རྣམས༔ དད་དང་གདུང་༴དབྱིངས་ནས་སྐུར༴གནས་ཡུལ་སྒྲུབ༴ཞིང་དང་གཞལ༴མྱོང་གྲོལ་རྣམས༴ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ དད་དང་གདུང་༴དབྱིངས་ནས་སྐུར༴གནས་ཡུལ་སྒྲུབ༴ཞིང་དང་གཞལ༴མྱོང་གྲོལ་རྣམས༴ཧཱུྃ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་རྣམས༔ དད་དང་གདུང་༴དབྱིངས་ནས་སྐུར༴གནས་ཡུལ་སྒྲུབ༴ཞིང་དང་གཞལ༴མྱོང་གྲོལ་རྣམས༴ཧཱུྃ༔ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས་རྣམས༔ དད་དང་གདུང་༴དབྱིངས་ནས་སྐུར༴གནས་ཡུལ་སྒྲུབ༴ཞིང་དང་ཞལ༴མྱོང་གྲོལ་རྣམས༴ཧཱུྃ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་རྣམས༔ དད་དང་གདུང་༴དབྱིངས་ནས་སྐུར༴གནས་ཡུལ་སྒྲུབ༴ཞིང་དང་གཞལ༴མྱོང་གྲོལ་རྣམས༴ཧཱུྃ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་རྣམས༔ དད་དང་གདུང་༴དབྱིངས་ནས་སྐུར༴གནས་ཡུལ་སྒྲུབ༴ཞིང་དང་གཞལ༴མྱོང་གྲོལ་རྣམས༴ཧཱུྃ༔ དཀྱིལ་འཁོར་ཕྱི་ནང་བར་ཁྱམས་ནས༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་རྣམས༔ དད་དང་གདུང་༴དབྱིངས་ནས་སྐུར༴གནས་ཡུལ་སྒྲུབ༴ཞིང་དང་གཞལ༴མྱོང་གྲོལ་རྣམས༴ཧཱུྃ༔ རྩ་ཁམས་དག་པ་དབྱིངས་ཀྱི་ལྷ༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྣམས༔ དད་དང་གདུང་༴དབྱིངས་ནས་སྐུར༴གནས་ཡུལ་སྒྲུབ༴ཞིང་དང་གཞལ༴མྱོང་གྲོལ་རྣམས༴ཧཱུྃ༔ ཕྲིན་ལས་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཚད་མེད་བཞི་ལྡན་སྒོ་བ་བཞི༔ དད་དང་གདུང་བས་སྤྱན་འདྲེན་ནོ༔ དབྱིངས་ནས་སྐུར་བཞེངས་དབང་བཞི་བསྐུར༔ གནས་ཡུལ་སྒྲུབ་ཁང་སྒྲུབ་པའི་རྫས༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷ༔ མྱོང་གྲོལ་རྣམས་སུ་བྱིན་གྱིས་རློབས༔ ཧཱུྃ༔ ཕྱི་ནང་རྟེན་འབྲེལ་ཟུང་འཇུག་པའི༔ དུར་ཁྲོད་བརྒྱད་དང་ཧེ་རུའི་ཞིང་༔ གནས་མཆོག་ཉེར་བཞི་ཡུལ་སོ་གཉིས༔ ཞིང་ཁམས་དང་ནི་ཉེ་བའི་ཞིང་༔ དེར་བརྟེན་དཔའ་བོ་མཁའ་འགྲོ་དང་༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས༔ བསྟན་སྲུང་ཞིང་སྐྱོང་གནས་ཡུལ་བདག༔ མ་ལུས་འཁོར་དང་བཅས་པ་ཀུན༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ དབུ་སྐྲ་ཐོར་གཙུག་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟར་བུ་ད་ལ་ལ༔ ཕྱག་ཞབས་གདུབ་བུ་སི་ལི་ལི༔ དྲིལ་གཡེར་ཅོད་པན་པུ་རུ་རུ༔ འཇའ་དང་འོད་དུ་ཀྱི་ལི་ལི༔ སྐུ་དང་ཐིག་ལེ་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་དི་རི་རི༔ ཞབས་ཀྱིས་གར་སྟབས་ཤིགས་སེ་ཤིག༔ དྲི་ཞིམ་ངད་ལྡང་ཐུ་ལུ་ལུ༔ བརྡ་དང་བཤུད་པ་ཀྱུ་རུ་རུ༔ དངོས་གྲུབ་སྤྲིན་ཚོགས་འཐིབས་སེ་འཐིབ༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ ཕྱི་སྣོད་འཇིག་རྟེན་ཐམས་ཅད་ཀུན༔ ཧེ་རུའི་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་ཁང་གཞལ་ཡས་དམ་པ་འདི༔ རབ་འཇིགས་དྲག་པོའི་དལ་དུ་རློབས༔ སྒྲུབ་རྫས་དཀྱིལ་འཁོར་བཀོད་པ་འདི༔ ལྷུན་གྲུབ་རྫོགས་པའི་དལ་དུ་རློབས༔ བདག་ཅག་སྒྲུབ་མཆོག་མཆེད་ལྕམ་ཀུན༔ དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གསུང་གི་བྱིན་གྱིས་རློབས༔ ཡིད་ལ་ཐུགས་ཀྱི་བྱིན་གྱི་རློབས༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི༔ སྐུ་གསུང་ཐུགས་དང་དབྱེར་མེད་པར༔ མཉམ་ཉིད་བདེ་ཆེན་ངང་རྒྱས་ཐོབ༔ ཚོགས་རྫས་བདུད་རྩིའི་རོལ་པར་བསྒྱུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧྱ་གྲཱི་ཝ་བཛྲ་ཀཱི་ལི་ཀཱི་ལ་མ་མ་ཡོ་གི་ནི་བཛྲ་མ་ཧཱ་གུ་རུ་བཛྲ་པཱ་ཎི་སརྦ་དུཥྚན་ཨེ་ཛ་བྷྱོ་ཁྲོཾ་ག་རུ་ཌ་སརྦ་ས་མ་ཡ༔ དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་ཨ་རལླི་ཕེཾ་ཕེཾ༔ དེ་ནས་ཕྱི་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ བདེ་སྟོང་ཡེ་ཤེས་རྟོགས་པའི་རྩལ༔ ཀུན་སྣང་མཁའ་འགྲོའི་རོལ་པར་ཤར༔ རྒྱལ་བའི་དགྱེས་པ་བསྐྱེད་མཛད་མ༔ མེ་ཏོག་བདུག་པ་མར་མེ་དྲི༔ ཞལ་ཟས་རོལ་མོ་སྙན་པའི་དབྱངས༔ ཀུན་ནས་རྣམ་པ་ཐམས་ཅད་པ༔ མཆོད་པའི་སྤྲིན་དཔུང་རབ་ཏུ་གཡོ༔ རྒྱལ་བའི་དཀྱིལ་འཁོར་མཉེས་ཕྱིར་འབུལ༔ ཨོཾ་བཛྲ་པུཥྤེ་ཧཱུྃ༔ ཨོཾ་བཛྲ་དྷུཥྤེ་ཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཨོཾ་བཛྲ་གནྡྷེ་ཧཱུྃ༔ ཨོཾ་བཛྲ་ནཻ་ཝིདྱ་ཧཱུྃ༔ ཨོཾ་བཛྲ་ཤཔྡ་ཧཱུྃ༔ དེ་ནས་ནང་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ གཟུང་འཛིན་རྟོག་པ་རྣམ་དག་པ༔ འདོད་ཡོན་ལྷ་མོའི་རོལ་གར་བསྒྱུར༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ ཆོས་ཀྱི་ལྷ་མོ་བདེ་བའི་དབྱིངས༔ ལྷ་ཚོགས་དགྱེས་པ་བསྐང་བའི་ཕྱིར༔ གུས་པ་ཆེན་པོས་འབུལ་ལགས་ན༔ ཞེན་འཛིན་བྲལ་བས་དབྱིངས་སུ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་རཱུ་པ་ཧཱུྃ༔ ཨོཾ་བཛྲ་ཤཔྡ་ཧཱུྃ༔ ཨོཾ་བཛྲ་གནྡྷེ་ཧཱུྃ༔ ཨོཾ་བཛྲ་རཱ་ས་ཧཱུྃ༔ ཨོཾ་བཛྲ་སྤཪྴེ་ཧཱུྃ༔ ཨོཾ་བཛྲ་དྷརྨ་ཧཱུྃ༔ དེ་ནས་གསང་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་སྟོང་གཉིས་སུ་མེད་པའི་དབྱིངས༔ བདེ་བ་ཆེན་པོའི་ཡེ་ཤེས་རྩལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི༔ ཕྱག་རྒྱའི་རོལ་གར་ཅིར་ཡང་བསྒྱུར༔ རྡོ་རྗེ་མེ་ལོང་རྔ་ཟླུམ་དང་༔ པི་ཝཾ་གླིང་བུ་རྫ་རྔ་ཐོགས༔ བདེ་ཆེན་ཡེ་ཤེས་བསྐྱེད་པར་བྱེད༔ དཀྱིལ་འཁོར་དགྱེས་པ་བསྐང་ཕྱིར་འབུལ༔ ཨོཾ་བཛྲཱ་དཪྴེ་ཧཱུྃ༔ ཨོཾ་བཛྲ་མུརྫེ་ཀ་ཧཱུྃ༔ ཨོཾ་བཛྲ་ཝི་ནི་ཧཱུྃ༔ ཨོཾ་བཛྲ་ཝཾ་སེ་ཧཱུྃ༔ ཨོཾ་བཛྲ་མུ་རན་ཙེ་ཧཱུྃ༔ དེ་ནས་བདུད་རྩི་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ བདེ་སྟོང་བྷནྡྷའི་སྣོད་ནང་དུ༔ རང་གསལ་དམ་རྫས་བདུད་རྩི་འཁྱིལ༔ མཆོད་པའི་ལྷ་མོའི་རོལ་གར་བཅས༔ གསང་འདུས་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་འདོད་ཡོན་ཆོས༔ བདེ་སྟོང་ཚོགས་ཀྱི་འཁོར་ལོར་ཤར༔ འདོད་ཡོན་མི་ཟད་གཏེར་ཆེན་པོ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ༔ བཀའ་སྡོད་སྒྱུ་འཕྲུལ་སྲུང་མར་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བདག་ཅག་མ་རིག་ལུས་ངག་སེམས༔ ཉོན་ཤེས་སྒྲིབ་པས་ཟིལ་མནན་ཏེ༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཚིག་ལས༔ འདས་ཉམས་ཞིག་རལ་ཅི་མཆིས་པ༔ མི་འཆབ་མི་སྦེད་གནོང་ཞིང་འགྱོད༔ ག་ཎ་ཚོགས་ཀྱི་འཁོར་ལོས་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ག་ཎ་ཙཀྲ་ཧེ་རུ་ཀ་སཏྭ་ས་མ་ཡ༔ སོགས་ཚང་བར་བརྗོད༔ དེ་ནས་བསྒྲལ་བའི་ལས་ལ་ནི༔ ཐོག་མར་གསལ་བ་གསུམ་ལྡན་ངང་༔ ཧཱུྃ༔ སྣང་སྲིད་དུར་ཁྲོད་གཞལ་ཡས་ཁང་༔ གཟུགས་སྣང་དཔལ་ཆེན་ཧེ་རུའི་དལ༔ སྤྲུལ་པ་མཚོན་ཐུན་ཕོ་ཉ་འགྱེད༔ མ་བསྐྱེད་མ་གསལ་ཡེ་རྫོགས་ལྷ༔ རང་མདུན་ཨེ་ཡི་དཀྱིལ་འཁོར་ནི༔ གཟུང་འཛིན་རྒྱུ་རྐྱེན་གྱིས་བསྐྱེད་པའི༔ བདག་རྟོག་མ་རིག་དགྲ་དང་བགེགས༔ ཉམས་པ་བདུན་ལྡན་ངོ་བོར་དམིགས༔ ཕུར་པ་བཛྲ་ཀཱི་ལ་ཡ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྫོགས༔ ཁམས་གསུམ་སྒྲོལ་འདྲེན་ནུས་དབང་ཤོག༔ དེ་ནས་འགུགས་པའི་ལས་ནི༔ ཧཱུྃ༔ ཡང་དག་ལྷ་ཚོགས་ཐུགས་དམ་བསྐུལ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ཉམས་པ་བདུན་ལྡན་དགྲ་དང་བགེགས༔ ཁམས་གསུམ་སྲིད་པ་གར་གནས་ཀྱང༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་མགུལ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམ༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུག༔ ཟུངས་ཤིག་རྒྱོབ་ཅིག་གཟུགས་ལ་ཕོབ༔ དམིགས་པའི་རྟེན་དང་དབྱེར་མེད་མཛོད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཨཾ་ཀུ་ཤ་ཡ་ཛ་ཛཿདེ་ནས་དབྱེ་བའི་ལས་ནི༔ ཧཱུྃ༔ འཇམ་དཔལ་ལྷ་ཚོགས་ཐུགས་དམ་བསྐུལ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ཉམས་པ་བདུན་ལྡན་དགྲ་དང་བགེགས༔ སྐྱོབ་པར་བྱེད་པའི་ལྷ་དང་ཕྲོལ༔ ཕུང་བརླག་བྱེད་པའི་འདྲེ་དང་སྤྲོད༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨ་ནྲྀ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ དགྲ་བགེགས་སྐྱོབ་བྱེད་ཀྱི་ལྷ་དང་ཕྱེས་ཕྱེས༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བཅིང་བའི་ལས་ནི༔ ཧཱུྃ༔ དབང་ཆེན་ལྷ་ཚོགས་ཐུགས་དམ་བསྐུལ༔ སྤྲུལ་པ་འགྱེད༴མཐུ་རྩལ་བྱུང་༴ཉམས་པ་བདུན༴ལུས་ངག་ཡིད་གསུམ་བྱད་དུ་ཆུག༔ འཕར་ལྡང་གཡོ་མེད་དམ་རྒྱས་ཐོབ༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་ཨ་པ་ན་ཡེ་ཨ་པ་ན་ཡེ་ཧཱུྃ་བྷྱོ་ཕཊ༔ དེ་ནས་སྨྱོ་རུ་གཞུག་པ་ནི༔ ཧཱུྃ༔ ཕུར་པའི་ལྷ་ཚོགས་ཐུགས་དམ་བསྐུལ༔ སྤྲུལ་པ་འགྱེད༴མཐུ་རྩལ་བྱུང་༴ཉམས་པ་བདུན༴སྨྱོས་ཤིང་བརྒྱལ་ནས་རེང་དུ་ཆུག༔ མཐུ་སྟོབས་ནུས་པ་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ དེ་ནས་བསྒྲལ་བ་དངོས་ནི༔ ཧཱུྃ༔ ཆེ་མཆོག་ལྷ་ཚོགས་ཐུགས་དམ་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ ཉམས་པ་བདུན་ལྡན་དགྲ་དང་བགེགས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ འཁྲུལ་མེད་ངང་དུ་གདིང་ཐོབ་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་དུས་མཐའི་འགོང་ནག་བསྟན་པའི་རཱུ་ཏྲ་གདུག་པ་མེ་ལྟར་འབར་བ་ཆུ་ལྟར་ཁོལ་བ་རླུང་ལྟར་འཚུབས་པ་མཐའ་དམག་དུས་འཁྲུགས་ནད་མཚོན་མུ་གེ་གཏོང་བའི་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད་བྷྱོ༔ རྦད་སོད༔ རྦད་ནན༔ མཱ་ར་ཡ་ཕཊ༔ དེ་ནས་བསྟབ་པ་ནི༔ དོན་ལྔས་བསྟན་ཏེ༔ སྒྲོལ་གྲི་འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་ལ༔ ཧཱུྃ༔ རྦོད་གཏོང་ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ངང་ཉིད་ཆོས་ཀྱི་དབྱིངས་ཉིད་ལས༔ ཡེ་ཤེས་སྒྱུ་འཕྲུལ་ཕོ་ཉ་འགྱེད༔ མི་སྲུན་དྲག་མོའི་ཆ་ལུགས་ལ༔ གསེར་གྱི་སྤུ་གྲི་འབར་བ་ཐོགས༔ གཅིག་ལས་བརྒྱ་སྟོང་དུ་མ་འགྱེད༔ ཤེས་རབ་གཟིག་གི་ཤམ་ཐབས་དང་༔ བདེ་ཆེན་མི་ལྤགས་གཡང་གཞི་གསོལ༔ ཉམས་པ་བདུན་ལྡན་དགྲ་བགེགས་ཀྱི༔ མགོ་ལུས་ཡན་ལག་དུམ་བུར་གཏུབ༔ ཤ་ཁྲག་རུས་པ་ཕྱེ་མར་འཐོག༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ཏི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕྱེ་མ་ཕྱེ་མ་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ གཟུགས་ཕུང་ཕྱེ་མར་འཐག་པའི་ལིང་རོ་ནི༔ ཐབས་ཤེས་ལྟོ་སྦྱོར་གྱི་བར་དུ་བླུགས་ནས་དམིགས་པ་དང་བཅས་ཏེ་འདི་སྐད་དོ༔ ཧཱུྃ༔ རིག་འཛིན་ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ངང་ཉིད་བདེ་ཆེན་སྒྱུ་མའི་འཕྲུལ༔ ཐབས་མཆོག་རྡོ་རྗེ་འཐག་བྱེད་དང་༔ ཤེས་རབ་ཁམས་གསུམ་རོལ་བྱེད་ཡུམ༔ གཉིས་མེད་ཡེ་ཤེས་ཕྱག་རྒྱར་བཞེངས༔ མི་སྲུན་གདུག་པ་རབ་འཇིགས་སྐུ༔ དུར་ཁྲོད་ཆས་རྣམས་མ་ལུས་རྫོགས༔ སྟོང་ཆེན་བྷ་ག་ཨེ་ཡི་མཁར༔ གཟུང་འཛིན་རཱུ་དྲའི་ཕུང་ཁམས་སྦྱོར༔ ཐབས་མཆོག་ཧེ་རུའི་རྡོ་རྗེས་བརྡུང་༔ རྩ་གནས་རྒྱལ་བའི་དཀྱིལ་འཁོར་མཆོད༔ བདུད་རྩི་དཀར་དམར་འདྲེས་པ་ཉིད༔ བདེ་ཆེན་བྷནྡྷའི་སྣོད་དུ་བསྐྱིལ༔ ཤ་རི་ཁྲག་གི་རྒྱ་མཚོར་འཁྱིལ༔ སྦྱོར་སྒྲོལ་སྤྱོད་པ་མཐར་ཕྱིན་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ སརྦ་ནྲྀ་ཏྲི་ཤ་ཏྲུཾ་ཨེ་ཝཾ་ཏ་ན་ག་ན་མ་ཧཱ་ཡོ་ཀྵ་ཧཱུྃ༔ དེ་ནས་བསྟབས་པ་ཆ་བཅུར་བྱས་ནས༔ ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་བ་ནི༔ ཧཱུྃ༔ མཆོད་བསྟོད་ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ངང་ཉིད་ཆོས་ཀྱི་དབྱིངས་ཉིད་ལས༔ རྡོ་རྗེ་གིང་ཆེན་ཕོ་མོ་སྤྲོས༔ ཕྱག་ཞབས་གར་སྟབས་བྲོ་གར་བསྒྱུར༔ བསྟན་དགྲའི་ཤ་ཁྲག་ཕུང་པོ་ཁམས༔ སྐྱེ་མཆེད་དོན་སྙིང་བཅས་པ་ཀུན༔ དཔལ་ཆེན་ཆེ་མཆོག་ཡོན་ཏན་ལྷ༔ འཇམ་དཔལ་སྐུ་དང་པདྨ་གསུང་༔ ཡང་དག་ཐུགས་མཆོག་ཧེ་རུ་ཀ༔ ཕུར་པ་ཕྲིན་ལས་ལྷ་ཚོགས་དང་༔ རྦོད་གཏོང་བླ་མ་རིག་འཛིན་དང་༔ མཆོད་བསྟོད་དྲག་སྔགས་སྲུང་མར་བཅས༔ དཔལ་ཆེན་ལྷ་ཚོགས་ཞལ་དུ་བསྟབས༔ གནམ་ས་ཙམ་གྱི་ཞལ་གདངས་ལ༔ གངས་རི་ལྟ་བུའི་མཆེ་བ་གཙིགས༔ ལྗགས་ནི་གློག་དམར་བཞིན་དུ་འཁྱུགས༔ འགགས་མེད་བདེ་ཆེན་མགྲིན་པར་བརྒྱུད༔ ཆོས་ཉིད་སྟོང་པའི་ལྟོ་བར་བྲུབ༔ འཁྲུལ་མེད་དབྱིངས་སུ་གདིང་ཐོབ་ནས༔ བདེ་ཆེན་སངས་རྒྱས་ས་རུ་སྦྱོར༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ དྲིལ་སྔགས་ཤམ་དུ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་རྩ་ཁུག་ལ་ཁཱ་ཧི༔ མ་ཧཱ་པགས་ཙ་ལ་ཁཱ་ཧི༔ མ་ཧཱ་གནྡྷ་ལ་ཁ་རཾ་ཁཱ་ཧི༔ ལྷ་ཚོགས་རྣམས་དགྱེས་པ་བསྐང་བར་བསམ་ལ༔ སླར་ཡང་དགོངས་པ་ཆོས་ཉིད་དབྱིངས་སུ་བསྐང་བའི་མཆོད་པ་ནི༔ ཧཱུྃ༔ དྲག་སྔགས་ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ སྣ་ཚོགས་གར་གྱི་རྣམ་འགྱུར་ངོམས༔ དཔལ་ཆེན་ལྷ་ཚོགས་འཁོར་བཅས་ཀྱི༔ སྐུ་ཡི་དགྱེས་པ་དབྱིངས་སུ་བསྐང་༔ གྲགས་སྟོང་བརྗོད་བྲལ་འཛབ་ཀྱི་རྒྱུན༔ ངག་རླུང་འཇིག་མཛད་སྐྱེ་མེད་གདངས༔ དཔལ་ཆེན་ལྷ་ཚོགས་འཁོར་བཅས་ཀྱི༔ གསུང་གི་དགྱེས་པ་དབྱིངས་སུ་བསྐང་༔ སྐྱེ་འགགས་མཐའ་བྲལ་འོད་གསལ་ཐུགས༔ རྨོངས་པའི་དྲྭ་བ་རྣམས་པར་འཇོམས༔ ཤེས་རབ་ཡེ་ཤེས་མེ་བོ་ཆེའི༔ དཔལ་ཆེན་ལྷ་ཚོགས་འཁོར་བཅས་ཀྱི༔ ཐུགས་ཀྱི་དགྱེས་པ་དབྱིངས་སུ་བསྐང་༔ མི་འགྱུར་བདེ་ཆེན་དོན་དམ་དབྱིངས༔ མ་འགགས་ཞི་ཆགས་ཁྲོ་གར་བསྒྱུར༔ ཐུགས་རྗེའི་སྒྱུ་འཕྲུལ་བཀོད་པ་ངོམས༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ ཡེ་ཁྱབ་གདོད་མའི་གཞི་ལ་རྫོགས༔ རང་ངོ་ཤེས་པའི་ངང་དུ་བསྐང་༔ གཉིས་མེད་དོན་གྱི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ མ་ཧཱ་ཡོ་ག་སརྦ་སིདྡྷི་ཧཱུྃ༔ དེ་ནས་ཚོགས་ཀྱི་དངོས་གྲུབ་ལ་རོལ་པ་ནི༔ ཧཱུྃ༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ རྩ་ཁམས་དཔའ་བོ་མཁའ་འགྲོའི་ཚོགས༔ ཡེ་ཤེས་བདུད་རྩིའི་ཚོགས་མཆོད་བཞེས༔ མཆོག་ཐུན་དངོས་གྲུབ་བདེ་བ་ཆེ༔ ཛྙཱ་ན་པཉྩ་སིདྡྷི་ཧོཿ ཡ་རྐན་དཔའ་བོ་རྟ་མགྲིན་མ་རྐན་རྡོ་རྗེ་ཕག་མོ་གཉིས་མཉམ་པར་སྦྱོར་བས༔ བདེ་སྟོང་གི་བདུད་རྩི་ཡེ་ཤེས་རླུང་གིས་དྲང་ཞིང་མེས་ཞུ་བ་ལས་བྱང་སེམས་དཀར་དམར་གྱི་རྒྱུན་བདེ་བ་ཆེན་པོའི་རང་བཞིན་དུ་བབ་པས་རྩ་ཁམས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་མཉེས་ཤིང་ཚིམས་པར་བསམ་ལ་དབང་བཞིའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་ཐིག་ལེ་དཀར་དམར་གཉིས་ཟུང་འཇུག་གི་རྫས་སུ་མོས་ལ༔ གནས་ལྔར་གཏུག་ཅིང་དབང་དོན་གྱི་ཡེ་ཤེས་ལ་མཉམ་པར་འཇོག་བཞིན་པ་ལས༔ ཐ་མལ་རང་རྒྱུད་དུ་མི་བལྟ་བ་ནི་གསང་སྔགས་ཀྱི་ཁྱེར་སོ་བླ་ན་མེད་པ་ཡིན་ནོ༔ དེའི་རྗེས་སུ་སྨོན་ལམ་གདབ་པ་ནི༔ ཧོཿ འདོད་ཡོན་མཆོད་པའི་མཆོག་ཆེན་པོ༔ ག་ཎ་ཚོགས་ཀྱི་འཁོར་ལོ་ཡིས༔ རྒྱལ་བའི་དཀྱིལ་འཁོར་རབ་མཉེས་ཤིང་༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ཚོགས་རྫོགས་སྒྲིབ་པ་ཀུན་བྱང་ཞིང་༔ ཧེ་རུ་ཀ་དཔལ་མངོན་གྱུར་ནས༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་སྲོག་སྙིང་ཕུལ༔ ལྷག་སྐྱོང་གནས་ཉུལ་མ་མོའི་ཚོགས༔ ལྷག་ལ་དབང་བ་འདིར་གཤེགས་ཤིག༔ བཛྲ་ས་མ་ཡ་ཛཿབྷྱོ༔ ཤར་ནས་གཤེགས་པའི་རྣལ་འབྱོར་བདུན༔ སྐུ་མདོག་དཀར་སྔོ་འཇིགས་པ་ལ༔ ལག་ན་ཞིང་གི་རྒྱལ་མཚན་ཐོགས༔ སྲིན་མོའི་ལུས་ལ་མགོ་བརྙན་ཅན༔ སྟོད་དུ་མི་ལྤགས་གཡང་གཞི་གསོལ༔ སྨད་ལ་མི་ལྤགས་གཡང་གཞི་དཀྲིས༔ སྤྲུལ་པ་ཡང་སྤྲུལ་བསམ་ཡས་འགྱེད༔ མ་ངེས་ཆོ་འཕྲུལ་གར་མཁན་མོ༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ ནད་གདོན་ཞི་བའི་ཕྲིན་ལས་མཛོད༔ བྷྱོ༔ ལྷོ་ནས་གཤེགས་པའི་རྣལ་འབྱོར་བདུན༔ སྐུ་མདོག་ལྗང་སེར་འཇིགས་པ་ལ༔ ལག་ན་ཞིང་༴སྲིན་མོའི་ལུས༴སྟོད་དུ་མི༴སྨད་ལ་མི༴སྤྲུལ་པ་ཡང་༴མ་ངེས་ཆོ༴འདིར་གཤེགས་ལྷག༴ཚེ་བསོད་རྒྱས་པའི་ཕྲིན་ལས་མཛོད༔ བྷྱོ༔ ནུབ་ནས་གཤེགས་པའི་རྣལ་འབྱོར་བདུན༔ སྐུ་མདོག་དམར་སྐྱ་འཇིགས་པ་ལ༔ ལག་ན་ཞིང་༴སྲིན་མོའི་ལུས༴སྟོད་དུ་མི༴སྨད་ལ་མི༴སྤྲུལ་པ་ཡང་༴མ་ངེས་ཆོ༴འདིར་གཤེགས་ལྷག༴ཁམས་གསུམ་དབང་སྡུད་ཕྲིན་ལས་མཛོད༔ བྷྱོ༔ བྱང་ནས་གཤེགས་པའི་རྣལ་འབྱོར་བདུན༔ སྐུ་མདོག་ལྗང་སེར་འཇིགས་པ་ལ༔ ལག་ན་ཞིང་༴སྲིན་མོའི་ལུས༴སྟོད་དུ་མི༴སྨད་ལ་མི༴སྤྲུལ་པ་ཡང་༴མ་ངེས་ཆོ༴འདིར་གཤེགས་ལྷག༴དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༴བྷྱོ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ༔ དཀར་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ ལག་ན་ཞིང་གི་རྔེའུ་ཆུང་བརྡུང་༔ རུས་རྒྱན་དྲིལ་གཡེར་ཁྲོ་ལོ་ལོ༔ སྣ་ཚོགས་སྤྲུལ་པ་བསམ་ཡས་འགྱེད༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ སངས་རྒྱས་བསྟན་པ་སྲུང་བ་དང་༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན༔ ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ༔ སེར་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ སྦ་ཡི་གླིང་བུ་ཀྱུ་རུ་རུ༔ རུས་རྒྱན་དྲིལ༴སྣ་ཚོགས་སྤྲུལ༴འདིར་གཤེགས་ལྷག༴སངས་རྒྱས་བསྟན༴ཞི་རྒྱས་དབང་༴ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ པདྨ་རིགས་ཀྱི་མཁའ་འགྲོ་འབུམ༔ དམར་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ ཞིང་གི་གཡང་གཞི་ས་ལ་རྡེབ༔ རུས་རྒྱན་དྲིལ༴སྣ་ཚོགས་སྤྲུལ༴འདིར་གཤེགས་ལྷག༴སངས་རྒྱས་བསྟན༴ཞི་རྒྱས་དབང་༴ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ ཀརྨ་རིགས་ཀྱི་མཁའ་འགྲོ་འབུམ༔ ལྗང་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ ཕྱག་གཉིས་དུར་མོ་ས་ལ་རྡེབ༔ རུས་རྒྱན་དྲིལ༴སྣ་ཚོགས་སྤྲུལ༴འདིར་གཤེགས་ལྷག༴སངས་རྒྱས་བསྟན༴ཞི་རྒྱས་དབང་༴ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་འབུམ༔ མཐིང་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ ཕྱག་གཉིས་ཞིང་ཆེན་མགོ་ལུས་ཕྲལ༔ རུས་རྒྱན་དྲིལ༴སྣ་ཚོགས་སྤྲུལ༴འདིར་གཤེགས་ལྷག༴སངས་རྒྱས་བསྟན༴ཞི་རྒྱས་དབང་༴ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ གིང་དང་ལང་ཀ་མ་མོ་བདུན༔ སྲིང་བཞི་འབར་མ་བརྒྱད་ལ་སོགས༔ ལྷག་ལ་དབང་བའི་ཚོགས་རྣམས་ཀུན༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་བཞེས༔ དཀྱིལ་འཁོར་མཐའ་འཛིན་བསྟན་པ་སྐྱོངས༔ ཞིང་བཅུ་དགྲ་ལ་བཀའ་ཆད་ཆོད༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ བདེ་དྲོད་རྟོགས་པ་མེ་ལྟར་སྦོར༔ འདུ་བ་གསུམ་གྱི་དངོས་གྲུབ་སྩོལ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་བཟློག༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོཿཛ་ཧྲཱིཾ་མ་མ་ཌཱ་ཀི་ནཱི་ཨུཙྪི་ཥྚ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་ཌཱ་ཀི་ནཱི་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་རཏྣ་ཌཱ་ཀི་ནཱི༴ཨོཾ་པདྨ་ཌཱ་ཀི་ནཱི༴ཨོཾ་ཀརྨ་ཌཱ་ཀི་ནཱི༴ཨོཾ་བུདྡྷ་ཌཱ་ཀི་ནཱི༴ཨོཾ་ས་མ་ཡ་ཌཱ་ཀི་ནཱི༴ཨོཾ་ལོ་ཀ་ཌཱ་ཀི་ནཱི༴ཨོཾ་བྷི་ཤ་ཌཱ་ཀི་ནཱི་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀས༔ གཉིས་མེད་རང་སྣང་དག་པའི་འཁོར་རྣམས་ལ༔ རང་གསལ་ཡེ་ཤེས་ཆོས་འཁོར་བསྐོར་བའི་ཚེ༔ འགྱུ་བྱེད་བཀའ་ཡི་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་༔ སངས་རྒྱས་བསྟན་དང་བསྟན་འཛིན་བསྲུང་བར་ཆད༔ ཡེ་གྲོལ་གཉུག་མའི་གཏོར་མ་འདི་བཞེས་ལ༔ འཁྲུལ་སྣང་གཞི་རུ་དག་པའི་ཕྲིན་ལས་མཛོད༔ དེ་འོག་གནམ་ལྕགས་འབར་བའི་རྩེ་མོ་རུ༔ རིག་སྟོང་མི་འགྱུར་རྡོ་རྗེ་སེམས་དཔའ་ཡིས༔ གསང་བའི་བདག་པོ་ལ་སོགས་འཁོར་རྣམས་ལ༔ གསང་སྔགས་ཕྱི་ནང་ཆོས་འཁོར་བསྐོར་བའི་ཚེ༔ ཡེ་ཤེས་འཇིག་རྟེན་སྲུང་མའི་ཚོགས་རྣམས་ཀྱིས༔ རང་རང་སྲོག་སྙིང་ཕུལ་ནས་དམ་ཆུ་འཐུང་༔ མི་འགྱུར་དབང་རྟགས་རྡོ་རྗེ་སྤྱི་བོར་བཅིངས༔ སངས་རྒྱས་བསྟན་དང་བརྒྱུད་འཛིན་བསྲུང་བར་ཆད༔ འདིར་གཤེགས་དམར་གྱི་གཏོར་མ་འདི་བཞེས་ལ༔ ཟབ་གསང་སྙིང་པོའི་བསྟན་དང་བསྟན་འཛིན་སྐྱོངས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ ཧཱུྃ་ཀཱར་ལ་སོགས་རིག་འཛིན་རྣམ་བརྒྱད་ཀྱིས༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཚོགས་བརྒྱད་ཡེ་ཤེས་ལྷ་རུ་བསྒྲུབ་པའི་ཚེ༔ དཔལ་གྱི་བཀའ་སྡོད་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག༴མི་འགྱུར་དབང་༴སངས་རྒྱས་བསྟན༴འདིར་གཤེགས་དམར༴ཟབ་གསང་སྙིང༴རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་གངས་ཅན་བོད་ཀྱི་གནས་ཡུལ་དུ༔ སློབ་དཔོན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་གིས༔ རང་སྣང་དག་པ་ལྷ་ཡི་དལ་ཞལ་ཕྱེས༔ གདུལ་བྱ་སྨིན་གྲོལ་ལམ་ལ་བཀོད་པའི་ཚེ༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག༴མི་འགྱུར་དབང༴སངས་རྒྱས་བསྟན༴འདིར་གཤེགས་དམར༴ཟབ་གསང་སྙིང༴རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་དུས་རྗེ་འབངས་རིག་འཛིན་ཚོགས་རྣམས་ཀྱིས༔ སྒྲུབ་གནས་མ་ངེས་གནས་ཡུལ་ཐམས་ཅད་དུ༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས༔ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་བསྒྲུབ་པའི་ཚེ༔ རང་རང་ལས་ཀྱི་གཉེར་འཛིན་མཐུ་དབང་བདག༔ དཔལ་གྱི་བཀའ་སྡོད་དམ་ཅན་ཚོགས་རྣམས་ཀྱིས༔ རང་རང་སྲོག༴མི་འགྱུར་དབང་༴སངས་རྒྱས་བསྟན༴འདིར་གཤེགས་དམར༴ཟབ་གསང་སྙིང་༴རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་རྩོད་ལྡན་སྙིགས་མའི་དུས་འདི་རུ༔ རིག་པ་མི་འགྱུར་ཆོས་ཉིད་ཀློང་རྡོལ་གྱིས༔ རང་སྣང་རྣམ་དག་སྐུ་གསུམ་དལ་ཞལ་ཕྱེས༔ ཆོས་ཅན་སྣང་བ་ཆོས་ཉིད་རྒྱ་ཡིས་བཏབ༔ ཟབ་གསང་སྙིང་པོའི་བཅུད་ལ་རོལ་བའི་ཚེ༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག༴མི་འགྱུར་དབང་༴སངས་རྒྱས་བསྟན༴འདིར་གཤེགས་དམ༴ཟབ་གསང་སྙིང་༴རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༴ད་ལྟ་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ གསང་ཆེན་འོད་གསལ་དག་པའི་དལ་ཞལ་ཕྱེས༔ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་སྒྲུབ་ཅིང་གནས༔ ཉོན་མོངས་ཡེ་ཤེས་ལྷ་རུ་སྨིན་པའི་ཚེ༔ དཔལ་གྱི་སྤྱན་སྔར་ཁས་བླངས་དམ་བཅས་པའི༔ མཐུ་ལྡན་བསྟན་སྲུང་དྲེགས་པའི་ཚོགས་རྣམས་ཀུན༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ སྒྲུབ་ལ་མཆོག་ཐུན་དངོས་གྲུབ་འབད་མེད་སྩོལ༔ སངས་རྒྱས་བསྟན་དང་དེར་འཛིན་སྡེ་རྣམས་སྐྱོངས༔ འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་ལེགས་ཚོགས་སྤེལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་གནོད་བྱེད་ཐུལ༔ ཁྱད་པར་སྨོན་ལོག་མཐའ་དམག་ཀླ་ཀློའི་སྡེ༔ རིགས་སྔགས་རྦོད་གཏོང་ནུས་སྟོབས་ལྷ་དང་བཅས༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་ནས་ཀྱང་༔ སངས་རྒྱས་བསྟན་པའི་མངའ་ཐང་གོང་འཕེལ་རྒྱས༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ཟབ་མོ་ཡི༔ བསྟན་པ་ཡུན་དུ་གནས་ཤིང་སྤེལ་བ་དང་༔ དེ་འཛིན་རྣལ་འབྱོར་སྡེ་རྣམས་རྟག་ཏུ་སྐྱོངས༔ གང་བཅོལ་ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབ༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ དེ་ནས་གཏོར་ཟོར་འཕེན་པ་ནི༔ ཧཱུྃ་བྷྱོ༔ ང་ནི་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ སྣང་སྲིད་འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔ དུས་གསུམ་སངས་རྒྱས་ཐམས་ཅད་ང་ཡི་ངང་༔ ཁམས་གསུམ་སེམས་ཅན་མ་ལུས་ང་ཡི་རྩལ༔ ལྷ་སྲིན་དྲེགས་པ་མ་ལུས་ང་ཡི་འཁོར༔ ང་ཡི་དབང་དུ་མ་བསྒྱུར་གང་ཡང་མེད༔ སྤྲུལ་པ་ཡང་སྤྲུལ་སྒྱུ་འཕྲུལ་བསམ་མི་ཁྱབ༔ གཅིག་ལས་དུ་མར་སྣང་བའི་ཆོ་འཕྲུལ་འགྱེད༔ སྣང་སྲིད་སྣོད་བཅུད་དཔལ་ཆེན་ཧེ་རུའི་ཞིང་༔ གྲགས་སྟོང་བརྗོད་བྲལ་རུ་ལུའི་སྔགས་སྒྲ་ལྡིར༔ གདོན་བགེགས་ལོག་འདྲེན་འབྱུང་པོ་དངངས་ཤིང་བརྒྱལ༔ ཐུགས་ཉིད་ཞི་ལ་འབར་བའི་ཉམས་བརྒྱ་ཡིས༔ མ་རིག་གཟུང་འཛིན་རྟོག་པ་དབྱིངས་སུ་འཇོམས༔ དེ་རིང་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ ཉམས་པ་བདུན་ལྡན་ཞིང་བཅུ་ཚར་བཅད་ནས༔ སངས་རྒྱས་བསྟན་པའི་མངའ་ཐང་རྒྱས་པར་བྱེད༔ ཧཱུྃ་བྷྱོ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ ཡེ་ཤེས་མཚོན་ཐུན་འབར་བ་ཡིས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ བྱད་ཕུར་རྦོད་གཏོང་རིགས་སྔགས་མཁན༔ མཐའ་དམག་དམ་སྲི་འབྱུང་པོའི་སྡེ༔ མེ་ལྟར་འབར་དང་ཆུ་ལྟར་ཁོལ༔ རླུང་ལྟར་འཚུབས་འཕྱོ་རྫས་འཕྲུལ་འགྱེད༔ སངས་རྒྱས་བསྟན་དང་བསྟན་འཛིན་དང་༔ འགྲོ་བ་ཡོངས་ལ་གནོད་བྱེད་པའི༔ སྟེང་དུ་དྲག་པོའི་ཟོར་འདི་ཡ༔ ཕུར་པའི་དབལ་ཟོར་ཤ་ར་ར༔ ཡུངས་དཀར་ཐུན་རྡེབ་ཉི་ལི་ལི༔ ཁྲག་ཐུན་དམར་པོ་ཏ་ལ་ལ༔ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུགས༔ སྣ་ཚོགས་དུག་ཐུན་སྤྲིན་ལྟར་གཡོ༔ མཚོན་ཐུན་རྣོ་ངར་ཧྲ་ལ་ལ༔ མདའ་ཐུན་བུ་ཡུག་འཚུབས་སེ་འཚུབ༔ རྡོ་ཐུན་རྦད་ལྟར་ཧྲི་ལི་ལི༔ དཔལ་གྱི་གཏོར་ཐུན་ཐོག་ལྟར་འབེབས༔ སྡང་བའི་དགྲ་ལ་ཟོར་འདི་ཡ༔ གནོད་པའི་བགེགས་ལ་ཟོར་འདི་ཡ༔ རིགས་སྔགས་མཁན་ལ་ཟོར་འདི་ཡ༔ རྦོད་གཏོང་མཁན་ལ་ཟོར་འདི་ཡ༔ དགྲ་དཔུང་བདུན་བརྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་བཞིན་རློག༔ གནོད་བྱེད་ནུས་པ་ཉམས་པར་མཛོད༔ དུས་གསུམ་རྒྱལ་བ་མཐུ་མ་ཆུང་༔ བཀའ་སྲུང་དམ་ཅན་ཐུགས་མ་གཡེལ༔ རྣོ་བའི་མཚོན་ཆ་ངར་མ་ཞན༔ དྲག་སྔགས་མཐུ་སྟོབས་ནུས་མ་རྡུགས༔ མཐའ་དམག་དུས་འཁྲུགས་ཡོ་ལང་མཁན༔ སྣ་འདྲེན་སྡོང་ཟླ་བཅས་པ་རྣམས༔ བྲག་དམར་ཐོག་གིས་བཤིག་བཞིན་ཐོངས༔ རྩྭ་ཕུང་མེ་ཡིས་བསྲེགས་བཞིན་ཐོངས༔ ས་མཁར་རྒྱོག་རྡོས་གཏོར་བཞིན་ཐོངས༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་གནོད་བྱེད་དགྲ་བགེགས་ལོག་འདྲེན་བྱད་ཕུར་རྦོད་གཏོང་གཡུལ་འགྱེད་མཁན་མཐའ་དམག་དུས་འཁྲུགས་འབྱུང་པོ་རླུང་ལྟར་འཚུབས་པ་ཆུ་ལྟར་ཁོལ་བ་མེ་ལྟར་འབར་བ་རྫས་ངན་འཕྲུལ་འགྱེད་མཁན་རྣམས་ཀྱི་བླ་ཚེ་སྲོག་གི་སྟེང་དུ་ཐུན་ཡ་ཐུན་ཡ་ཟོར་ཡ་ཟོར་ཡ་ཕོབ་ཛ་རྦད་སོད་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད་སོད༔ ཅེས་སྣང་སྲིད་སྟོང་ཉིད་ཆེན་པོར་འབྱམས་སུ་ཀླས་པའི་ལྟ་བས་གཞི་བཟུང་༔ སྣང་སྲིད་ལྷ་སྐུར་རྫོགས་པའི་བསྒོམ་པས་གདིང་བསྐྱེད༔ སྤྲུལ་པ་མཚོན་དང་ཕོ་ཉར་ཤར་བའི་སྤྱོད་པས་ལས་འགྱེད༔ གནོད་བྱེད་མིང་མེད་དུ་བརླག་པས་འབྲས་བུ་རྒྱལ་པོའི་ས་བཟུང་བ་ནི་གནད་དམ་པའོ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་དོན་གཏོར་མ་འབུལ་བ་ནི༔ ཧཱུྃ་བྷྱོ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གི༔ སྤྱན་སྔར་སྲོག་གི་སྙིང་པོ་ཕུལ༔ རྡོ་རྗེ་དམ་ཚིག་མནའ་ཆུ་འཐུང་༔ དབང་རྟགས་རྡོ་རྗེ་སྤྱི་བོར་བཅིངས༔ དབང་གི་སྨིན་གྲོལ་ལམ་དུ་བཀོད༔ བསྟན་པ་བསྲུང་བར་གཉེར་བྱང་གཏད༔ འཇིག་རྟེན་འདས་ཀྱང་འཁོར་ཚུལ་འཛིན༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་མོ་བཞི་སྡེ་རང་རང་འཁོར༔ ལས་བྱེད་སྤྲུལ་པ་བསམ་མི་ཁྱབ༔ བརྟན་མ་ཡ་མ་སྐྱོང་མའི་ཚོགས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་བཞེས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོངས༔ ཟབ་གསང་སྙིང་པོའི་བསྟན་པ་སྤེལ༔ འཇིག་རྟེན་ཁམས་སུ་ནད་མཚོན་དང་༔ མུ་གེ་དུས་འཁྲུགས་སྐལ་ངན་བཟློག༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ རྣལ་འབྱོར་བདེ་སྟོང་ཡེ་ཤེས་བསྐྱེད༔ སྒྲུབ་ལ་དངོས་གྲུབ་འབྱུང་བ་དང་༔ པདྨའི་བརྒྱུད་འཛིན་རྟག་ཏུ་སྐྱོངས༔ མཐའ་མི་དབུས་སུ་མ་བཏང་བར༔ བོད་ཁམས་བདེ་བའི་ཕྲིན་ལས་མཛོད༔ མ་མ་ལ་ལ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་མ་བྷྱོ་ཛ་ཧྲཱིཾ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ་བྷྱོ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ གནོད་བྱེད་དམ་སྲི་རྒབ་འདྲེ་དང་༔ ལོག་པར་འདྲེན་པའི་ཚོགས་རྣམས་ཀུན༔ སྲིད་པ་རླུང་གི་འཁོར་ལོར་བསྐྱོན༔ འཆི་བདག་གདུག་པའི་གྲེ་བར་བཙུད༔ རི་རབ་ས་ཡི་འོག་ཏུ་མནན༔ འབྱུང་བ་བཞི་ཡི་དམ་རྒྱས་གདབ༔ སྟེང་དུ་ཁྲོ་བོའི་དཀྱིལ་འཁོར་བཞེངས༔ ཡེ་ཤེས་རྔམས་པས་རྟ་བྲོ་བརྡུང་༔ དུག་ལྔ་ཡེ་ཤེས་ལྔ་རུ་བྲུབ༔ སྐུ་གསུམ་རྫོགས་པའི་བྲོ་བརྡུང་ངོ་༔ དུག་གསུམ་ཆོས་ཉིད་ཀློང་དུ་བྲུབ༔ བྲོ་ནི་སྟོང་པ་ཉིད་ཀྱི་བྲོ༔ གླུ་ནི་འགགས་མེད་རྡོ་རྗེའི་གླུ༔ གར་ནི་ཆོས་ཉིད་རོལ་པའི་གར༔ རྡོ་རྗེའི་གླུ་ལེན་བྲོ་བརྡུང་བས༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་བཏང་བར་མི་བྱའོ༔ བདེ་ཉམས་སྐྱེས་ནས་ཞེན་མེད་ངང་༔ འཕར་ལྡང་གཡོ་འགུལ་མེད་པར་གྱུར༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྭཱ་ལཾ༔ ཧཱ་ལཾ༔ ཧྲཱི་ལཾ༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔  ཧོཿ  དཔལ་ཆེན་ལྷ་ཚོགས་དགོངས་སུ་གསོལ༔ བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམས༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བ༔ རྡོ་རྗེ་གསུམ་གྱི་དངོས་གྲུབ་སྩོལ༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ནས༔ བསོད་ནམས་དཔལ་གྱི་དངོས་གྲུབ་སྩོལ༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ༔ ཕུར་པ་ཕྲིན་ལས་དཀྱིལ་འཁོར་ནས༔ རྫུ་འཕྲུལ་སྟོབས་ཀྱི་དངོས་གྲུབ་སྩོལ༔ མ་མོ་རྦོད་གཏོང་དཀྱིལ་འཁོར་ནས༔ བཟློག་བྱེད་ལས་ཀྱི་དངོས་གྲུབ་སྩོལ༔ རིག་འཛིན་སློབ་དཔོན་དཀྱིལ་འཁོར་ནས༔ འོད་གསལ་མཆོག་གི་དངོས་གྲུབ་སྩོལ༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ནས༔ དྲེགས་པ་བྲན་ཁོལ་དངོས་གྲུབ་སྩོལ༔ དམོད་པ་དྲག་སྔགས་དཀྱིལ་འཁོར་ནས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩོལ༔ ཆེ་མཆོག་ཡོན་ཏན་དཀྱིལ་འཁོར་ནས༔ མི་འཇིགས་སྟོབས་ཀྱི་དངོས་གྲུབ་སྩོལ༔ ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ནས༔ ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ལས་བྱེད་ཕོ་ཉའི་དཀྱིལ་འཁོར་ནས༔ རབ་འབྱམས་ཕྲིན་ལས་དངོས་གྲུབ་སྩོལ༔ གདོད་ནས་ཡེ་ཤེས་བདེ་བ་ཆེ༔ དཔལ་ཆེན་ལྷ་ཚོགས་སྐུ་གསུང་ཐུགས༔ རང་དང་འདུ་འབྲལ་མེད་པར་རྫོགས༔ ལྷ་སྐྱེས་ཡེ་ཤེས་དངོས་གྲུབ་སྩོལ༔ བསྐུར་ཐོབ་བྲལ་བར་ཨ་ལ་ལ༔ དཔལ་དགུའི་སྔགས་ཤམ་རེ་བཞིན་དུ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿདེ་ནས་བཤགས་པ་བྱ་བ་ནི༔  ཧོཿ  བདེ་གཤེགས་འདུས་པའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་མ་རིག་བག་མེད་དབང་གྱུར་ཏེ༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་༔ ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་སོགས༔ བསྒྲུབ་པ་གཞུང་བཞིན་མ་ལྡན་འགལ་འཁྲུལ་ལས༔ ལྷ་མ་གསལ་ཞིང་བཟླས་པ་ཟུར་ཆག་ཉམས༔ ཏིང་འཛིན་བྱིང་རྨུགས་འཐིབས་གསུམ་དབང་དུ་གྱུར༔ སྒྲུབ་རྫས་དཀྱིལ་འཁོར་ཚུལ་བཞིན་མ་འབྱོར་སོགས༔ སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཚང་བར་བརྗོད༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿ འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྒྱུན༔ ཟབ་གསལ་དམིགས་མེད་ཆོས་དབྱིངས་ཀློང་དུ་བསྔོ༔ གཉིས་འཛིན་འཁྲུལ་ངོར་འཐས་པའི་སེམས་ཅན་རྣམས༔ ཀ་དག་ཀུན་ཏུ་བཟང་པོར་སངས་རྒྱས་ཤོག༔ ལན་གསུམ༔ དེ་ནས་རྟག་པའི་མཐའ་བསལ་བ་ནི༔ ཧཱུྃ༔ བསྐྱེད་ཅིང་གསལ་བའི་དཀྱིལ་འཁོར་མ་ལུས་ཀུན༔ མཐའ་ནས་རིམ་བསྡུས་གཙོ་བོ་ཉིད་ལ་ཐིམ༔ ཡབ་ཡུམ་འོད་ཞུ་སྲོག་གི་སྙིང་པོར་བསྡུ༔ ཐུགས་སྲོག་རིམ་བསྡུས་ཟླ་ཚེས་ཐིག་ལེ་དང་༔ ཐིག་ལེ་ནཱ་ད་དམིགས་མེད་ཆོས་ཀྱི་དབྱིངས༔ མཐའ་དབུས་མེད་པར་འོད་གསལ་འབྱམས་བརྡལ་ཀླས༔ གང་ཡང་མི་དམིགས་དེ་བཞིན་ཉིད་དུ་ཨཱཿདེ་ནས་ཆད་མཐའ་བསལ་བ་ནི༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་མདངས་ལས་ཐུགས་རྗེའི་རྩལ༔ ཧེ་རུ་ཀ་དཔལ་ཞལ་གཅིག་ཕྱག་གཉིས་པ༔ སྣང་སྟོང་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན༔ ཤེས་རབ་སྟོང་ཆེན་དམིགས་མེད་ཡུམ་དང་འཁྲིལ༔ ཡོན་ཏན་ལྷུན་རྫོགས་དུར་ཁྲོད་དཔལ་ཆས་རྫོགས༔ ཡེ་ཤེས་རབ་འབར་མེ་དཔུང་ཀློང་དུ་བཞུགས༔ འཁོར་ལོ་གསུམ་དུ་ཞི་ཁྲོ་དཀྱིལ་འཁོར་རྫོགས༔ གནས་གསུམ་ཟླ་བ་པདྨ་ཉི་མའི་གདན༔ རྡོ་རྗེ་གསུམ་གྱི་སྙིང་པོ་གསལ་བ་ལས༔ འོད་ཟེར་འཕྲོ་འདུས་རྒྱལ་ཀུན་བྱིན་རླབས་བསྡུས༔ རང་གི་གསང་གསུམ་ཡེ་ཤེས་ལྷ་རུ་སྦྱོར༔ མི་འགྱུར་མི་ཤིགས་རྡོ་རྗེའི་གོ་ཁྲབ་བགོ༔ གཞོམ་མེད་ཐིག་ལེ་ཆེན་པོར་ལྷུན་གྱིས་གྲུབ༔ ཉོན་མོངས་རྣམ་རྟོག་གདོན་གྱི་གླགས་མི་རྙེད༔ ཨོཾ་བཛྲ་ཀཱ་ཡ་ཙཀྲ་རཀྵ་རཀྵ་ཧཱུྃ༔ ཨཱཿབཛྲ་ཝཱཀ་ཙཀྲ་རཀྵ་རཀྵ་ཧཱུྃ༔ ཧཱུྃ་བཛྲ་ཙིཏྟ་ཙཀྲ་རཀྵ་རཀྵ་ཧཱུྃ༔ གནས་ལྔར་རྡོ་རྗེའི་འདུ་བྱེད་ཀྱིས་རྒྱ་བཅས་ཏེ༔ ཨོཾ་ཏྲུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ ཧྲཱི་ཏྲཱུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ ཧཱུྃ་ཏྲཱུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ ཏྲཱཾ་ཏྲཱུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ ཧཱ་ཏྲུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ མི་འགྱུར་མི་ཤིགས་བཅོམ་ལྡན་འདས༔ ངོ་བོ་རང་བཞིན་ཐུགས་རྗེའི་བདག༔ བྱ་རྩོལ་བློ་ལས་འདས་པའི་དབྱིངས༔ འོད་གསལ་ཆོས་སྐུའི་བཀྲ་ཤིས་ཤོག༔ འོད་ལྔ་ལྷུན་གྲུབ་རྫོགས་པའི་དབྱིངས༔ ཡེ་ཤེས་ལྔ་རྫོགས་བཅོམ་ལྡན་འདས༔ སྐུ་དང་ཡེ་ཤེས་ལྷུན་གྲུབ་དཔལ༔ རང་བཞིན་ལོངས་སྐུའི་བཀྲ་ཤིས་ཤོག༔ ཐུགས་རྗེ་ཟབ་གསལ་གཉིས་མེད་དབྱིངས༔ མཁྱེན་གཉིས་ལྷུན་རྫོགས་བཅོམ་ལྡན་འདས༔ གང་ལ་གང་འདུལ་སྤྲུལ་པ་ངོམས༔ རྡོ་རྗེ་སེམས་དཔའི་བཀྲ་ཤིས་ཤོག༔ ཚོགས་བརྒྱད་གནས་སུ་དག་པའི་དབྱིངས༔ ཡེ་ཤེས་དགུ་རྫོགས་བཅོམ་ལྡན་འདས༔ ཞི་དང་ཁྲོ་བོའི་སྒྱུ་འཕྲུལ་ངོམས༔ དཔལ་ཆེན་ལྷ་ཚོགས་བཀྲ་ཤིས་ཤོག༔ བདག་ཅག་སྒྲུབ་མཆོག་མཆེད་ལྕམ་དྲལ༔ ཚེ་སྒྲུབ་མཐའ་རུ་ཕྱིན་ནས་ཀྱང་༔ འོད་གསལ་ཆོས་སྐུའི་དགོངས་ཀློང་དུ༔ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག༔ དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་པའི༔ རྣལ་འབྱོར་དམ་པའི་བསོད་ནམས་ལམ༔ ཚོགས་ཀྱི་འཁོར་ལོ་འདིར་བརྩོན་ན༔ ཕྱི་ནང་བར་ཆད་རྐྱེན་ཀུན་ཞི༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་རྒྱས༔ རླུང་སེམས་སྣང་བ་དབང་དུ་འདུས༔ གཉིས་སྣང་ལོག་འདྲེན་དགྲ་བགེགས་འདུལ༔ བསམ་པའི་དོན་ཀུན་འབད་མེད་འགྲུབ༔ མཆོད་པའི་ལྷ་རྣམས་ཚོགས་ཀྱིས་ཚིམ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས༔ སྐྱེ་མཆེད་ལྷ་རྣམས་གླུ་ཡིས་ཚིམ༔ སྒོ་གསུམ་ཡེ་ཤེས་ལྷ་རུ་སྨིན༔ དཔའ་བོ་མཁའ་འགྲོ་བདུད་རྩིས་ཚིམ༔ མཆོག་ཐུན་དངོས་གྲུབ་འབད་མེད་ཐོབ༔ གནས་ཡུལ་ཞིང་སྐྱོང་མཆོད་པས་ཚིམ༔ འདུ་བ་གསུམ་གྱི་དངོས་གྲུབ་ཐོབ༔ བླ་མ་བདེ་སྟོང་བདུད་རྩིས་ཚིམ༔ དགོངས་རྒྱུད་བྱིན་རླབས་སྙིང་ལ་འཕོ༔ ཆོས་སྐྱོང་སྲུང་མ་གཏོར་མས་ཚིམ༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ དེ་ཕྱིར་བསོད་ནམས་ཐབས་ཆེན་པོ༔ ག་ཎ་ཙཀྲའི་འཁོར་ལོ་གཅེས༔ རྒྱུན་དུ་ཉམས་ལེན་སྙིང་པོར་དྲིལ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ རང་རིག་ཡེ་ཤེས་ཆོ་འཕྲུལ་ཏེ༔ རྩལ་སྣང་རྒྱན་གྱི་ཆོས་སོ་ཅོག༔ ཚོགས་ཀྱི་འཁོར་ལོར་བསྡུས་བསྟིམ་འབུལ༔ ཉམས་ཆག་རྟོག་སྒྲིབ་ཀུན་བྱང་ནས༔ ཕུང་ལྔ་གནས་དག་རིགས་ལྔར་འཕོས༔ འབྱུང་ཁམས་ཡུལ་ལྔར་རྣམ་དག་ཅིང་༔ ཚོགས་ཡུལ་སེམས་དཔའ་སེམས་མ་དང་༔ ཉོན་དྲུག་ཐུབ་པ་དྲུག་དང་སྦྱོར༔ མཐའ་བཞིའི་དྲི་མ་རང་སངས་ནས༔ སྒོ་བ་ཡབ་ཡུམ་བརྒྱད་དུ་དག༔ ཉོན་མོངས་ཕྲ་རགས་རྟོག་ཚོགས་ཀུན༔ ཡེ་ཤེས་ལྷ་ཡི་ངོ་བོར་སྨིིན༔ དེ་ཕྱིར་ཚོགས་གཉིས་རྫོགས་པའི་ལམ༔ རྣལ་འབྱོར་མཆོག་གི་ཉེ་ལམ་ཡིན༔ ས་མ་ཡ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ གསང་གསུམ་བཅུད་དུ་དྲིལ་ཞིང་སྙིང་པོའི་ཆོས༔ བཀའ་བརྒྱད་བདེ་གཤེགས་གསང་བ་འདུས་པ་ཡི༔ སྒྲུབ་པ་འདི་ནི་ཀུན་གྱི་བླ་ན་འཕགས༔ ཨོ་རྒྱན་བདག་ལ་འགྲོ་བའི་དོན་ལས་མེད༔ རྒྱུད་སྡེ་རྒྱ་མཚོའི་ཆོས་བཅུད་མ་ལུས་ཀུན༔ གཏེར་ཤོག་ངོས་སུ་བརྡ་ཡི་རིས་སུ་བཏབ༔ དགོངས་པ་མི་འགྱུར་གཟེར་གྱིས་རྒྱས་གདབ་ནས༔ སླར་ཡང་ནམ་མཁའ་རི་བྲག་མཚོ་ཆུ་སོགས༔ སྣང་དང་སྣང་མིན་རྣམས་སུ་གཏེར་དུ་སྦས་ལས་ལྡན་བུ་དང་འཕྲད་པའི་སྨོན་ལམ་འབྲས༔ སྙིགས་དུས་འགྲོ་བ་སྐྱོབ་པའི་དཔལ་དུ་བཞག༔ མི་བརྗེད་གཟུངས་ཐོབ་ཇོ་མོ་མཚོ་རྒྱལ་ཁྱོད༔ ཆོས་བཅུད་འདི་ཡང་རཱུ་ཏྲའི་སྙིང་ལྤགས་ངོས༔ བརྡ་ཡི་རིས་སུ་ཐོབ་ལ་གཏད་རྒྱ་གྱིས༔ སླར་ཡང་མདོ་ཁམས་ཟབ་མོ་སྒང་གི་ཕྱོགས༔ ཤྭ་བྲག་རྡོ་རྗེ་ཅན་མགུལ་གཏེར་དུ་སྦོས༔ པད་འབྱུང་བདག་ལས་མི་གཞན་རིག་པ་འཛིན༔ ཧེ་རུ་ཀ་དཔལ་བརྟུལ་ཞུགས་འཆོལ་བའི་ཚུལ༔ བཟུང་ནས་དངོས་དང་དངོས་མེད་གདུལ་བྱ་རྣམས༔ རྗེས་འཛིན་ཚར་གཅོད་ཕྲིན་ལས་རབ་འབྱམས་ལ༔ དབང་བསྒྱུར་ཆོས་ཉིད་རྩལ་སྣང་ཁྲོ་བོ་ལོད༔ བདུད་འཇོམས་རྡོ་རྗེ་ཉིད་དང་འདི་འཕྲད་ན༔ སྨོན་ལོག་དམ་སྲི་རྒོལ་བ་ཡོངས་གཞོམ་ཞིང་༔ ཆོས་འདིས་འཛམ་གླིང་ས་སྟེང་ཀུན་ཁྱབ་སྟེ༔ བྱེ་མའི་གྲངས་ཀྱི་འགྲོ་བ་འདྲེན་པར་ཤོག༔ བཀའ་འདི་བདུན་བརྒྱ་ཉེར་ལྔའི་སྲུང་མ་དང་༔ ཁྱད་པར་ཤན་དམར་གཟའ་བདུད་རཱ་ཧུ་ལ༔ མ་ཧཱ་དཱེ་ཝ་བདུད་མགོན་ཞིང་སྐྱོང་ཆེ༔ བཙན་རྒྱལ་སྐྱ་གཅིག་རྡོ་རྗེ་ལེགས་པ་སོགས༔ འཇིག་འདས་བསྟན་སྲུང་དྲེགས་པའི་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ སྐུར་འདེབས་ལོག་ལྟ་མཁན་ལ་གསང་རྒྱ་ཐོབ༔ དམ་ལྡན་སྐྱེས་བུ་རྣམས་ལ་གཏད་གཉེར་མཛོད༔ རྩོམ་གཞི་བུ་དང་འདྲ་མིན་འཆོས་པ་རྣམས༔ མིག་འབྲས་ཐང་ལ་བསྒྲིལ་ཞིང་སྙིང་ཁྲག་འཐུང་༔ ལས་མཛད་དྲེགས་པའི་ཚོགས་རྣམས་མཐུ་མ་ཆུང་༔ ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གཉེར་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་བདག་ཁྲག་འཐུང་ཆོས་ཉིད་ཀློང་རྡོལ་ཁྲོ་ལོད་རྩལ་སྣང་བདུད་འཇོམས་རྡོ་རྗེས་བསྐལ་པ་ས་མོ་ལུག་གི་ལོར་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་གྱི་མགུལ་ནས་ངོ་མཚར་བའི་ལྟས་དང་བཅས་ཏེ་གདན་དྲངས་ནས་མི་ལོ་དྲུག་ཅུའི་བར་དུ་བཀའ་རྒྱ་བྱས་མཐར་པདྨའི་ལུང་ཟིན་ཟབ་གཏེར་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བ་སྤྲུལ་པའི་སྐུ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ས་སྙིང་དང་རིན་ཆེན་གཉིས་པ་ཁ་ཏོག་སྣ་ཚོགས་བཀྲ་བའི་རེག་བྱ་དང་ཅང་ཏེའུ་རྡོ་རྗེ་དྲིལ་བུ་དམ་ཚིག་གི་རྟེན་དང་བཅས་ཏེ་ཡང་ཡང་བསྐུལ་ངོར་རཱུ་ཏྲའི་སྙིང་ལྤགས་བྱ་ཁྲའི་གཟུགས་ཅན་གྱི་བརྡ་རིས་ལས་ཞལ་བཤུས་པའི་ཚེ་ན་ནག་ཕྱོགས་ཐུལ་བའི་ལྟས་མཚན་ཁྱད་པར་ཅན་དུ་མ་དང་བཅས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ལུང་ཟིན་རིག་པའི་རྡོ་རྗེའི་རྣམ་འཕྲུལ་ཚུལ་ཁྲིམས་རྡོ་རྗེས་བགྱིས་པའོ།།དགེ་འདིས་དུས་མཐའི་འགོང་ནག་བདུད་ཀྱི་སྡེ་ཚོགས་རྨང་མེད་དུ་བརླག་ཅིང་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}}
ཐྂ༎༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ ག་ཎ་ཚོགས་ཀྱི་འཁོར་ལོ་གཅེས༔ སྒྲུབ་ཁང་བྱིན་ཆགས་ཉམས་དགའ་བར༔ ཞིང་ཆེན་ལྤགས་པ་གཅལ་བཀྲམ་སྟེང་༔ ཐབས་རྫས་མཆོག་ནི་ཞིང་ཆེན་ཤ༔ ཡང་ན་སྡིག་དང་མ་འདྲེས་ཤིང་༔ ནད་ཀྱི་འཚོ་བ་མ་ཞུར་པའི༔ དངོས་གཙང་བྷ་ལ་བཟང་པོ་ནི༔ བཙོས་དང་རློན་པ་གང་ཡང་རུང་༔ ཐབས་རྫས་ཡིན་ཕྱིར་གཡས་སུ་དགོད༔ རྣལ་ཐོད་མ་འདས་བཀང་བྱས་ནས༔ དཀར་གསུམ་སྤོད་ཀྱང་ལེགས་པར་གདབ༔ གྲོང་པའི་སྐྱོན་གྱིས་མ་གོས་པའི༔ ཁྱེའུ་བུ་མོ་གཙང་མ་ཡི༔ ཁུ་རྡུལ་དང་ནི་བདུད་རྩི་ལྔ༔ སེལ་མེད་མྱོང་གྲོལ་རྫས་ཀྱང་བླུག༔ ཤེས་རབ་རྫས་ཀྱི་མཆོག་ཡིན་ཕྱིར༔ དཀྱིལ་འཁོར་གཡོན་དུ་དགོད་པར་བྱ༔ གཉིས་མེད་རྫས་མཆོག་འབྲུ་བཅུད་ནི༔ གཡོས་སྦྱར་བཟའ་འོས་ཟས་ཀྱང་བཏབ༔ ཞིང་ཕྲན་གཟུགས་སུ་ལེགས་པར་བྱ༔ དམར་གྱི་གུར་ཕུབ་དཀར་ཐིག་གདབ༔ བཀྲག་ལྔ་ལྡན་པའི་རྒྱན་ཀྱང་བྱ༔ གཉིས་མེད་རྫས་མཆོག་དབུས་སུ་འགོད༔ མཐའ་བསྐོར་རི་རབ་རོལ་མཚོ་བཞིན༔ རི་སྒོག་ཀླུང་སྒོག་ལ་སོགས་པའི༔ སྤོད་ཀྱི་རིགས་བྱེད་རྣམས་དང་ནི༔ ཁྱི་ཤ་ཕག་ཤ་བོང་བུའི་ཤ༔ རྨེ་བར་འཛིན་པའི་རྫས་རྣམས་དང་༔ དཀར་གསུམ་མངར་གསུམ་ཟླ་ཁྲོམ་སོགས༔ ཡིད་འོང་རྫས་ཀྱི་དངོས་པོ་རྣམས༔ འབྱོར་ཚད་ལེགས་བསྒྲིབས་འགོད་པར་བྱ༔ དེ་ནི་བཤམས་བཀོད་དགོད་ཚུལ་ལོ༔ ཚོམ་བུའི་གྲངས་མཉམ་རབ་དང་ནི༔ གཙོ་བོ་ཡབ་ཡུམ་གྲངས་སུ་འཚོགས༔ ཡང་ན་གཙོ་བོའི་གྲངས་ཀྱང་རུང་༔ ཕོ་གཡས་མོ་གཡོན་ཧེ་རུ་དབུས༔ དེ་ཉིད་གསུམ་དང་ལྡན་པའི་ངང་༔ རྒྱུ་རྐྱེན་རྣམ་དག་ཤིན་ཏུ་གཅེས༔ ཚོགས་ཀྱི་ངོ་བོ་བྱང་ཆུབ་སེམས༔ སྐུ་དང་ཡེ་ཤེས་རབ་ཏུ་རྫོགས༔ ཚོགས་ཀྱི་རང་བཞིིན་བདུད་རྩིར་གནས༔ རྟོག་བཅོམ་ཡེ་ཤེས་སྣང་བ་བསྐྱེད༔ ཚོགས་ཀྱི་རྣམ་པ་ཤ་ལྔ་དང་༔ བདུད་རྩི་ལྔ་སྟེ་ཐབས་ཤེས་རབ༔ གཉིས་མེད་རྫས་སུ་འཚོགས་པ་ཡི༔ ཚོགས་ཀྱི་བྱེད་ལས་འཁོར་བའི་དྲི༔ སྦྱོང་ཞིང་ཚོགས་གཉིས་རྫོགས་པར་བྱེད༔ ཡོ་བྱད་འབྱོར་བ་འཚོགས་པའི་ཚོགས༔ རྣམ་རྟོག་གཅོད་པའི་འཁོར་ལོ་སྟེ༔ ག་ཎ་ཙཀྲའི་སྒྲ་བཤད་བཞག༔ ཚོགས་ཀྱི་འབྲས་བུ་མཐར་ཐུག་པ༔ ཚེ་འདིར་བསམ་པ་འགྲུབ་པ་དང་༔ ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་༔ དོན་གཉིས་ལྡན་པའི་སངས་རྒྱས་ཐོབ༔ གནས་སྐབས་ཉམས་ཆག་བྱང་བ་དང་༔ རྟོགས་པའི་ཡོན་ཏན་གོང་འཕེལ་རྒྱས༔ དཔའ་བོ་མཁའ་འགྲོ་འདུ་བ་དང་༔ དངོས་གྲུབ་རྣམ་གཉིས་ཆར་དུ་འབེབས༔ དབང་སྡུད་ཆེ་ཞིང་ཟིལ་གནོན་ལྡན༔ ལྷ་འདྲེ་མི་གསུམ་བྲན་དུ་ཁོལ༔ ཀུན་གྱི་ཡིད་དུ་འོང་བ་དང་༔ གཞན་སྣང་དགེ་ལ་སྦྱོར་བ་སོགས༔ དབང་བཅུའི་དངོས་གྲུབ་ཐོགས་མེད་འགྲུབ༔ ས་མ་ཡ༔ དང་པོ་བྱིན་གྱིས་བརླབས་པ་ནི༔ ལྷ་ཡི་ང་རྒྱལ་ལྡན་པའི་ངང་༔ ཧཱུྃ་ཧྲཱིཿབདག་ཉིད་དཔལ་ཆེན་ཡི་དམ་ལྷའི༔ གཏུམ་མོའི་བདེ་དྲོད་འབར་བའི་མེས༔ རྩལ་ལས་རཾ་གྱི་ཚོགས་འཕྲོས་ཏེ༔ གཟུང་འཛིན་རྟོག་པའི་དྲི་མ་བསྲེགས༔ ཧཾ་ཡིག་བདེ་ཆེན་བྱང་ཆུབ་སེམས༔ འཛད་མེད་བདེ་སྟོང་ཡེ་ཤེས་རྒྱུན༔ རྩལ་ལས་ཁཾ་གི་ཚོགས་འཕྲོས་པས༔ མི་གཙང་འབག་རྩོག་རྣམ་རྟོག་བཀྲུས༔ རྩ་ཁམས་ཡེ་ཤེས་དག་པའི་རླུང་༔ རྩལ་ལས་ཡཾ་གི་ཚོགས་འཕྲོས་པས༔ དངོས་པོར་འཛིན་པའི་རྣམ་རྟོག་དང་༔ གཉིས་སྣང་ཞེན་འཛིན་དབྱིངས་སུ་གཏོར༔ རཾ་ཡཾ་ཁཾ༔ རྒྱལ་ཀུན་སྐུ་ཡི་ས་བོན་ནི༔ ཡི་གེ་ཨོཾ་གྱི་རྣམ་པར་སྤྲོས༔ རྒྱལ་ཀུན་བྱིན་རླབས་ཨོཾ་དུ་བསྡུས༔ ཡོངས་གྱུར་སྐུ་ཡི་བདུད་རྩིར་གྱུར༔ རྒྱལ་ཀུན་གསུང་གི་ས་བོན་ནི༔ ཨཱཿདམར་འོད་དང་བཅས་པ་འཕྲོས༔ རྒྱལ་ཀུན་གསུང་གི་བྱིན་རླབས་བསྡུས༔ ཡོངས་གྱུར་གསུང་གི་བདུད་རྩིར་གྱུར༔ རྒྱལ་ཀུན་ཐུགས་ཀྱི་ས་བོན་ནི༔ ཧཱུྃ་མཐིང་བཀྲག་དང་ལྡན་པར་འཕྲོས༔ རྒྱལ་ཀུན་ཐུགས་ཀྱི་བྱིན་རླབས་བསྡུས༔ ཡོངས་གྱུར་ཐུགས་ཀྱི་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་དངོས་པོ་ཐམས་ཅད་ཀུན༔ ཡེ་ཤེས་རླུང་གི་ཤུགས་ཀྱིས་དྲངས༔ རོ་རྐྱང་ལམ་བརྒྱུད་དབུ་མར་བསྐྱིལ༔ སྤྲུལ་པ་ཆོས་ཀྱི་འཁོར་ལོ་ནས༔ ཧེ་རུ་ཡབ་ཡུམ་སྦྱོར་བ་ཡིས༔ བདེ་ཆེན་བདུད་རྩིར་དབྱེར་མེད་འདྲེས༔ བདེ་སྐྱོང་འཁོར་ལོའི་སྦུབས་རྩ་ནས༔ སྟོང་ཉིད་ཡུམ་གྱི་ལྟོ་རུ་དབབ༔ འཁོར་འདས་དྭངས་བཅུད་བསྡུས་ཏེ་བསྟིམས༔ དཀར་དམར་འདྲེས་པའི་བྱང་ཆུབ་སེམས༔ མཁའ་ནས་ཕྱིར་བཏོན་བདེ་སྐྱོང་སྣོད༔ ཡངས་ཤིང་རྒྱ་ཆེའི་ནང་དུ་གཏམས༔ ཤ་ལྔ་བདུད་རྩི་རྣམ་ལྔར་གྱུར༔ རིགས་ལྔ་ཡབ་ཡུམ་ས་བོན་ལས༔ འོད་ཟེར་སྤྲོ་བསྡུས་ལྷར་གྱུར་པ༔ དགྱེས་ཆགས་སྦྱོར་བས་གཟི་བྱིན་འབར༔ འོད་ཞུ་རྫས་དང་དབྱེར་མེད་འདྲེས༔ ཡེ་ཤེས་ལྔ་ཡི་འོད་ཟེར་འབར༔ འདོད་ཡོན་མཆོད་པའི་སྤྲིན་ཚོགས་འཕྲོ༔ རྒྱལ་ཀུན་དགྱེས་མཆོད་རྫས་སུ་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ པཉྩ་ཧ་ཧོ་ཧྲཱིཿགདུང་དབྱངས་རོལ་མོའི་སྒྲ་དང་བཅས༔ ལྷ་དང་རང་སྣང་དབྱེར་མེད་ངང་༔ ལྟ་བ་གྱད་ཀྱི་ལྷར་གསལ་བའི༔ འདུ་འཕྲོ་ཚོགས་ཀྱི་ཞིང་དུ་གསལ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ༔ རིགས་ལྔ་ཡབ་ཡུམ་འཁོར་གྱིས་བསྐོར༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ མ་འགགས་རང་གསལ་འོད་ལྔའི་ཞིང་༔ ཚོགས་ཡུལ་རྟོག་པ་གནས་དག་པ༔ སེམས་དཔའ་ཡབ་ཡུམ་བཅུ་དྲུག་འཁོར༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ གང་འདུལ་སྤྲུལ་པའི་ཞིང་ཁམས་ནས༔ ཐུབ་དྲུག་སྒོ་བ་ཡབ་ཡུམ་བརྒྱད༔ རང་རང་སྒྱུ་འཕྲུལ་སྤྲུལ་འཁོར་བཅས༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་ཕྱོགས་ཆ་ན༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས༔ དད་དང་གདུང་བས་སྤྱན་འདྲེན་ནོ༔ དབྱིངས་ནས་སྐུར་བཞེངས་དབང་བཞི་བསྐུར༔ གནས་ཡུལ་སྒྲུབ་ཁང་སྒྲུབ་པའི་རྫས༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷ༔ མྱོང་གྲོལ་རྣམས་སུ་བྱིན་གྱིས་རློབས༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ པདྨ་གསུང་གི་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་ཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ དཀྱིལ་འཁོར་ཕྱི་ནང་བར་ཁྱམས་ནས༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ རྩ་ཁམས་དག་པ་དབྱིངས་ཀྱི་ལྷ༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ ཕྲིན་ལས་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཚད་མེད་བཞི་ལྡན་སྒོ་བ་བཞི༔ དད་དང་གདུང་བས་སྤྱན་འདྲེན་ནོ༔ དབྱིངས་ནས་སྐུར་བཞེངས་དབང་བཞི་བསྐུར༔ གནས་ཡུལ་སྒྲུབ་ཁང་སྒྲུབ་པའི་རྫས༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷ༔ མྱོང་གྲོལ་རྣམས་སུ་བྱིན་གྱིས་རློབས༔ ཧཱུྃ༔ ཕྱི་ནང་རྟེན་འབྲེལ་ཟུང་འཇུག་པའི༔ དུར་ཁྲོད་བརྒྱད་དང་ཧེ་རུའི་ཞིང་༔ གནས་མཆོག་ཉེར་བཞི་ཡུལ་སོ་གཉིས༔ ཞིང་ཁམས་དང་ནི་ཉེ་བའི་ཞིང་༔ དེར་བརྟེན་དཔའ་བོ་མཁའ་འགྲོ་དང་༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས༔ བསྟན་སྲུང་ཞིང་སྐྱོང་གནས་ཡུལ་བདག༔ མ་ལུས་འཁོར་དང་བཅས་པ་ཀུན༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ དབུ་སྐྲ་ཐོར་གཙུག་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟར་བུ་ད་ལ་ལ༔ ཕྱག་ཞབས་གདུབ་བུ་སི་ལི་ལི༔ དྲིལ་གཡེར་ཅོད་པན་པུ་རུ་རུ༔ འཇའ་དང་འོད་དུ་ཀྱི་ལི་ལི༔ སྐུ་དང་ཐིག་ལེ་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་དི་རི་རི༔ ཞབས་ཀྱིས་གར་སྟབས་ཤིགས་སེ་ཤིག༔ དྲི་ཞིམ་ངད་ལྡང་ཐུ་ལུ་ལུ༔ བརྡ་དང་བཤུད་པ་ཀྱུ་རུ་རུ༔ དངོས་གྲུབ་སྤྲིན་ཚོགས་འཐིབས་སེ་འཐིབ༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ ཕྱི་སྣོད་འཇིག་རྟེན་ཐམས་ཅད་ཀུན༔ ཧེ་རུའི་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་ཁང་གཞལ་ཡས་དམ་པ་འདི༔ རབ་འཇིགས་དྲག་པོའི་དལ་དུ་རློབས༔ སྒྲུབ་རྫས་དཀྱིལ་འཁོར་བཀོད་པ་འདི༔ ལྷུན་གྲུབ་རྫོགས་པའི་དལ་དུ་རློབས༔ བདག་ཅག་སྒྲུབ་མཆོག་མཆེད་ལྕམ་ཀུན༔ དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གསུང་གི་བྱིན་གྱིས་རློབས༔ ཡིད་ལ་ཐུགས་ཀྱི་བྱིན་གྱི་རློབས༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི༔ སྐུ་གསུང་ཐུགས་དང་དབྱེར་མེད་པར༔ མཉམ་ཉིད་བདེ་ཆེན་ངང་རྒྱས་ཐོབ༔ ཚོགས་རྫས་བདུད་རྩིའི་རོལ་པར་བསྒྱུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧྱ་གྲཱི་ཝ་བཛྲ་ཀཱི་ལི་ཀཱི་ལ་མ་མ་ཡོ་གི་ནི་བཛྲ་མ་ཧཱ་གུ་རུ་བཛྲ་པཱ་ཎི་སརྦ་དུཥྚན་ཨེ་ཛ་བྷྱོ་ཁྲོཾ་ག་རུ་ཌ་སརྦ་ས་མ་ཡ༔ དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་ཨ་རལླི་ཕེཾ་ཕེཾ༔ དེ་ནས་ཕྱི་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ བདེ་སྟོང་ཡེ་ཤེས་རྟོགས་པའི་རྩལ༔ ཀུན་སྣང་མཁའ་འགྲོའི་རོལ་པར་ཤར༔ རྒྱལ་བའི་དགྱེས་པ་བསྐྱེད་མཛད་མ༔ མེ་ཏོག་བདུག་པ་མར་མེ་དྲི༔ ཞལ་ཟས་རོལ་མོ་སྙན་པའི་དབྱངས༔ ཀུན་ནས་རྣམ་པ་ཐམས་ཅད་པ༔ མཆོད་པའི་སྤྲིན་དཔུང་རབ་ཏུ་གཡོ༔ རྒྱལ་བའི་དཀྱིལ་འཁོར་མཉེས་ཕྱིར་འབུལ༔ ཨོཾ་བཛྲ་པུཥྤེ་ཧཱུྃ༔ ཨོཾ་བཛྲ་དྷུཥྤེ་ཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཨོཾ་བཛྲ་གནྡྷེ་ཧཱུྃ༔ ཨོཾ་བཛྲ་ནཻ་ཝིདྱ་ཧཱུྃ༔ ཨོཾ་བཛྲ་ཤཔྡ་ཧཱུྃ༔ དེ་ནས་ནང་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ གཟུང་འཛིན་རྟོག་པ་རྣམ་དག་པ༔ འདོད་ཡོན་ལྷ་མོའི་རོལ་གར་བསྒྱུར༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ ཆོས་ཀྱི་ལྷ་མོ་བདེ་བའི་དབྱིངས༔ ལྷ་ཚོགས་དགྱེས་པ་བསྐང་བའི་ཕྱིར༔ གུས་པ་ཆེན་པོས་འབུལ་ལགས་ན༔ ཞེན་འཛིན་བྲལ་བས་དབྱིངས་སུ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་རཱུ་པ་ཧཱུྃ༔ ཨོཾ་བཛྲ་ཤཔྡ་ཧཱུྃ༔ ཨོཾ་བཛྲ་གནྡྷེ་ཧཱུྃ༔ ཨོཾ་བཛྲ་རཱ་ས་ཧཱུྃ༔ ཨོཾ་བཛྲ་སྤཪྴེ་ཧཱུྃ༔ ཨོཾ་བཛྲ་དྷརྨ་ཧཱུྃ༔ དེ་ནས་གསང་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་སྟོང་གཉིས་སུ་མེད་པའི་དབྱིངས༔ བདེ་བ་ཆེན་པོའི་ཡེ་ཤེས་རྩལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི༔ ཕྱག་རྒྱའི་རོལ་གར་ཅིར་ཡང་བསྒྱུར༔ རྡོ་རྗེ་མེ་ལོང་རྔ་ཟླུམ་དང་༔ པི་ཝཾ་གླིང་བུ་རྫ་རྔ་ཐོགས༔ བདེ་ཆེན་ཡེ་ཤེས་བསྐྱེད་པར་བྱེད༔ དཀྱིལ་འཁོར་དགྱེས་པ་བསྐང་ཕྱིར་འབུལ༔ ཨོཾ་བཛྲཱ་དཪྴེ་ཧཱུྃ༔ ཨོཾ་བཛྲ་མུརྫེ་ཀ་ཧཱུྃ༔ ཨོཾ་བཛྲ་ཝི་ནི་ཧཱུྃ༔ ཨོཾ་བཛྲ་ཝཾ་སེ་ཧཱུྃ༔ ཨོཾ་བཛྲ་མུ་རན་ཙེ་ཧཱུྃ༔ དེ་ནས་བདུད་རྩི་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ བདེ་སྟོང་བྷནྡྷའི་སྣོད་ནང་དུ༔ རང་གསལ་དམ་རྫས་བདུད་རྩི་འཁྱིལ༔ མཆོད་པའི་ལྷ་མོའི་རོལ་གར་བཅས༔ གསང་འདུས་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་འདོད་ཡོན་ཆོས༔ བདེ་སྟོང་ཚོགས་ཀྱི་འཁོར་ལོར་ཤར༔ འདོད་ཡོན་མི་ཟད་གཏེར་ཆེན་པོ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ༔ བཀའ་སྡོད་སྒྱུ་འཕྲུལ་སྲུང་མར་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བདག་ཅག་མ་རིག་ལུས་ངག་སེམས༔ ཉོན་ཤེས་སྒྲིབ་པས་ཟིལ་མནན་ཏེ༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཚིག་ལས༔ འདས་ཉམས་ཞིག་རལ་ཅི་མཆིས་པ༔ མི་འཆབ་མི་སྦེད་གནོང་ཞིང་འགྱོད༔ ག་ཎ་ཚོགས་ཀྱི་འཁོར་ལོས་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ག་ཎ་ཙཀྲ་ཧེ་རུ་ཀ་སཏྭ་ས་མ་ཡ༔ སོགས་ཚང་བར་བརྗོད༔ དེ་ནས་བསྒྲལ་བའི་ལས་ལ་ནི༔ ཐོག་མར་གསལ་བ་གསུམ་ལྡན་ངང་༔ ཧཱུྃ༔ སྣང་སྲིད་དུར་ཁྲོད་གཞལ་ཡས་ཁང་༔ གཟུགས་སྣང་དཔལ་ཆེན་ཧེ་རུའི་དལ༔ སྤྲུལ་པ་མཚོན་ཐུན་ཕོ་ཉ་འགྱེད༔ མ་བསྐྱེད་མ་གསལ་ཡེ་རྫོགས་ལྷ༔ རང་མདུན་ཨེ་ཡི་དཀྱིལ་འཁོར་ནི༔ གཟུང་འཛིན་རྒྱུ་རྐྱེན་གྱིས་བསྐྱེད་པའི༔ བདག་རྟོག་མ་རིག་དགྲ་དང་བགེགས༔ ཉམས་པ་བདུན་ལྡན་ངོ་བོར་དམིགས༔ ཕུར་པ་བཛྲ་ཀཱི་ལ་ཡ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྫོགས༔ ཁམས་གསུམ་སྒྲོལ་འདྲེན་ནུས་དབང་ཤོག༔ དེ་ནས་འགུགས་པའི་ལས་ནི༔ ཧཱུྃ༔ ཡང་དག་ལྷ་ཚོགས་ཐུགས་དམ་བསྐུལ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ཉམས་པ་བདུན་ལྡན་དགྲ་དང་བགེགས༔ ཁམས་གསུམ་སྲིད་པ་གར་གནས་ཀྱང༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་མགུལ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམ༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུག༔ ཟུངས་ཤིག་རྒྱོབ་ཅིག་གཟུགས་ལ་ཕོབ༔ དམིགས་པའི་རྟེན་དང་དབྱེར་མེད་མཛོད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཨཾ་ཀུ་ཤ་ཡ་ཛ་ཛཿདེ་ནས་དབྱེ་བའི་ལས་ནི༔ ཧཱུྃ༔ འཇམ་དཔལ་ལྷ་ཚོགས་ཐུགས་དམ་བསྐུལ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ཉམས་པ་བདུན་ལྡན་དགྲ་དང་བགེགས༔ སྐྱོབ་པར་བྱེད་པའི་ལྷ་དང་ཕྲོལ༔ ཕུང་བརླག་བྱེད་པའི་འདྲེ་དང་སྤྲོད༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨ་ནྲྀ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ དགྲ་བགེགས་སྐྱོབ་བྱེད་ཀྱི་ལྷ་དང་ཕྱེས་ཕྱེས༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བཅིང་བའི་ལས་ནི༔ ཧཱུྃ༔ དབང་ཆེན་ལྷ་ཚོགས་ཐུགས་དམ་བསྐུལ༔ སྤྲུལ་པ་འགྱེད༴ མཐུ་རྩལ་བྱུང་༴ ཉམས་པ་བདུན༴ ལུས་ངག་ཡིད་གསུམ་བྱད་དུ་ཆུག༔ འཕར་ལྡང་གཡོ་མེད་དམ་རྒྱས་ཐོབ༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་ཨ་པ་ན་ཡེ་ཨ་པ་ན་ཡེ་ཧཱུྃ་བྷྱོ་ཕཊ༔ དེ་ནས་སྨྱོ་རུ་གཞུག་པ་ནི༔ ཧཱུྃ༔ ཕུར་པའི་ལྷ་ཚོགས་ཐུགས་དམ་བསྐུལ༔ སྤྲུལ་པ་འགྱེད༴ མཐུ་རྩལ་བྱུང་༴ ཉམས་པ་བདུན༴ སྨྱོས་ཤིང་བརྒྱལ་ནས་རེང་དུ་ཆུག༔ མཐུ་སྟོབས་ནུས་པ་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ དེ་ནས་བསྒྲལ་བ་དངོས་ནི༔ ཧཱུྃ༔ ཆེ་མཆོག་ལྷ་ཚོགས་ཐུགས་དམ་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ ཉམས་པ་བདུན་ལྡན་དགྲ་དང་བགེགས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ འཁྲུལ་མེད་ངང་དུ་གདིང་ཐོབ་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་དུས་མཐའི་འགོང་ནག་བསྟན་པའི་རཱུ་ཏྲ་གདུག་པ་མེ་ལྟར་འབར་བ་ཆུ་ལྟར་ཁོལ་བ་རླུང་ལྟར་འཚུབས་པ་མཐའ་དམག་དུས་འཁྲུགས་ནད་མཚོན་མུ་གེ་གཏོང་བའི་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད་བྷྱོ༔ རྦད་སོད༔ རྦད་ནན༔ མཱ་ར་ཡ་ཕཊ༔ དེ་ནས་བསྟབ་པ་ནི༔ དོན་ལྔས་བསྟན་ཏེ༔ སྒྲོལ་གྲི་འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་ལ༔ ཧཱུྃ༔ རྦོད་གཏོང་ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ངང་ཉིད་ཆོས་ཀྱི་དབྱིངས་ཉིད་ལས༔ ཡེ་ཤེས་སྒྱུ་འཕྲུལ་ཕོ་ཉ་འགྱེད༔ མི་སྲུན་དྲག་མོའི་ཆ་ལུགས་ལ༔ གསེར་གྱི་སྤུ་གྲི་འབར་བ་ཐོགས༔ གཅིག་ལས་བརྒྱ་སྟོང་དུ་མ་འགྱེད༔ ཤེས་རབ་གཟིག་གི་ཤམ་ཐབས་དང་༔ བདེ་ཆེན་མི་ལྤགས་གཡང་གཞི་གསོལ༔ ཉམས་པ་བདུན་ལྡན་དགྲ་བགེགས་ཀྱི༔ མགོ་ལུས་ཡན་ལག་དུམ་བུར་གཏུབ༔ ཤ་ཁྲག་རུས་པ་ཕྱེ་མར་འཐོག༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ཏི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕྱེ་མ་ཕྱེ་མ་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ གཟུགས་ཕུང་ཕྱེ་མར་འཐག་པའི་ལིང་རོ་ནི༔ ཐབས་ཤེས་ལྟོ་སྦྱོར་གྱི་བར་དུ་བླུགས་ནས་དམིགས་པ་དང་བཅས་ཏེ་འདི་སྐད་དོ༔ ཧཱུྃ༔ རིག་འཛིན་ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ངང་ཉིད་བདེ་ཆེན་སྒྱུ་མའི་འཕྲུལ༔ ཐབས་མཆོག་རྡོ་རྗེ་འཐག་བྱེད་དང་༔ ཤེས་རབ་ཁམས་གསུམ་རོལ་བྱེད་ཡུམ༔ གཉིས་མེད་ཡེ་ཤེས་ཕྱག་རྒྱར་བཞེངས༔ མི་སྲུན་གདུག་པ་རབ་འཇིགས་སྐུ༔ དུར་ཁྲོད་ཆས་རྣམས་མ་ལུས་རྫོགས༔ སྟོང་ཆེན་བྷ་ག་ཨེ་ཡི་མཁར༔ གཟུང་འཛིན་རཱུ་དྲའི་ཕུང་ཁམས་སྦྱོར༔ ཐབས་མཆོག་ཧེ་རུའི་རྡོ་རྗེས་བརྡུང་༔ རྩ་གནས་རྒྱལ་བའི་དཀྱིལ་འཁོར་མཆོད༔ བདུད་རྩི་དཀར་དམར་འདྲེས་པ་ཉིད༔ བདེ་ཆེན་བྷནྡྷའི་སྣོད་དུ་བསྐྱིལ༔ ཤ་རི་ཁྲག་གི་རྒྱ་མཚོར་འཁྱིལ༔ སྦྱོར་སྒྲོལ་སྤྱོད་པ་མཐར་ཕྱིན་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ སརྦ་ནྲྀ་ཏྲི་ཤ་ཏྲུཾ་ཨེ་ཝཾ་ཏ་ན་ག་ན་མ་ཧཱ་ཡོ་ཀྵ་ཧཱུྃ༔ དེ་ནས་བསྟབས་པ་ཆ་བཅུར་བྱས་ནས༔ ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་བ་ནི༔ ཧཱུྃ༔ མཆོད་བསྟོད་ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ངང་ཉིད་ཆོས་ཀྱི་དབྱིངས་ཉིད་ལས༔ རྡོ་རྗེ་གིང་ཆེན་ཕོ་མོ་སྤྲོས༔ ཕྱག་ཞབས་གར་སྟབས་བྲོ་གར་བསྒྱུར༔ བསྟན་དགྲའི་ཤ་ཁྲག་ཕུང་པོ་ཁམས༔ སྐྱེ་མཆེད་དོན་སྙིང་བཅས་པ་ཀུན༔ དཔལ་ཆེན་ཆེ་མཆོག་ཡོན་ཏན་ལྷ༔ འཇམ་དཔལ་སྐུ་དང་པདྨ་གསུང་༔ ཡང་དག་ཐུགས་མཆོག་ཧེ་རུ་ཀ༔ ཕུར་པ་ཕྲིན་ལས་ལྷ་ཚོགས་དང་༔ རྦོད་གཏོང་བླ་མ་རིག་འཛིན་དང་༔ མཆོད་བསྟོད་དྲག་སྔགས་སྲུང་མར་བཅས༔ དཔལ་ཆེན་ལྷ་ཚོགས་ཞལ་དུ་བསྟབས༔ གནམ་ས་ཙམ་གྱི་ཞལ་གདངས་ལ༔ གངས་རི་ལྟ་བུའི་མཆེ་བ་གཙིགས༔ ལྗགས་ནི་གློག་དམར་བཞིན་དུ་འཁྱུགས༔ འགགས་མེད་བདེ་ཆེན་མགྲིན་པར་བརྒྱུད༔ ཆོས་ཉིད་སྟོང་པའི་ལྟོ་བར་བྲུབ༔ འཁྲུལ་མེད་དབྱིངས་སུ་གདིང་ཐོབ་ནས༔ བདེ་ཆེན་སངས་རྒྱས་ས་རུ་སྦྱོར༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ དྲིལ་སྔགས་ཤམ་དུ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་རྩ་ཁུག་ལ་ཁཱ་ཧི༔ མ་ཧཱ་པགས་ཙ་ལ་ཁཱ་ཧི༔ མ་ཧཱ་གནྡྷ་ལ་ཁ་རཾ་ཁཱ་ཧི༔ ལྷ་ཚོགས་རྣམས་དགྱེས་པ་བསྐང་བར་བསམ་ལ༔ སླར་ཡང་དགོངས་པ་ཆོས་ཉིད་དབྱིངས་སུ་བསྐང་བའི་མཆོད་པ་ནི༔ ཧཱུྃ༔ དྲག་སྔགས་ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ སྣ་ཚོགས་གར་གྱི་རྣམ་འགྱུར་ངོམས༔ དཔལ་ཆེན་ལྷ་ཚོགས་འཁོར་བཅས་ཀྱི༔ སྐུ་ཡི་དགྱེས་པ་དབྱིངས་སུ་བསྐང་༔ གྲགས་སྟོང་བརྗོད་བྲལ་འཛབ་ཀྱི་རྒྱུན༔ ངག་རླུང་འཇིག་མཛད་སྐྱེ་མེད་གདངས༔ དཔལ་ཆེན་ལྷ་ཚོགས་འཁོར་བཅས་ཀྱི༔ གསུང་གི་དགྱེས་པ་དབྱིངས་སུ་བསྐང་༔ སྐྱེ་འགགས་མཐའ་བྲལ་འོད་གསལ་ཐུགས༔ རྨོངས་པའི་དྲྭ་བ་རྣམས་པར་འཇོམས༔ ཤེས་རབ་ཡེ་ཤེས་མེ་བོ་ཆེའི༔ དཔལ་ཆེན་ལྷ་ཚོགས་འཁོར་བཅས་ཀྱི༔ ཐུགས་ཀྱི་དགྱེས་པ་དབྱིངས་སུ་བསྐང་༔ མི་འགྱུར་བདེ་ཆེན་དོན་དམ་དབྱིངས༔ མ་འགགས་ཞི་ཆགས་ཁྲོ་གར་བསྒྱུར༔ ཐུགས་རྗེའི་སྒྱུ་འཕྲུལ་བཀོད་པ་ངོམས༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ ཡེ་ཁྱབ་གདོད་མའི་གཞི་ལ་རྫོགས༔ རང་ངོ་ཤེས་པའི་ངང་དུ་བསྐང་༔ གཉིས་མེད་དོན་གྱི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ མ་ཧཱ་ཡོ་ག་སརྦ་སིདྡྷི་ཧཱུྃ༔ དེ་ནས་ཚོགས་ཀྱི་དངོས་གྲུབ་ལ་རོལ་པ་ནི༔ ཧཱུྃ༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ རྩ་ཁམས་དཔའ་བོ་མཁའ་འགྲོའི་ཚོགས༔ ཡེ་ཤེས་བདུད་རྩིའི་ཚོགས་མཆོད་བཞེས༔ མཆོག་ཐུན་དངོས་གྲུབ་བདེ་བ་ཆེ༔ ཛྙཱ་ན་པཉྩ་སིདྡྷི་ཧོཿ ཡ་རྐན་དཔའ་བོ་རྟ་མགྲིན་མ་རྐན་རྡོ་རྗེ་ཕག་མོ་གཉིས་མཉམ་པར་སྦྱོར་བས༔ བདེ་སྟོང་གི་བདུད་རྩི་ཡེ་ཤེས་རླུང་གིས་དྲང་ཞིང་མེས་ཞུ་བ་ལས་བྱང་སེམས་དཀར་དམར་གྱི་རྒྱུན་བདེ་བ་ཆེན་པོའི་རང་བཞིན་དུ་བབ་པས་རྩ་ཁམས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་མཉེས་ཤིང་ཚིམས་པར་བསམ་ལ་དབང་བཞིའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་ཐིག་ལེ་དཀར་དམར་གཉིས་ཟུང་འཇུག་གི་རྫས་སུ་མོས་ལ༔ གནས་ལྔར་གཏུག་ཅིང་དབང་དོན་གྱི་ཡེ་ཤེས་ལ་མཉམ་པར་འཇོག་བཞིན་པ་ལས༔ ཐ་མལ་རང་རྒྱུད་དུ་མི་བལྟ་བ་ནི་གསང་སྔགས་ཀྱི་ཁྱེར་སོ་བླ་ན་མེད་པ་ཡིན་ནོ༔ དེའི་རྗེས་སུ་སྨོན་ལམ་གདབ་པ་ནི༔ ཧོཿ འདོད་ཡོན་མཆོད་པའི་མཆོག་ཆེན་པོ༔ ག་ཎ་ཚོགས་ཀྱི་འཁོར་ལོ་ཡིས༔ རྒྱལ་བའི་དཀྱིལ་འཁོར་རབ་མཉེས་ཤིང་༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ཚོགས་རྫོགས་སྒྲིབ་པ་ཀུན་བྱང་ཞིང་༔ ཧེ་རུ་ཀ་དཔལ་མངོན་གྱུར་ནས༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་སྲོག་སྙིང་ཕུལ༔ ལྷག་སྐྱོང་གནས་ཉུལ་མ་མོའི་ཚོགས༔ ལྷག་ལ་དབང་བ་འདིར་གཤེགས་ཤིག༔ བཛྲ་ས་མ་ཡ་ཛཿབྷྱོ༔ ཤར་ནས་གཤེགས་པའི་རྣལ་འབྱོར་བདུན༔ སྐུ་མདོག་དཀར་སྔོ་འཇིགས་པ་ལ༔ ལག་ན་ཞིང་གི་རྒྱལ་མཚན་ཐོགས༔ སྲིན་མོའི་ལུས་ལ་མགོ་བརྙན་ཅན༔ སྟོད་དུ་མི་ལྤགས་གཡང་གཞི་གསོལ༔ སྨད་ལ་མི་ལྤགས་གཡང་གཞི་དཀྲིས༔ སྤྲུལ་པ་ཡང་སྤྲུལ་བསམ་ཡས་འགྱེད༔ མ་ངེས་ཆོ་འཕྲུལ་གར་མཁན་མོ༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ ནད་གདོན་ཞི་བའི་ཕྲིན་ལས་མཛོད༔ བྷྱོ༔ ལྷོ་ནས་གཤེགས་པའི་རྣལ་འབྱོར་བདུན༔ སྐུ་མདོག་ལྗང་སེར་འཇིགས་པ་ལ༔ ལག་ན་ཞིང་༴ སྲིན་མོའི་ལུས༴ སྟོད་དུ་མི༴ སྨད་ལ་མི༴ སྤྲུལ་པ་ཡང་༴ མ་ངེས་ཆོ༴ འདིར་གཤེགས་ལྷག༴ ཚེ་བསོད་རྒྱས་པའི་ཕྲིན་ལས་མཛོད༔ བྷྱོ༔ ནུབ་ནས་གཤེགས་པའི་རྣལ་འབྱོར་བདུན༔ སྐུ་མདོག་དམར་སྐྱ་འཇིགས་པ་ལ༔ ལག་ན་ཞིང་༴ སྲིན་མོའི་ལུས༴ སྟོད་དུ་མི༴ སྨད་ལ་མི༴ སྤྲུལ་པ་ཡང་༴ མ་ངེས་ཆོ༴ འདིར་གཤེགས་ལྷག༴ ཁམས་གསུམ་དབང་སྡུད་ཕྲིན་ལས་མཛོད༔ བྷྱོ༔ བྱང་ནས་གཤེགས་པའི་རྣལ་འབྱོར་བདུན༔ སྐུ་མདོག་ལྗང་སེར་འཇིགས་པ་ལ༔ ལག་ན་ཞིང་༴ སྲིན་མོའི་ལུས༴ སྟོད་དུ་མི༴ སྨད་ལ་མི༴ སྤྲུལ་པ་ཡང་༴ མ་ངེས་ཆོ༴ འདིར་གཤེགས་ལྷག༴ དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༴ བྷྱོ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ༔ དཀར་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ ལག་ན་ཞིང་གི་རྔེའུ་ཆུང་བརྡུང་༔ རུས་རྒྱན་དྲིལ་གཡེར་ཁྲོ་ལོ་ལོ༔ སྣ་ཚོགས་སྤྲུལ་པ་བསམ་ཡས་འགྱེད༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ སངས་རྒྱས་བསྟན་པ་སྲུང་བ་དང་༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན༔ ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ༔ སེར་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ སྦ་ཡི་གླིང་བུ་ཀྱུ་རུ་རུ༔ རུས་རྒྱན་དྲིལ༴ སྣ་ཚོགས་སྤྲུལ༴ འདིར་གཤེགས་ལྷག༴ སངས་རྒྱས་བསྟན༴ ཞི་རྒྱས་དབང་༴ ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ པདྨ་རིགས་ཀྱི་མཁའ་འགྲོ་འབུམ༔ དམར་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ ཞིང་གི་གཡང་གཞི་ས་ལ་རྡེབ༔ རུས་རྒྱན་དྲིལ༴ སྣ་ཚོགས་སྤྲུལ༴ འདིར་གཤེགས་ལྷག༴ སངས་རྒྱས་བསྟན༴ ཞི་རྒྱས་དབང་༴ ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ ཀརྨ་རིགས་ཀྱི་མཁའ་འགྲོ་འབུམ༔ ལྗང་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ ཕྱག་གཉིས་དུར་མོ་ས་ལ་རྡེབ༔ རུས་རྒྱན་དྲིལ༴ སྣ་ཚོགས་སྤྲུལ༴ འདིར་གཤེགས་ལྷག༴ སངས་རྒྱས་བསྟན༴ ཞི་རྒྱས་དབང་༴ ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་འབུམ༔ མཐིང་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ ཕྱག་གཉིས་ཞིང་ཆེན་མགོ་ལུས་ཕྲལ༔ རུས་རྒྱན་དྲིལ༴ སྣ་ཚོགས་སྤྲུལ༴ འདིར་གཤེགས་ལྷག༴ སངས་རྒྱས་བསྟན༴ ཞི་རྒྱས་དབང་༴ ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ གིང་དང་ལང་ཀ་མ་མོ་བདུན༔ སྲིང་བཞི་འབར་མ་བརྒྱད་ལ་སོགས༔ ལྷག་ལ་དབང་བའི་ཚོགས་རྣམས་ཀུན༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་བཞེས༔ དཀྱིལ་འཁོར་མཐའ་འཛིན་བསྟན་པ་སྐྱོངས༔ ཞིང་བཅུ་དགྲ་ལ་བཀའ་ཆད་ཆོད༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ བདེ་དྲོད་རྟོགས་པ་མེ་ལྟར་སྦོར༔ འདུ་བ་གསུམ་གྱི་དངོས་གྲུབ་སྩོལ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་བཟློག༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོཿཛ་ཧྲཱིཾ་མ་མ་ཌཱ་ཀི་ནཱི་ཨུཙྪི་ཥྚ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་ཌཱ་ཀི་ནཱི་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་རཏྣ་ཌཱ་ཀི་ནཱི༴ ཨོཾ་པདྨ་ཌཱ་ཀི་ནཱི༴ ཨོཾ་ཀརྨ་ཌཱ་ཀི་ནཱི༴ ཨོཾ་བུདྡྷ་ཌཱ་ཀི་ནཱི༴ ཨོཾ་ས་མ་ཡ་ཌཱ་ཀི་ནཱི༴ ཨོཾ་ལོ་ཀ་ཌཱ་ཀི་ནཱི༴ ཨོཾ་བྷི་ཤ་ཌཱ་ཀི་ནཱི་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀས༔ གཉིས་མེད་རང་སྣང་དག་པའི་འཁོར་རྣམས་ལ༔ རང་གསལ་ཡེ་ཤེས་ཆོས་འཁོར་བསྐོར་བའི་ཚེ༔ འགྱུ་བྱེད་བཀའ་ཡི་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་༔ སངས་རྒྱས་བསྟན་དང་བསྟན་འཛིན་བསྲུང་བར་ཆད༔ ཡེ་གྲོལ་གཉུག་མའི་གཏོར་མ་འདི་བཞེས་ལ༔ འཁྲུལ་སྣང་གཞི་རུ་དག་པའི་ཕྲིན་ལས་མཛོད༔ དེ་འོག་གནམ་ལྕགས་འབར་བའི་རྩེ་མོ་རུ༔ རིག་སྟོང་མི་འགྱུར་རྡོ་རྗེ་སེམས་དཔའ་ཡིས༔ གསང་བའི་བདག་པོ་ལ་སོགས་འཁོར་རྣམས་ལ༔ གསང་སྔགས་ཕྱི་ནང་ཆོས་འཁོར་བསྐོར་བའི་ཚེ༔ ཡེ་ཤེས་འཇིག་རྟེན་སྲུང་མའི་ཚོགས་རྣམས་ཀྱིས༔ རང་རང་སྲོག་སྙིང་ཕུལ་ནས་དམ་ཆུ་འཐུང་༔ མི་འགྱུར་དབང་རྟགས་རྡོ་རྗེ་སྤྱི་བོར་བཅིངས༔ སངས་རྒྱས་བསྟན་དང་བརྒྱུད་འཛིན་བསྲུང་བར་ཆད༔ འདིར་གཤེགས་དམར་གྱི་གཏོར་མ་འདི་བཞེས་ལ༔ ཟབ་གསང་སྙིང་པོའི་བསྟན་དང་བསྟན་འཛིན་སྐྱོངས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ ཧཱུྃ་ཀཱར་ལ་སོགས་རིག་འཛིན་རྣམ་བརྒྱད་ཀྱིས༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཚོགས་བརྒྱད་ཡེ་ཤེས་ལྷ་རུ་བསྒྲུབ་པའི་ཚེ༔ དཔལ་གྱི་བཀའ་སྡོད་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག༴ མི་འགྱུར་དབང་༴ སངས་རྒྱས་བསྟན༴ འདིར་གཤེགས་དམར༴ ཟབ་གསང་སྙིང༴ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་གངས་ཅན་བོད་ཀྱི་གནས་ཡུལ་དུ༔ སློབ་དཔོན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་གིས༔ རང་སྣང་དག་པ་ལྷ་ཡི་དལ་ཞལ་ཕྱེས༔ གདུལ་བྱ་སྨིན་གྲོལ་ལམ་ལ་བཀོད་པའི་ཚེ༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག༴ མི་འགྱུར་དབང༴ སངས་རྒྱས་བསྟན༴ འདིར་གཤེགས་དམར༴ ཟབ་གསང་སྙིང༴ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་དུས་རྗེ་འབངས་རིག་འཛིན་ཚོགས་རྣམས་ཀྱིས༔ སྒྲུབ་གནས་མ་ངེས་གནས་ཡུལ་ཐམས་ཅད་དུ༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས༔ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་བསྒྲུབ་པའི་ཚེ༔ རང་རང་ལས་ཀྱི་གཉེར་འཛིན་མཐུ་དབང་བདག༔ དཔལ་གྱི་བཀའ་སྡོད་དམ་ཅན་ཚོགས་རྣམས་ཀྱིས༔ རང་རང་སྲོག༴ མི་འགྱུར་དབང་༴ སངས་རྒྱས་བསྟན༴ འདིར་གཤེགས་དམར༴ ཟབ་གསང་སྙིང་༴ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་རྩོད་ལྡན་སྙིགས་མའི་དུས་འདི་རུ༔ རིག་པ་མི་འགྱུར་ཆོས་ཉིད་ཀློང་རྡོལ་གྱིས༔ རང་སྣང་རྣམ་དག་སྐུ་གསུམ་དལ་ཞལ་ཕྱེས༔ ཆོས་ཅན་སྣང་བ་ཆོས་ཉིད་རྒྱ་ཡིས་བཏབ༔ ཟབ་གསང་སྙིང་པོའི་བཅུད་ལ་རོལ་བའི་ཚེ༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག༴ མི་འགྱུར་དབང་༴ སངས་རྒྱས་བསྟན༴ འདིར་གཤེགས་དམ༴ ཟབ་གསང་སྙིང་༴ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༴ ད་ལྟ་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ གསང་ཆེན་འོད་གསལ་དག་པའི་དལ་ཞལ་ཕྱེས༔ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་སྒྲུབ་ཅིང་གནས༔ ཉོན་མོངས་ཡེ་ཤེས་ལྷ་རུ་སྨིན་པའི་ཚེ༔ དཔལ་གྱི་སྤྱན་སྔར་ཁས་བླངས་དམ་བཅས་པའི༔ མཐུ་ལྡན་བསྟན་སྲུང་དྲེགས་པའི་ཚོགས་རྣམས་ཀུན༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ སྒྲུབ་ལ་མཆོག་ཐུན་དངོས་གྲུབ་འབད་མེད་སྩོལ༔ སངས་རྒྱས་བསྟན་དང་དེར་འཛིན་སྡེ་རྣམས་སྐྱོངས༔ འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་ལེགས་ཚོགས་སྤེལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་གནོད་བྱེད་ཐུལ༔ ཁྱད་པར་སྨོན་ལོག་མཐའ་དམག་ཀླ་ཀློའི་སྡེ༔ རིགས་སྔགས་རྦོད་གཏོང་ནུས་སྟོབས་ལྷ་དང་བཅས༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་ནས་ཀྱང་༔ སངས་རྒྱས་བསྟན་པའི་མངའ་ཐང་གོང་འཕེལ་རྒྱས༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ཟབ་མོ་ཡི༔ བསྟན་པ་ཡུན་དུ་གནས་ཤིང་སྤེལ་བ་དང་༔ དེ་འཛིན་རྣལ་འབྱོར་སྡེ་རྣམས་རྟག་ཏུ་སྐྱོངས༔ གང་བཅོལ་ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབ༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ དེ་ནས་གཏོར་ཟོར་འཕེན་པ་ནི༔ ཧཱུྃ་བྷྱོ༔ ང་ནི་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ སྣང་སྲིད་འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔ དུས་གསུམ་སངས་རྒྱས་ཐམས་ཅད་ང་ཡི་ངང་༔ ཁམས་གསུམ་སེམས་ཅན་མ་ལུས་ང་ཡི་རྩལ༔ ལྷ་སྲིན་དྲེགས་པ་མ་ལུས་ང་ཡི་འཁོར༔ ང་ཡི་དབང་དུ་མ་བསྒྱུར་གང་ཡང་མེད༔ སྤྲུལ་པ་ཡང་སྤྲུལ་སྒྱུ་འཕྲུལ་བསམ་མི་ཁྱབ༔ གཅིག་ལས་དུ་མར་སྣང་བའི་ཆོ་འཕྲུལ་འགྱེད༔ སྣང་སྲིད་སྣོད་བཅུད་དཔལ་ཆེན་ཧེ་རུའི་ཞིང་༔ གྲགས་སྟོང་བརྗོད་བྲལ་རུ་ལུའི་སྔགས་སྒྲ་ལྡིར༔ གདོན་བགེགས་ལོག་འདྲེན་འབྱུང་པོ་དངངས་ཤིང་བརྒྱལ༔ ཐུགས་ཉིད་ཞི་ལ་འབར་བའི་ཉམས་བརྒྱ་ཡིས༔ མ་རིག་གཟུང་འཛིན་རྟོག་པ་དབྱིངས་སུ་འཇོམས༔ དེ་རིང་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ ཉམས་པ་བདུན་ལྡན་ཞིང་བཅུ་ཚར་བཅད་ནས༔ སངས་རྒྱས་བསྟན་པའི་མངའ་ཐང་རྒྱས་པར་བྱེད༔ ཧཱུྃ་བྷྱོ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ ཡེ་ཤེས་མཚོན་ཐུན་འབར་བ་ཡིས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ བྱད་ཕུར་རྦོད་གཏོང་རིགས་སྔགས་མཁན༔ མཐའ་དམག་དམ་སྲི་འབྱུང་པོའི་སྡེ༔ མེ་ལྟར་འབར་དང་ཆུ་ལྟར་ཁོལ༔ རླུང་ལྟར་འཚུབས་འཕྱོ་རྫས་འཕྲུལ་འགྱེད༔ སངས་རྒྱས་བསྟན་དང་བསྟན་འཛིན་དང་༔ འགྲོ་བ་ཡོངས་ལ་གནོད་བྱེད་པའི༔ སྟེང་དུ་དྲག་པོའི་ཟོར་འདི་ཡ༔ ཕུར་པའི་དབལ་ཟོར་ཤ་ར་ར༔ ཡུངས་དཀར་ཐུན་རྡེབ་ཉི་ལི་ལི༔ ཁྲག་ཐུན་དམར་པོ་ཏ་ལ་ལ༔ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུགས༔ སྣ་ཚོགས་དུག་ཐུན་སྤྲིན་ལྟར་གཡོ༔ མཚོན་ཐུན་རྣོ་ངར་ཧྲ་ལ་ལ༔ མདའ་ཐུན་བུ་ཡུག་འཚུབས་སེ་འཚུབ༔ རྡོ་ཐུན་རྦད་ལྟར་ཧྲི་ལི་ལི༔ དཔལ་གྱི་གཏོར་ཐུན་ཐོག་ལྟར་འབེབས༔ སྡང་བའི་དགྲ་ལ་ཟོར་འདི་ཡ༔ གནོད་པའི་བགེགས་ལ་ཟོར་འདི་ཡ༔ རིགས་སྔགས་མཁན་ལ་ཟོར་འདི་ཡ༔ རྦོད་གཏོང་མཁན་ལ་ཟོར་འདི་ཡ༔ དགྲ་དཔུང་བདུན་བརྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་བཞིན་རློག༔ གནོད་བྱེད་ནུས་པ་ཉམས་པར་མཛོད༔ དུས་གསུམ་རྒྱལ་བ་མཐུ་མ་ཆུང་༔ བཀའ་སྲུང་དམ་ཅན་ཐུགས་མ་གཡེལ༔ རྣོ་བའི་མཚོན་ཆ་ངར་མ་ཞན༔ དྲག་སྔགས་མཐུ་སྟོབས་ནུས་མ་རྡུགས༔ མཐའ་དམག་དུས་འཁྲུགས་ཡོ་ལང་མཁན༔ སྣ་འདྲེན་སྡོང་ཟླ་བཅས་པ་རྣམས༔ བྲག་དམར་ཐོག་གིས་བཤིག་བཞིན་ཐོངས༔ རྩྭ་ཕུང་མེ་ཡིས་བསྲེགས་བཞིན་ཐོངས༔ ས་མཁར་རྒྱོག་རྡོས་གཏོར་བཞིན་ཐོངས༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་གནོད་བྱེད་དགྲ་བགེགས་ལོག་འདྲེན་བྱད་ཕུར་རྦོད་གཏོང་གཡུལ་འགྱེད་མཁན་མཐའ་དམག་དུས་འཁྲུགས་འབྱུང་པོ་རླུང་ལྟར་འཚུབས་པ་ཆུ་ལྟར་ཁོལ་བ་མེ་ལྟར་འབར་བ་རྫས་ངན་འཕྲུལ་འགྱེད་མཁན་རྣམས་ཀྱི་བླ་ཚེ་སྲོག་གི་སྟེང་དུ་ཐུན་ཡ་ཐུན་ཡ་ཟོར་ཡ་ཟོར་ཡ་ཕོབ་ཛ་རྦད་སོད་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད་སོད༔ ཅེས་སྣང་སྲིད་སྟོང་ཉིད་ཆེན་པོར་འབྱམས་སུ་ཀླས་པའི་ལྟ་བས་གཞི་བཟུང་༔ སྣང་སྲིད་ལྷ་སྐུར་རྫོགས་པའི་བསྒོམ་པས་གདིང་བསྐྱེད༔ སྤྲུལ་པ་མཚོན་དང་ཕོ་ཉར་ཤར་བའི་སྤྱོད་པས་ལས་འགྱེད༔ གནོད་བྱེད་མིང་མེད་དུ་བརླག་པས་འབྲས་བུ་རྒྱལ་པོའི་ས་བཟུང་བ་ནི་གནད་དམ་པའོ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་དོན་གཏོར་མ་འབུལ་བ་ནི༔ ཧཱུྃ་བྷྱོ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གི༔ སྤྱན་སྔར་སྲོག་གི་སྙིང་པོ་ཕུལ༔ རྡོ་རྗེ་དམ་ཚིག་མནའ་ཆུ་འཐུང་༔ དབང་རྟགས་རྡོ་རྗེ་སྤྱི་བོར་བཅིངས༔ དབང་གི་སྨིན་གྲོལ་ལམ་དུ་བཀོད༔ བསྟན་པ་བསྲུང་བར་གཉེར་བྱང་གཏད༔ འཇིག་རྟེན་འདས་ཀྱང་འཁོར་ཚུལ་འཛིན༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་མོ་བཞི་སྡེ་རང་རང་འཁོར༔ ལས་བྱེད་སྤྲུལ་པ་བསམ་མི་ཁྱབ༔ བརྟན་མ་ཡ་མ་སྐྱོང་མའི་ཚོགས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་བཞེས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོངས༔ ཟབ་གསང་སྙིང་པོའི་བསྟན་པ་སྤེལ༔ འཇིག་རྟེན་ཁམས་སུ་ནད་མཚོན་དང་༔ མུ་གེ་དུས་འཁྲུགས་སྐལ་ངན་བཟློག༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ རྣལ་འབྱོར་བདེ་སྟོང་ཡེ་ཤེས་བསྐྱེད༔ སྒྲུབ་ལ་དངོས་གྲུབ་འབྱུང་བ་དང་༔ པདྨའི་བརྒྱུད་འཛིན་རྟག་ཏུ་སྐྱོངས༔ མཐའ་མི་དབུས་སུ་མ་བཏང་བར༔ བོད་ཁམས་བདེ་བའི་ཕྲིན་ལས་མཛོད༔ མ་མ་ལ་ལ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་མ་བྷྱོ་ཛ་ཧྲཱིཾ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ་བྷྱོ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ གནོད་བྱེད་དམ་སྲི་རྒབ་འདྲེ་དང་༔ ལོག་པར་འདྲེན་པའི་ཚོགས་རྣམས་ཀུན༔ སྲིད་པ་རླུང་གི་འཁོར་ལོར་བསྐྱོན༔ འཆི་བདག་གདུག་པའི་གྲེ་བར་བཙུད༔ རི་རབ་ས་ཡི་འོག་ཏུ་མནན༔ འབྱུང་བ་བཞི་ཡི་དམ་རྒྱས་གདབ༔ སྟེང་དུ་ཁྲོ་བོའི་དཀྱིལ་འཁོར་བཞེངས༔ ཡེ་ཤེས་རྔམས་པས་རྟ་བྲོ་བརྡུང་༔ དུག་ལྔ་ཡེ་ཤེས་ལྔ་རུ་བྲུབ༔ སྐུ་གསུམ་རྫོགས་པའི་བྲོ་བརྡུང་ངོ་༔ དུག་གསུམ་ཆོས་ཉིད་ཀློང་དུ་བྲུབ༔ བྲོ་ནི་སྟོང་པ་ཉིད་ཀྱི་བྲོ༔ གླུ་ནི་འགགས་མེད་རྡོ་རྗེའི་གླུ༔ གར་ནི་ཆོས་ཉིད་རོལ་པའི་གར༔ རྡོ་རྗེའི་གླུ་ལེན་བྲོ་བརྡུང་བས༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་བཏང་བར་མི་བྱའོ༔ བདེ་ཉམས་སྐྱེས་ནས་ཞེན་མེད་ངང་༔ འཕར་ལྡང་གཡོ་འགུལ་མེད་པར་གྱུར༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྭཱ་ལཾ༔ ཧཱ་ལཾ༔ ཧྲཱི་ལཾ༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔  ཧོཿ  དཔལ་ཆེན་ལྷ་ཚོགས་དགོངས་སུ་གསོལ༔ བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམས༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བ༔ རྡོ་རྗེ་གསུམ་གྱི་དངོས་གྲུབ་སྩོལ༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ནས༔ བསོད་ནམས་དཔལ་གྱི་དངོས་གྲུབ་སྩོལ༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ༔ ཕུར་པ་ཕྲིན་ལས་དཀྱིལ་འཁོར་ནས༔ རྫུ་འཕྲུལ་སྟོབས་ཀྱི་དངོས་གྲུབ་སྩོལ༔ མ་མོ་རྦོད་གཏོང་དཀྱིལ་འཁོར་ནས༔ བཟློག་བྱེད་ལས་ཀྱི་དངོས་གྲུབ་སྩོལ༔ རིག་འཛིན་སློབ་དཔོན་དཀྱིལ་འཁོར་ནས༔ འོད་གསལ་མཆོག་གི་དངོས་གྲུབ་སྩོལ༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ནས༔ དྲེགས་པ་བྲན་ཁོལ་དངོས་གྲུབ་སྩོལ༔ དམོད་པ་དྲག་སྔགས་དཀྱིལ་འཁོར་ནས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩོལ༔ ཆེ་མཆོག་ཡོན་ཏན་དཀྱིལ་འཁོར་ནས༔ མི་འཇིགས་སྟོབས་ཀྱི་དངོས་གྲུབ་སྩོལ༔ ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ནས༔ ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ལས་བྱེད་ཕོ་ཉའི་དཀྱིལ་འཁོར་ནས༔ རབ་འབྱམས་ཕྲིན་ལས་དངོས་གྲུབ་སྩོལ༔ གདོད་ནས་ཡེ་ཤེས་བདེ་བ་ཆེ༔ དཔལ་ཆེན་ལྷ་ཚོགས་སྐུ་གསུང་ཐུགས༔ རང་དང་འདུ་འབྲལ་མེད་པར་རྫོགས༔ ལྷ་སྐྱེས་ཡེ་ཤེས་དངོས་གྲུབ་སྩོལ༔ བསྐུར་ཐོབ་བྲལ་བར་ཨ་ལ་ལ༔ དཔལ་དགུའི་སྔགས་ཤམ་རེ་བཞིན་དུ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿདེ་ནས་བཤགས་པ་བྱ་བ་ནི༔  ཧོཿ  བདེ་གཤེགས་འདུས་པའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་མ་རིག་བག་མེད་དབང་གྱུར་ཏེ༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་༔ ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་སོགས༔ བསྒྲུབ་པ་གཞུང་བཞིན་མ་ལྡན་འགལ་འཁྲུལ་ལས༔ ལྷ་མ་གསལ་ཞིང་བཟླས་པ་ཟུར་ཆག་ཉམས༔ ཏིང་འཛིན་བྱིང་རྨུགས་འཐིབས་གསུམ་དབང་དུ་གྱུར༔ སྒྲུབ་རྫས་དཀྱིལ་འཁོར་ཚུལ་བཞིན་མ་འབྱོར་སོགས༔ སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཚང་བར་བརྗོད༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿ འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྒྱུན༔ ཟབ་གསལ་དམིགས་མེད་ཆོས་དབྱིངས་ཀློང་དུ་བསྔོ༔ གཉིས་འཛིན་འཁྲུལ་ངོར་འཐས་པའི་སེམས་ཅན་རྣམས༔ ཀ་དག་ཀུན་ཏུ་བཟང་པོར་སངས་རྒྱས་ཤོག༔ ལན་གསུམ༔ དེ་ནས་རྟག་པའི་མཐའ་བསལ་བ་ནི༔ ཧཱུྃ༔ བསྐྱེད་ཅིང་གསལ་བའི་དཀྱིལ་འཁོར་མ་ལུས་ཀུན༔ མཐའ་ནས་རིམ་བསྡུས་གཙོ་བོ་ཉིད་ལ་ཐིམ༔ ཡབ་ཡུམ་འོད་ཞུ་སྲོག་གི་སྙིང་པོར་བསྡུ༔ ཐུགས་སྲོག་རིམ་བསྡུས་ཟླ་ཚེས་ཐིག་ལེ་དང་༔ ཐིག་ལེ་ནཱ་ད་དམིགས་མེད་ཆོས་ཀྱི་དབྱིངས༔ མཐའ་དབུས་མེད་པར་འོད་གསལ་འབྱམས་བརྡལ་ཀླས༔ གང་ཡང་མི་དམིགས་དེ་བཞིན་ཉིད་དུ་ཨཱཿདེ་ནས་ཆད་མཐའ་བསལ་བ་ནི༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་མདངས་ལས་ཐུགས་རྗེའི་རྩལ༔ ཧེ་རུ་ཀ་དཔལ་ཞལ་གཅིག་ཕྱག་གཉིས་པ༔ སྣང་སྟོང་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན༔ ཤེས་རབ་སྟོང་ཆེན་དམིགས་མེད་ཡུམ་དང་འཁྲིལ༔ ཡོན་ཏན་ལྷུན་རྫོགས་དུར་ཁྲོད་དཔལ་ཆས་རྫོགས༔ ཡེ་ཤེས་རབ་འབར་མེ་དཔུང་ཀློང་དུ་བཞུགས༔ འཁོར་ལོ་གསུམ་དུ་ཞི་ཁྲོ་དཀྱིལ་འཁོར་རྫོགས༔ གནས་གསུམ་ཟླ་བ་པདྨ་ཉི་མའི་གདན༔ རྡོ་རྗེ་གསུམ་གྱི་སྙིང་པོ་གསལ་བ་ལས༔ འོད་ཟེར་འཕྲོ་འདུས་རྒྱལ་ཀུན་བྱིན་རླབས་བསྡུས༔ རང་གི་གསང་གསུམ་ཡེ་ཤེས་ལྷ་རུ་སྦྱོར༔ མི་འགྱུར་མི་ཤིགས་རྡོ་རྗེའི་གོ་ཁྲབ་བགོ༔ གཞོམ་མེད་ཐིག་ལེ་ཆེན་པོར་ལྷུན་གྱིས་གྲུབ༔ ཉོན་མོངས་རྣམ་རྟོག་གདོན་གྱི་གླགས་མི་རྙེད༔ ཨོཾ་བཛྲ་ཀཱ་ཡ་ཙཀྲ་རཀྵ་རཀྵ་ཧཱུྃ༔ ཨཱཿབཛྲ་ཝཱཀ་ཙཀྲ་རཀྵ་རཀྵ་ཧཱུྃ༔ ཧཱུྃ་བཛྲ་ཙིཏྟ་ཙཀྲ་རཀྵ་རཀྵ་ཧཱུྃ༔ གནས་ལྔར་རྡོ་རྗེའི་འདུ་བྱེད་ཀྱིས་རྒྱ་བཅས་ཏེ༔ ཨོཾ་ཏྲུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ ཧྲཱི་ཏྲཱུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ ཧཱུྃ་ཏྲཱུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ ཏྲཱཾ་ཏྲཱུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ ཧཱ་ཏྲུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ མི་འགྱུར་མི་ཤིགས་བཅོམ་ལྡན་འདས༔ ངོ་བོ་རང་བཞིན་ཐུགས་རྗེའི་བདག༔ བྱ་རྩོལ་བློ་ལས་འདས་པའི་དབྱིངས༔ འོད་གསལ་ཆོས་སྐུའི་བཀྲ་ཤིས་ཤོག༔ འོད་ལྔ་ལྷུན་གྲུབ་རྫོགས་པའི་དབྱིངས༔ ཡེ་ཤེས་ལྔ་རྫོགས་བཅོམ་ལྡན་འདས༔ སྐུ་དང་ཡེ་ཤེས་ལྷུན་གྲུབ་དཔལ༔ རང་བཞིན་ལོངས་སྐུའི་བཀྲ་ཤིས་ཤོག༔ ཐུགས་རྗེ་ཟབ་གསལ་གཉིས་མེད་དབྱིངས༔ མཁྱེན་གཉིས་ལྷུན་རྫོགས་བཅོམ་ལྡན་འདས༔ གང་ལ་གང་འདུལ་སྤྲུལ་པ་ངོམས༔ རྡོ་རྗེ་སེམས་དཔའི་བཀྲ་ཤིས་ཤོག༔ ཚོགས་བརྒྱད་གནས་སུ་དག་པའི་དབྱིངས༔ ཡེ་ཤེས་དགུ་རྫོགས་བཅོམ་ལྡན་འདས༔ ཞི་དང་ཁྲོ་བོའི་སྒྱུ་འཕྲུལ་ངོམས༔ དཔལ་ཆེན་ལྷ་ཚོགས་བཀྲ་ཤིས་ཤོག༔ བདག་ཅག་སྒྲུབ་མཆོག་མཆེད་ལྕམ་དྲལ༔ ཚེ་སྒྲུབ་མཐའ་རུ་ཕྱིན་ནས་ཀྱང་༔ འོད་གསལ་ཆོས་སྐུའི་དགོངས་ཀློང་དུ༔ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག༔ དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་པའི༔ རྣལ་འབྱོར་དམ་པའི་བསོད་ནམས་ལམ༔ ཚོགས་ཀྱི་འཁོར་ལོ་འདིར་བརྩོན་ན༔ ཕྱི་ནང་བར་ཆད་རྐྱེན་ཀུན་ཞི༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་རྒྱས༔ རླུང་སེམས་སྣང་བ་དབང་དུ་འདུས༔ གཉིས་སྣང་ལོག་འདྲེན་དགྲ་བགེགས་འདུལ༔ བསམ་པའི་དོན་ཀུན་འབད་མེད་འགྲུབ༔ མཆོད་པའི་ལྷ་རྣམས་ཚོགས་ཀྱིས་ཚིམ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས༔ སྐྱེ་མཆེད་ལྷ་རྣམས་གླུ་ཡིས་ཚིམ༔ སྒོ་གསུམ་ཡེ་ཤེས་ལྷ་རུ་སྨིན༔ དཔའ་བོ་མཁའ་འགྲོ་བདུད་རྩིས་ཚིམ༔ མཆོག་ཐུན་དངོས་གྲུབ་འབད་མེད་ཐོབ༔ གནས་ཡུལ་ཞིང་སྐྱོང་མཆོད་པས་ཚིམ༔ འདུ་བ་གསུམ་གྱི་དངོས་གྲུབ་ཐོབ༔ བླ་མ་བདེ་སྟོང་བདུད་རྩིས་ཚིམ༔ དགོངས་རྒྱུད་བྱིན་རླབས་སྙིང་ལ་འཕོ༔ ཆོས་སྐྱོང་སྲུང་མ་གཏོར་མས་ཚིམ༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ དེ་ཕྱིར་བསོད་ནམས་ཐབས་ཆེན་པོ༔ ག་ཎ་ཙཀྲའི་འཁོར་ལོ་གཅེས༔ རྒྱུན་དུ་ཉམས་ལེན་སྙིང་པོར་དྲིལ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ རང་རིག་ཡེ་ཤེས་ཆོ་འཕྲུལ་ཏེ༔ རྩལ་སྣང་རྒྱན་གྱི་ཆོས་སོ་ཅོག༔ ཚོགས་ཀྱི་འཁོར་ལོར་བསྡུས་བསྟིམ་འབུལ༔ ཉམས་ཆག་རྟོག་སྒྲིབ་ཀུན་བྱང་ནས༔ ཕུང་ལྔ་གནས་དག་རིགས་ལྔར་འཕོས༔ འབྱུང་ཁམས་ཡུལ་ལྔར་རྣམ་དག་ཅིང་༔ ཚོགས་ཡུལ་སེམས་དཔའ་སེམས་མ་དང་༔ ཉོན་དྲུག་ཐུབ་པ་དྲུག་དང་སྦྱོར༔ མཐའ་བཞིའི་དྲི་མ་རང་སངས་ནས༔ སྒོ་བ་ཡབ་ཡུམ་བརྒྱད་དུ་དག༔ ཉོན་མོངས་ཕྲ་རགས་རྟོག་ཚོགས་ཀུན༔ ཡེ་ཤེས་ལྷ་ཡི་ངོ་བོར་སྨིིན༔ དེ་ཕྱིར་ཚོགས་གཉིས་རྫོགས་པའི་ལམ༔ རྣལ་འབྱོར་མཆོག་གི་ཉེ་ལམ་ཡིན༔ ས་མ་ཡ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ གསང་གསུམ་བཅུད་དུ་དྲིལ་ཞིང་སྙིང་པོའི་ཆོས༔ བཀའ་བརྒྱད་བདེ་གཤེགས་གསང་བ་འདུས་པ་ཡི༔ སྒྲུབ་པ་འདི་ནི་ཀུན་གྱི་བླ་ན་འཕགས༔ ཨོ་རྒྱན་བདག་ལ་འགྲོ་བའི་དོན་ལས་མེད༔ རྒྱུད་སྡེ་རྒྱ་མཚོའི་ཆོས་བཅུད་མ་ལུས་ཀུན༔ གཏེར་ཤོག་ངོས་སུ་བརྡ་ཡི་རིས་སུ་བཏབ༔ དགོངས་པ་མི་འགྱུར་གཟེར་གྱིས་རྒྱས་གདབ་ནས༔ སླར་ཡང་ནམ་མཁའ་རི་བྲག་མཚོ་ཆུ་སོགས༔ སྣང་དང་སྣང་མིན་རྣམས་སུ་གཏེར་དུ་སྦས་ལས་ལྡན་བུ་དང་འཕྲད་པའི་སྨོན་ལམ་འབྲས༔ སྙིགས་དུས་འགྲོ་བ་སྐྱོབ་པའི་དཔལ་དུ་བཞག༔ མི་བརྗེད་གཟུངས་ཐོབ་ཇོ་མོ་མཚོ་རྒྱལ་ཁྱོད༔ ཆོས་བཅུད་འདི་ཡང་རཱུ་ཏྲའི་སྙིང་ལྤགས་ངོས༔ བརྡ་ཡི་རིས་སུ་ཐོབ་ལ་གཏད་རྒྱ་གྱིས༔ སླར་ཡང་མདོ་ཁམས་ཟབ་མོ་སྒང་གི་ཕྱོགས༔ ཤྭ་བྲག་རྡོ་རྗེ་ཅན་མགུལ་གཏེར་དུ་སྦོས༔ པད་འབྱུང་བདག་ལས་མི་གཞན་རིག་པ་འཛིན༔ ཧེ་རུ་ཀ་དཔལ་བརྟུལ་ཞུགས་འཆོལ་བའི་ཚུལ༔ བཟུང་ནས་དངོས་དང་དངོས་མེད་གདུལ་བྱ་རྣམས༔ རྗེས་འཛིན་ཚར་གཅོད་ཕྲིན་ལས་རབ་འབྱམས་ལ༔ དབང་བསྒྱུར་ཆོས་ཉིད་རྩལ་སྣང་ཁྲོ་བོ་ལོད༔ བདུད་འཇོམས་རྡོ་རྗེ་ཉིད་དང་འདི་འཕྲད་ན༔ སྨོན་ལོག་དམ་སྲི་རྒོལ་བ་ཡོངས་གཞོམ་ཞིང་༔ ཆོས་འདིས་འཛམ་གླིང་ས་སྟེང་ཀུན་ཁྱབ་སྟེ༔ བྱེ་མའི་གྲངས་ཀྱི་འགྲོ་བ་འདྲེན་པར་ཤོག༔ བཀའ་འདི་བདུན་བརྒྱ་ཉེར་ལྔའི་སྲུང་མ་དང་༔ ཁྱད་པར་ཤན་དམར་གཟའ་བདུད་རཱ་ཧུ་ལ༔ མ་ཧཱ་དཱེ་ཝ་བདུད་མགོན་ཞིང་སྐྱོང་ཆེ༔ བཙན་རྒྱལ་སྐྱ་གཅིག་རྡོ་རྗེ་ལེགས་པ་སོགས༔ འཇིག་འདས་བསྟན་སྲུང་དྲེགས་པའི་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ སྐུར་འདེབས་ལོག་ལྟ་མཁན་ལ་གསང་རྒྱ་ཐོབ༔ དམ་ལྡན་སྐྱེས་བུ་རྣམས་ལ་གཏད་གཉེར་མཛོད༔ རྩོམ་གཞི་བུ་དང་འདྲ་མིན་འཆོས་པ་རྣམས༔ མིག་འབྲས་ཐང་ལ་བསྒྲིལ་ཞིང་སྙིང་ཁྲག་འཐུང་༔ ལས་མཛད་དྲེགས་པའི་ཚོགས་རྣམས་མཐུ་མ་ཆུང་༔ ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གཉེར་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་བདག་ཁྲག་འཐུང་ཆོས་ཉིད་ཀློང་རྡོལ་ཁྲོ་ལོད་རྩལ་སྣང་བདུད་འཇོམས་རྡོ་རྗེས་བསྐལ་པ་ས་མོ་ལུག་གི་ལོར་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་གྱི་མགུལ་ནས་ངོ་མཚར་བའི་ལྟས་དང་བཅས་ཏེ་གདན་དྲངས་ནས་མི་ལོ་དྲུག་ཅུའི་བར་དུ་བཀའ་རྒྱ་བྱས་མཐར་པདྨའི་ལུང་ཟིན་ཟབ་གཏེར་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བ་སྤྲུལ་པའི་སྐུ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ས་སྙིང་དང་རིན་ཆེན་གཉིས་པ་ཁ་ཏོག་སྣ་ཚོགས་བཀྲ་བའི་རེག་བྱ་དང་ཅང་ཏེའུ་རྡོ་རྗེ་དྲིལ་བུ་དམ་ཚིག་གི་རྟེན་དང་བཅས་ཏེ་ཡང་ཡང་བསྐུལ་ངོར་རཱུ་ཏྲའི་སྙིང་ལྤགས་བྱ་ཁྲའི་གཟུགས་ཅན་གྱི་བརྡ་རིས་ལས་ཞལ་བཤུས་པའི་ཚེ་ན་ནག་ཕྱོགས་ཐུལ་བའི་ལྟས་མཚན་ཁྱད་པར་ཅན་དུ་མ་དང་བཅས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ལུང་ཟིན་རིག་པའི་རྡོ་རྗེའི་རྣམ་འཕྲུལ་ཚུལ་ཁྲིམས་རྡོ་རྗེས་བགྱིས་པའོ།།དགེ་འདིས་དུས་མཐའི་འགོང་ནག་བདུད་ཀྱི་སྡེ་ཚོགས་རྨང་མེད་དུ་བརླག་ཅིང་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:10, 4 September 2025

