TTDL-ZABTER-03-GA-008: Difference between revisions

From Dudjom Wiki
TTDL-ZABTER-03-GA-008
No edit summary
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
Line 7: Line 7:
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|language=Tibetan
|pagestatus=Temporary stub only
|pagestatus=Temporary stub only

Revision as of 09:36, 4 June 2024

Wylie title TTDL-ZABTER-03-GA-008.pdf
Location bdud 'joms gling pa zab gter
Volume 3, Text 8, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཁམས་གསུམ་རོལ་པ༔ ཡང་ཁྲོས་མ་ཧཱ་ཀཱ་ལ་ཡིཿདབང་ཆོག་འོད་ཀྱི་དྲྭ་བ་བཞུགས་སོ༔ ༠༠༠༠བརྡ་ཡིག༩༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ སྙིང་དབུས་མི་ཤིགས་ཐིག་ལེའི་ཀློང་༔ རྟག་བཞུགས་འགྲོ་ཁམས་སྨིན་གྲོལ་མཛོད༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ བརྒྱུད་འཛིན་རྗེས་སུ་བཟུང་བའི་ཕྱིར༔ སྨོན་ལམ་ལས་འཕྲོ་ལྡན་པ་རུ༔ དབང་སྐལ་བསྔགས་པའི་ཡིད་བཞིན་ནོར༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་སྐོར༔ རྟ་མགྲིན་ཡང་ཁྲོས་ནག་པོ་ཡི༔ བཀའ་བབ་སྣོད་ལྡན་ལས་ཅན་ལ༔ སྨིན་བྱེད་དབང་གི་འཇུག་སྒོ་བསྟན༔ འདི་ཉིད་ལག་ལེན་རིམ་པ་ནི༔ བཅའ་གཞི་དབང་རྫས་གཞུང་བཞིན་དུ༔ ལེགས་གྲུབ་སྒྲུབ་པའི་བསྙེན་སྒྲུབ་འབུངས༔ དེ་ནས་དད་དམ་ལྡན་པའི་བུར༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སུ་འགྲོ་ཞིང་བྱང་སེམས་བསྐྱེད༔ དེ་ནས་ཐོག་མར་ཞུ་ཕུལ་ནི༔ ལག་གཉིས་ཐལ་སྦྱར་མེ་ཏོག་བཅས༔ གུས་པའི་ཡིད་ཀྱིས་འདི་སྐད་དུ༔ ཀྱཻ༔ འགྲོ་བའི་བླ་མ་ཆེ་བའི་མཆོག༔ རིགས་དང་དཀྱིལ་འཁོར་ཡོངས་འདུས་དཔལ༔ ཁྱོད་ལ་སྐྱབས་མཆི་ལུས་འབུལ་ལོ༔ ཚེ་རབས་བསགས་པའི་སྡིག་ལྟུང་བཤགས༔ སླན་ཆད་མི་དགེ་སྡོམ་བགྱིད་ལགས༔ པདྨ་གསུང་གི་དཀྱིལ་འཁོར་དུ༔ བདག་ནི་སྨིན་པར་མཛད་དུ་གསོལ༔ ལན་གསུམ༔ དེ་ནས་བླ་མས༔ ཧོཿལས་སྨོན་རྟེན་འབྲེལ་དག་པའི་མཐུས༔ བསོད་ནམས་དཔག་མེད་ལྡན་པའི་བུ༔ གསང་སྔགས་དབང་གི་སྒོར་འཇུག་ནས༔ འགྲོ་དོན་རྒྱ་ཆེན་བསྒྲུབ་པ་ལ༔ དམ་ཚིག་གཉན་པོ་བསྲུང་ནུས་སམ༔ ད་ལྟ་ཉིད་དུ་ལེགས་པར་སྨྲོས༔ སློབ་མས༔ ཧོཿབླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་ཚོགས་ཀྱི་མཆོག༔ རྩ་གསུམ་སྤྱི་གཟུགས་ཆེན་པོ་དགོངས༔ བདག་ནི་འདི་ནས་བྱང་ཆུབ་བར༔ འགྲོ་བའི་དོན་ལ་ཆེར་བརྩོན་ཞིང༔ དམ་ཚིག་གཉན་པོ་བསྲུང་བར་བགྱི༔ སྒོ་གསུམ་རྡོ་རྗེ་གསུམ་ཀློང་དུ༔ སྐད་ཅིག་ཉིད་དུ་སྨིན་མཛད་གསོལ༔ དེ་ནས་བླ་མས༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ འཇུག་པའི་ལས་ཅན་སྐལ་པ་མཆོག༔ དེ་ཕྱིར་བདག་གིས་དབང་བསྐུར་བགྱི༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྒྲུབ་བྱ་ལྷ་སྔགས་དཀྱིལ་འཁོར་དང་༔ དམ་ཚིག་གསུམ་ལ་གནས་པའི་ཕྱིར༔ རྡོ་རྗེའི་དམ་ཚིག་མནའ་ཆུ་སྦྱིན༔ བསྲུང་ན་ཚེ་འདིར་མངོན་སངས་རྒྱས༔ ཉམས་ན་རྟག་ཏུ་མནར་བར་འགྱུར༔ ས་མ་ཡ་ན་ར་ཀན༔ དེ་ནས་མིག་དར་བཀབ་ལ༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ དེ་ནས་མེ་ཏོག་སྦྱིན་ཏེ༔ བཛྲ་པུཥྤེ་ཧཱུྃ༔ དེ་ནས་སློབ་མ་ལྷར་གསལ་བ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བའི་བདག་ཉིད་ཅན་དུ་རིག༔ སྟོང་པའི་ངང་ལས་སྐད་ཅིག་གིས་མ་ཆགས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་སློབ་མ་དེ་ཉིད་རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས༔ ༠༠༠༠བརྡ་ཡིག༩༩བཛྲ་ས་མ་ཡ་ཛཿཛཿཨ་བེ་ཤ་ཡ་ཕེཾ་ཕེཾ༔ ཞེས་ཡེ་ཤེས་དབབ་པ་དེ་ཉིད་ཇི་སྲིད་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་མ་གྱུར་བར་དུ་འགྱུར་མེད་རབ་ཏུ་གནས་ཤིང་ཡོངས་སུ་རྫོགས་ཏེ་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་སྟྭཾ༔ དེ་ནས་མེ་ཏོག་འཐོར་བ་ནི༔ ཧོཿབུ་ཁྱོད་སྔོན་ནས་ལས་འབྲེལ་གྱི༔ ལྷག་པའི་ལྷ་མཆོག་རིགས་གང་ལ༔ རྟེན་འབྲེལ་མེ་ཏོག་དབབ་པ་རུ༔ མཆོག་གསུམ་བདེན་པས་བྱིན་གྱིས་རློབས༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿདེ་ནས་མིག་དར་བསལ་ལ༔ ཧོཿབུ་ཁྱོད་མ་རིག་རྨོངས་པ་ཡིས༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་ལྷ༔ སྒྲིབ་བྱེད་གཟུང་འཛིན་བག་ཆགས་སྒྲིབ༔ ཡེ་ཤེས་གསེར་གྱི་ཐུར་མས་དབྱེ༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་བསལ་ནས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་མཐོང་བར་བསམ༔ དེ་ནས་བུམ་པའི་དབང་བསྐུར་བ་ནི༔ ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང་༔ ཡང་ཁྲོས་སྐུ་ཡི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་སྒྲིབ་དག་ནས་བུམ་དབང་ཐོབ༔ རྡོ་རྗེ་སྐུ་ཡི་གྲོང་དུ་སྨིན༔ གཟུགས་སྐུས་འགྲོ་བ་འདུལ་བར་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཡང་ཁྲོས་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཡང་ཁྲོས་ནག་པོའི་དབང་བསྐུར་རོ༔ ལུས་ཀྱི་རྩ་ཁམས་དབྱིངས་སུ་དག༔ ཡེ་ཤེས་སྒྱུ་མའི་སྐུ་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྡོ་རྗེ་ཡང་ཁྲོས་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྡོ་རྗེ་ཡང་ཁྲོས་དབང་བསྐུར་རོ༔ རྡོ་རྗེ་རིགས་ཀྱི་ཆེ་མཆོག་སྐུ༔ མངོན་གྱུར་ཐུགས་མཆོག་ཡོངས་རྫོགས་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རཏྣ་ཡང་ཁྲོས་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རཏྣ་ཡང་ཁྲོས་དབང་བསྐུར་རོ༔ རིན་ཆེན་རིགས་ཀྱི་ཆེ་མཆོག་སྐུ༔ མངོན་གྱུར་ཡོན་ཏན་ཡོངས་རྫོགས་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་པདྨ་ཡང་ཁྲོས་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ པདྨ་ཡང་ཁྲོས་དབང་བསྐུར་རོ༔ པདྨ་རིགས་ཀྱི་ཆེ་མཆོག་སྐུ༔ མངོན་གྱུར་གསུང་མཆོག་ཡོངས་རྫོགས་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཀརྨ་ཡང་ཁྲོས་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཀརྨ་ཡང་ཁྲོས་དབང་བསྐུར་རོ༔ ཀརྨ་རིགས་ཀྱི་ཆེ་མཆོག་སྐུ༔ མངོན་གྱུར་ཕྲིན་ལས་ཡོངས་རྫོགས་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འཇམ་དཔལ་ནག་པོའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ འཇམ་དཔལ་ནག་པོའི་དབང་སྐུར་རོ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ མཁྱེན་རབ་དབང་ཕྱུག་མཆོག་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྟ་མགྲིན་དམར་པོའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྟ་མགྲིན་དམར་པོའི་དབང་བསྐུར་རོ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ བརྩེ་བའི་ཐུགས་རྗེ་མཆོག་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕྱག་ན་རྡོ་རྗེའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཕྱག་ན་རྡོ་རྗེའི་དབང་བསྐུར་རོ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ མཐུ་སྟོབས་མ་ལུས་མཆོག་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཁྱུང་ལྔ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཡེ་ཤེས་ཁྱུང་ལྔའི་དབང་བསྐུར་རོ༔ གཏི་མུག་ལས་བྱུང་ཀླུ་གཉན་གདོན༔ བསམ་པ་ཙམ་གྱི་སྒྲོལ་ནུས་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྡིག་པ་རཱ་ཙ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཕྲིན་ལས་ལྕགས་སྡིག་དབང་བསྐུར་རོ༔ ཞེ་སྡང་ལས་གྱུར་རྒྱལ་འགོང་གདོན༔ བསམ་པ་ཙམ་གྱིས་སྒྲོལ་ནུས་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕག་ནག་མགོ་དགུ་གཏད་ལ༔ ཧཱུྃསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཡེ་ཤེས་ཕག་མོའི་དབང་བསྐུར་རོ༔ གཟུང་འཛིན་རྣམ་རྟོག་ནད་རིམས་གདོན༔ མ་ལུས་བརླག་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕག་མོ་རིགས་ལྔ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཁྲོས་མ་རིགས་ལྔའི་དབང་བསྐུར་རོ༔ འཁོར་འདས་ཤེས་རབ་ཡུམ་གྱི་མཁར༔ འུབ་ཆུབ་རོལ་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒོ་མ་བཞི་ཡི་དབང་བསྐུར་རོ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས༔ གང་འདུལ་འགྲོ་དོན་མཐར་ཕྱིན་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྔགས་འཁོར་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྡོ་རྗེ་གསུང་གི་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ནས༔ རླུང་ཁམས་གནས་སུ་དག་པར་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཐོད་པ་བདུད་རྩི་ཐོགས་ཏེ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གསང་ཆེན་བདུད་རྩིའི་དབང་བསྐུར་རོ༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ རྡོ་རྗེའི་གྲོང་དུ་སྨིན་པར་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་སྔགས་ཕྲེང་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྔགས་ཀྱི་ཕྲེང་བའི་དབང་བསྐུར་རོ༔ གསང་སྔགས་རིག་སྔགས་གཟུངས་སྔགས་རྣམས༔ བཟླས་པ་ཙམ་གྱིས་འགྲུབ་གྱུར་ཅིག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རལ་གྲི་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྡོ་རྗེ་ཐུགས་ཀྱི་དབང་བསྐུར་རོ༔ སྒོམ་པ་ཏིང་འཛིན་དབང་ཐོབ་ནས༔ ཐིག་ལེ་གནས་སུ་དག་པར་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧཱུྃ་དང་ཧྲཱིཿཡིག་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཐུགས་སྲོག་ས་བོན་འདི་གཏད་པས༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ རྡོ་རྗེའི་གྲོང་དུ་སྨིན་གྲོལ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་མ་གཏད་ལ༔ ཧོཿསྐལ་ལྡན་སྐྱེས་མཆོག་དམ་པ་ཁྱོད༔ ཤེས་རབ་ཡུམ་གྱི་མཁའ་ལ་སྤྱོད༔ སྣང་ཞིང་སྲིད་པ་རང་བཞིན་ཡབ༔ བདག་མེད་སྟོང་པ་ངོ་བོ་ཡུམ༔ འཁོར་འདས་འུབ་ཆུབ་ཡུམ་གྱི་མཁའ༔ རང་བྱུང་ལྷུན་གྲུབ་བདེ་ཆེན་རོལ༔ ཀུན་བཟང་ཆོས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐིག་ལེ་སྣ་ལྔ་གཏད་ལ༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ གདོད་ནས་ཡེ་ཤེས་ལྷན་སྐྱེས་ལྷ༔ འཁོར་འདས་རྫོགས་པའི་ཡེ་ཤེས་ལྔ༔ ཞལ་ཕྱག་མཚན་མ་བྲལ་བའི་སྐུ༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་སྭཱ༔ དེ་ནས་མེ་དཔུང་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཡེ་ཤེས་མེ་ལྕེའི་དབང་བསྐུར་བས༔ རྒྱལ་ཀུན་ཡོན་ཏན་ཡོངས་རྫོགས་ནས༔ རཱུ་དྲ་ཀུན་གཞོམ་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་སྭཱ༔ དེ་ནས་རིན་ཆེན་དབྱུག་ཏོ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཡོན་ཏན་ཡོངས་རྫོགས་རིན་ཆེན་ནོར༔ གཏད་དོ་རྒྱལ་བ་ཐམས་ཅད་ཀྱི༔ ཡོན་ཏན་ཡོངས་རྫོགས་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་སྭཱ༔ དེ་ནས་འོད་ལྔའི་ཐིག་ལེ་གཅིག་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཐིག་ལེ་ཉག་གཅིག་དབང་བསྐུར་རོ༔ སེམས་ཉིད་ཆོས་སྐུའི་གཞི་རུ་འཕོས༔ འཁྲུལ་མེད་དབྱིངས་སུ་ཕྱམ་བརྡལ་ཡན༔ ཨ་ཨ་ཨ༔ ཕཊ༔ དེ་ནས་ལྕགས་ཧོམ་གཏད་ལ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལས་ཀྱི་བྲུབ་ཁུང་འདི་གཏད་པས༔ ཞིང་བཅུའི་དགྲ་བགེགས་མ་ལུས་པ་༔ བཀུག་ཅིང་བྲུབ་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་ཕུར་པ་ཐུན་རྫས་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བསྒྲལ་ཆས་ཐུན་མཚོན་འདི་གཏད་པས༔ ཞིང་བཅུའི་དགྲ་བགེགས་མ་ལུས་པ༔ མནན་བསྒྲལ་བརླག་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་མེ་ཧོམ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གྲུབ་གསུམ་མེ་དཀྱིལ་འདི་གཏད་པས༔ ཞིང་བཅུའི་དགྲ་བགེགས་མ་ལུས་པ༔ བསྲེག་ཅིང་གཞོམ་པའི་དབང་ཐོབ་ཤོག༔ རྩ་སྔགས༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བསྒྲུབ་རྫས་གཏོར་མ་འདི་གཏད་པས༔ རྟ་མགྲིན་ཡང་ཁྲོས་ནག་པོ་ཡི༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ སྒྲུབ་པའི་དབང་མཆོག་ཡོངས་ཐོབ་ཤོག༔ རྩ་སྔགས༔ བ་ལིཾ་ཏ་ཨ་མཎྜལ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་བས༔ རྣམ་མཁྱེན་སངས་རྒྱས་གོ་འཕང་མཆོག༔ ཡོངས་ཐོབ་བདེ་མཆོག་དབང་ཐོབ་ཤོག༔ རྩ་སྔགས༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་རོ༔ གདོད་མའི་མགོན་པོའི་གོ་འཕང་མཆོག༔ ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག༔ རྩ་སྔགས༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ དེ་ལྟར་དབང་གི་བྱ་བ་ལ་འཇུག་པའི་ཚེ་མདུན་བསྐྱེད་པདྨ་དབང་གི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་དཀར་བདུད་རྩིའི་རང་བཞིན་འཕྲོས་ནས་ཐིམ་པས་བུམ་དབང་༔ སྔགས་ཕྲེང་འོད་དམར་འཕྲོས་ནས་ཐིམ་པས་གསང་དབང་༔ ས་བོན་འོད་མཐིང་རིག་མར་བསྟིམ་པ་ཤེར་དབང་༔ ཡེ་ཤེས་འོད་ཐིག་འཕྲོས་ནས་ཐིམ་སྟེ་ཡེ་ཤེས་ཉམས་སུ་མྱོང་བ་ཚིག་དབང་༔ སྐྱེ་མེད་ཀྱི་ངོ་བོ་ཐིག་ལེ་ཐིམ་པས་ཆོས་སྐུར་སད་པ་རྩལ་དབང་༔ ལྷ་རྣམས་ཀྱི་ཐུགས་ཀྱི་རང་གདངས་མཚོན་ཐུན་གཏད་པ་ཕྲིན་ལས་ཀྱི་དབང་༔ དཀྱིལ་འཁོར་དང་གཏོར་མ་གཏད་པ་སྒྲུབ་པའི་དབང་༔ བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་གཏད་པ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ལ་བསྔགས་པ་མཐའ་བརྟེན་ཏེ༔ ཐམས་ཅད་དབང་བཞིའི་ཡན་ལག་དུ་ངེས་པ་ཡིན་ནོ༔ མཐར་ནི་བཀྲ་ཤིས་བསྔོ་སྨོན་དང་༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར༔ འདི་ཐོབ་དམ་ལྡན་སྒྲུབ་པ་པོ༔ ཚེ་འདིིར་རིག་འཛིན་ས་ཐོབ་འགྱུར༔ དོན་གཉིས་ལྷུན་གྲུབ་མཐུ་ལྡན་ཏེ༔ འཁོར་འདས་ཡོངས་ཀྱི་སྲོག་ཐོབ་འགྱུར༔ མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ འཁོར་འདས་རང་སྣང་སྒྱུ་འཕྲུལ་ལས༔ གཞན་དུ་གདོད་ནས་གྲུབ་པ་ནི༔ ཆ་མེད་རྡུལ་ཙམ་ངས་མ་མཐོང་༔ དེ་ཕྱིར་རང་སྣང་ཡེ་ཤེས་ལྷ༔ ལྷན་སྐྱེས་ངང་ལས་མི་འདའ་བར༔ གཞན་དུ་རང་རྒྱུད་མི་འདའ་གནད༔ འདི་ནི་གནད་ཀྱི་དམ་པའོ༔ འདིར་སྣང་འཁོར་བའི་ཡུལ་གནས་ཀུན༔ རྨི་ལམ་ཉིད་དུ་སྣང་གྲུབ་བཞིན༔ དག་པའི་ཆ་ན་ལྷ་དང་ཞིང་༔ རང་རིག་ངོ་བོ་ཡོངས་གྲུབ་བོ༔ འདི་ནི་ལྷན་སྐྱེས་ཆེན་པོ་ཡིན༔ གཞན་དུ་མ་འཁྲུལ་སྐལ་ལྡན་རྣམས༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད༔ བཀའ་འདི་བརྡ་ཡི་རིས་སུ་ཐོབས༔ གཏེར་དུ་སྦོས་ལ་དམ་རྒྱས་ཐོབས༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ དམ་ཉམས་བསྟན་དགྲའི་སྙིང་ཁྲག་གསོལ༔ དམ་ལྡན་བུ་ལ་དབྱེར་མེད་སྲུངས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ཨ་ཐཾ་རྒྱ༔ བདག་འདྲ་བདུད་འཇོམས་རྡོ་རྗེ་ངས།།མ་འགགས་འོད་གསལ་ངང་ནས་བཏོན།།ཆོས་ཉིད་དག་པའི་ཀློང་མཛོད་རྡོལ༔ སུ་མ་མགུ་ཡང་ཞེ་བློ་བདེ༔ སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ།།དག་པར་ཕབ་པའི་ཡི་གེ་པ།།རྣལ་འབྱོར་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།