Wylie title zab gsang mkha' 'gro'i snying thig las: bka' brgyad gsang ba 'dus pa'i tshogs mchod dngos grub bang mdzod: TTDL-ZABTER-06-CHA-021.pdf
Location bdud 'joms gling pa zab gter
Volume 6, Text 21, Pages 279-316 (Folios 1a1 to 18b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bka' brgyad gsang ba 'dus pa'i tshogs mchod dngos grub bang mdzod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 6: 279-316. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: tshogs mchod   Verso: bdud 'joms bka' brgyad gsang 'dus
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Feast Offering - tshogs mchod - tshogs kyi 'khor lo
Cycle བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པ་ (bde gshegs bka' brgyad gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity bka' brgyad
Colophon

ཞེས་པ་འདི་ཉིད་བདག་ཁྲག་འཐུང་ཆོས་ཉིད་ཀློང་རྡོལ་ཁྲོ་ལོད་རྩལ་སྣང་བདུད་འཇོམས་རྡོ་རྗེས་བསྐལ་པ་ས་མོ་ལུག་གི་ལོར་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་གྱི་མགུལ་ནས་ངོ་མཚར་བའི་ལྟས་དང་བཅས་ཏེ་གདན་དྲངས་ནས་མི་ལོ་དྲུག་ཅུའི་བར་དུ་བཀའ་རྒྱ་བྱས་མཐར་པདྨའི་ལུང་ཟིན་ཟབ་གཏེར་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བ་སྤྲུལ་པའི་སྐུ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ས་སྙིང་དང་རིན་ཆེན་གཉིས་པ་ཁ་ཏོག་སྣ་ཚོགས་བཀྲ་བའི་རེག་བྱ་དང་ཅང་ཏེའུ་རྡོ་རྗེ་དྲིལ་བུ་དམ་ཚིག་གི་རྟེན་དང་བཅས་ཏེ་ཡང་ཡང་བསྐུལ་ངོར་རཱུ་ཏྲའི་སྙིང་ལྤགས་བྱ་ཁྲའི་གཟུགས་ཅན་གྱི་བརྡ་རིས་ལས་ཞལ་བཤུས་པའི་ཚེ་ན་ནག་ཕྱོགས་ཐུལ་བའི་ལྟས་མཚན་ཁྱད་པར་ཅན་དུ་མ་དང་བཅས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ལུང་ཟིན་རིག་པའི་རྡོ་རྗེའི་རྣམ་འཕྲུལ་ཚུལ་ཁྲིམས་རྡོ་རྗེས་བགྱིས་པའོ།།དགེ་འདིས་དུས་མཐའི་འགོང་ནག་བདུད་ཀྱི་སྡེ་ཚོགས་རྨང་མེད་དུ་བརླག་ཅིང་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di nyid bdag khrag 'thung chos nyid klong rdol khro lod rtsal snang bdud 'joms rdo rjes bskal pa sa mo lug gi lor gser smad rnga la stag rtse'i g.yas logs shwa brag rdo rje can gyi mgul nas ngo mtshar ba'i ltas dang bcas te gdan drangs nas mi lo drug cu'i bar du bka' rgya byas mthar pad+ma'i lung zin zab gter yongs rdzogs kyi bdag por mnga' gsol ba sprul pa'i sku sna tshogs rang grol dang mkhyen rab rgya mtsho klong chen rdo rje rnams kyis sa snying dang rin chen gnyis pa kha tog sna tshogs bkra ba'i reg bya dang cang te'u rdo rje dril bu dam tshig gi rten dang bcas te yang yang bskul ngor rU tra'i snying lpags bya khra'i gzugs can gyi brda ris las zhal bshus pa'i tshe na nag phyogs thul ba'i ltas mtshan khyad par can du ma dang bcas te gtan la phab pa'i yi ge pa ni lung zin rig pa'i rdo rje'i rnam 'phrul tshul khrims rdo rjes bgyis pa'o//dge 'dis dus mtha'i 'gong nag bdud kyi sde tshogs rmang med du brlag cing rgyal bstan spyi dang bye brag tu rgyal dbang mtsho skyes rdo rje'i bstan pa yun ring du gnas pa'i rgyur gyur cig_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་བརྒྱད་གསང་བ་འདུས་པའི་ཚོགས་མཆོད་དངོས་གྲུབ་བང་མཛོད་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ ག་ཎ་ཚོགས་ཀྱི་འཁོར་ལོ་གཅེས༔ སྒྲུབ་ཁང་བྱིན་ཆགས་ཉམས་དགའ་བར༔ ཞིང་ཆེན་ལྤགས་པ་གཅལ་བཀྲམ་སྟེང་༔ ཐབས་རྫས་མཆོག་ནི་ཞིང་ཆེན་ཤ༔ ཡང་ན་སྡིག་དང་མ་འདྲེས་ཤིང་༔ ནད་ཀྱི་འཚོ་བ་མ་ཞུར་པའི༔ དངོས་གཙང་བྷ་ལ་བཟང་པོ་ནི༔ བཙོས་དང་རློན་པ་གང་ཡང་རུང་༔ ཐབས་རྫས་ཡིན་ཕྱིར་གཡས་སུ་དགོད༔ རྣལ་ཐོད་མ་འདས་བཀང་བྱས་ནས༔ དཀར་གསུམ་སྤོད་ཀྱང་ལེགས་པར་གདབ༔ གྲོང་པའི་སྐྱོན་གྱིས་མ་གོས་པའི༔ ཁྱེའུ་བུ་མོ་གཙང་མ་ཡི༔ ཁུ་རྡུལ་དང་ནི་བདུད་རྩི་ལྔ༔ སེལ་མེད་མྱོང་གྲོལ་རྫས་ཀྱང་བླུག༔ ཤེས་རབ་རྫས་ཀྱི་མཆོག་ཡིན་ཕྱིར༔ དཀྱིལ་འཁོར་གཡོན་དུ་དགོད་པར་བྱ༔ གཉིས་མེད་རྫས་མཆོག་འབྲུ་བཅུད་ནི༔ གཡོས་སྦྱར་བཟའ་འོས་ཟས་ཀྱང་བཏབ༔ ཞིང་ཕྲན་གཟུགས་སུ་ལེགས་པར་བྱ༔ དམར་གྱི་གུར་ཕུབ་དཀར་ཐིག་གདབ༔ བཀྲག་ལྔ་ལྡན་པའི་རྒྱན་ཀྱང་བྱ༔ གཉིས་མེད་རྫས་མཆོག་དབུས་སུ་འགོད༔ མཐའ་བསྐོར་རི་རབ་རོལ་མཚོ་བཞིན༔ རི་སྒོག་ཀླུང་སྒོག་ལ་སོགས་པའི༔ སྤོད་ཀྱི་རིགས་བྱེད་རྣམས་དང་ནི༔ ཁྱི་ཤ་ཕག་ཤ་བོང་བུའི་ཤ༔ རྨེ་བར་འཛིན་པའི་རྫས་རྣམས་དང་༔ དཀར་གསུམ་མངར་གསུམ་ཟླ་ཁྲོམ་སོགས༔ ཡིད་འོང་རྫས་ཀྱི་དངོས་པོ་རྣམས༔ འབྱོར་ཚད་ལེགས་བསྒྲིབས་འགོད་པར་བྱ༔ དེ་ནི་བཤམས་བཀོད་དགོད་ཚུལ་ལོ༔ ཚོམ་བུའི་གྲངས་མཉམ་རབ་དང་ནི༔ གཙོ་བོ་ཡབ་ཡུམ་གྲངས་སུ་འཚོགས༔ ཡང་ན་གཙོ་བོའི་གྲངས་ཀྱང་རུང་༔ ཕོ་གཡས་མོ་གཡོན་ཧེ་རུ་དབུས༔ དེ་ཉིད་གསུམ་དང་ལྡན་པའི་ངང་༔ རྒྱུ་རྐྱེན་རྣམ་དག་ཤིན་ཏུ་གཅེས༔ ཚོགས་ཀྱི་ངོ་བོ་བྱང་ཆུབ་སེམས༔ སྐུ་དང་ཡེ་ཤེས་རབ་ཏུ་རྫོགས༔ ཚོགས་ཀྱི་རང་བཞིིན་བདུད་རྩིར་གནས༔ རྟོག་བཅོམ་ཡེ་ཤེས་སྣང་བ་བསྐྱེད༔ ཚོགས་ཀྱི་རྣམ་པ་ཤ་ལྔ་དང་༔ བདུད་རྩི་ལྔ་སྟེ་ཐབས་ཤེས་རབ༔ གཉིས་མེད་རྫས་སུ་འཚོགས་པ་ཡི༔ ཚོགས་ཀྱི་བྱེད་ལས་འཁོར་བའི་དྲི༔ སྦྱོང་ཞིང་ཚོགས་གཉིས་རྫོགས་པར་བྱེད༔ ཡོ་བྱད་འབྱོར་བ་འཚོགས་པའི་ཚོགས༔ རྣམ་རྟོག་གཅོད་པའི་འཁོར་ལོ་སྟེ༔ ག་ཎ་ཙཀྲའི་སྒྲ་བཤད་བཞག༔ ཚོགས་ཀྱི་འབྲས་བུ་མཐར་ཐུག་པ༔ ཚེ་འདིར་བསམ་པ་འགྲུབ་པ་དང་༔ ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་༔ དོན་གཉིས་ལྡན་པའི་སངས་རྒྱས་ཐོབ༔ གནས་སྐབས་ཉམས་ཆག་བྱང་བ་དང་༔ རྟོགས་པའི་ཡོན་ཏན་གོང་འཕེལ་རྒྱས༔ དཔའ་བོ་མཁའ་འགྲོ་འདུ་བ་དང་༔ དངོས་གྲུབ་རྣམ་གཉིས་ཆར་དུ་འབེབས༔ དབང་སྡུད་ཆེ་ཞིང་ཟིལ་གནོན་ལྡན༔ ལྷ་འདྲེ་མི་གསུམ་བྲན་དུ་ཁོལ༔ ཀུན་གྱི་ཡིད་དུ་འོང་བ་དང་༔ གཞན་སྣང་དགེ་ལ་སྦྱོར་བ་སོགས༔ དབང་བཅུའི་དངོས་གྲུབ་ཐོགས་མེད་འགྲུབ༔ ས་མ་ཡ༔ དང་པོ་བྱིན་གྱིས་བརླབས་པ་ནི༔ ལྷ་ཡི་ང་རྒྱལ་ལྡན་པའི་ངང་༔ ཧཱུྃ་ཧྲཱིཿབདག་ཉིད་དཔལ་ཆེན་ཡི་དམ་ལྷའི༔ གཏུམ་མོའི་བདེ་དྲོད་འབར་བའི་མེས༔ རྩལ་ལས་རཾ་གྱི་ཚོགས་འཕྲོས་ཏེ༔ གཟུང་འཛིན་རྟོག་པའི་དྲི་མ་བསྲེགས༔ ཧཾ་ཡིག་བདེ་ཆེན་བྱང་ཆུབ་སེམས༔ འཛད་མེད་བདེ་སྟོང་ཡེ་ཤེས་རྒྱུན༔ རྩལ་ལས་ཁཾ་གི་ཚོགས་འཕྲོས་པས༔ མི་གཙང་འབག་རྩོག་རྣམ་རྟོག་བཀྲུས༔ རྩ་ཁམས་ཡེ་ཤེས་དག་པའི་རླུང་༔ རྩལ་ལས་ཡཾ་གི་ཚོགས་འཕྲོས་པས༔ དངོས་པོར་འཛིན་པའི་རྣམ་རྟོག་དང་༔ གཉིས་སྣང་ཞེན་འཛིན་དབྱིངས་སུ་གཏོར༔ རཾ་ཡཾ་ཁཾ༔ རྒྱལ་ཀུན་སྐུ་ཡི་ས་བོན་ནི༔ ཡི་གེ་ཨོཾ་གྱི་རྣམ་པར་སྤྲོས༔ རྒྱལ་ཀུན་བྱིན་རླབས་ཨོཾ་དུ་བསྡུས༔ ཡོངས་གྱུར་སྐུ་ཡི་བདུད་རྩིར་གྱུར༔ རྒྱལ་ཀུན་གསུང་གི་ས་བོན་ནི༔ ཨཱཿདམར་འོད་དང་བཅས་པ་འཕྲོས༔ རྒྱལ་ཀུན་གསུང་གི་བྱིན་རླབས་བསྡུས༔ ཡོངས་གྱུར་གསུང་གི་བདུད་རྩིར་གྱུར༔ རྒྱལ་ཀུན་ཐུགས་ཀྱི་ས་བོན་ནི༔ ཧཱུྃ་མཐིང་བཀྲག་དང་ལྡན་པར་འཕྲོས༔ རྒྱལ་ཀུན་ཐུགས་ཀྱི་བྱིན་རླབས་བསྡུས༔ ཡོངས་གྱུར་ཐུགས་ཀྱི་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་དངོས་པོ་ཐམས་ཅད་ཀུན༔ ཡེ་ཤེས་རླུང་གི་ཤུགས་ཀྱིས་དྲངས༔ རོ་རྐྱང་ལམ་བརྒྱུད་དབུ་མར་བསྐྱིལ༔ སྤྲུལ་པ་ཆོས་ཀྱི་འཁོར་ལོ་ནས༔ ཧེ་རུ་ཡབ་ཡུམ་སྦྱོར་བ་ཡིས༔ བདེ་ཆེན་བདུད་རྩིར་དབྱེར་མེད་འདྲེས༔ བདེ་སྐྱོང་འཁོར་ལོའི་སྦུབས་རྩ་ནས༔ སྟོང་ཉིད་ཡུམ་གྱི་ལྟོ་རུ་དབབ༔ འཁོར་འདས་དྭངས་བཅུད་བསྡུས་ཏེ་བསྟིམས༔ དཀར་དམར་འདྲེས་པའི་བྱང་ཆུབ་སེམས༔ མཁའ་ནས་ཕྱིར་བཏོན་བདེ་སྐྱོང་སྣོད༔ ཡངས་ཤིང་རྒྱ་ཆེའི་ནང་དུ་གཏམས༔ ཤ་ལྔ་བདུད་རྩི་རྣམ་ལྔར་གྱུར༔ རིགས་ལྔ་ཡབ་ཡུམ་ས་བོན་ལས༔ འོད་ཟེར་སྤྲོ་བསྡུས་ལྷར་གྱུར་པ༔ དགྱེས་ཆགས་སྦྱོར་བས་གཟི་བྱིན་འབར༔ འོད་ཞུ་རྫས་དང་དབྱེར་མེད་འདྲེས༔ ཡེ་ཤེས་ལྔ་ཡི་འོད་ཟེར་འབར༔ འདོད་ཡོན་མཆོད་པའི་སྤྲིན་ཚོགས་འཕྲོ༔ རྒྱལ་ཀུན་དགྱེས་མཆོད་རྫས་སུ་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ པཉྩ་ཧ་ཧོ་ཧྲཱིཿགདུང་དབྱངས་རོལ་མོའི་སྒྲ་དང་བཅས༔ ལྷ་དང་རང་སྣང་དབྱེར་མེད་ངང་༔ ལྟ་བ་གྱད་ཀྱི་ལྷར་གསལ་བའི༔ འདུ་འཕྲོ་ཚོགས་ཀྱི་ཞིང་དུ་གསལ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ༔ རིགས་ལྔ་ཡབ་ཡུམ་འཁོར་གྱིས་བསྐོར༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ མ་འགགས་རང་གསལ་འོད་ལྔའི་ཞིང་༔ ཚོགས་ཡུལ་རྟོག་པ་གནས་དག་པ༔ སེམས་དཔའ་ཡབ་ཡུམ་བཅུ་དྲུག་འཁོར༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ གང་འདུལ་སྤྲུལ་པའི་ཞིང་ཁམས་ནས༔ ཐུབ་དྲུག་སྒོ་བ་ཡབ་ཡུམ་བརྒྱད༔ རང་རང་སྒྱུ་འཕྲུལ་སྤྲུལ་འཁོར་བཅས༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་ཕྱོགས་ཆ་ན༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས༔ དད་དང་གདུང་བས་སྤྱན་འདྲེན་ནོ༔ དབྱིངས་ནས་སྐུར་བཞེངས་དབང་བཞི་བསྐུར༔ གནས་ཡུལ་སྒྲུབ་ཁང་སྒྲུབ་པའི་རྫས༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷ༔ མྱོང་གྲོལ་རྣམས་སུ་བྱིན་གྱིས་རློབས༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ པདྨ་གསུང་གི་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་ཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ དཀྱིལ་འཁོར་ཕྱི་ནང་བར་ཁྱམས་ནས༔ དཔལ་གྱི་བཀའ་སྡོད་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ རྩ་ཁམས་དག་པ་དབྱིངས་ཀྱི་ལྷ༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྣམས༔ དད་དང་གདུང་༴ དབྱིངས་ནས་སྐུར༴ གནས་ཡུལ་སྒྲུབ༴ ཞིང་དང་གཞལ༴ མྱོང་གྲོལ་རྣམས༴ ཧཱུྃ༔ ཕྲིན་ལས་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཚད་མེད་བཞི་ལྡན་སྒོ་བ་བཞི༔ དད་དང་གདུང་བས་སྤྱན་འདྲེན་ནོ༔ དབྱིངས་ནས་སྐུར་བཞེངས་དབང་བཞི་བསྐུར༔ གནས་ཡུལ་སྒྲུབ་ཁང་སྒྲུབ་པའི་རྫས༔ ཞིང་དང་གཞལ་ཡས་ཡེ་ཤེས་ལྷ༔ མྱོང་གྲོལ་རྣམས་སུ་བྱིན་གྱིས་རློབས༔ ཧཱུྃ༔ ཕྱི་ནང་རྟེན་འབྲེལ་ཟུང་འཇུག་པའི༔ དུར་ཁྲོད་བརྒྱད་དང་ཧེ་རུའི་ཞིང་༔ གནས་མཆོག་ཉེར་བཞི་ཡུལ་སོ་གཉིས༔ ཞིང་ཁམས་དང་ནི་ཉེ་བའི་ཞིང་༔ དེར་བརྟེན་དཔའ་བོ་མཁའ་འགྲོ་དང་༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས༔ བསྟན་སྲུང་ཞིང་སྐྱོང་གནས་ཡུལ་བདག༔ མ་ལུས་འཁོར་དང་བཅས་པ་ཀུན༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ དབུ་སྐྲ་ཐོར་གཙུག་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟར་བུ་ད་ལ་ལ༔ ཕྱག་ཞབས་གདུབ་བུ་སི་ལི་ལི༔ དྲིལ་གཡེར་ཅོད་པན་པུ་རུ་རུ༔ འཇའ་དང་འོད་དུ་ཀྱི་ལི་ལི༔ སྐུ་དང་ཐིག་ལེ་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་དི་རི་རི༔ ཞབས་ཀྱིས་གར་སྟབས་ཤིགས་སེ་ཤིག༔ དྲི་ཞིམ་ངད་ལྡང་ཐུ་ལུ་ལུ༔ བརྡ་དང་བཤུད་པ་ཀྱུ་རུ་རུ༔ དངོས་གྲུབ་སྤྲིན་ཚོགས་འཐིབས་སེ་འཐིབ༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས༔ ཕྱི་སྣོད་འཇིག་རྟེན་ཐམས་ཅད་ཀུན༔ ཧེ་རུའི་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་ཁང་གཞལ་ཡས་དམ་པ་འདི༔ རབ་འཇིགས་དྲག་པོའི་དལ་དུ་རློབས༔ སྒྲུབ་རྫས་དཀྱིལ་འཁོར་བཀོད་པ་འདི༔ ལྷུན་གྲུབ་རྫོགས་པའི་དལ་དུ་རློབས༔ བདག་ཅག་སྒྲུབ་མཆོག་མཆེད་ལྕམ་ཀུན༔ དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གསུང་གི་བྱིན་གྱིས་རློབས༔ ཡིད་ལ་ཐུགས་ཀྱི་བྱིན་གྱི་རློབས༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི༔ སྐུ་གསུང་ཐུགས་དང་དབྱེར་མེད་པར༔ མཉམ་ཉིད་བདེ་ཆེན་ངང་རྒྱས་ཐོབ༔ ཚོགས་རྫས་བདུད་རྩིའི་རོལ་པར་བསྒྱུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧྱ་གྲཱི་ཝ་བཛྲ་ཀཱི་ལི་ཀཱི་ལ་མ་མ་ཡོ་གི་ནི་བཛྲ་མ་ཧཱ་གུ་རུ་བཛྲ་པཱ་ཎི་སརྦ་དུཥྚན་ཨེ་ཛ་བྷྱོ་ཁྲོཾ་ག་རུ་ཌ་སརྦ་ས་མ་ཡ༔ དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་ཨ་རལླི་ཕེཾ་ཕེཾ༔ དེ་ནས་ཕྱི་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ བདེ་སྟོང་ཡེ་ཤེས་རྟོགས་པའི་རྩལ༔ ཀུན་སྣང་མཁའ་འགྲོའི་རོལ་པར་ཤར༔ རྒྱལ་བའི་དགྱེས་པ་བསྐྱེད་མཛད་མ༔ མེ་ཏོག་བདུག་པ་མར་མེ་དྲི༔ ཞལ་ཟས་རོལ་མོ་སྙན་པའི་དབྱངས༔ ཀུན་ནས་རྣམ་པ་ཐམས་ཅད་པ༔ མཆོད་པའི་སྤྲིན་དཔུང་རབ་ཏུ་གཡོ༔ རྒྱལ་བའི་དཀྱིལ་འཁོར་མཉེས་ཕྱིར་འབུལ༔ ཨོཾ་བཛྲ་པུཥྤེ་ཧཱུྃ༔ ཨོཾ་བཛྲ་དྷུཥྤེ་ཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཨོཾ་བཛྲ་གནྡྷེ་ཧཱུྃ༔ ཨོཾ་བཛྲ་ནཻ་ཝིདྱ་ཧཱུྃ༔ ཨོཾ་བཛྲ་ཤཔྡ་ཧཱུྃ༔ དེ་ནས་ནང་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ གཟུང་འཛིན་རྟོག་པ་རྣམ་དག་པ༔ འདོད་ཡོན་ལྷ་མོའི་རོལ་གར་བསྒྱུར༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ ཆོས་ཀྱི་ལྷ་མོ་བདེ་བའི་དབྱིངས༔ ལྷ་ཚོགས་དགྱེས་པ་བསྐང་བའི་ཕྱིར༔ གུས་པ་ཆེན་པོས་འབུལ་ལགས་ན༔ ཞེན་འཛིན་བྲལ་བས་དབྱིངས་སུ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་རཱུ་པ་ཧཱུྃ༔ ཨོཾ་བཛྲ་ཤཔྡ་ཧཱུྃ༔ ཨོཾ་བཛྲ་གནྡྷེ་ཧཱུྃ༔ ཨོཾ་བཛྲ་རཱ་ས་ཧཱུྃ༔ ཨོཾ་བཛྲ་སྤཪྴེ་ཧཱུྃ༔ ཨོཾ་བཛྲ་དྷརྨ་ཧཱུྃ༔ དེ་ནས་གསང་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་སྟོང་གཉིས་སུ་མེད་པའི་དབྱིངས༔ བདེ་བ་ཆེན་པོའི་ཡེ་ཤེས་རྩལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི༔ ཕྱག་རྒྱའི་རོལ་གར་ཅིར་ཡང་བསྒྱུར༔ རྡོ་རྗེ་མེ་ལོང་རྔ་ཟླུམ་དང་༔ པི་ཝཾ་གླིང་བུ་རྫ་རྔ་ཐོགས༔ བདེ་ཆེན་ཡེ་ཤེས་བསྐྱེད་པར་བྱེད༔ དཀྱིལ་འཁོར་དགྱེས་པ་བསྐང་ཕྱིར་འབུལ༔ ཨོཾ་བཛྲཱ་དཪྴེ་ཧཱུྃ༔ ཨོཾ་བཛྲ་མུརྫེ་ཀ་ཧཱུྃ༔ ཨོཾ་བཛྲ་ཝི་ནི་ཧཱུྃ༔ ཨོཾ་བཛྲ་ཝཾ་སེ་ཧཱུྃ༔ ཨོཾ་བཛྲ་མུ་རན་ཙེ་ཧཱུྃ༔ དེ་ནས་བདུད་རྩི་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ བདེ་སྟོང་བྷནྡྷའི་སྣོད་ནང་དུ༔ རང་གསལ་དམ་རྫས་བདུད་རྩི་འཁྱིལ༔ མཆོད་པའི་ལྷ་མོའི་རོལ་གར་བཅས༔ གསང་འདུས་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་འདོད་ཡོན་ཆོས༔ བདེ་སྟོང་ཚོགས་ཀྱི་འཁོར་ལོར་ཤར༔ འདོད་ཡོན་མི་ཟད་གཏེར་ཆེན་པོ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ༔ བཀའ་སྡོད་སྒྱུ་འཕྲུལ་སྲུང་མར་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བདག་ཅག་མ་རིག་ལུས་ངག་སེམས༔ ཉོན་ཤེས་སྒྲིབ་པས་ཟིལ་མནན་ཏེ༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཚིག་ལས༔ འདས་ཉམས་ཞིག་རལ་ཅི་མཆིས་པ༔ མི་འཆབ་མི་སྦེད་གནོང་ཞིང་འགྱོད༔ ག་ཎ་ཚོགས་ཀྱི་འཁོར་ལོས་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ག་ཎ་ཙཀྲ་ཧེ་རུ་ཀ་སཏྭ་ས་མ་ཡ༔ སོགས་ཚང་བར་བརྗོད༔ དེ་ནས་བསྒྲལ་བའི་ལས་ལ་ནི༔ ཐོག་མར་གསལ་བ་གསུམ་ལྡན་ངང་༔ ཧཱུྃ༔ སྣང་སྲིད་དུར་ཁྲོད་གཞལ་ཡས་ཁང་༔ གཟུགས་སྣང་དཔལ་ཆེན་ཧེ་རུའི་དལ༔ སྤྲུལ་པ་མཚོན་ཐུན་ཕོ་ཉ་འགྱེད༔ མ་བསྐྱེད་མ་གསལ་ཡེ་རྫོགས་ལྷ༔ རང་མདུན་ཨེ་ཡི་དཀྱིལ་འཁོར་ནི༔ གཟུང་འཛིན་རྒྱུ་རྐྱེན་གྱིས་བསྐྱེད་པའི༔ བདག་རྟོག་མ་རིག་དགྲ་དང་བགེགས༔ ཉམས་པ་བདུན་ལྡན་ངོ་བོར་དམིགས༔ ཕུར་པ་བཛྲ་ཀཱི་ལ་ཡ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྫོགས༔ ཁམས་གསུམ་སྒྲོལ་འདྲེན་ནུས་དབང་ཤོག༔ དེ་ནས་འགུགས་པའི་ལས་ནི༔ ཧཱུྃ༔ ཡང་དག་ལྷ་ཚོགས་ཐུགས་དམ་བསྐུལ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ཉམས་པ་བདུན་ལྡན་དགྲ་དང་བགེགས༔ ཁམས་གསུམ་སྲིད་པ་གར་གནས་ཀྱང༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་མགུལ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམ༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུག༔ ཟུངས་ཤིག་རྒྱོབ་ཅིག་གཟུགས་ལ་ཕོབ༔ དམིགས་པའི་རྟེན་དང་དབྱེར་མེད་མཛོད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཨཾ་ཀུ་ཤ་ཡ་ཛ་ཛཿདེ་ནས་དབྱེ་བའི་ལས་ནི༔ ཧཱུྃ༔ འཇམ་དཔལ་ལྷ་ཚོགས་ཐུགས་དམ་བསྐུལ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ཉམས་པ་བདུན་ལྡན་དགྲ་དང་བགེགས༔ སྐྱོབ་པར་བྱེད་པའི་ལྷ་དང་ཕྲོལ༔ ཕུང་བརླག་བྱེད་པའི་འདྲེ་དང་སྤྲོད༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨ་ནྲྀ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ དགྲ་བགེགས་སྐྱོབ་བྱེད་ཀྱི་ལྷ་དང་ཕྱེས་ཕྱེས༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བཅིང་བའི་ལས་ནི༔ ཧཱུྃ༔ དབང་ཆེན་ལྷ་ཚོགས་ཐུགས་དམ་བསྐུལ༔ སྤྲུལ་པ་འགྱེད༴ མཐུ་རྩལ་བྱུང་༴ ཉམས་པ་བདུན༴ ལུས་ངག་ཡིད་གསུམ་བྱད་དུ་ཆུག༔ འཕར་ལྡང་གཡོ་མེད་དམ་རྒྱས་ཐོབ༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་པདྨ་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་ཨ་པ་ན་ཡེ་ཨ་པ་ན་ཡེ་ཧཱུྃ་བྷྱོ་ཕཊ༔ དེ་ནས་སྨྱོ་རུ་གཞུག་པ་ནི༔ ཧཱུྃ༔ ཕུར་པའི་ལྷ་ཚོགས་ཐུགས་དམ་བསྐུལ༔ སྤྲུལ་པ་འགྱེད༴ མཐུ་རྩལ་བྱུང་༴ ཉམས་པ་བདུན༴ སྨྱོས་ཤིང་བརྒྱལ་ནས་རེང་དུ་ཆུག༔ མཐུ་སྟོབས་ནུས་པ་མེད་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ དེ་ནས་བསྒྲལ་བ་དངོས་ནི༔ ཧཱུྃ༔ ཆེ་མཆོག་ལྷ་ཚོགས་ཐུགས་དམ་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ ཉམས་པ་བདུན་ལྡན་དགྲ་དང་བགེགས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ འཁྲུལ་མེད་ངང་དུ་གདིང་ཐོབ་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་དུས་མཐའི་འགོང་ནག་བསྟན་པའི་རཱུ་ཏྲ་གདུག་པ་མེ་ལྟར་འབར་བ་ཆུ་ལྟར་ཁོལ་བ་རླུང་ལྟར་འཚུབས་པ་མཐའ་དམག་དུས་འཁྲུགས་ནད་མཚོན་མུ་གེ་གཏོང་བའི་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད་བྷྱོ༔ རྦད་སོད༔ རྦད་ནན༔ མཱ་ར་ཡ་ཕཊ༔ དེ་ནས་བསྟབ་པ་ནི༔ དོན་ལྔས་བསྟན་ཏེ༔ སྒྲོལ་གྲི་འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་ལ༔ ཧཱུྃ༔ རྦོད་གཏོང་ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ངང་ཉིད་ཆོས་ཀྱི་དབྱིངས་ཉིད་ལས༔ ཡེ་ཤེས་སྒྱུ་འཕྲུལ་ཕོ་ཉ་འགྱེད༔ མི་སྲུན་དྲག་མོའི་ཆ་ལུགས་ལ༔ གསེར་གྱི་སྤུ་གྲི་འབར་བ་ཐོགས༔ གཅིག་ལས་བརྒྱ་སྟོང་དུ་མ་འགྱེད༔ ཤེས་རབ་གཟིག་གི་ཤམ་ཐབས་དང་༔ བདེ་ཆེན་མི་ལྤགས་གཡང་གཞི་གསོལ༔ ཉམས་པ་བདུན་ལྡན་དགྲ་བགེགས་ཀྱི༔ མགོ་ལུས་ཡན་ལག་དུམ་བུར་གཏུབ༔ ཤ་ཁྲག་རུས་པ་ཕྱེ་མར་འཐོག༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ཏི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕྱེ་མ་ཕྱེ་མ་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད༔ གཟུགས་ཕུང་ཕྱེ་མར་འཐག་པའི་ལིང་རོ་ནི༔ ཐབས་ཤེས་ལྟོ་སྦྱོར་གྱི་བར་དུ་བླུགས་ནས་དམིགས་པ་དང་བཅས་ཏེ་འདི་སྐད་དོ༔ ཧཱུྃ༔ རིག་འཛིན་ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ངང་ཉིད་བདེ་ཆེན་སྒྱུ་མའི་འཕྲུལ༔ ཐབས་མཆོག་རྡོ་རྗེ་འཐག་བྱེད་དང་༔ ཤེས་རབ་ཁམས་གསུམ་རོལ་བྱེད་ཡུམ༔ གཉིས་མེད་ཡེ་ཤེས་ཕྱག་རྒྱར་བཞེངས༔ མི་སྲུན་གདུག་པ་རབ་འཇིགས་སྐུ༔ དུར་ཁྲོད་ཆས་རྣམས་མ་ལུས་རྫོགས༔ སྟོང་ཆེན་བྷ་ག་ཨེ་ཡི་མཁར༔ གཟུང་འཛིན་རཱུ་དྲའི་ཕུང་ཁམས་སྦྱོར༔ ཐབས་མཆོག་ཧེ་རུའི་རྡོ་རྗེས་བརྡུང་༔ རྩ་གནས་རྒྱལ་བའི་དཀྱིལ་འཁོར་མཆོད༔ བདུད་རྩི་དཀར་དམར་འདྲེས་པ་ཉིད༔ བདེ་ཆེན་བྷནྡྷའི་སྣོད་དུ་བསྐྱིལ༔ ཤ་རི་ཁྲག་གི་རྒྱ་མཚོར་འཁྱིལ༔ སྦྱོར་སྒྲོལ་སྤྱོད་པ་མཐར་ཕྱིན་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ སརྦ་ནྲྀ་ཏྲི་ཤ་ཏྲུཾ་ཨེ་ཝཾ་ཏ་ན་ག་ན་མ་ཧཱ་ཡོ་ཀྵ་ཧཱུྃ༔ དེ་ནས་བསྟབས་པ་ཆ་བཅུར་བྱས་ནས༔ ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་བ་ནི༔ ཧཱུྃ༔ མཆོད་བསྟོད་ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ ངང་ཉིད་ཆོས་ཀྱི་དབྱིངས་ཉིད་ལས༔ རྡོ་རྗེ་གིང་ཆེན་ཕོ་མོ་སྤྲོས༔ ཕྱག་ཞབས་གར་སྟབས་བྲོ་གར་བསྒྱུར༔ བསྟན་དགྲའི་ཤ་ཁྲག་ཕུང་པོ་ཁམས༔ སྐྱེ་མཆེད་དོན་སྙིང་བཅས་པ་ཀུན༔ དཔལ་ཆེན་ཆེ་མཆོག་ཡོན་ཏན་ལྷ༔ འཇམ་དཔལ་སྐུ་དང་པདྨ་གསུང་༔ ཡང་དག་ཐུགས་མཆོག་ཧེ་རུ་ཀ༔ ཕུར་པ་ཕྲིན་ལས་ལྷ་ཚོགས་དང་༔ རྦོད་གཏོང་བླ་མ་རིག་འཛིན་དང་༔ མཆོད་བསྟོད་དྲག་སྔགས་སྲུང་མར་བཅས༔ དཔལ་ཆེན་ལྷ་ཚོགས་ཞལ་དུ་བསྟབས༔ གནམ་ས་ཙམ་གྱི་ཞལ་གདངས་ལ༔ གངས་རི་ལྟ་བུའི་མཆེ་བ་གཙིགས༔ ལྗགས་ནི་གློག་དམར་བཞིན་དུ་འཁྱུགས༔ འགགས་མེད་བདེ་ཆེན་མགྲིན་པར་བརྒྱུད༔ ཆོས་ཉིད་སྟོང་པའི་ལྟོ་བར་བྲུབ༔ འཁྲུལ་མེད་དབྱིངས་སུ་གདིང་ཐོབ་ནས༔ བདེ་ཆེན་སངས་རྒྱས་ས་རུ་སྦྱོར༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ དྲིལ་སྔགས་ཤམ་དུ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་རྩ་ཁུག་ལ་ཁཱ་ཧི༔ མ་ཧཱ་པགས་ཙ་ལ་ཁཱ་ཧི༔ མ་ཧཱ་གནྡྷ་ལ་ཁ་རཾ་ཁཱ་ཧི༔ ལྷ་ཚོགས་རྣམས་དགྱེས་པ་བསྐང་བར་བསམ་ལ༔ སླར་ཡང་དགོངས་པ་ཆོས་ཉིད་དབྱིངས་སུ་བསྐང་བའི་མཆོད་པ་ནི༔ ཧཱུྃ༔ དྲག་སྔགས་ལྷ་ཚོགས་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་བྱུང་བའི་དུས་ལ་བབ༔ སྣ་ཚོགས་གར་གྱི་རྣམ་འགྱུར་ངོམས༔ དཔལ་ཆེན་ལྷ་ཚོགས་འཁོར་བཅས་ཀྱི༔ སྐུ་ཡི་དགྱེས་པ་དབྱིངས་སུ་བསྐང་༔ གྲགས་སྟོང་བརྗོད་བྲལ་འཛབ་ཀྱི་རྒྱུན༔ ངག་རླུང་འཇིག་མཛད་སྐྱེ་མེད་གདངས༔ དཔལ་ཆེན་ལྷ་ཚོགས་འཁོར་བཅས་ཀྱི༔ གསུང་གི་དགྱེས་པ་དབྱིངས་སུ་བསྐང་༔ སྐྱེ་འགགས་མཐའ་བྲལ་འོད་གསལ་ཐུགས༔ རྨོངས་པའི་དྲྭ་བ་རྣམས་པར་འཇོམས༔ ཤེས་རབ་ཡེ་ཤེས་མེ་བོ་ཆེའི༔ དཔལ་ཆེན་ལྷ་ཚོགས་འཁོར་བཅས་ཀྱི༔ ཐུགས་ཀྱི་དགྱེས་པ་དབྱིངས་སུ་བསྐང་༔ མི་འགྱུར་བདེ་ཆེན་དོན་དམ་དབྱིངས༔ མ་འགགས་ཞི་ཆགས་ཁྲོ་གར་བསྒྱུར༔ ཐུགས་རྗེའི་སྒྱུ་འཕྲུལ་བཀོད་པ་ངོམས༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ ཡེ་ཁྱབ་གདོད་མའི་གཞི་ལ་རྫོགས༔ རང་ངོ་ཤེས་པའི་ངང་དུ་བསྐང་༔ གཉིས་མེད་དོན་གྱི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ མ་ཧཱ་ཡོ་ག་སརྦ་སིདྡྷི་ཧཱུྃ༔ དེ་ནས་ཚོགས་ཀྱི་དངོས་གྲུབ་ལ་རོལ་པ་ནི༔ ཧཱུྃ༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ རྩ་ཁམས་དཔའ་བོ་མཁའ་འགྲོའི་ཚོགས༔ ཡེ་ཤེས་བདུད་རྩིའི་ཚོགས་མཆོད་བཞེས༔ མཆོག་ཐུན་དངོས་གྲུབ་བདེ་བ་ཆེ༔ ཛྙཱ་ན་པཉྩ་སིདྡྷི་ཧོཿ ཡ་རྐན་དཔའ་བོ་རྟ་མགྲིན་མ་རྐན་རྡོ་རྗེ་ཕག་མོ་གཉིས་མཉམ་པར་སྦྱོར་བས༔ བདེ་སྟོང་གི་བདུད་རྩི་ཡེ་ཤེས་རླུང་གིས་དྲང་ཞིང་མེས་ཞུ་བ་ལས་བྱང་སེམས་དཀར་དམར་གྱི་རྒྱུན་བདེ་བ་ཆེན་པོའི་རང་བཞིན་དུ་བབ་པས་རྩ་ཁམས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་མཉེས་ཤིང་ཚིམས་པར་བསམ་ལ་དབང་བཞིའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་ཐིག་ལེ་དཀར་དམར་གཉིས་ཟུང་འཇུག་གི་རྫས་སུ་མོས་ལ༔ གནས་ལྔར་གཏུག་ཅིང་དབང་དོན་གྱི་ཡེ་ཤེས་ལ་མཉམ་པར་འཇོག་བཞིན་པ་ལས༔ ཐ་མལ་རང་རྒྱུད་དུ་མི་བལྟ་བ་ནི་གསང་སྔགས་ཀྱི་ཁྱེར་སོ་བླ་ན་མེད་པ་ཡིན་ནོ༔ དེའི་རྗེས་སུ་སྨོན་ལམ་གདབ་པ་ནི༔ ཧོཿ འདོད་ཡོན་མཆོད་པའི་མཆོག་ཆེན་པོ༔ ག་ཎ་ཚོགས་ཀྱི་འཁོར་ལོ་ཡིས༔ རྒྱལ་བའི་དཀྱིལ་འཁོར་རབ་མཉེས་ཤིང་༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ ཚོགས་རྫོགས་སྒྲིབ་པ་ཀུན་བྱང་ཞིང་༔ ཧེ་རུ་ཀ་དཔལ་མངོན་གྱུར་ནས༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་སྲོག་སྙིང་ཕུལ༔ ལྷག་སྐྱོང་གནས་ཉུལ་མ་མོའི་ཚོགས༔ ལྷག་ལ་དབང་བ་འདིར་གཤེགས་ཤིག༔ བཛྲ་ས་མ་ཡ་ཛཿབྷྱོ༔ ཤར་ནས་གཤེགས་པའི་རྣལ་འབྱོར་བདུན༔ སྐུ་མདོག་དཀར་སྔོ་འཇིགས་པ་ལ༔ ལག་ན་ཞིང་གི་རྒྱལ་མཚན་ཐོགས༔ སྲིན་མོའི་ལུས་ལ་མགོ་བརྙན་ཅན༔ སྟོད་དུ་མི་ལྤགས་གཡང་གཞི་གསོལ༔ སྨད་ལ་མི་ལྤགས་གཡང་གཞི་དཀྲིས༔ སྤྲུལ་པ་ཡང་སྤྲུལ་བསམ་ཡས་འགྱེད༔ མ་ངེས་ཆོ་འཕྲུལ་གར་མཁན་མོ༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ ནད་གདོན་ཞི་བའི་ཕྲིན་ལས་མཛོད༔ བྷྱོ༔ ལྷོ་ནས་གཤེགས་པའི་རྣལ་འབྱོར་བདུན༔ སྐུ་མདོག་ལྗང་སེར་འཇིགས་པ་ལ༔ ལག་ན་ཞིང་༴ སྲིན་མོའི་ལུས༴ སྟོད་དུ་མི༴ སྨད་ལ་མི༴ སྤྲུལ་པ་ཡང་༴ མ་ངེས་ཆོ༴ འདིར་གཤེགས་ལྷག༴ ཚེ་བསོད་རྒྱས་པའི་ཕྲིན་ལས་མཛོད༔ བྷྱོ༔ ནུབ་ནས་གཤེགས་པའི་རྣལ་འབྱོར་བདུན༔ སྐུ་མདོག་དམར་སྐྱ་འཇིགས་པ་ལ༔ ལག་ན་ཞིང་༴ སྲིན་མོའི་ལུས༴ སྟོད་དུ་མི༴ སྨད་ལ་མི༴ སྤྲུལ་པ་ཡང་༴ མ་ངེས་ཆོ༴ འདིར་གཤེགས་ལྷག༴ ཁམས་གསུམ་དབང་སྡུད་ཕྲིན་ལས་མཛོད༔ བྷྱོ༔ བྱང་ནས་གཤེགས་པའི་རྣལ་འབྱོར་བདུན༔ སྐུ་མདོག་ལྗང་སེར་འཇིགས་པ་ལ༔ ལག་ན་ཞིང་༴ སྲིན་མོའི་ལུས༴ སྟོད་དུ་མི༴ སྨད་ལ་མི༴ སྤྲུལ་པ་ཡང་༴ མ་ངེས་ཆོ༴ འདིར་གཤེགས་ལྷག༴ དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༴ བྷྱོ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ༔ དཀར་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ ལག་ན་ཞིང་གི་རྔེའུ་ཆུང་བརྡུང་༔ རུས་རྒྱན་དྲིལ་གཡེར་ཁྲོ་ལོ་ལོ༔ སྣ་ཚོགས་སྤྲུལ་པ་བསམ་ཡས་འགྱེད༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ སངས་རྒྱས་བསྟན་པ་སྲུང་བ་དང་༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན༔ ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ༔ སེར་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ སྦ་ཡི་གླིང་བུ་ཀྱུ་རུ་རུ༔ རུས་རྒྱན་དྲིལ༴ སྣ་ཚོགས་སྤྲུལ༴ འདིར་གཤེགས་ལྷག༴ སངས་རྒྱས་བསྟན༴ ཞི་རྒྱས་དབང་༴ ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ པདྨ་རིགས་ཀྱི་མཁའ་འགྲོ་འབུམ༔ དམར་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ ཞིང་གི་གཡང་གཞི་ས་ལ་རྡེབ༔ རུས་རྒྱན་དྲིལ༴ སྣ་ཚོགས་སྤྲུལ༴ འདིར་གཤེགས་ལྷག༴ སངས་རྒྱས་བསྟན༴ ཞི་རྒྱས་དབང་༴ ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ ཀརྨ་རིགས་ཀྱི་མཁའ་འགྲོ་འབུམ༔ ལྗང་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ ཕྱག་གཉིས་དུར་མོ་ས་ལ་རྡེབ༔ རུས་རྒྱན་དྲིལ༴ སྣ་ཚོགས་སྤྲུལ༴ འདིར་གཤེགས་ལྷག༴ སངས་རྒྱས་བསྟན༴ ཞི་རྒྱས་དབང་༴ ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་འབུམ༔ མཐིང་གསལ་ཞབས་གཉིས་གར་སྟབས་བསྒྱུར༔ ཕྱག་གཉིས་ཞིང་ཆེན་མགོ་ལུས་ཕྲལ༔ རུས་རྒྱན་དྲིལ༴ སྣ་ཚོགས་སྤྲུལ༴ འདིར་གཤེགས་ལྷག༴ སངས་རྒྱས་བསྟན༴ ཞི་རྒྱས་དབང་༴ ཐོགས་མེད་གྲུབ་མཛོད་ས་མ་ཡ༔ བྷྱོ༔ གིང་དང་ལང་ཀ་མ་མོ་བདུན༔ སྲིང་བཞི་འབར་མ་བརྒྱད་ལ་སོགས༔ ལྷག་ལ་དབང་བའི་ཚོགས་རྣམས་ཀུན༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་བཞེས༔ དཀྱིལ་འཁོར་མཐའ་འཛིན་བསྟན་པ་སྐྱོངས༔ ཞིང་བཅུ་དགྲ་ལ་བཀའ་ཆད་ཆོད༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ བདེ་དྲོད་རྟོགས་པ་མེ་ལྟར་སྦོར༔ འདུ་བ་གསུམ་གྱི་དངོས་གྲུབ་སྩོལ༔ བྱད་ཕུར་རྦོད་གཏོང་ཐམས་ཅད་བཟློག༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོཿཛ་ཧྲཱིཾ་མ་མ་ཌཱ་ཀི་ནཱི་ཨུཙྪི་ཥྚ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་ཌཱ་ཀི་ནཱི་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་རཏྣ་ཌཱ་ཀི་ནཱི༴ ཨོཾ་པདྨ་ཌཱ་ཀི་ནཱི༴ ཨོཾ་ཀརྨ་ཌཱ་ཀི་ནཱི༴ ཨོཾ་བུདྡྷ་ཌཱ་ཀི་ནཱི༴ ཨོཾ་ས་མ་ཡ་ཌཱ་ཀི་ནཱི༴ ཨོཾ་ལོ་ཀ་ཌཱ་ཀི་ནཱི༴ ཨོཾ་བྷི་ཤ་ཌཱ་ཀི་ནཱི་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀས༔ གཉིས་མེད་རང་སྣང་དག་པའི་འཁོར་རྣམས་ལ༔ རང་གསལ་ཡེ་ཤེས་ཆོས་འཁོར་བསྐོར་བའི་ཚེ༔ འགྱུ་བྱེད་བཀའ་ཡི་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་༔ སངས་རྒྱས་བསྟན་དང་བསྟན་འཛིན་བསྲུང་བར་ཆད༔ ཡེ་གྲོལ་གཉུག་མའི་གཏོར་མ་འདི་བཞེས་ལ༔ འཁྲུལ་སྣང་གཞི་རུ་དག་པའི་ཕྲིན་ལས་མཛོད༔ དེ་འོག་གནམ་ལྕགས་འབར་བའི་རྩེ་མོ་རུ༔ རིག་སྟོང་མི་འགྱུར་རྡོ་རྗེ་སེམས་དཔའ་ཡིས༔ གསང་བའི་བདག་པོ་ལ་སོགས་འཁོར་རྣམས་ལ༔ གསང་སྔགས་ཕྱི་ནང་ཆོས་འཁོར་བསྐོར་བའི་ཚེ༔ ཡེ་ཤེས་འཇིག་རྟེན་སྲུང་མའི་ཚོགས་རྣམས་ཀྱིས༔ རང་རང་སྲོག་སྙིང་ཕུལ་ནས་དམ་ཆུ་འཐུང་༔ མི་འགྱུར་དབང་རྟགས་རྡོ་རྗེ་སྤྱི་བོར་བཅིངས༔ སངས་རྒྱས་བསྟན་དང་བརྒྱུད་འཛིན་བསྲུང་བར་ཆད༔ འདིར་གཤེགས་དམར་གྱི་གཏོར་མ་འདི་བཞེས་ལ༔ ཟབ་གསང་སྙིང་པོའི་བསྟན་དང་བསྟན་འཛིན་སྐྱོངས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ ཧཱུྃ་ཀཱར་ལ་སོགས་རིག་འཛིན་རྣམ་བརྒྱད་ཀྱིས༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཚོགས་བརྒྱད་ཡེ་ཤེས་ལྷ་རུ་བསྒྲུབ་པའི་ཚེ༔ དཔལ་གྱི་བཀའ་སྡོད་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག༴ མི་འགྱུར་དབང་༴ སངས་རྒྱས་བསྟན༴ འདིར་གཤེགས་དམར༴ ཟབ་གསང་སྙིང༴ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་གངས་ཅན་བོད་ཀྱི་གནས་ཡུལ་དུ༔ སློབ་དཔོན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་གིས༔ རང་སྣང་དག་པ་ལྷ་ཡི་དལ་ཞལ་ཕྱེས༔ གདུལ་བྱ་སྨིན་གྲོལ་ལམ་ལ་བཀོད་པའི་ཚེ༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག༴ མི་འགྱུར་དབང༴ སངས་རྒྱས་བསྟན༴ འདིར་གཤེགས་དམར༴ ཟབ་གསང་སྙིང༴ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་དུས་རྗེ་འབངས་རིག་འཛིན་ཚོགས་རྣམས་ཀྱིས༔ སྒྲུབ་གནས་མ་ངེས་གནས་ཡུལ་ཐམས་ཅད་དུ༔ སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས༔ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་བསྒྲུབ་པའི་ཚེ༔ རང་རང་ལས་ཀྱི་གཉེར་འཛིན་མཐུ་དབང་བདག༔ དཔལ་གྱི་བཀའ་སྡོད་དམ་ཅན་ཚོགས་རྣམས་ཀྱིས༔ རང་རང་སྲོག༴ མི་འགྱུར་དབང་༴ སངས་རྒྱས་བསྟན༴ འདིར་གཤེགས་དམར༴ ཟབ་གསང་སྙིང་༴ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་རྩོད་ལྡན་སྙིགས་མའི་དུས་འདི་རུ༔ རིག་པ་མི་འགྱུར་ཆོས་ཉིད་ཀློང་རྡོལ་གྱིས༔ རང་སྣང་རྣམ་དག་སྐུ་གསུམ་དལ་ཞལ་ཕྱེས༔ ཆོས་ཅན་སྣང་བ་ཆོས་ཉིད་རྒྱ་ཡིས་བཏབ༔ ཟབ་གསང་སྙིང་པོའི་བཅུད་ལ་རོལ་བའི་ཚེ༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཐམས་ཅད་ཀྱིས༔ རང་རང་སྲོག༴ མི་འགྱུར་དབང་༴ སངས་རྒྱས་བསྟན༴ འདིར་གཤེགས་དམ༴ ཟབ་གསང་སྙིང་༴ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༴ ད་ལྟ་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ གསང་ཆེན་འོད་གསལ་དག་པའི་དལ་ཞལ་ཕྱེས༔ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་སྒྲུབ་ཅིང་གནས༔ ཉོན་མོངས་ཡེ་ཤེས་ལྷ་རུ་སྨིན་པའི་ཚེ༔ དཔལ་གྱི་སྤྱན་སྔར་ཁས་བླངས་དམ་བཅས་པའི༔ མཐུ་ལྡན་བསྟན་སྲུང་དྲེགས་པའི་ཚོགས་རྣམས་ཀུན༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ སྒྲུབ་ལ་མཆོག་ཐུན་དངོས་གྲུབ་འབད་མེད་སྩོལ༔ སངས་རྒྱས་བསྟན་དང་དེར་འཛིན་སྡེ་རྣམས་སྐྱོངས༔ འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་ལེགས་ཚོགས་སྤེལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་གནོད་བྱེད་ཐུལ༔ ཁྱད་པར་སྨོན་ལོག་མཐའ་དམག་ཀླ་ཀློའི་སྡེ༔ རིགས་སྔགས་རྦོད་གཏོང་ནུས་སྟོབས་ལྷ་དང་བཅས༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་ནས་ཀྱང་༔ སངས་རྒྱས་བསྟན་པའི་མངའ་ཐང་གོང་འཕེལ་རྒྱས༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ཟབ་མོ་ཡི༔ བསྟན་པ་ཡུན་དུ་གནས་ཤིང་སྤེལ་བ་དང་༔ དེ་འཛིན་རྣལ་འབྱོར་སྡེ་རྣམས་རྟག་ཏུ་སྐྱོངས༔ གང་བཅོལ་ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབ༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ དེ་ནས་གཏོར་ཟོར་འཕེན་པ་ནི༔ ཧཱུྃ་བྷྱོ༔ ང་ནི་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ སྣང་སྲིད་འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར༔ དུས་གསུམ་སངས་རྒྱས་ཐམས་ཅད་ང་ཡི་ངང་༔ ཁམས་གསུམ་སེམས་ཅན་མ་ལུས་ང་ཡི་རྩལ༔ ལྷ་སྲིན་དྲེགས་པ་མ་ལུས་ང་ཡི་འཁོར༔ ང་ཡི་དབང་དུ་མ་བསྒྱུར་གང་ཡང་མེད༔ སྤྲུལ་པ་ཡང་སྤྲུལ་སྒྱུ་འཕྲུལ་བསམ་མི་ཁྱབ༔ གཅིག་ལས་དུ་མར་སྣང་བའི་ཆོ་འཕྲུལ་འགྱེད༔ སྣང་སྲིད་སྣོད་བཅུད་དཔལ་ཆེན་ཧེ་རུའི་ཞིང་༔ གྲགས་སྟོང་བརྗོད་བྲལ་རུ་ལུའི་སྔགས་སྒྲ་ལྡིར༔ གདོན་བགེགས་ལོག་འདྲེན་འབྱུང་པོ་དངངས་ཤིང་བརྒྱལ༔ ཐུགས་ཉིད་ཞི་ལ་འབར་བའི་ཉམས་བརྒྱ་ཡིས༔ མ་རིག་གཟུང་འཛིན་རྟོག་པ་དབྱིངས་སུ་འཇོམས༔ དེ་རིང་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ ཉམས་པ་བདུན་ལྡན་ཞིང་བཅུ་ཚར་བཅད་ནས༔ སངས་རྒྱས་བསྟན་པའི་མངའ་ཐང་རྒྱས་པར་བྱེད༔ ཧཱུྃ་བྷྱོ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ ཡེ་ཤེས་མཚོན་ཐུན་འབར་བ་ཡིས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ བྱད་ཕུར་རྦོད་གཏོང་རིགས་སྔགས་མཁན༔ མཐའ་དམག་དམ་སྲི་འབྱུང་པོའི་སྡེ༔ མེ་ལྟར་འབར་དང་ཆུ་ལྟར་ཁོལ༔ རླུང་ལྟར་འཚུབས་འཕྱོ་རྫས་འཕྲུལ་འགྱེད༔ སངས་རྒྱས་བསྟན་དང་བསྟན་འཛིན་དང་༔ འགྲོ་བ་ཡོངས་ལ་གནོད་བྱེད་པའི༔ སྟེང་དུ་དྲག་པོའི་ཟོར་འདི་ཡ༔ ཕུར་པའི་དབལ་ཟོར་ཤ་ར་ར༔ ཡུངས་དཀར་ཐུན་རྡེབ་ཉི་ལི་ལི༔ ཁྲག་ཐུན་དམར་པོ་ཏ་ལ་ལ༔ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུགས༔ སྣ་ཚོགས་དུག་ཐུན་སྤྲིན་ལྟར་གཡོ༔ མཚོན་ཐུན་རྣོ་ངར་ཧྲ་ལ་ལ༔ མདའ་ཐུན་བུ་ཡུག་འཚུབས་སེ་འཚུབ༔ རྡོ་ཐུན་རྦད་ལྟར་ཧྲི་ལི་ལི༔ དཔལ་གྱི་གཏོར་ཐུན་ཐོག་ལྟར་འབེབས༔ སྡང་བའི་དགྲ་ལ་ཟོར་འདི་ཡ༔ གནོད་པའི་བགེགས་ལ་ཟོར་འདི་ཡ༔ རིགས་སྔགས་མཁན་ལ་ཟོར་འདི་ཡ༔ རྦོད་གཏོང་མཁན་ལ་ཟོར་འདི་ཡ༔ དགྲ་དཔུང་བདུན་བརྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་བཞིན་རློག༔ གནོད་བྱེད་ནུས་པ་ཉམས་པར་མཛོད༔ དུས་གསུམ་རྒྱལ་བ་མཐུ་མ་ཆུང་༔ བཀའ་སྲུང་དམ་ཅན་ཐུགས་མ་གཡེལ༔ རྣོ་བའི་མཚོན་ཆ་ངར་མ་ཞན༔ དྲག་སྔགས་མཐུ་སྟོབས་ནུས་མ་རྡུགས༔ མཐའ་དམག་དུས་འཁྲུགས་ཡོ་ལང་མཁན༔ སྣ་འདྲེན་སྡོང་ཟླ་བཅས་པ་རྣམས༔ བྲག་དམར་ཐོག་གིས་བཤིག་བཞིན་ཐོངས༔ རྩྭ་ཕུང་མེ་ཡིས་བསྲེགས་བཞིན་ཐོངས༔ ས་མཁར་རྒྱོག་རྡོས་གཏོར་བཞིན་ཐོངས༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་གནོད་བྱེད་དགྲ་བགེགས་ལོག་འདྲེན་བྱད་ཕུར་རྦོད་གཏོང་གཡུལ་འགྱེད་མཁན་མཐའ་དམག་དུས་འཁྲུགས་འབྱུང་པོ་རླུང་ལྟར་འཚུབས་པ་ཆུ་ལྟར་ཁོལ་བ་མེ་ལྟར་འབར་བ་རྫས་ངན་འཕྲུལ་འགྱེད་མཁན་རྣམས་ཀྱི་བླ་ཚེ་སྲོག་གི་སྟེང་དུ་ཐུན་ཡ་ཐུན་ཡ་ཟོར་ཡ་ཟོར་ཡ་ཕོབ་ཛ་རྦད་སོད་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད་སོད་སོད༔ ཅེས་སྣང་སྲིད་སྟོང་ཉིད་ཆེན་པོར་འབྱམས་སུ་ཀླས་པའི་ལྟ་བས་གཞི་བཟུང་༔ སྣང་སྲིད་ལྷ་སྐུར་རྫོགས་པའི་བསྒོམ་པས་གདིང་བསྐྱེད༔ སྤྲུལ་པ་མཚོན་དང་ཕོ་ཉར་ཤར་བའི་སྤྱོད་པས་ལས་འགྱེད༔ གནོད་བྱེད་མིང་མེད་དུ་བརླག་པས་འབྲས་བུ་རྒྱལ་པོའི་ས་བཟུང་བ་ནི་གནད་དམ་པའོ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་དོན་གཏོར་མ་འབུལ་བ་ནི༔ ཧཱུྃ་བྷྱོ༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གི༔ སྤྱན་སྔར་སྲོག་གི་སྙིང་པོ་ཕུལ༔ རྡོ་རྗེ་དམ་ཚིག་མནའ་ཆུ་འཐུང་༔ དབང་རྟགས་རྡོ་རྗེ་སྤྱི་བོར་བཅིངས༔ དབང་གི་སྨིན་གྲོལ་ལམ་དུ་བཀོད༔ བསྟན་པ་བསྲུང་བར་གཉེར་བྱང་གཏད༔ འཇིག་རྟེན་འདས་ཀྱང་འཁོར་ཚུལ་འཛིན༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་མོ་བཞི་སྡེ་རང་རང་འཁོར༔ ལས་བྱེད་སྤྲུལ་པ་བསམ་མི་ཁྱབ༔ བརྟན་མ་ཡ་མ་སྐྱོང་མའི་ཚོགས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་བཞེས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོངས༔ ཟབ་གསང་སྙིང་པོའི་བསྟན་པ་སྤེལ༔ འཇིག་རྟེན་ཁམས་སུ་ནད་མཚོན་དང་༔ མུ་གེ་དུས་འཁྲུགས་སྐལ་ངན་བཟློག༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ རྣལ་འབྱོར་བདེ་སྟོང་ཡེ་ཤེས་བསྐྱེད༔ སྒྲུབ་ལ་དངོས་གྲུབ་འབྱུང་བ་དང་༔ པདྨའི་བརྒྱུད་འཛིན་རྟག་ཏུ་སྐྱོངས༔ མཐའ་མི་དབུས་སུ་མ་བཏང་བར༔ བོད་ཁམས་བདེ་བའི་ཕྲིན་ལས་མཛོད༔ མ་མ་ལ་ལ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་མ་བྷྱོ་ཛ་ཧྲཱིཾ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ་བྷྱོ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ གནོད་བྱེད་དམ་སྲི་རྒབ་འདྲེ་དང་༔ ལོག་པར་འདྲེན་པའི་ཚོགས་རྣམས་ཀུན༔ སྲིད་པ་རླུང་གི་འཁོར་ལོར་བསྐྱོན༔ འཆི་བདག་གདུག་པའི་གྲེ་བར་བཙུད༔ རི་རབ་ས་ཡི་འོག་ཏུ་མནན༔ འབྱུང་བ་བཞི་ཡི་དམ་རྒྱས་གདབ༔ སྟེང་དུ་ཁྲོ་བོའི་དཀྱིལ་འཁོར་བཞེངས༔ ཡེ་ཤེས་རྔམས་པས་རྟ་བྲོ་བརྡུང་༔ དུག་ལྔ་ཡེ་ཤེས་ལྔ་རུ་བྲུབ༔ སྐུ་གསུམ་རྫོགས་པའི་བྲོ་བརྡུང་ངོ་༔ དུག་གསུམ་ཆོས་ཉིད་ཀློང་དུ་བྲུབ༔ བྲོ་ནི་སྟོང་པ་ཉིད་ཀྱི་བྲོ༔ གླུ་ནི་འགགས་མེད་རྡོ་རྗེའི་གླུ༔ གར་ནི་ཆོས་ཉིད་རོལ་པའི་གར༔ རྡོ་རྗེའི་གླུ་ལེན་བྲོ་བརྡུང་བས༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་བཏང་བར་མི་བྱའོ༔ བདེ་ཉམས་སྐྱེས་ནས་ཞེན་མེད་ངང་༔ འཕར་ལྡང་གཡོ་འགུལ་མེད་པར་གྱུར༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྭཱ་ལཾ༔ ཧཱ་ལཾ༔ ཧྲཱི་ལཾ༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧོཿ དཔལ་ཆེན་ལྷ་ཚོགས་དགོངས་སུ་གསོལ༔ བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམས༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བ༔ རྡོ་རྗེ་གསུམ་གྱི་དངོས་གྲུབ་སྩོལ༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ནས༔ བསོད་ནམས་དཔལ་གྱི་དངོས་གྲུབ་སྩོལ༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ༔ ཕུར་པ་ཕྲིན་ལས་དཀྱིལ་འཁོར་ནས༔ རྫུ་འཕྲུལ་སྟོབས་ཀྱི་དངོས་གྲུབ་སྩོལ༔ མ་མོ་རྦོད་གཏོང་དཀྱིལ་འཁོར་ནས༔ བཟློག་བྱེད་ལས་ཀྱི་དངོས་གྲུབ་སྩོལ༔ རིག་འཛིན་སློབ་དཔོན་དཀྱིལ་འཁོར་ནས༔ འོད་གསལ་མཆོག་གི་དངོས་གྲུབ་སྩོལ༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ནས༔ དྲེགས་པ་བྲན་ཁོལ་དངོས་གྲུབ་སྩོལ༔ དམོད་པ་དྲག་སྔགས་དཀྱིལ་འཁོར་ནས༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩོལ༔ ཆེ་མཆོག་ཡོན་ཏན་དཀྱིལ་འཁོར་ནས༔ མི་འཇིགས་སྟོབས་ཀྱི་དངོས་གྲུབ་སྩོལ༔ ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ནས༔ ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་སྩོལ༔ ལས་བྱེད་ཕོ་ཉའི་དཀྱིལ་འཁོར་ནས༔ རབ་འབྱམས་ཕྲིན་ལས་དངོས་གྲུབ་སྩོལ༔ གདོད་ནས་ཡེ་ཤེས་བདེ་བ་ཆེ༔ དཔལ་ཆེན་ལྷ་ཚོགས་སྐུ་གསུང་ཐུགས༔ རང་དང་འདུ་འབྲལ་མེད་པར་རྫོགས༔ ལྷ་སྐྱེས་ཡེ་ཤེས་དངོས་གྲུབ་སྩོལ༔ བསྐུར་ཐོབ་བྲལ་བར་ཨ་ལ་ལ༔ དཔལ་དགུའི་སྔགས་ཤམ་རེ་བཞིན་དུ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿདེ་ནས་བཤགས་པ་བྱ་བ་ནི༔ ཧོཿ བདེ་གཤེགས་འདུས་པའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་མ་རིག་བག་མེད་དབང་གྱུར་ཏེ༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་༔ ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་སོགས༔ བསྒྲུབ་པ་གཞུང་བཞིན་མ་ལྡན་འགལ་འཁྲུལ་ལས༔ ལྷ་མ་གསལ་ཞིང་བཟླས་པ་ཟུར་ཆག་ཉམས༔ ཏིང་འཛིན་བྱིང་རྨུགས་འཐིབས་གསུམ་དབང་དུ་གྱུར༔ སྒྲུབ་རྫས་དཀྱིལ་འཁོར་ཚུལ་བཞིན་མ་འབྱོར་སོགས༔ སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཚང་བར་བརྗོད༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿ འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྒྱུན༔ ཟབ་གསལ་དམིགས་མེད་ཆོས་དབྱིངས་ཀློང་དུ་བསྔོ༔ གཉིས་འཛིན་འཁྲུལ་ངོར་འཐས་པའི་སེམས་ཅན་རྣམས༔ ཀ་དག་ཀུན་ཏུ་བཟང་པོར་སངས་རྒྱས་ཤོག༔ ལན་གསུམ༔ དེ་ནས་རྟག་པའི་མཐའ་བསལ་བ་ནི༔ ཧཱུྃ༔ བསྐྱེད་ཅིང་གསལ་བའི་དཀྱིལ་འཁོར་མ་ལུས་ཀུན༔ མཐའ་ནས་རིམ་བསྡུས་གཙོ་བོ་ཉིད་ལ་ཐིམ༔ ཡབ་ཡུམ་འོད་ཞུ་སྲོག་གི་སྙིང་པོར་བསྡུ༔ ཐུགས་སྲོག་རིམ་བསྡུས་ཟླ་ཚེས་ཐིག་ལེ་དང་༔ ཐིག་ལེ་ནཱ་ད་དམིགས་མེད་ཆོས་ཀྱི་དབྱིངས༔ མཐའ་དབུས་མེད་པར་འོད་གསལ་འབྱམས་བརྡལ་ཀླས༔ གང་ཡང་མི་དམིགས་དེ་བཞིན་ཉིད་དུ་ཨཱཿདེ་ནས་ཆད་མཐའ་བསལ་བ་ནི༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་མདངས་ལས་ཐུགས་རྗེའི་རྩལ༔ ཧེ་རུ་ཀ་དཔལ་ཞལ་གཅིག་ཕྱག་གཉིས་པ༔ སྣང་སྟོང་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན༔ ཤེས་རབ་སྟོང་ཆེན་དམིགས་མེད་ཡུམ་དང་འཁྲིལ༔ ཡོན་ཏན་ལྷུན་རྫོགས་དུར་ཁྲོད་དཔལ་ཆས་རྫོགས༔ ཡེ་ཤེས་རབ་འབར་མེ་དཔུང་ཀློང་དུ་བཞུགས༔ འཁོར་ལོ་གསུམ་དུ་ཞི་ཁྲོ་དཀྱིལ་འཁོར་རྫོགས༔ གནས་གསུམ་ཟླ་བ་པདྨ་ཉི་མའི་གདན༔ རྡོ་རྗེ་གསུམ་གྱི་སྙིང་པོ་གསལ་བ་ལས༔ འོད་ཟེར་འཕྲོ་འདུས་རྒྱལ་ཀུན་བྱིན་རླབས་བསྡུས༔ རང་གི་གསང་གསུམ་ཡེ་ཤེས་ལྷ་རུ་སྦྱོར༔ མི་འགྱུར་མི་ཤིགས་རྡོ་རྗེའི་གོ་ཁྲབ་བགོ༔ གཞོམ་མེད་ཐིག་ལེ་ཆེན་པོར་ལྷུན་གྱིས་གྲུབ༔ ཉོན་མོངས་རྣམ་རྟོག་གདོན་གྱི་གླགས་མི་རྙེད༔ ཨོཾ་བཛྲ་ཀཱ་ཡ་ཙཀྲ་རཀྵ་རཀྵ་ཧཱུྃ༔ ཨཱཿབཛྲ་ཝཱཀ་ཙཀྲ་རཀྵ་རཀྵ་ཧཱུྃ༔ ཧཱུྃ་བཛྲ་ཙིཏྟ་ཙཀྲ་རཀྵ་རཀྵ་ཧཱུྃ༔ གནས་ལྔར་རྡོ་རྗེའི་འདུ་བྱེད་ཀྱིས་རྒྱ་བཅས་ཏེ༔ ཨོཾ་ཏྲུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ ཧྲཱི་ཏྲཱུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ ཧཱུྃ་ཏྲཱུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ ཏྲཱཾ་ཏྲཱུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ ཧཱ་ཏྲུཾ་ས་མ་ཡ་སྟྭཾ་རཀྵ་རཀྵ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ མི་འགྱུར་མི་ཤིགས་བཅོམ་ལྡན་འདས༔ ངོ་བོ་རང་བཞིན་ཐུགས་རྗེའི་བདག༔ བྱ་རྩོལ་བློ་ལས་འདས་པའི་དབྱིངས༔ འོད་གསལ་ཆོས་སྐུའི་བཀྲ་ཤིས་ཤོག༔ འོད་ལྔ་ལྷུན་གྲུབ་རྫོགས་པའི་དབྱིངས༔ ཡེ་ཤེས་ལྔ་རྫོགས་བཅོམ་ལྡན་འདས༔ སྐུ་དང་ཡེ་ཤེས་ལྷུན་གྲུབ་དཔལ༔ རང་བཞིན་ལོངས་སྐུའི་བཀྲ་ཤིས་ཤོག༔ ཐུགས་རྗེ་ཟབ་གསལ་གཉིས་མེད་དབྱིངས༔ མཁྱེན་གཉིས་ལྷུན་རྫོགས་བཅོམ་ལྡན་འདས༔ གང་ལ་གང་འདུལ་སྤྲུལ་པ་ངོམས༔ རྡོ་རྗེ་སེམས་དཔའི་བཀྲ་ཤིས་ཤོག༔ ཚོགས་བརྒྱད་གནས་སུ་དག་པའི་དབྱིངས༔ ཡེ་ཤེས་དགུ་རྫོགས་བཅོམ་ལྡན་འདས༔ ཞི་དང་ཁྲོ་བོའི་སྒྱུ་འཕྲུལ་ངོམས༔ དཔལ་ཆེན་ལྷ་ཚོགས་བཀྲ་ཤིས་ཤོག༔ བདག་ཅག་སྒྲུབ་མཆོག་མཆེད་ལྕམ་དྲལ༔ ཚེ་སྒྲུབ་མཐའ་རུ་ཕྱིན་ནས་ཀྱང་༔ འོད་གསལ་ཆོས་སྐུའི་དགོངས་ཀློང་དུ༔ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག༔ དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་པའི༔ རྣལ་འབྱོར་དམ་པའི་བསོད་ནམས་ལམ༔ ཚོགས་ཀྱི་འཁོར་ལོ་འདིར་བརྩོན་ན༔ ཕྱི་ནང་བར་ཆད་རྐྱེན་ཀུན་ཞི༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་རྒྱས༔ རླུང་སེམས་སྣང་བ་དབང་དུ་འདུས༔ གཉིས་སྣང་ལོག་འདྲེན་དགྲ་བགེགས་འདུལ༔ བསམ་པའི་དོན་ཀུན་འབད་མེད་འགྲུབ༔ མཆོད་པའི་ལྷ་རྣམས་ཚོགས་ཀྱིས་ཚིམ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས༔ སྐྱེ་མཆེད་ལྷ་རྣམས་གླུ་ཡིས་ཚིམ༔ སྒོ་གསུམ་ཡེ་ཤེས་ལྷ་རུ་སྨིན༔ དཔའ་བོ་མཁའ་འགྲོ་བདུད་རྩིས་ཚིམ༔ མཆོག་ཐུན་དངོས་གྲུབ་འབད་མེད་ཐོབ༔ གནས་ཡུལ་ཞིང་སྐྱོང་མཆོད་པས་ཚིམ༔ འདུ་བ་གསུམ་གྱི་དངོས་གྲུབ་ཐོབ༔ བླ་མ་བདེ་སྟོང་བདུད་རྩིས་ཚིམ༔ དགོངས་རྒྱུད་བྱིན་རླབས་སྙིང་ལ་འཕོ༔ ཆོས་སྐྱོང་སྲུང་མ་གཏོར་མས་ཚིམ༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ དེ་ཕྱིར་བསོད་ནམས་ཐབས་ཆེན་པོ༔ ག་ཎ་ཙཀྲའི་འཁོར་ལོ་གཅེས༔ རྒྱུན་དུ་ཉམས་ལེན་སྙིང་པོར་དྲིལ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ རང་རིག་ཡེ་ཤེས་ཆོ་འཕྲུལ་ཏེ༔ རྩལ་སྣང་རྒྱན་གྱི་ཆོས་སོ་ཅོག༔ ཚོགས་ཀྱི་འཁོར་ལོར་བསྡུས་བསྟིམ་འབུལ༔ ཉམས་ཆག་རྟོག་སྒྲིབ་ཀུན་བྱང་ནས༔ ཕུང་ལྔ་གནས་དག་རིགས་ལྔར་འཕོས༔ འབྱུང་ཁམས་ཡུལ་ལྔར་རྣམ་དག་ཅིང་༔ ཚོགས་ཡུལ་སེམས་དཔའ་སེམས་མ་དང་༔ ཉོན་དྲུག་ཐུབ་པ་དྲུག་དང་སྦྱོར༔ མཐའ་བཞིའི་དྲི་མ་རང་སངས་ནས༔ སྒོ་བ་ཡབ་ཡུམ་བརྒྱད་དུ་དག༔ ཉོན་མོངས་ཕྲ་རགས་རྟོག་ཚོགས་ཀུན༔ ཡེ་ཤེས་ལྷ་ཡི་ངོ་བོར་སྨིིན༔ དེ་ཕྱིར་ཚོགས་གཉིས་རྫོགས་པའི་ལམ༔ རྣལ་འབྱོར་མཆོག་གི་ཉེ་ལམ་ཡིན༔ ས་མ་ཡ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ གསང་གསུམ་བཅུད་དུ་དྲིལ་ཞིང་སྙིང་པོའི་ཆོས༔ བཀའ་བརྒྱད་བདེ་གཤེགས་གསང་བ་འདུས་པ་ཡི༔ སྒྲུབ་པ་འདི་ནི་ཀུན་གྱི་བླ་ན་འཕགས༔ ཨོ་རྒྱན་བདག་ལ་འགྲོ་བའི་དོན་ལས་མེད༔ རྒྱུད་སྡེ་རྒྱ་མཚོའི་ཆོས་བཅུད་མ་ལུས་ཀུན༔ གཏེར་ཤོག་ངོས་སུ་བརྡ་ཡི་རིས་སུ་བཏབ༔ དགོངས་པ་མི་འགྱུར་གཟེར་གྱིས་རྒྱས་གདབ་ནས༔ སླར་ཡང་ནམ་མཁའ་རི་བྲག་མཚོ་ཆུ་སོགས༔ སྣང་དང་སྣང་མིན་རྣམས་སུ་གཏེར་དུ་སྦས་ལས་ལྡན་བུ་དང་འཕྲད་པའི་སྨོན་ལམ་འབྲས༔ སྙིགས་དུས་འགྲོ་བ་སྐྱོབ་པའི་དཔལ་དུ་བཞག༔ མི་བརྗེད་གཟུངས་ཐོབ་ཇོ་མོ་མཚོ་རྒྱལ་ཁྱོད༔ ཆོས་བཅུད་འདི་ཡང་རཱུ་ཏྲའི་སྙིང་ལྤགས་ངོས༔ བརྡ་ཡི་རིས་སུ་ཐོབ་ལ་གཏད་རྒྱ་གྱིས༔ སླར་ཡང་མདོ་ཁམས་ཟབ་མོ་སྒང་གི་ཕྱོགས༔ ཤྭ་བྲག་རྡོ་རྗེ་ཅན་མགུལ་གཏེར་དུ་སྦོས༔ པད་འབྱུང་བདག་ལས་མི་གཞན་རིག་པ་འཛིན༔ ཧེ་རུ་ཀ་དཔལ་བརྟུལ་ཞུགས་འཆོལ་བའི་ཚུལ༔ བཟུང་ནས་དངོས་དང་དངོས་མེད་གདུལ་བྱ་རྣམས༔ རྗེས་འཛིན་ཚར་གཅོད་ཕྲིན་ལས་རབ་འབྱམས་ལ༔ དབང་བསྒྱུར་ཆོས་ཉིད་རྩལ་སྣང་ཁྲོ་བོ་ལོད༔ བདུད་འཇོམས་རྡོ་རྗེ་ཉིད་དང་འདི་འཕྲད་ན༔ སྨོན་ལོག་དམ་སྲི་རྒོལ་བ་ཡོངས་གཞོམ་ཞིང་༔ ཆོས་འདིས་འཛམ་གླིང་ས་སྟེང་ཀུན་ཁྱབ་སྟེ༔ བྱེ་མའི་གྲངས་ཀྱི་འགྲོ་བ་འདྲེན་པར་ཤོག༔ བཀའ་འདི་བདུན་བརྒྱ་ཉེར་ལྔའི་སྲུང་མ་དང་༔ ཁྱད་པར་ཤན་དམར་གཟའ་བདུད་རཱ་ཧུ་ལ༔ མ་ཧཱ་དཱེ་ཝ་བདུད་མགོན་ཞིང་སྐྱོང་ཆེ༔ བཙན་རྒྱལ་སྐྱ་གཅིག་རྡོ་རྗེ་ལེགས་པ་སོགས༔ འཇིག་འདས་བསྟན་སྲུང་དྲེགས་པའི་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ སྐུར་འདེབས་ལོག་ལྟ་མཁན་ལ་གསང་རྒྱ་ཐོབ༔ དམ་ལྡན་སྐྱེས་བུ་རྣམས་ལ་གཏད་གཉེར་མཛོད༔ རྩོམ་གཞི་བུ་དང་འདྲ་མིན་འཆོས་པ་རྣམས༔ མིག་འབྲས་ཐང་ལ་བསྒྲིལ་ཞིང་སྙིང་ཁྲག་འཐུང་༔ ལས་མཛད་དྲེགས་པའི་ཚོགས་རྣམས་མཐུ་མ་ཆུང་༔ ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གཉེར་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་བདག་ཁྲག་འཐུང་ཆོས་ཉིད་ཀློང་རྡོལ་ཁྲོ་ལོད་རྩལ་སྣང་བདུད་འཇོམས་རྡོ་རྗེས་བསྐལ་པ་ས་མོ་ལུག་གི་ལོར་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་གྱི་མགུལ་ནས་ངོ་མཚར་བའི་ལྟས་དང་བཅས་ཏེ་གདན་དྲངས་ནས་མི་ལོ་དྲུག་ཅུའི་བར་དུ་བཀའ་རྒྱ་བྱས་མཐར་པདྨའི་ལུང་ཟིན་ཟབ་གཏེར་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བ་སྤྲུལ་པའི་སྐུ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ས་སྙིང་དང་རིན་ཆེན་གཉིས་པ་ཁ་ཏོག་སྣ་ཚོགས་བཀྲ་བའི་རེག་བྱ་དང་ཅང་ཏེའུ་རྡོ་རྗེ་དྲིལ་བུ་དམ་ཚིག་གི་རྟེན་དང་བཅས་ཏེ་ཡང་ཡང་བསྐུལ་ངོར་རཱུ་ཏྲའི་སྙིང་ལྤགས་བྱ་ཁྲའི་གཟུགས་ཅན་གྱི་བརྡ་རིས་ལས་ཞལ་བཤུས་པའི་ཚེ་ན་ནག་ཕྱོགས་ཐུལ་བའི་ལྟས་མཚན་ཁྱད་པར་ཅན་དུ་མ་དང་བཅས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ལུང་ཟིན་རིག་པའི་རྡོ་རྗེའི་རྣམ་འཕྲུལ་ཚུལ་ཁྲིམས་རྡོ་རྗེས་བགྱིས་པའོ།།དགེ་འདིས་དུས་མཐའི་འགོང་ནག་བདུད་ཀྱི་སྡེ་ཚོགས་རྨང་མེད་དུ་བརླག་ཅིང་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།